དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ནི། རབ་བྱུང་དགུ་པའི་མེ་ཁྱི ་༡༥༢༦ ལོར་སྟོད་ལུང་རམ་པ་གད་པ་ཁར་ཡབ་སྔགས་འཆང་ནོར་བུ་ཚེ་རིང་དང༌། ཡུམ་དབང་ཕྱུག་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་མཚན་ལ་རྟ་མགྲིན་ཚེ་དབང་གསོལ། དགུང་ལོ་བརྒྱད་པ་ཆུ་སྦྲུལ་༡༥༣༣ལོར་རྒྱལ་མཆོག་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་པ་ལྕགས་བྱི་ ༡༥༤༠ ལོར་སྐྱོར་མོ་གླིང་དུ་གླིང་སྨད་ཆོས་རྗེ་ལྷ་དབང་དཔལ་འབྱོར་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས་པའི་མཚན་ལ་དཔལ་འབྱོར་རྒྱ་མཚོ་གསོལ། གསང་ཕུར་ཞུགས་ནས་གླིང་སྨད་ཆོས་རྗེ་ཆོས་ཀྱི་གྲགས་པ་ལས་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་མཁས་པར་སྦྱངས། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ། འབྲས་སྤུངས་ཁྲི་པ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་འདུལ་མཛོད་དང་གཞན་ཡང་མདོ་སྔགས་ཀྱི་གསེར་ཆོས་མང་དུ་གསན། འབྲས་སྤུངས་བཀྲ་ཤིས་སྒོ་མང་མཁན་པོ་བློ་བཟང་ཨེ་ཝྃ་དང༌། མཁན་ཟུར་ཅོ་ནེ་ཕྱོགས་ལས་རྣམ་རྒྱལ་ལས་དབུ་མ་དང་འདུལ་བ་སོགས་ལ་སྦྱངས། དགུང་ལོ་ཉེར་ལྔ་པ་ལྕགས་ཁྱི་ ༡༥༥༠ ལོར་གདན་ས་འབྲས་སྤུངས་སུ་གླིང་བསྲེའི་དམ་བཅའ་བཞག་པས་མཁས་པའི་མཚན་སྙན་འབར། ད་དུང་ཐོས་པས་མ་ངོམས་པར་གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གནས་རྙིང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་ལོ་ངོ་གསུམ་གྱི་རིང་དབུ་ཚད་སྐྱར་སྦྱོང་མཛད་པས་གཙང་ཕྱོགས་སུ་མཁས་པའི་གྲགས་པ་འབར། དེ་ནས་རིམ་གྱིས་གངས་ཅན་ཆོས་འཕེལ་གླིང་དང་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་རྒྱུད་དེ་ལྷ་སའི་ཕྱོགས་སུ་ཕེབས་ཏེ་དེ་དག་གི་རིང་ལ་པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་ཉི་མ་བཟང་པོ། མཁས་ཆེན་དོན་ཡོད་རྒྱལ་མཚན། དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང༌། ཁྲི་ཆེན་ཉེར་གཉིས་པ་ཚེ་བརྟན་རྒྱ་མཚོ་སོགས། དགེ་ལྡན་བསྟན་པའི་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་ཤིན་ཏུ་མང་པོ་ཞུས། དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་མེ་འབྲུག་ ༡༥༥༦ ལོར་དགའ་ལྡན་ཁྲི་ཐོག་ཁང་དུ་ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སོ་ལྔ་པ་རབ་བྱུང་དགུ་པའི་ས་ལུག་ ༡༥༥༩ ལོར་སྟག་ཚང་རྭ་བ་སྟོད་པ་རྒྱལ་ཚབ་གསེར་ཟན་གྲྭ་ཚང་གི་མཁན་ཁྲིར་གདན་དྲངས་པ་ལྟར་ཁྲི་ལ་འཁོད་ནས་སྡེ་བདུན་མདོ་དང་བཅས་པའི་འཆད་ཉན་དབྱར་མཚོ་ལྟར་འཕེལ་བར་མཛད། རྩེད་ཐང་སོགས་དགེ་ལྡན་ཆེ་ཕྲ་མང་པོས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་ཞེ་གཉིས་པ་ལྕགས་བྱི་ ༡༦༠༠ ལོར་གླིང་སྨད་དཀོན་མཆོག་ཆོས་འཕེལ་ཁམས་སུ་འབུལ་སྡུད་དུ་མངགས་ཏེ་ཆོས་དང་ཟང་ཟིང་གཉིས་ཀས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་ལ་མཐུན་རྐྱེན་དཔེ་མེད་སྦྱར། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་པའི་མེ་སྟག་ ༡༥༦༦ ལོར་གསང་ཆེན་རྒྱ་མཚོའི་བསྟི་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་བླ་མར་གདན་དྲངས་པ་ལྟར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་མངོན་པར་མཐོ་བ་དང་བཅས་འོ་སྒར་ཕེབས་ཏེ་རྒྱུད་སྡེ་བཞི་ཡི་འཆད་ཉན་རྒྱ་ཆེར་སྤེལ། སྐབས་དེར་སྟོད་རྒྱུད་གྲྭ་ཚང་ལོ་ལྟར་དབུས་སྟོད་བྱམས་པ་གླིང་དུ་ཆོས་ཐོག་ལ་ཕེབས་སྲོལ་ཡོད་ཀྱང་ས་ཆའི་བདག་པོས་གནས་གཞི་མ་གཡར་བར་བརྟེན་མཁན་སློབ་གྲྭ་མང་དང་བཅས་པ་རས་གུར་ཕུབ་ནས་བཞུགས་དགོས་བྱུང༌། ཁུལ་དེའི་འབྱོར་ལྡན་མགོན་པོ་སྐྱབས་ཀྱིས་ཆོས་ཐོག་གི་གསོལ་ཕོགས་དང་གནས་གཞི་ཕུལ། དེ་བཞིན་སེ་ར་དགོན་པར་དབྱར་ཆོས་ཕེབས་སྐབས་ཀྱང་རྒྱུད་ཁང་མེད་སྟབས་སེར་སྨད་གཞུང་པ་ཁང་ཚན་ལ་གནས་གཡར་ཞུས་ནས་བཞུགས་དགོས་ཀྱི་ཡོད་སྟབས་རྗེ་འདི་ཡིས་ས་སློང་དང་རྒྱུད་ཁང་གསར་བཞེངས་མཛད། ཅོ་ནེ་ཚ་རྡོར་ནང་གསོ་ཕོགས་ཐེབས་ཀྱི་ས་གཞུང་པ་ཁང་ཚན་དགེ་རྒན་འཇམ་དབྱངས་རྒྱལ་མཚན་གྱིས་མཐུན་རྐྱེན་ཞལ་འདེབས་ཀྱང་ཕུལ་བ་སེ་རའི་དབྱར་ཆོས་ཀྱི་ཆོས་ཕོགས་ལེགས་འགྲུབ་བྱུང༌། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་ལུག་ ༡༥༧༡ ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་ལོ་དགུའི་བར་བསྐྱངས། ཤར་པ་ཆོས་རྗེའི་ཁྲི་ཁུར་བསྐྱངས་པའི་རིང༌། ཐང་སྐྱ། ཕག་མོ། རིན་ཆེན་གླིང༌། དོན་བུ་རི། ཀླུང་ཤོད་འབར་ཚག