དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་ནི། རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་མདོ་སྨད་ཅོ་ནེའི་ས་ཟུང་ཇུར་འཁྲུངས། ལནྫ་སོགས་ཡིག་རིགས་ལ་མཁས། དབུས་སུ་བྱོན་ནས་མདོ་སྔགས་ལ་སྦྱངས་པས་མཁས་པའི་ཕུལ་དུ་བྱུང༌། རྡོ་རྗེ་འཆང་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་བསོད་ནམས་དོན་གྲུབ་ཏུ་གསོལ། གསང་ཕུ་སྤེ་སེར་དང༌། རྒྱུད་སྟོད། ཤར་རྩེ་བཅས་ཀྱི་བླ་མ་མཛད་དེ་ཆོས་སྡེ་དེ་དག་ཏུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཕྲིན་ལས་ཆེས་ཆེར་འཕེལ། སྡེ་པ་སྐྱིད་ཤོད་པ་དགེ་ལྡན་པའི་བསྟན་པའི་སྦྱིན་བདག་ཡིན་བཞིན་དུ་བདུད་ཀྱི་འཕྲུལ་ལྟ་བུས་ཕྲག་དོག་གིས་རྩོད་གཞི་བྱུང་ཡང་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་དགེ་འདུན་རྒྱལ་མཚན་གྱིས་བསྟན་པའི་སྦྱིན་བདག་ལ་དགོངས་ནས་བྱང་ཆུབ་སེམས་དཔའི་མཛད་པས་མཆོད་ཡོན་སླར་ཡང་ལུགས་ལེགས་སུ་གྱུར། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་པའི་མེ་ལུག་ ༡༦༠༧ ལོར་དགའ་ལྡན་ཁྲིར་ཕེབས་ཏེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་བླ་ན་བཏེགས། ལི་མ་ལྷ་ཁང་གསར་པ་བཞེངས། དགུང་ལོ་རེ་དྲུག་པ་ཆུ་བྱི་ ༡༦༡༢ ལོར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་གཙང་དམག་སྟོས་ཆེན་དབུས་སུ་ཕབ་སྟེ་འཕན་པོ་དང༌། གཞིས་ཀ་སྣེའུ་སོགས་དང་གཡུལ་འཐབ། དགུང་ལོ་རེ་བདུན་པ་ཆུ་གླང་ ༡༦༡༣ ལོར་སླར་ཡང་སྡེ་སྲིད་གཙང་པས་གཙང་དམག་དབུས་སུ་ཕབ་སྟེ་གཞིས་ཀ་སྣེལ་གདོང་སོགས་བཅོམ་ནས་དབུས་གཙང་གཉིས་ཀར་ལུང་རྒྱུགས། ཆོས་ལུགས་རིས་མེད་བསྐྱངས་པ་སོགས་སྡེ་བཞིའི་སྲིད་ཀྱི་བྱ་བཞག་རླབས་ཆེན་བསྐྲུན། ལོ་དེར་པཎ་ཆེན་བློ་བཟང་ཆོས་རྒྱན་གཙང་ནས་ལྷ་སར་སྨོན་ལམ་ཆེན་མོའི་ཚོགས་དབུར་གདན་དྲངས་ཏེ། དེ་ནས་བཟུང་ལོ་དྲུག་གི་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་གནང་སེར་འབྲས་ཀྱི་དགེ་བཤེས་བཟངགྲས་རྣམས་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་དམ་བཅའ་བཞག་སྟེ་ཨང་རིམ་སྒྲིག་པའི་སྲོལ་ཐོག་མར་བཙུགས། བསྡུས་མིང་ལ་དགེ་བཤེས་ལྷ་རམས་པ་ཞེས་པའི་མིང་ཡང་འདི་ནས་བྱུང་བ་ཡིན། དབུས་གཙང་གི་སྡེ་གཟར་ཤིན་ཏུ་གཉན་པའི་གསེབ་ཏུ་མི་ལོ་བརྒྱད་ཀྱི་རིང་དགེ་ལྡན་གསེར་ཁྲི་བསྐྱངས་ནས་རབ་བྱུང་བཅུ་པའི་ཤིང་ཡོས་ ༡༦༡༥ ལོར་ཟུར་དུ་བཞུགས། དགུང་ལོ་དོན་གསུམ་པ་ས་རྟ་ ༡༦༡༨ ལོར་ཞི་བར་གཤེགས་པའི་གདུང་རྟེན་དུ་དངུལ་གྱི་བྱང་ཆུབ་མཆོད་རྟེན་ལི་མ་ལྷ་ཁང་གི་གཙོ་བའི་གཡོན་གསུམ་པར་བཞུགས་ཤིང་དུས་མཆོད་ཀྱང་ལེགས་པར་ཚུགས་སོ། ། འདིའི་མཚན་ལ་ཆོས་གཉེར་གྲགས་པ་ཞེས་པའང་གསལ།