དགའ་ལྡན་ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བ་ཀོ་ཤི་ཆོས་གྲགས་བཟང་པོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བ་ཀོ་ཤི་ཆོས་གྲགས་བཟང་པོ་ནི། རབ་བྱུང་བརྒྱད་པའི་ཆུ་གླང་ ༡༤༩༣ ལོར་མདོ་ཁམས་ཤོད་བཅུའི་ནང་ཚན་ནགས་ཤོད་སྟག་ཕུ་རུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ནས་ཡི་གེ་འབྲི་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། སྟག་ཕུ་ཆོས་སྡེར་རབ་ཏུ་བྱུང་ནས་གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཛད་པས་མཁས་པར་གྱུར། ཁྲི་རབས་ལོ་རྒྱུས་ཚད་ལྡན་རྣམས་སུ་རྗེ་འདི་ཉིད་གདན་ས་གང་དུ་ཞུགས་པའི་གསལ་ཁ་མི་སྣང་ཡང་སྐུ་རབས་ཕྱི་མ་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ལྷོ་པ་ཁང་ཚན་དུ་ཞུགས་འདུག་པས་རྗེ་འདི་ཉིད་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཞུགས་མྱོང་བའམ་ཡང་ན་དེ་དང་ཐུགས་ཐག་ཉེ་བའི་འབྲེལ་བ་ཞིག་ཅིས་ཀྱང་བྱུང་ངེས་སྙམ། རྒྱུད་སྨད་དུ་ཕེབས་ནས་རྒྱུད་སྡེ་བཞིའི་རྣམ་བཞག་སྤྱི་དང་ལྷག་པར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཡི་དམ་གསང་བདེ་འཇིགས་གསུམ་གྱིས་མཚོན་པའི་དབང་ལུང་མན་ངག་རྒྱ་ཆེར་མནོས། ཐོན་པ་ཡོན་ཏན་རྒྱ་མཚོ་དང༌། ཆོས་རྗེརིན་ཆེན་འོད་ཟེར། འཇམ་དབྱངས་དོན་ཡོད་དཔལ་ལྡན། རྒྱལ་བ་དགེ་འདུན་རྒྱ་མཚོ་སོགས་སེར་འབྲས་ཀྱི་སློབ་དཔོན་མཁས་པ་དུ་མའི་ཞལ་ནས་མདོ་སྔགས་གྱི་གསེར་ཆོས་དུ་མ་ཞུས། རྒྱུད་སྨད་དུ་ཞུགས་ནས་ཆོས་རྗེ་རྒྱ་ར་བ་དང༌། ཆོས་རྗེ་རྒྱལ་མཚན་བཟང་པོ་སོགས་ལ་བསྟེན་ནས་སྔགས་ཕྱོགས་རྒྱུད་སྡེའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད་དེ་རྒྱུད་སྨད་མཁན་ཁྲིར་ཕེབས། རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་མཛད་བཞིན་པའི་མུར། བྱང་རྩེ་རྒྱུད་དགུང་ལོ་དྲུག་ཅུ་པ་རབ་བྱུང་དགུ་པའི་ཆུ་བྱི་ ༡༥༥༢ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་ཁྲིར་མངའ་གསོལ་བ་ལྟར། འཆད་མཉན་གྱི་སྲོལ་ལ་ཤིན་ཏུ་དམར་བ་མཛད་པ་དང༌། གནས་བརྟན་བཅུ་དྲུག་གི་གོས་སྐུ་གསར་དུ་བཞེངས་པ་སོགས། མདོར་ན་མི་ལོ་བདུན་གྱི་རིང་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པ་རིན་པོ་ཆེ་ནམ་ཡང་ནུབ་པ་མེད་པར་བླ་ནས་བླ་ན་འཕེལ་བའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས། དགུང་ལོ་རེ་གཉིས་པ་ཤིང་སྟག་ ༡༥༥༤ ལོར་སེ་ར་ཐེག་ཆེན་གླིང་གི་མཁན་ཁྲིར་ཕེབས་ནས་བྱེས་སྨད་གཉིས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། དགུང་ལོ་རེ་གསུམ་པ་ཤིང་ཡོས་ ༡༥༥༥ ལོར་གཙང་གི་སྡེ་པ་ཡར་རྒྱབ་པས་དབུསཀྱི་སྣེ་གདོང་ལ་དཔུང་དམག་དྲངས་ཏེ་གྲ་ཕྱི་ལྷུ་གྲུབ་བཙན་བཟུང་བྱས་སྐབས་སྣེ་གདོང་པས་སྐྱིད་ཤོད་ཞབས་དྲུང་ཨ་ཁུ་བཀྲ་ཤིས་རབ་བརྟན་གཞིས་ཀ་བྲག་དཀར་ཁོངས་གཏོགས་རྣམས་སྐྱིད་ཤོད་དགའ་ལྡན་པའི་འཛིན་དབང་དུ་སྤྲོད་སྟབས། སྐྱིད་ཤོད་པའི་དམག་ལྷོ་ཁར་དྲངས་ཏེ་གཙང་གི་སྡེ་པ་ཡར་རྒྱབ་པའི་དམག་དཔུང་ཕྱིར་འབུད་བྱས་པ་སོགས༌། སྡེ་གཟར་གྱིས་དུས་མི་བདེ་བའི་སྐབས་ཡིན་ཡང་གདན་ས་ལ་གད་ཆག་གང་ཡང་མེད་པར་འཆད་ཉན་གྱི་རྒྱུན་འཐུད་ཐུབ་པར་བྱུང༌། དགུང་ལོ་རེ་བདུན་པ་ས་རྟ་ ༡༥༥༨ ལོར་ཁྲི་ལས་ཟུར་ནས་གཉན་ཐང་བདེ་བ་ཅན་དུ་ཟུར་བཞུགས་མཛད་ནས་སྐལ་ལྡན་སློབ་མ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱིས་མཚོན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་རེ་བདུན་རབ་བྱུང་དགུ་པའི་ས་ལུག་ ༡༥༥༩ ལོའི་ཟླ་བ་དགུ་པའི་ཚེས་བཅུར་རེ་ཞིག་གཟུགས་སྐུ་རགས་པ་བསྡུས་ཏེ་མཁའ་གཤེགས་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དངུལ་གདུང་རིན་པོ་ཆེའི་གཡས་གྲལ་གཉིས་པར་བཞུགས། རྗེ་འདི་ཉིད་ནགས་ཤོད་སྟག་ཕུ་སྐུ་ཕྲེང་གསུམ་པར་བགྲངས་བ་ལྟར་ན་རྗེ་འདིའི་སྐུ་ཕྲེང་དང་པོ་ཀཽ་ཤི་དཔལ་ལྡན་དོན་འགྲུབ་ཡིན་ལ། སྟག་ཕུ་སྐུ་ཕྲེང་གཉིས་པ་ཞང་པོ་བསྟན་འཛིན་ཆོས་རྒྱལ་ནི། སྟག་ཕུ་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་གྲགས་བཟང་པོ་ཉིད་ཡིན་ལ་འདི་ཉིད་དགའ་ལྡན་ཁྲི་ཐོག་ཉི་ཤུ་པར་ཕེབས་པ་གོང་དུ་ཞུས་ཟིན། སྟག་ཕུ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན། སྟག་ཕུ་སྐུ་ཕྲེང་ལྔ་པ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག སྟག་ཕུ་སྐུ་ཕྲེང་དྲུག་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་འབྱུང་གནས། སྟག་ཕུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོ། སྟག་ཕུ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་བསྟན་པའི་དངོས་གྲུབ། སྟག་ཕུ་སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་ཉི་མ། སྟག་ཕུ་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནམ་གཞན་དུ་ནགས་ཤོད་སྟག་ཕུའི་ཁུལ་དུ་ཡང་སྲིད་འཁྲུངས་ཡོད་ཚུལ་ཡང་གོ་བས་གང་ཡིན་མ་ངེས།