གསང་ཕུ། སྐྱོར་མོ་ལུང་བཅས་ཀྱི་ཁྲི་ཐོག་ཏུ་གདན་དྲངས་པ་ལྟར་ཕེབས་ནས་གང་ལ་གང་འོས་ཀྱི་ཆོས་འཆད་ཉན་དང༌། སྒྲིག་ལམ་དག་ཐེར། ཉམས་གསོ། ཆོས་ཐེབས་སྦྱོར་བ་སོགས་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་སྐྱོང་བར་མཛད། ཤིང་ཁྱི་ ༡༥༧༤ ལོ་ནས་བཟུང་དབུས་སྟོད་ཁུལ་དུ་འཁྲུགས་པ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ཆོས་སྡེ་རིན་ཆེན་གླིང་ཞེས་གྲྭ་པ་སློབ་གཉེར་བ་སུམ་བརྒྱ་ཙམ་ཡོད་པ་དེ་བཞིན་རྩ་གཏོར་བཏང་བར་བརྟེན་དམ་པ་དེས་ཕག་མོ་བའི་དཔོན་རིགས་རྣམས་ཟང་ཟིང་གི་འབྱོར་པ་ཆེན་པོས་ཚིམ་པར་མཛད་དེ་དགོན་པ་བསྐྱར་གསོ་ཆོག་པའི་རེ་བ་ཞུ་གནང་མཛད་པ་ལྟར། རེ་ཞིག་གྲྭ་པ་བཅུ་སྐོར་ཡོད་པའི་དགོན་ཆུང་ཞིག་བཟུང་ཆོག་པའི་འཁྲོལ་ཆ་བྱུང་བ་དེ་རིམ་བཞིན་ཇེ་རྒྱས་སུ་ཕྱིན་སྐབས་དགོན་སྡེ་འདི་ཐོག་མར་ཕྱག་འདེབས་མཛད་པ་པོ་ཁྲི་ཆེན་བྱམས་པ་རྒྱ་མཚོ་རང་ལ་ཕྱིར་འབུལ་མཛད། དགུང་ལོ་ང་བདུན་པ་ཆུ་རྟ་ ༡༥༨༢ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་ངོ་བརྒྱད་ཀྱི་བར་བསྐྱངས་ཤིང༌། དེའི་རིང་ཁྲི་ཐོག་ཁང་གི་ཉམས་གསོ་གསར་བཞེངས་དང་ཁྱད་པར་མེད་པ་ཞིག་མཛད་ཅིང༌། ཞོར་ལ་མདོ་སྔགས་ཀྱི་ཆོས་བཀའ་ཡང་རྒྱུན་མི་ཆད་པར་གནང་ནས་ས་གླང་ ༡༥༨༩ ལོར་རྒྱལ་ཚབ་རྗེའི་གཟིམས་ཁང་རྒྱལ་ཁང་རྩེར་ཟུརབཞུགས་གནང་བས་ཁྲི་ཆེན་རྒྱལ་ཁང་རྩེ་པར་གྲགས། ། བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་གནས་གཟིགས་ལ་ཕེབས་དུས་ཀ་གཉིས་མའི་ནང་དུ་ཞབས་ཕྱགས་མ་ཕུད་པར་བྱོན་པས་ཇོ་བོ་འཇམ་དཔལ་རྡོ་རྗེས། བརྩོན་འགྲུས་གཡུང་དྲུང་ཁྱོད་ངའི་དི༷ལ་འཁོར་གྱི་ནང་དུ་མཆིལ་ལྷམ་མ་ཕུད་པར་འོང་པ་ཅི་ཡིན་ཞེས་གསུང་བྱོན་ལ། རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེའི་རང་གཟུགས་བསོད་ནམས་རྒྱ་མཚོ་གཞིས་ཀ་བྲག་དཀར་དུ་ཕེབས་སྐབས་ཤིག །ཡང་དགོན་ཞབས་དྲུང་སོགས་དྲུང་འཁོར་འགའ་ཞིག་ལ། དེ་རིང་ངེད་རང་ཚོ་ཁུ་སྟོན་དང་མཇལ་བ་འདུག་གསུངས་པས། རྐྱང་ཐང་སྒང་གི་དཀྱིལ་ཙམ་དུ་ཞལ་སྔ་ནས་རྒྱལ་ཁང་རྩེ་བ་དང་མཇལ།དེ་ནུབ་ཡང་དགོན་ཞབས་དྲུང་གིས། དེ་རིང་ཁུ་སྟོན་དང་མཇལ་བ་མ་བྱུང་ལགས་ཞུས་པས། ངེད་རང་དང་རྐྱང་ཐང་སྒང་དང་ཕྲད་སོང་ཞེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐྱེ་བར་ལུང་བསྟན། རྗེ་འདི་ཉིད་རྒྱལ་ཁང་རྩེར་བཞུགས་སྐབས་ཕྱག་མཛོད་གུ་ཤྲི་རྒྱལ་དབང་གོང་མའི་ཡང་སྲིད་སོག་ཡུལ་དུ་སྤྱན་འདྲེན་ལ་འབྱོན་གདོང༌། འཕྲལ་ཡུན་གྱི་གསུང་གླེང་མང་དུ་གནང་ཞིང༌། ཁྱད་པར་ངེད་ན་ཚོད་མཐོ་བས་སོག་ཡུལ་དུ་སྐུ་ཞབས་སུ་སླེབས་པ་ཞིག་མི་ཡོང་འདུག་ཀྱང༌། དིང་སང་དབུས་གཙང་དུ་རང་ཕྱོགས་ཀྱི་བླ་མའི་རྒན་མགོ་ངེད་རང་ཡིན་པས་ཞབས་དྲུང་རིན་པོ་ཆེར་མཚན་འབུལ་བའི་བབས་འབྲེལ་འདུག་པས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་འབུལ་རྒྱུ་ཕུལ་བས། འདི་ནས་བཟུང་མཆོག་དམན་ཀུན་ལ་མཚན་འདི་ཉི་ཟླ་ལྟར་གྲགས་སོ། ། ཤིང་ལུག་ ༡༥༩༥ ལོར་སྐྱིད་ཤོད་སྡེ་པ་གཡུལ་རྒྱལ་ནོར་བུར་བཀའ་གནང་སྟེ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཉམས་གསོ་མཛད་པ་དང་དུས་མཚུངས་དགའ་ལྡན་གསེར་གདུང་གི་རྒྱ་ཕིབས་ཉམས་གསོ་གསར་བཞེངས་གནང་བ་སོགས་མཛད་རྗེས་རླབས་ཆེ། མེ་སྤྲེལ་༡༥༩༦ལོར་ལྷ་ལྡན་གཙུག་ལག་ཁང་དུ་རྗེ་རྒྱལ་ཁང་རྩེ་པ་འདི་ཉིད་ཀྱིས་མཁན་པོ་དང༌། དད་པའིདགེ་འདུན་གྲངས་ཚང་བའི་དབུས་སུ་དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང༌། དེ་ནས་རིམ་པར་བཞིན་འབྲས་སྤུངས་པ་རྗེ་དཀོན་མཆོག་བསྟན་འཛིན་ནས་ད་ལྟའི་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བར་སྔར་འགྱུར་རྙིང་མ་པའི་སྡོམ་རྒྱུན་བར་མ་ཆད་དུ་བྱུང་ཚུལ་ཡང་གོང་དུ་ཁྲི་ཆེན་ཉེར་གཅིག་པའི་སྐབས་བཤད་པ་ལྟར་རོ།། དགུང་ལོ་དོན་བཞིར་ཕེབས་པ་རབ་བྱུང་བཅུ་པའི་ས་ཕག་༡༥༩༩ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་སྐབས་བྱོན་པའི་རྟེན་ཁྱད་པར་ཅན་རྣམས་ནང་རྟེན་དུ་བཞུགས་པའི་དངུལ་གདུང་ལྷ་བབས་མཆོད་རྟེན་ཆེ་བ་ཞིག་རྒྱ་གུར་ཆེན་མོའི་མདུན་ངོས་ཕྱིའི་གཡས་ཕྱོགས་བཞུགས། ཁྲི་ཆེན་འདིའི་ཞལ་སློབ་ཆོས་རྗེ་སྐུ་སྐྱེ་ཚེ་རིང་མགོན་པོས་བརྩ་མས་པའི་རྣམ་ཐར། དཔལ་ལྡན་བླ་མ་དམ་པ་དཔལ་འབྱོར་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་འཇུག་སྒོ་རབ་ཏུ་གསལ་བ། ཞེས་ཁ་བྱང་དུ་འཁོད་པ་དཔེ་རྙིང་དབུ་མེད་བྲིས་མ་དཔེ་རིང་ཤོག་གྲངས་༨༠ཡོད་པ་ཞིག་བོད་ལྗོངས་དཔེ་མཛོད་ཁང་གི་ཕྱག་དཔེའི་གྲས་སུ་ཡོད་ཚུལ་དུང་དཀར་ཚིག་མཛོད་དུ་གསལ་ཡང་ཁོ་བོས་ཞལ་མཇལ་མ་བྱུང༌།