དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་འོལ་དགའ་དགེ་ལེགས་དཔལ་བཟང་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་འོལ་དགའ་དགེ་ལེགས་དཔལ་བཟང་ནི། རབ་བྱུང་བརྒྱད་པའི་ཤིང་གླང་ ༡༥༠༥ ལོར་འོལ་དགའ་གྱང་གསར་ནང་པའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་བསམ་གཏན་གླིང་དང༌། སྐྱིད་ཤོད་དུ་ཡི་གེ་འབྲི་ཀློག་ནས་བཟུང་ཐ་སྙད་རིག་གནས་དང་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་མཁས་པ་སྦྱངས། རྒྱལ་མཆོག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དྲུང་ནས་བླ་ཆེན་དགོངས་པ་རབ་གསལ་ལས་བརྒྱུད་པའི་སྨད་འདུལ་ལུགས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། སྟོད་རྒྱུད་དུ་ཞུགས་ནས་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་གཞུང་ལུགས་ལ་མཁས་པར་བསླབས། མདོ་སྔགས་རབ་འབྱམས་སྨྲ་པ་པཎ་ཆེན་བསོད་ནམས་གྲགས་པ་ལ་བསྟེན་ནས་མདོ་སྔགས་ཀྱི་དཀའ་གནད་མ་ལུས་པའི་སྒྲོ་འདོགས་བཅད་དེ་མཁས་པའི་གོ་ས་མཐོན་པོར་འཛེགས། དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོས་བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་སྤེལ་བའི་བཀའ་བབས་པའི་བླ་བརྒྱུད་རིམ་པར་བྱུང་བ་ནས། ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ནས་ྋགོང་ས་བཅུ་བཞི་པ་ཆེན་པོ་ལ་བརྒྱུད་པའི་འཕྲིན་ལས་ཀྱི་འོད་སྣང་བླ་ན་འཚེར་བཞིན་པར་ལགས་ཤིང༌། བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭ་ནང་ལམ་རིམ་འཆད་སྲོལ་ཀྱི་བླ་བརྒྱུད་ཀྱང་རྗེ་འདི་ཉིད་ལས་བྱུང་བ་སེམས། རྒྱུད་སྟོད་མཁན་རབས་དྲུག་པ་ཁྲི་ཆེན་ངག་དབང་ཆོས་གྲགས་མཁན་ཁྲི་ལས་ཟུར་པའི་རྗེས་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དང་མཁན་པོའི་ཁྲིར་རིམ་པར་ཕེབས་ཏེ་གསང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་རྒྱ་ཆེར་སྤེལ། དེ་ནསཤར་རྩེ་མཁན་པོ་དང་ཤར་པ་ཆོས་རྗེའི་ཁྲིར་རིམ་པར་ཕེབས་ཏེ། དགུང་གྲངས་ང་བཞི་པ་རབ་བྱུང་དགུ་པའི་ས་རྟ་ ༡༥༥༨ ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད། མཉམ་མེད་དགེ་ལྡན་རིང་ལུགས་གཙང་མའི་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བླ་ནས་བླ་ན་བཏེགས། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་གསར་བཞེངས་གྲུབ་པར་རབ་གནས་གནང་མཁན་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་གདན་འདྲེན་ཞུས། དགའ་ལྡན་གསེར་ཁྲི་ལོ་བདུན་རིང་བསྐྱངས། དགུང་ལོ་དྲུག་ཅུ་པ་ཤིང་བྱི་ ༡༥༦༤ ལོར་ཁྲི་ལས་གཤོལ་ཏེ་བདེ་བ་ཅན་དུ་ཟུར་བཞུགས་མཛད་པས་ཁྲི་བདེ་བ་ཅན་པར་གྲགས། ལོ་དེར་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ཀྱིས་མཁན་པོ་དང་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་རྒྱལ་དབང་བསོད་ནམས་རྒྱ་མཚོའི་རབ་བྱུང་མཁན་པོ་དང་མདོ་ཕྱོགས་ཀྱི་ཡོངས་འཛིན་ཡིན་ཡང་འདི་སྐབས་ཞི་བར་གཤེགས་ཟིན་སྟབས་ཁྲི་ཆེན་འདི་ཉིད་དེའི་དེའི་དངོས་སློབ་ཡིན་པས་བསྙེན་རྫོགས་ཀྱི་མཁན་པོ་བསྟེན་པ་ཡིན། དགའ་ལྡན་ཁྲི་ལས་ཐོབ་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་ལས་སློབ། དགེ་འཕེལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་གསང་བསྟན། ལྷ་བཙུན་བསོད་ནམས་དཔལ་བཟང་གིས་དུས་དུས་བསྒོ་བ་མཛད་དེ་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་ལ་བསྙྙེན་རྫོགས་པའི་དགེ་སློང་གི་སྡོམ་པ་དང༌། སྤྲུལ་པའི་སྐུ་བསོད་ནམས་ཡེ་ཤེས་དབང་པོ་ལ་དགེ་ཚུལ་གྱི་སྡོམ་པ་གནང༌། གཟིམས་ཁང་གོང་འོག་གཉིས་ཀའི་ཡོངས་འཛིན་གནང་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མའི་བཤད་འཁྲིད་གནང༌། ད་ལྟའི་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོའི་སྡོམ་རྒྱུན་ཡང་འདི་ནས་ཆད་པས། སྡོམ་རྒྱུན་འདི་ཉིད་གལ་ཆེར་