དགའ་ལྡན་ཁྲི་ཐོག་ཉེར་བཞི་པ་མངོན་དགའ་བྱམས་པ་རྒྱ་མཚོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉེར་བཞི་པ་མངོན་དགའ་བྱམས་པ་རྒྱ་མཚོ་ནི། རབ་བྱུང་དགུ་པ་མེ་བྱི་ ༡༥༡༦ ལོར་ཞོག་གི་གྲག་གུར་ཞེས་པར་འཁྲུངས། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་རྗེ་འདི་ཉིད་རྒྱལ་བ་བྱམས་པའི་སྤྲུལ་པར་གསུངས། སྐུ་ན་ཆུང་དུས་ནས་སྟག་རྩེ་རིན་ཆེན་སྒང་དུ་རབ་བྱུང་མཛད། རྗེ་འདི་ཉིད་ཆོས་སྡེ་གང་ཞིག་ཏུ་ཆོས་ཞུགས་གནང་ནས་སློབ་གཉེར་གནང་བའི་ལོ་རྒྱུས་ཁ་གསལ་ད་ཕན་མ་མཐོང་ཡང༌། འདིའི་སྐུ་སྐྱེ་རྗེས་མ་གཙང་པ་བཀྲིས་དང་ཁམས་མོ་སྒྲོལ་མ་གཉིས་ཀྱི་སྲས་རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང་གིས་རབ་བྱུང་གནང་བའི་མཚན་ལ་དགེ་འདུན་དཔལ་བཟང་ཞུ་བ། དགུང་ལོ་བཅོ་ལྔའི་ཐོག་ནས་སོག་པོར་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་བསྐྱངས་པའི་ཁྲི་སྤྲུལ་དམ་པ་དེ་ཉིད་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཐོག་གཞུང་ཆེན་ཁག་ལ་ཐོས་བསམ་མཛད་འདུག་པས། རྗེ་འདི་ཉིད་ཀྱང་ཐུགས་གཉེར་གནང་ས་སེར་སྨད་གྲྭ་ཚང་ཡིན་སྲིད་སྙམ། གང་ལྟར་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་གཞུང་ལུགས་མང་པོ་གསན་པས་མཁས་བཙུན་གྱི་གྲགས་པས་ཁྱབ། དཔལ་ལྡན་སྨད་རྒྱུད་དུ་བྱོན་ནས་རྗེ་ཆོས་གྲགས་པ་བཟང་པོ་དང༌། ནམ་མཁའ་གྲགས་གཉིས་ཀའི་དྲུང་ནས་བདེ་གསང་གི་རྒྱུད་འགྲེལ་འགྲེལ་བཤད་བསྐྱེད་རྫོགས་ཀུན་དང༌། ཁྲིད་ཆེན་བརྒྱད། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གཉིས་ཀྱི་འགྲེལ་པ་དང་འགྲེལ་བཤད་བསྐྱེད་རྫོགས་མན་ངག་རྣམས་གསན་པས། མདོ་སྔགས་གཉིས་ཀ་ལ་མཁས་པའི་ངེས་པ་རྣམ་དག་ཐུགས་ལ་མངའ་བའི་རྡོ་རྗེ་འཛིན་པ་ཞིག་སྟེ། རྗེ་དགེ་འདུན་རྒྱ་མཚོའི་འཇིགས་བྱེད་སྨོན་ལམ་གྱི་ཊཱིཀྐ་རིམ་གཉིས་ཆ་ཚང་བ་ཞིག་བརྩམས། དུས་ཕྱིས་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ལེགས་བཤད་དུ་བཞེད། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས་ཀྱང་དེ་གཞིར་བཞག་ནས་འཇིགས་བྱེད་སྨོན་ལམ་གྱི་ཊཱིཀྐ་མཛད། དེ་ནས་རྒྱུད་སྨད་ཀྱི་ཁྲིར་ཕེབས། རྒྱུད་གསུམ་དང་འགྲེལ་པ་འགྲེལ་བཤད་བསྐྱེད་རྫོགས་བཞི་མན་ངག་བཅས་པ་ལོ་ནས་ལོར་སྟར་ཆགས་སུ་འཆད་ཉན་གནང༌། སྟག་རྩེ་རིན་ཆེན་སྒང་ལ་རིན་ཆེན་གླིང་དགོན་པ་ཕྱག་བཏབ་ནས་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་འཕེལ་བཞིན་པའི་སྐབས། ཕག་མོའི་དམག་ཕོག་པས། ཆོས་སྡེ་དེ་ཉིད་གུར་སྨོན་དུ་སྤོས་དར་རྒྱས་ཆེ་བར་མཛད། དུས་ཕྱིས་ཁྲི་རྒྱལ་ཁང་རྩེ་བ་དགའ་ལྡན་ཁྲི་ལ་ཕེབས་སྐབས་རིན་ཆེན་གླིང་བསྐྱར་གསོ་གནང་ནས་རྗེ་འདི་ཉིད་ལ་ཕྱི་འབུལ་ཞུས། རབ་བྱུང་བཅུ་པའི་མེ་བྱི་ ༡༥༧༦ ལོར་རྒྱལ་བ་གཉིས་པའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས། རབ་བྱུང་བསྙེན་རྫོགས་གྲངས་ལས་བརྒལ་བའི་མཁན་པོ་མཛད་ཅིང༌། གངས་ཅན་གྱི་མཐའ་འཁོབ་བའི་འདྲེན་པ་ཆེན་པོ་ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་པོའི་རྒྱལ་པོ་ཆ་གན་ཨལ་ཐན་གྱིས་བྱང་ཕྱོགས་ཀྱི་སྐྱེ་འགྲོ་མང་པོའི་མགོན་དུ་སོག་ཡུལ་དུ་གདན་དྲངས་པའི་ཤུལ་དུ་ལྷ་སའི་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། ས་འབྲུག་ ༡༥༦༨ ལོར་གཞིས་ཀ་བྲག་དཀར་བའི་ལྕམ་རིན་ཆེན་རྒྱལ་མོ་འདས་པའི་དགེ་སྒྲུབ་ཏུ་སྡེ་པ་སྐྱིད་ཤོད་པ་ཨ་ཁུ་བཀྲ་ཤིས་རབ་བརྟན་གྱིས་མཐུན་རྐྱེན་སྦྱར་བ་ལྟར་གསེར་སྦྱངས་ལས་གྲུབ་པའི་དགའ་ལྡན་དངུལ་གདུང་གི་སྒོ་རྒྱན་གསར་བསྐྲུན་གནང༌། ལྕགས་སྦྲུལ་ ༡༥༨༡ ལོར་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་རྗེས་ཕྱག་མཛད་ཆོས་བཟང་འཕྲིན་ལས་ཀྱིས་དགའ་ལྡན་ཕོ་བྲང་རྒྱ་བསྐྱེད་འཛུགས་བསྐྲུན་དུ་སྡེ་པ་སྐྱིད་ཤོད་པས་རྒྱུ་གྲོན་དང་འུ་ལག་གང་དགོས་ཀྱི་རོགས་རམ་ཐོག གདན་སའི་གྲྭ་རྒྱུན་རྣམས་ཀྱང་སྐབས་དང་བསྟུན་ནས་ལས་གྲྭར་མངགས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ལའང་གཟིགས་པ་ཤིན་ཏུ་ཡངས། མི་ལོ་བདུན་གྱི་རིང་ལ་གསེར་ཁྲི་བཟུང་ཞིང་དེའི་རིང་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་བླ་ན་བཏེགས། དགུང་ལོ་རེ་བདུན་པ་ཆུ་རྟ་ ༡༥༨༢ ལོར་མངོན་དགའ་ལ་ཟུར་བཞུགས་མཛད་པས་ཁྲི་ཆེན་མངོན་དགའ་བར་ཡང་གྲགས། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་པའི་ལྕགས་སྟག་ ༡༥༩༠ ལོར་ཞི་བར་གཤེགས་པའི་དངུལ་གདུང་མཆོད་ཁང་གསར་མ་ནང་བཞུགས་སོ། །