དགའ་ལྡན་ཁྲི་ཐོག་ཉེར་བདུན་པ་མལ་གྲོ་སངས་རྒྱས་རིན་ཆེན་
དགའ་ལྡན་ཁྲི་ཐོག་ཉེར་བདུན་པ་མལ་གྲོ་སངས་རྒྱས་རིན་ཆེན་ནི། རབ་བྱུང་དགུ་པའི་ལྕགས་བྱི་ ༡༥༤༠ ལོ་མལ་གྲོ་ལྷ་ལུང་གི་འབྲོག་རིགས་ཤིག་ཏུ་དམ་པའི་ངང་ཚུལ་ཅན་གྱི་ཡབ་ཡུམ་གྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་བཅུ་གསུམ་པ་ལ་རིན་ཆེན་གླིང་པའི་སློབ་དཔོན་པ་འདུལ་འཛིན་ཆེན་པོ་ཆོས་བཟང་ཉི་མའི་དྲུང་ནས་རབ་ཏུ་བྱུང༌། ཆོས་རྗེ་འདི་ཉིད་གསང་ཕུ་ཉང་རོང་པ་དང་ཤར་རྩེ་གཉིས་བསྒྲིལ་ནས་རིང་པོར་མ་ལོན་པའི་སྐབས་ཀྱི་གྲྭ་རྒྱུན་ཡིན་ཞིང༌། གྲྭ་ཚང་གཉིས་བསྒྲིལ་དུས་ཀྱི་ཐོག་མའི་སློབ་དཔོན་རྗེ་རིན་ཆེན་གླིང་པ་བློ་བཟང་བསྟན་འཕེལ་གྱི་སློབ་མ་དང༌། དབོན་བརྒྱུད་དུ་གཏོགས་པ་ཞིག་ཡིན་ནམ་སྙམ་ཞེས་དགའ་ཤར་ཆོས་འབྱུང་འཇམ་པ་སྙིང་པོའི་དགོངས་རྒྱན་དུ་གསུངས། ཤར་རྩེ་ནོར་བུ་གླིང་གྲྭ་ཚང་དུ་སློབ་དཔོན་རྗེ་རིན་ཆེན་གླིང་པ་བློ་བཟང་བསྟན་འཕེལ་ལ་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས་མཁས་པར་གྱུར། དགུང་ལོ་སོ་གསུམ་པ་ཆུ་སྤྲེལ ༡༥༧༢ ལོ་ཁྲི་ཆེན་ཚེ་བརྟན་རྒྱ་མཚོ་དང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་གཉིས་ཀྱིས་མཁན་སློབ་མཛད་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། སེར་སྨད་ཐོས་བསམ་ནོར་བུའི་གླིང་གི་འཆད་ཉན་སློབ་དཔོན་དང་ཤར་པའི་མཁན་ས་སྦྲེལ་ཏེ་ལོ་ཤས་བསྐྱངས་ནས། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་པའི་མེ་སྤྲེལ ༡༥༩༦ ལོར་གསེར་ཁྲི་རིན་པོ་ཆེར་ཕེབས། འཆད་ཉན་འཕེལ་ཞིང༌། ཡངས་པ་ཅན་གྱི་ཞིག་གསོ་ལྡེབས་བྲིས་སོགས་བཞེངས། ལྕགས་གླང་ ༡༦༠༦ ཟླ་བ་དང་པོའི་རྒྱལ་བའི་དབང་པོ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་བོད་དུ་གདན་དྲངས་ནས་རྭ་སྒྲེང་དུ་ཕེབས་འབྱོར་བྱུང་བ་དང༌། ཁྲི་ཆེན་འདི་ཉིད་ཀྱིས་སྣེ་ཁྲིད་དེ་གདན་སའི་སློབ་དཔོན་ལས་སྣེ་དང༌། དགའ་ལྡན་ཕོ་བྲང་པའི་མི་སྣ། ས་སྐྱོང་དགའ་ལྡན་པ་མི་དབང་གཡུལ་རྒྱལ་ནོར་བུ་སོགས་ཕེབས་གསུར་བཅར་ནས་ཐུགས་སྣང་ཤིན་ཏུ་གཤིན་པར་གནང༌། རྗེ་འདིས་ཁྲི་བ་མཛད་རིང་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་སོགས་མཛད་དེ་ལོ་བརྒྱད་ཀྱི་བར་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་སོགས་དགེ་འདུན་སྟོང་ཕྲག་མང་པོ་ལ་བྱང་ཆུབ་ལམ་རིམ་ཆེན་ཆུང་གི་བཀའ་འཁྲིད་དང༌། མི་བསྐྱོད་དང༌། དུས་ཀྱི་འཁོར་ལོ། ཀུན་རིག་སོགས་ཀྱི་རྗེས་གནང་དང༌། རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་གསུང་རབ་མང་པོའི་བཀའ་ལུང་རྒྱ་ཆེར་གནང་བས་མཚོན། སྔ་ཕྱིར་དགེ་འདུན་གྱི་སྡེ་དུ་མར་མདོ་སྔགས་ཀྱི་ཆོས་བཀའ་ཤིན་ཏུ་མང་པོ་གནང་པ་སོགས། བསྟན་འགྲོར་སྨན་པའི་མཛད་རླབས་ཤིན་ཏུ་ཆེ་བའི་དབང་གིས་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པར་ལྷ་རྩེ་དཔོན་མོར་གྲགས་པས་དགེ་ལུགས་ཕྱོགས་ལ་ངན་རྩོམ་མང་དུ་བྱས་པའི་རྫུན་གཏམ་གཏེར་ཆོས་སུ་གྲགས་པ་ཞིག་ཏུ། རྗེ་བླ་མའི་ཁྲི་ལ་བུད་ངྷའི་མིང་ཅན་བྱུང་ན་མི་ལེགས་ཚུལ་མང་པོ་ཡོང་ཚུལ་གྱི་སྐུར་འདེབས་ཞུས། དེ་ལ་ཐམས་ཅད་མཁྱེན་པ་གོང་ས་ལྔ་པ་ཆེན་པོ་མཆོད་ཡོན་གྱིས་ལུང་རིགས་ཀྱིས་བཀག་པར་མཛད་འདུག་སྟེ། གོང་ས་ལྔ་པས་མཛད་པས་རྒྱལ་མཆོག་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ལས། རྗེ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་དེ་ལ། དྲུང་འཚོབ་འདན་བ་སོགས་མང་པོས་བདུད་ཀྱི་སྤྲུལ་པ་ཡིན་ཞེས་སྒྲོ་བཏགས་ཤིང༌། ལྷ་རྩེ་དཔོན་མོས་གཏེར་ནས་བཏོན་པའི་ལུགས་སུ་བྱེད་པའི་རྫུན་གཏམ་གྱི་གླེགས་བམ་ཞིག་འདུག་པ་དེའི་ནང་ན། རྗེ་བླ་མའི་ཁྲི་ལ་བུདྡྷའི་མིང་ཅན་ཞིག་བྱུང་བ་ན། བསྟན་པ་ལ་འཕེལ་འགྲིབ་ཡོང་ཞིང༌། དེ་བདུད་ཀྱི་སྤྲུལ་པ་ཡིན་པའི་ཕྱོགས་མང་པོ་ཞིག་འདུག་པ་ལ། མཁས་པ་དང༌། བཙུན་པ་དང༌། གྲུབ་པ་དང༌། །བཟང་བ་དང༌། རྟག་ཚུགས་ཟིན་པ་དང༌། གཞན་ལ་འགྲམ་ཆུ་མི་ལྡང་བ་དང༌། སྒམ་སྡིག་མོར་བྱེད་པ་མང་པོ་ཞིག་མགོ་འཁོར་ཏེ་བདེན་པར་བཟུང་ནས་སངས་རིན་པ་ལ་སྨོད་ནའང༌། ཁོངསྐུ་ཚེ་དེ་ལ་མདོ་སྔགས་ལ་སྦྱངས་པའི་དགེ་བཤེས་ཤིག་ཡིན་པ་ལས་སྦས་པའི་དམ་པའི་རིགས་དང་བདུད་ཀྱི་རིགས་གཉིས་ཀ་མིན་པ་འདྲ་སྟེ། བདུད་ཀྱི་རིགས་ཀྱི་རྟགས་ཡོད་སྐད་མ་ཐོས་ཤིང༌། ལ་ལ་ལྷ་ཟུར་ཕུད་ལྔ་པའི་སྐྱེ་བ་ཡིན་པ་འདྲ་ཟེར་བའི་ཕལ་གཏམ་རྒྱུ་མཚན་དུ་བྱས་ནས་བདུད་ཡིན་ཟེར་ནའང༌། ལྷ་ཟུར་ཕུད་ལྔ་པ་ཡིན་པའི་ངེས་པ་ཅི་ཡོད། གལ་ཏེ་ཡིན་དུ་སྲིད་ཀྱང༌། ལྷ་དང་བདུད་གཉིས་མི་གཅིག་པས། རྒྱུ་མཚན་དེ་འདྲ་རང་གི་ནང་ཆ་སྟོན་པ་ཙམ་དུ་ཟད་ལ། ལྷ་ཟུར་ཕུད་ལྔ་པ་ལ་ཡང་དྲང་དོན་ངེས་དོན་གྱི་དགོངས་པ་ལེན་ཤེས་དགོས་པས། གཟུགས་མེད་ལ་གཟུགས་མ་འཆོས་པར་བཏང་སྙོམས་སུ་འཇོག་པ་འདོད། ཞེས་དང༌། དུ་ཀཱུ་ལའི་གོས་བཟང་ལས་ཀྱང་འདི་ཉིད་ལྷ་བདུད་གང་ཡང་མིན་པར་མི་ཚེ་མདོ་སྔགས་ལ་འཆད་ཉན་གནང་བའི་དགེ་བཤེས་ཚད་ལྡན་ཞིག་ཏུ་ངོས་འཛིན་གནང་འདུག ཀུན་མཁྱེན་འཇམ་དབྱངས་བཞེད་པའི་འཇིགས་བྱེད་ཆོས་འབྱུང་དུ། རྗེ་བླ་མའི་གདན་སར་བདུད་ཀྱི་རིགས་ཤིག་དམ་ཅན་ཆོས་རྒྱལ་གྱིས་མི་གཞག་པར་གསུངས་པ་ནི་ཚད་མའི་སྐྱེས་བུའི་ལེགས་བཤད་ཉིད་དུ་སེམས་སོ། སྤྱིར་ན་བསྟན་འགྲོར་ཕན་པའི་མཛད་རླབས་ཧ་ཅང་ཆེས་པ་ན་དེ་དང་དེ་འདྲ་བའི་སྐུར་ཞུས་འབྱུང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ལྟ་བུ་སྟེ། རྗེ་ཐམས་ཅད་མཁྱེན་པ་ནས་བཟུང་སྟེ་སྐྱེས་ཆེན་དམ་པ་མང་པོར་ལུང་བསྟན་རྫུན་མ་རེ་བཟོས་ནས་སྐུར་ཞུས་ཚད་མེད་བྱས་པའི་ཚུལ་ཤིན་ཏུ་མང་བས་སོ།། སླར་བུདྡྷའི་མིང་ཅན་དེ་ཉིད་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་ཚུལ་མ་གཅིག་སོགས་ལ་ཁ་གཡར་ནས་ཕྱོགས་གང་སར་བསྒྲགས་འདུག་སྟེ། སྡེ་སྲིད་འདིའི་སྐུ་ཚེ་སྨད་ཀྱི་མཛད་སྤྱོད་ལ་བལྟས་ན་ལུང་བསྟན་དེར་བདེན་ཁ་སྟེར་པ་འདྲའང་སྣང་སྟེ་འཕྲོས་གླེང་ཙམ་མོ། ། དགུང་ལོ་རེ་བཞི་པ་ཆུ་ཡོས་ ༡༦༠༣ ལོར་ཁྲི་ཟུར་ནས་ཐང་སྐྱ་དང༌། ཕག་མོ་ཆོས་སྡེ། རིན་ཆེན་གླིང་སོགས་བསྐྱངས་ཤིང༌། ལོ་དེར་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བདེ་ཆེན་ཆོས་ཀྱི་རྒྱལ་པོའམ་ཡོན་ཏན་རྒྱ་མཚོར་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གནང་ཞིང༌། རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་འཕྲིན་ལས་ཀྱི་རླབས་ཤིན་ཏུ་ཆེ། དེ་ལྟར་རྗེ་འདིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ཟིན་ནས་དགུང་ལོ་དོན་གསུམ་པ་ཆུ་བྱི་ ༡༦༡༢ ལོར་དག་ཞིང་དུ་གཤེགས་པའི་སྐུ་གདུང་ཞུགས་འབུལ་སྐབས། སྐུ་སྟོད་ཀྱི་ཆ་ཆེར་མ་ཚིགས་པར་འཕྲལ་དུ་ལྟར་སྣང་ལེགས་རྒྱུ་མེད་པ་ཞིག་བྱུང་བ་རྒྱལ་དབང་བཞི་པ་མཆོག་གི་མདུན་སྤྱན་འབེབས་ལ་ཁྱེར་ཡོང་བ། རྒྱལ་དབང་མཆོག་གི་ཕྱག་ཟུང་གིས་བཞེས་ཤིང་དབུ་ཐོག་ཡུན་རིང་པོའི་བར་དུ་བཞག་ནས་སྨོན་ལམ་གནང༌། གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་ཐོག་ཚད་མ་རྒྱ་གུར་གྱི་ཕྱིའི་གཡས་ཟུར་དུ་བཞུགས་ཤིང༌། དུས་མཆོད་ཀྱང་དབོན་བརྒྱུད་རྣམས་ཀྱིས་རྒྱུན་རིང་པོའི་བར་དུ་འཛིན་པར་བྱུང༌། གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་དང༌། དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། རྗེ་དེའི་སྤྲུལ་སྐུ་ཆ་གསུམ་ཞེས་པའི་ཡུལ་དུ་འཁྲུངས། གཞོན་ནུའི་དུས་ནས་བསྟན་པ་རིན་པོ་ཆེའིསྒོར་ཞུགས། མཚན་རིན་ཆེན་རྒྱ་མཚོའམ་སངས་རྒྱས་རྒྱ་མཚོར་གྲགས། རྩེ་རྣམ་རྒྱལ་གྲྭ་ཚང་གི་སློབ་དགོན་ཡང་གནང་པས་སློབ་དཔོན་ཤར་ཁང་པ་ཞེས་ཀྱང་ཞུ། འདིས་དེ་མོ་སྤྲུལ་སྐུ་སོགས་ལ་བསྙེན་རྫོགས་ཀྱི་གསང་སྟོན་གནང་ཚུལ་དུ་ཀུ་ལའི་གོས་བཟང་དུ་གསལ།