མཐོང་སྟེ། འདིར་སྟོན་པ་ཐུགས་རྗེ་ཅན་ནས་ད་ལྟའི་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་བར་གྱི་སྡོམ་པའི་བླ་བརྒྱུད་ཀྱི་མཚན་གཞུང་ཙམ་བཀོད་ན། དེ་ཡང་འདྲེན་པ་མཉམ་མེད་ཐུབ་པའི་དབང་པོ་དང༌། དེ་ནས་ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་དགྲ་ཅན་འཛིན། དཔལ་མགོན་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས། སློབ་དཔོན་ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། རྦ་རཏྣ། དམར་གཡོ་གཙང་གསུམ༌། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཁྲིམས་ཚུལ་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་བོགྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་འདུལ་འཛིན་བརྩོན་འགྲུས་འབར། རྩིས་གཞོན་ནུ་སེང་གེ། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས་པ། ཟེའུ་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ་པ། གནས་སྙིང་ཀུན་དགའ་བདེ་ལེགས། རྒྱལ་བ་དགེ་འདུན་རྒྱ་མཚོ། ཁྲི་བདེ་བ་ཅན་བ་དགེ་ལེགས་དཔལ་བཟང་འདི་ཉིད། རྒྱལ་དབང་བསོད་ནམས་རྒྱ་མཚོ། པཎ་ཆེན་དམ་ཆོས་ཡར་འཕེལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱུད་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེས་ཤེས། ཡོངས་འཛིན་བློ་བཟང་བཟོད་པ། དཀའ་ཆེན་བློ་བཟང་ཆོས་འཕེལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ། པཎ་ཆེན་བསྟན་པའི་ཉི་མ། ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ། ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས། རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་རིམ་པར་བརྒྱུད་སྣང་ཞིང༌། ཡང་ཁྲི་ཆེན་འདི་ཉིད་ལས་དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ལ་བསྙེན་རྫོགས་གནང་པའི་མཁན་རྒྱུད་པ་རིམ་པར་བཞིན། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། རྗེ་དཀོན་མཆོག་བསྟན་འཛིན། དེ་ལས་སྨིན་གླིང་ལོ་ཆེན་དྷརྨ་ཤྲིའ་ལ་བརྒྱུད། དེ་ནས་རིམ་པར་བཞིན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། སྨིན་གླིང་རྡོ་རྗེ་འཛིན་པ་འགྱུར་མེད་ཆོས་ལྡན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྒྱལ་སྲས་རིག་འཛིན་བཟང་པོ། མཁན་ཆེན་པདྨ་བཀྲ་ཤིས། ཐུབ་བསྟན་པདྨ་ཉིན་བྱེད། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། ཀ༔ཐོག་མཁན་རྒན་རྡོ་རྗེ་དཔལ་བཟང༌། ཉག་རོང་མཁན་པོ་སྐལ་བཟང་རྒྱལ་མཚན། ཀ༔ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བ། གྲུབ་དབང་པདྨ་ནོར་བུའི་བར་སྔར་འགྱུར་རྙིང་མ་པའི་འདུལ་བའི་སྡོམ་རྒྱུན་གྱི་ཁུངས་ཀྱང་འདི་ཉིད་ལ་ཐུག་པ་ཡིན་ནོ། མལ་གྲོལ་རིན་ཆེན་གླིང་དང༌། ཕག་མོ་ཆོས་སྡེ་སོགས་ཀྱི་ཞལ་འཛིན་མཛད་པ་སོགས་བསྟན་འགྲོར་སྨོན་པའི་མཛད་པ་རྒྱ་ཆེར་བསྐྱངས། ཁྲི་ཆེན་འདིས་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང་སྡེ་བ་སྐྱིད་ཤོད་པ་ཨ་ཁུ་བཀྲ་ཤིས་རབ་བསྟན་གཉིས་ལ་གསང་ཕུ་ཉག་རོང་གྲྭ་ཚང་དང༌། དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཟླ་སྒྲིལ་བཏང་ན། གཞུང་ཆེན་ཁག་གི་བཤད་སྒྲུབ་འཆད་ཉན་འཕེལ་རྒྱས་ཡོད་རྒྱུའི་སྙན་སྐུལ་ཞུས་པ་ལྟར། དུས་ཕྱིས་ཟླ་སྒྲིལ་བྱས་པས། འཆད་ཉན་རླབས་ཆེན་འཕེལ་བ་བྱུང༌། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་པའི་མེ་ཡོས་ ༡༥༦༧ ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་དགོངས་པ་གཞན་དོན་དུ་གཤེགས་པའི་གདུང་རྟེན་དངུལ་གྱི་མཆོད་སྡོང་དགའ་ལྡན་ལི་མ་ལྷ་ཁང་གི་ཤར་རྟེན་གཙོའི་གཡོན་ཕྱོགས་ཀྱི་བཞི་པར་བཞུགས་ཤིང་དགོངས་རྫོགས་ཀྱི་དུས་མཆོད་ཀྱང་ཚུགས་སོ། །གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང༌། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌།