དགའ་ལྡན་ཁྲི་ཐོག་ང་ལྔ་པ་ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ང་ལྔ་པ། ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ་ནི། ཨ་མདོ་ཟམ་ཚ་མཛོད་ཚང་གི་གྲས་ལྡན་ཐང་གྲོང་འཕགས་པ་ཚང་ཟམ་ཚ་ངོ་རང་ཟེར་བའི་རྒྱུད་ལས་ཡབ་དཀོན་མཆོག་སྐྱབས་དང༌། ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པ་ལྕགས་རྟ་༡༦༩༠ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་གླང་ཕྱི་ལོ་༡༦༨༥ཟེར་བའང་སྣང༌། ལོ་ན་གཞོན་དུས་ནས་སྒོ་གསུམ་བག་ཡངས་སུ་མི་གཏོང་ཞིང་སྐྱེ་བོ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། མི་རིང་བར་ཟམ་ཚ་རི་མོ་ཆེའི་ཕར་ངོས་ཀྱི་དེའུར་དབེན་གནས་རི་ཁྲོད་པ་བྱ་བ་འཕགས་དགེ་བླ་མར་གྲགས་པ་ལུང་རྟོགས་ལ་མངའ་བརསྙེས་པ་ཞིག་མཆིས་པ་དེ་ཉིད་ཀྱི་མདུན་སར་ཕེབས་ཏེ་ཡུན་རིང་བླ་མར་བསྟེན། འདུལ་བའི་མཛོད་འཛིན་ཉང་ཚང་ཆེན་པོ་ལས་དགེ་བསྙེན། རབ་བྱུང༌། དགེ་ཚུལ་གྱི་བསླབ་ཁྲིམས་རྣམས་དུ༷ས་གཅིག་ཏུ་ལེགས་པར་མནོས། བསླབ་བྱའི་སྤང་བླང་ཚུལ་བཞིན་མཛད་ནས་ཀློག་པ་ཐོས་བསམ་ལ་བརྩོན་པ་ཆེན་པོས་ཡོན་ཏན་ཀུན་གྱི་ཕྱི་མོ་ཡི་གེ་འབྲི་ཀློག་ནས་བཟུང་སངས་རྒྱས་བྱང་སེམས་ཀྱི་བསྟོད་སྨོན། ཡི་དམ་ལྷག་པའི་ལྷ་མང་པོའི་སྒྲུབ་ཐབས་ཆེ་ཆུང་སོགས་ལ་འཛིན་སྦྱོང་ཀློག་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་བཅོ་ལྔ་པར་དབུས་གཙང་དུ་སློབ་གཉེར་ཕེབས་པའི་ཐུགས་འཁྲུན་བཅད། དེ་ནས་འཕགས་དགེ་བླ་མའི་སྤྱན་སྔར་ཞུས་པས་བླ་མ་ཐུགས་མཉེས་ཏེ་ཞལ་ནས་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་སྙིང་ནས་གསོལ་བ་ཐོབ། དགའ་ལྡན་གསེར་ཁྲི་མ་ཐོབ་པར་ཕྱིར་མ་ཡོང༌། ཉིན་རེ་བཞིན་དམིགས་བརྩེ་མ་སྟོང་ཕྲག་རེ་དང༌། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་ཚར་རེ་མ་ཆག་པ་གྱིས་ཞེས་གསུངས་ནས་ཕྱག་འཁར་ཞིག་རྗེ་འདི་ཉིད་ཀྱི་ཕྱག་ཏུ་གཏད་དེ། གཙུག་ལག་ཁང་རྣམས་ཀློག་པ་དང་ཞེས་སོགས་གསུངས་ཀྱིས་ཐུགས་སྨོན་རྣམ་པར་དག་པ་མཛད། ཕྱག་འཁར་དེ་བསྣམས་ནས་དུས་ཕྱིས་དགའ་ལྡན་གསེར་ཁྲིར་ཕེབས་པ་ཁྲི་ཆེན་རྒྱལ་མཚན་སེངྒེ་དང་ལྷན་ཅིག་ཏུ་ལྷ་ལྡན་དག་པའི་ཞིང་ཁམས་སུ་ཞབས་ཀྱིས་བཅགས། ཐོག་མར་དགའ་ལྡན་དང་སེ་རར་ཕེབས་ནས་ཆོས་གྲྭར་ཞུགས་རྩིས་མཛད་མོད་ཀྱང་དེ་གཉིས་ནས་སྣེ་ལེན་མ་བགྱིས་སྟབས་སླར་ལྷ་སར་བཞུད་ནས་ཇོ་ཤཱཀ་རྣམ་གཉིས་དང༌། པོ་ཏ་ལ། གསེར་གདུང་རིན་པོ་ཆེ་སོགས་སུ་ཐུགས་སྨོན་རྣམ་དག་མཛད་ཅིང༌། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཁང་ཚན་གཞུང་པར་ཕེབས་ཏེ། རྗེ་བཙུན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་དང༌། མཁས་དབང་དཔལ་ལྡན་གྲགས་པ་སོགས་སློབ་དཔོན་མང་དུ་བསྟེན་ནས་ཐོག་མར་རིགས་པའི་སྒོ་འབྱེད་བསྡུས་ཚན་ཆེ་ཆུང་ནས་བརྩམས་ཕར་ཕྱིན་ཟུར་བཀོལ། དབུ་མ་འདུལ་མཛོད་རྣམ་འགྲེལ་ལ་སོགས་པ་གྲྭ་ཚང་རང་གི་ཡིག་ཆ་གསར་རསྙིང་རྣམས་གཞི་མར་བཟུང་སྟེ། རྗེ་ཡབ་སྲས་རྣམས་ཀྱི་གསུང་རྣམ་བཤད་གསེར་ཕྲེང༌། དགོངས་པ་རབ་གསལ། སྟོང་ཐུན་ཆེན་མོ། རྣམ་བཤད་ཐར་ལམ་གསལ་བྱེད། མཚོ་ཊཱིཀ། མཆིམས་མཛོད་སོགས་ཐད་ཀའི་བརྩི་བཞག། སྤྱི་མཐའ་དཔྱོད་རྩ་ཊིཀ་སོགས་ཀྱི་འཛིན་སྐྱོར་རྩོད་གསུམ་ལ་རྩེ་གཅིག་ཏུ་ཐུགས་གཞོལ་བས་སྤྱི་ཁང་ཕྱི་ནང་དང་འཛིན་གྲྭ་ཡས་མས་ཐམས་ཅད་ཀྱི་མིག་རྒྱན་དུ་གྱུར། སྐུ་ཚེ་དེ་ལ་ཨ་ར་པ་ཙ་དང༌། ཡ་མ་རཱ་ཛ། གསང་སྙིང་བཛྲ་ཌྷིཀ་བཅས་དུང་ཕྱུར། ཡིག་བརྒྱ་ས་ཡ་བཞི། རྟེན་འབྲེལ་བསྟོད་པ་འབུམ་ཐེར། འཇམ་དཔལ་མཚན་བརྗོད་ཁྲི་ཚར། གཞན་ཡང༌། ཀླུ་དབང་རྒྱལ་པོ། མགོན་པོའི་སྙིང་པོ་དང་ལྷ་མོའི་ཁ༩ཎཿབདུན་མ་སོགས་གྲངས་མང་བསགས་ནས་སྒྲུབ་པ་སྙིང་པོར་གཞོལ། ཆོས་གྲྭ་དེ་གར་བསླབ་གཞི་ལ་བརྩོན་གཉེར་མཛད་པའི་དུས་ཀྱི་རིང་འཕྲལ་གྱི་ཕན་པ་ཙམ་ཡལ་བར་བོར་ནས་ཕུགས་ཀྱི་ཐུགས་འདུན་ཁོ་ནས་ཉིན་མཚན་དུས་དྲུག་འདའ་བར་མཛད་པས་ཐ་ན་གནས་སྐབས་སུ་ཟས་གོས་ཀྱི་གཡེང་བའང་ཡེ་མ་མཛད་པར་འགྱེད་དངུལ་ཊམ་རེ་ཙམ་བྱུང་ན་ཡང་དེ་འཕྲལ་མར་རྩམ་གཟིགས་ནས། མཆོད་མེ་དང་ཞལ་ཟས་བཞེངས་ནས་འབུལ་བ་དང༌། རང་ལ་གང་ཡོད་ཆོས་འབྲེལ་གང་མཆིས་ཀྱི་བླ་མ་རྣམས་ཀྱི་ཞབས་བརྟནདང༌། ཞིང་གཤེགས་དག་གི་དགོངས་རྫོགས་སོགས་སུ་འགྲོ་བར་མཛད། ནམ་རྒྱུན་རྗེ་ཉིད་ཀྱིས་གྲྭ་ཇ། མང་ཇ། ཚོམས་ཇ་ཙམ་ལས་གཟིམས་ཤག་ནས་ཇ་བསྐོལ་པ་སོགས་ཀྱི་རྩོལ་བ་ནི་རྣམ་པ་ཀུན་ནས་མེད་པར་ཆུ་རྐྱང་ཙམ་ལ་བརྟེན་ཏེ་འཚོ་བ་རོལ་བར་མཛད། ཚོགས་ལ་ཕེབས་སྐབས་ཀྱང་ཕལ་ཆེ་གསོལ་ཞིབ་རིགས་བསྣམ་རྒྱུ་མེད་པའི་དབང་གིས་གྲལ་མཚེས་པ་རྒྱུས་ཡོད་དག་སྣང་ཅན་མང་པོས་གསོལ་ཞིབ་ཕུལ་བ་ལན་རེ་ཙམ་བྱུང་ན་དེ་ནས་བཟུང་གྲལ་གཞན་དུ་སྤོས་ནས་གསོལ་ཞིབ་འབུལ་མི་དེ་དང་གྲལ་མཚེས་མི་བགྱིད་པ་སོགས་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་དེ་དུས་རང་ནས་ཡོད་པར་གསུངས་ཤིང༌། རྗེ་འདི་ཉིད་ཀྱི་དངོས་ཆས་ཤིན་ཏུ་བཀྲེན་པར་འདུག་མོད་ཀྱང་ཁང་ཚན་གྱི་དགེ་རྒན་ལ་བཞེངས་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གཞུང་པ་ཁང་ཚན་གྱིས་གཙོས་གདན་ས་ཐམས་ཅད་ལ་གྲྭ་རྒྱན་སོགས་རྒྱས་ཤིང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་འགྱུར་པར་དམིགས་ཏེ། རྗེ་རྒྱལ་བ་གཉིས་པའི་སྐུ་བརྙན་མི་ཚད་མ་མཇལ་བ་ཙམ་གྱིས་སྲིད་ཞིའི་རྒུད་པ་ལས་གྲོལ་བར་ནུས་པ་ཞིག་ཕྱག་བཟོ་མཛད་དེ་རིང་བསྲེལ་རྣམ་བཞི་སོགས་ཀྱིས་ཕྱུག་པར་མཛད་ཅིང༌། རབ་གནས་སོགས་ཀྱི་མཛད་སྒོ་འཐུས་ཚང་བ་རྗེ་རང་ཉིད་ཀྱིས་གནང༌། རྒྱུན་པར་མཁས་དབང་ཆེན་པོ་ཏཱ་དབོན་དཔལ་ལྡན་གྲགས་པའི་ཞབས་ཀྱི་པདྨོ་གཙུག་གི་རྒྱན་དུ་བསྟེན་ནས་དཔེ་ཁྲིད་དབང་ལུང་ཁྲིད་མན་ངག་མཐའ་ཡས་པ་གསན་ཅིང༌། གཞན་ཡང༌། ཐང་སག་པ་དངོས་གྲུབ་རྒྱ་མཚོའི་ཐུགས་སྲས་རྗེ་ཆོས་རྒྱ་མཚོ། སྤྲུལ་བའི་སྐུ་བློ་བཟང་བསྟན་པ། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་མཁན་ཆེན་ངག་དབང་བློ་བཟང༌། བླ་མ་འཇམ་དབྱངས་སོགས་དགེ་བའི་བཤེས་གཉེན་མང་པོའི་སྤྱན་སྔར་གཏུགས་ཏེ་སྙན་བརྒྱུད་ཀྱི་མན་ངག་ཐམས་ཅད་ཕས་བུ་ལ་སློབ་པ་ལྟར་གསན་ཅིང་བརྗེད་བྱང་མཛད་ནས་ཐུགས་ཀྱི་ཉམས་ལེན་དུ་བསྟར། སུམ་བླྷ་མཁན་པོ་ཡེ་ཤེས་དཔལ་འབྱོར་རྩ་བའི་ཡོངས་འཛིན་མཛད། དེ་ནས་དགུང་ལོ་སོ་བདུན་པ་མེ་རྟ་༡༧༢༦ལོར་ལྷ་སའི་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་ཐོབ། སྐབས་དེར་གྲུབ་རྟགས་ངོ་མཚར་ཅན་མང་པོ་བསྟན་ནས་སྐྱེ་འགྲོ་ཐམས་ཅད་དད་པའི་ས་ལ་བཀོད། དེ་ནས་ྋཐམས་ཅད་མཁྱེན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་ཞབས་དྲུང་དུ་བསྙེན་པར་རྫོགས་ཏེ་ལུང་རྟོགས་ཀྱི་ཟབ་དོན་བགྲང་ལས་འདས་པ་གསན། དེའི་ཚེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་ཁྱེད་ཆོས་གོས་རྣམ་གསུམ་གྱོན་བཞིན་པ་དང་བཅས་རྒྱལ་བ་མི་ཕམ་པའི་སྤྱན་སྔར་ཕེབས་རྒྱུ་ཡིན་ནམ་གསུངས་པ་ན། བདག་གིས་ཀྱང་དེ་ཁོ་ན་ལྟར་སྨོན་པས་སྨོན་པ་ཇི་བཞིན་འགྲུབ་པའི་སྐྱབས་འཇུག་བརྩེ་གཟིགས་མཁྱེན་མཁྱེན་ཞུས། ཀུན་གཟིགས་མཆོག་ནས་ཀྱང་དགྱེས་དགྱེས་མཛད་བཞིན་དུ་ཞལ་བཞེས་གནང་སྟེ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་ཀྱང་མང་ཙམ་གསུང་བར་བཤད། དེ་ནས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ནས་སྔགས་ལ་སྦྱངས་པར་མཁན་ཆེན་རྡོ་རྗེའཆང་ལས་བརྩི་བཞག འགྲེལ་བ། བསྐྱེད་རྫོགས། གར་ཐིག་དབྱངས་གསུམ་ཐམས་ཅད་ལ་སྦྱོང་མཐར་སླེབས་ཤིང་དབང་འབྱོར། དབྱངས་ཅན་མ་དམར་མོའི་བསྙེན་སྒྲུབ་ཟླ་དྲུག་ཙམ་ལ་མཛད་པས། འཆད་པ་དང་རྩོད་པ་དང་རྩོམ་པའི་མཁྱེན་རབ་ཀྱི་ཀློང་འབད་མེད་དུ་བརྡོལ་བས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ན། ཚེ་འདི་སྣང་གི་བྱ་བ་མ་ལུས་པར་རྒྱབ་གྱིས་ཕྱོགས་ཏེ་སྒྲུབ་པ་སྙིང་པོར་མཛད་ཕྱིར་རི་བོ་དགེ་འཕེལ་དུ་ཕེབས། གནས་དེར་རྗེ་དོན་ཡོད་མཁས་གྲུབ་ཀྱི་མདུན་སར་རྒྱུད་སྟོད་བླ་མ་དབུ་མཛད་སོགས་ཕེབས་ནས་དགེ་བཤེས་གང་ཡོད་འཚོགས་ཤིང་མདོ་སྔགས་གཉིས་ཀའི་བགྲོ་གླེང་མཛད་པར་ཀུན་གྱི་ཐུགས་རབ་ཏུ་འཕྲོག་སྟེ་རྗེས་སོར་རྒྱུད་སྟོད་མཁན་ཁྲིར་མངའ་གསོལ། དེ་ནས་མཁན་ཁྲི་ནས་ཤར་རྩེ་སོགས་ རིམ་པར་ཞབས་ཀྱིས་བཅགས། རྗེ་འདི་ཉིད་ཀྱིས་མཁན་ཁྲི་སྐྱོང་བའི་རིང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་སྒྲོབ་སྒྲོབ་ཀྱི་བྱ་བ་དག་ལ་ནམ་ཡང་མི་དགྱེས་པར་བླ་སློབ་ཚང་མ་འཆད་ཉན་འབའ་ཞིག་གི་གནས་སུ་བཀོད། མཁན་ཁྲི་མཐར་འཁྱོལ་བའི་དུས་སུའང་སྐུ་ཆས་གང་ཡོད་ཐམས་ཅད་རྒྱུད་པ་གྲྭ་ཚང་གི་ཡིན་པ་མ་གཏོགས་ངེད་ལ་ནི་ཁབ་སྐུད་ཙམ་ཡང་དགོས་པ་མེད་གསུངས་ནས་ཡོ་ཆས་ཐམས་ཅད་མཁན་པོ་གསར་པ་ལ་རྩིས་འབུལ་ཞུས། དེ་ནས་འབྲས་དགེ་འཕེལ་རི་ཁྲོད་དུ་ལོ་ཤས་བཞུགས་པའི་བར་ཐུགས་དམ་ཆུ་བོའི་རྒྱུན་བཞིན་བསྐྱངས། །སྐྱབས་མགོན་ནོ་མིན་ཧན་ཆེན་པོ་ཁྲི་ཆེན་ངག་དབང་མཆོག་ལྡན་དེ་དུས་གྲྭ་རྐྱང་རང་ག་པའི་རྣམ་པ་ཅན་དུ་ཡོད་པར་རྗེ་འདི་པས་བདག་ཕ་ཡུལ་དུ་འགྲོ་རྩིས་ལ་ལོ་ཅི་ཙམ་དུ་ཕྱིན་ན་འགབ་ཚུལ་ཞུས་པར་ཁྱོད་རང་འབྲུག་ལོའི་བར་སྔར་མུས་བཞིན་རྒྱུད་གྲྭ་རང་དུ་སྡོད་དང༌། དེ་ནས་འགྲོ་འདུག་གི་དབྱེ་བ་དོད་ཡོང་ཞེས་བཀའ་གནང་བ་བཞིན་ལོ་དེར་ཁོང་བླ་མ་དབུ་མཛད་ཀྱི་ཁྲིར་བཞུགས་དགོས་བྱུང༌། བློ་གསལ་དོན་གཉེར་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་ཚད་མེད་དུ་བསྐོར། ཁྱད་པར་དུ་སྐབས་དེར་རྗེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དེ་ཉིད་ཕུར་བུ་ལྕོག་ཏུ་བྱམས་མགོན་བླ་མ་རིན་པོ་ཆེའི་ཞབས་པད་བསྟེན་ནས་མཆིས་པའི་ཉིན་གཅིག་བླ་མའི་ཞལ་ནས་ཁྱོད་རང་འབྲས་སྤུངས་དགེ་འཕེལ་དུ་ཆོས་རྗེ་ནམ་མཁའ་ཞེས་དཔལ་འཁོར་ལོ་སྡོམ་པ་ངུར་སྨྲིག་གི་རྣམ་པར་རོལ་པ་ཞིག་བཞུགས་འདུག་པ་གང་གི་དྲུང་དུ་བྱོན་ན། དེ་ལ་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་ཆེན་དང་མན་ངག་རྣམས་མངའ་བས་དེ་དག་མནོས་ན་ལེགས་ཞེས་གསུངས་པ་ལྟར་རྗེ་ཉིད་ཀྱི་སྤྱན་སྔར་ཕེབས་ཏེ་བླ་མར་བསྟེན། བདག་ཉིད་ཆེན་པོ་གང་གིས་ཀྱང་བཀའ་སློབ་མང་པོ་གནང་ཞིང་ཡི་དམ་ཐུན་མོང་མ་ཡིན་པའི་དབང་ལུང་མན་ངག་སོགས་བསམ་གྱིས་མི་ཁྱབ་པ་བསྩལ། དེ་ནས་ཡོངས་འཛིན་རིན་པོ་ཆེ་བསྟན་འགྲོའི་དཔལ་དུ་ས་མཐའི་རི་ཁྲོད་དུ་ཞབས་ཀྱིས་བཅགས་པའི་ཐུགས་བཞེད་སྨིན་པ་ན། རྗེ་ཉིད་ལ་མུ་མཐུད་དུ་རྗེས་སུ་འཛིན་དགོས་པ་སོགས་སྐྱབས་འཇུག་མང་པོ་ཞུ། ཕྱི་ཕྱག་འཚལ་གྲབས་མཛད་པར་རྗེ་ཉིད་ནས་ཐུགས་འཁྲེང་བའི་རྣམ་པས་སླད་ཆར་རང་རེ་སླར་ཡང་འཕྲད་པའི་རྟེན་འབྲེལ་གྱི་ཆེད་འགྲོ་ཁར་ཕྱག་མ་འཚལ་ཅིག །ཁོ་བོ་དགའ་ལྡན་གསེར་ཁྲིར་འཁོད་པའི་ཚོད་ལ་འཕྲད་དུ་ཤོག །ཅེས་གསུངས། ཡོངས་འཛིན་རིན་པོ་ཆེས་ཀྱང་རང་གི་བླ་མས་ཅི་གསུང་ཐུགས་ཀྱི་མཐིལ་དུ་བཅངས་ནས་ཕེབས་པ་བྱུང༌། ཁྲི་ཆེན་འདི་ཉིད་ཀྱིས་ཁྱུང་ཁྲའི་རྗེས་གནང་ལན་རེ་གནང་ན་ཉེ་འཁོར་གྱི་ཐར་ནུ་སོགས་དུག་རིགས་རྣམས་ཉིན་ཤས་ནས་སྐམ་འགྲོ་བར་བཤད། མགོན་ཆོས་ཀྱི་རྗེས་གནང་གི་དུས་ནང་ཐམས་ཅད་ཤ་ཆེན་གྱི་དྲིས་ཁྱབ། གང་གནང་གཞན་དང་མི་འདྲ་བའི་ཞིབ་ཆ་དང་བྱིན་རླབས་ཆེ་བར་གྲགས། ཐུགས་སྲས་དམ་པ་བྲག་རྒྱབ་སྔགས་རམས་པ་བློ་བཟང་ཆོས་འཕེལ། མཁས་གྲུབ་ཆེན་པོ་དགེ་འདུན་བདེ་ཆེན་སོགས་ནམ་མཁའི་སྐར་ཚོགས་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་བྱོན་པ་ཐམས་ཅད་ཀྱང་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐང་ཀ་ཕྱག་བྲིས་མ་ཡ་མཚན་པ་ཞིག་གསར་དུ་བཞེངས་པ་དེ་ཉིད་བླ་མ་ཉིད་ཀྱིས་ཕྱག་ནས་བསྩལ་ཅིང་དགའ་ལྡན་སོག་པ་ཁང་ཚན་གྱི་རྟེན་གཙོར་བཞུགས། རྟེན་བྱིན་རླབས་ཅན་འདི་ཉིད་ཁང་ཚན་དུ་སྤྱན་དྲངས་པ་ནས་བཟུང་ཁང་ཚན་གྱི་གྲྭ་རྒྱུན་དང་གྲྭ་ཚོགས་སྔར་ལས་ཕོན་ཆེར་འཕེལ་ཞིང་འཆད་ཉན་གྱི་འཕྲིན་ལས་ཀྱང་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་མངོན་སུམ་དུ་གྲུབ་པར་བཤད། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག་༡༧༤༦ལོར་དགའ་ལྡན་གྱི་ཁྲི་རིན་པོ་ཆེར་ཞབས་ཟུང་འཁོད་དགོས་ཀྱི་བཀའ་རྒྱ་འབྱོར་བ་ལྟར་དགའ་ལྡན་གསེར་ཁྲིར་བཞུགས། སྲིད་སྐྱོང་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ནས་དག་སྣང་ཆེན་པོས་རང་རེ་མཆོད་ཡོན་གཉིས་ཟུང་དུ་འབྲེལ་ནས་བསྟན་པ་རིན་པོ་ཆེ་ལ་ཕན་ཐོགས་གང་ཆེ་ཞུས་ཆོག་པ་ཞུ་ཞེས་ཁྲི་ཕེབས་ཀྱི་མཁོ་དགོས་ཆ་ཚང་བ་སྟ་གོན་མཛད། དགའ་ལྡན་དུ་གསེར་ཁྲི་ཆེན་མོར་ཞབས་སོར་བཀོད། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོའི་སྒོ་འཕར་ཡངས་པོར་ཕྱེས། ཁྲིར་བཞུགས་རིང་ཡང་ཇུན་གར་བ་སོགས་སོག་རིགས་མང་པོས་རྣམ་དཀར་དགེ་སྒྲུབ་ཀྱི་སྲི་ཞུ་བླ་མེད་བྱས། རྗེ་ཉིད་ལ་འབུལ་བ་ཅི་ཙམ་བྱུང་ཡང་བདག་འཛིན་མེད་པར་སྲིད་པའི་ཕུན་ཚོགས་ཐམས་ཅད་མི་གཙང་བའི་འདམ་རྫབ་བཞིན་དུ་གཟིགས་པའི་ངེས་འབྱུང་བཅོས་མིན་ཐུགས་ལ་མངའ་བའི་རང་མདངས་མཐའ་ཡས་པ་ཞིག་བསྟན་པར་སྣང༌། དེ་ནས་མི་རིང་བ་ན་སྲིད་སྐྱོང་ཕོ་ལྷ་བ་སྐུ་མྱ་ངན་ལས་འདས་རྗེས། རིགས་སྲས་ཆེ་བ་གུང་འགྱུར་མེད་ཚེ་བརྟན། ཆུང་བ་ད་ལེ་བཱ་ཐུར་ཝང་འགྱུར་མེད་རྣམ་རྒྱལ་གཉིས་ནང་མ་འཆམ་ནས་ཝང་གིས་གུང་ལ་ངན་གཏད་དགོས་པའི་བཀའ་ལུང་བསྒྲགས་ནའང་དང་དགའ་ལྡན་ཁྲི་པས་མི་གསོད་མི་ཐུབ་ཅེས་བཀའ་ལ་མ་ཉན་སྟབས་ཝང་འགྱུར་མེད་རྣམ་རྒྱལ་གྱིས། རྗེ་འདི་ཉིད་ཁྲིར་ཕེབས་ནས་ལོ་ངོ་ལྔ་སོང་བའི་ལྕགས་རྟ་༡༧༥༠ལོར་ཁྲི་འཕྲལ་དུ་བཙན་འཇོག་དགོས་ཚུལ་ཀྱི་བཀའ་བསྒྱུར་ཕབ། རྒྱུད་པ་བློ་བཟང་དྲི་མེད་གློ་བུར་དགའ་ལྡན་གྱི་ཁྲིར་བཀོད་པས། ཞབས་གྲས་རྣམས་ཀྱིས་ཆོས་ལ་དགྲ་བྱུང་ན་སངས་རྒྱས་ར་མདའ་ལ་སྦྲན་པའི་དཔེ་བཞིན་ཝང་དེ་ལ་དྲག་པོའི་ལས་སྦྱོར་ཞིག་ངེས་པར་དགོས་ཞེས་ཞུས་ཀྱང༌། ང་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྗེ་བཙུན་བྱམས་པ་མགོན་པོ་དང་ཡབ་རྗེ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཆོས་གོས་རྣམ་གསུམ་དང་བཅས་ཏེ་འགྲོ་བ་ཡིན་པས་ཁྱོད་ཚོས་དེ་འདྲ་མ་ཟེར་གསུངས། ལུགས་སྲོལ་ལ་དགའ་ལྡན་ཁྲི་རིན་པོ་ཆེ་རིམ་བྱོན་གྱི་དངུལ་གདུང་བཞེངས་སྲོལ་ཡོད་ཀྱང༌། རྗེ་འདི་པས་དངོས་ཆས་ཇི་སྙེད་བྱུང་བ་རྣམས་ཀྱང་དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་གཏོང་སྒོར་རང་མཛད་པ་ལས། དངུལ་གདུང་བཞེངས་རྒྱུའི་རྩོལ་བ་ཆེར་མ་མཛད་མོད། གང་ཉིད་ཀྱི་སློབ་བུ་སོག་རིགས་དད་ཅན་ཞིག་གིས་སོག་ཡུལ་ནས་དངུལ་གདུང་བཞེངས་ཐེབས་ཀྱི་རྒྱུ་ནོར་གྱ་ནོམ་པ་བསྐུུར་བར་དངུལ་འདི་ཙམ་རང་དགོས་པ་ཅི་མཆིས་གསུངས། དེ་ནས་ཁྲི་བཤོལ་ཁར་ཐུགས་སྲས་ནམ་མཁའི་སྐར་ཚོགས་ལྟར་མང་བ་རྣམས་ལ་བཀའ་ཆོས་ཟབ་རྒྱས་གནང་བས་ཚོགས་པ་ཐམས་ཅད་སྤྱན་ཆབ་བསིལ་བ་བྱུང༌། དེ་དུས་རྗེ་ཉིད་ཀྱི་ཞལ་ནས་ང་ལ་ད་ལིང་པཱ་ཐུར་གྱིས་དགོངས་ཕོག་གཏོང་བ་འདི་རིགས་ལ་བསམས་ན་ངས་དམ་ཅན་ཆོས་རྒྱལ་ལ་གཏོར་མ་མཛུབ་མོ་ཙམ་ཞིག་བྱིན་ན་ཁོང་ཚོ་ཐམས་ཅད་སེ་གོལ་གཅིག་གཏོགས་པའི་ཡུན་ལ་བརླག་ཐུབ་མོད་ཀྱང༌། ང་ནི་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་བ་ཡིན་པས་ཐུགས་ཕམ་མི་དགོས་ཞེས་བཀའ་སློབ་ཀྱི་ཐ་མ་གནང་སྟེ། བསྔོ་སྨོན་མཚམས་སྦྱོར་མཛད་ནས་ཁོ་བོ་དགའ་ལྡན་གསེར་ཁྲིེར་འཁོད་དེ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་ཕན་གནོད་གང་ཞིག་བྱས་པ་དམ་ཅན་ཆོས་ཀྱི་རྒྱལ་པོ་དཔང་པོ་ལ་ཡོད་གསུངས་ནས། དགུང་ལོ་རེ་གཅིག་སོན་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཐེ་བོ་ཁང་ཚན་དུ་ཕེབས་ནས་བཞུགས་འདིང་སྟེང་དུ་ཞབས་སྐྱིལ་ཀྲུང་མཛད། ཆོས་གོས་རྣམ་གསུམ་དང་པཎ་ཞྭ་སྣེ་རིང་བཅས་བཞེས་ཏེ་ང་ལ་ཆོ་ག་མང་པོ་མི་དགོས། ཞག་ཞེ་དགུའི་རིང་ལ་དམིགས་བརྩེ་མ་བགྲོངས་གསུངས། མཆོད་པ་རྒྱས་པ་ཞིག་བཤམ་དུ་བཅུག་ནས་དགའ་ལྡན་ལྷ་བརྒྱ་མ་ཚར་གཅིག་གསུངས། དེ་ནས་ད་ང་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་ངེས་ཡིན་ཞེས་གསུངས་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། སྐུ་གདུང་གསེར་དངུལ་སྤེལ་མ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་གྱི་ནང་གཞུག་ཏུ་གསེར་ལྗང་བརྡུངས་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་དང༌། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་སོགས་རིང་བསྲེལ་རྣམ་བཞི་དང༌། ཁྲི་ཆེན་ཉིད་ཀྱི་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་ཅན་གྱི་པུར་རུས་བཅས་བཞུགས་ནས་ཐུབ་པ་ཚུལ་ཁྲིམས་མའི་ལྷ་ཁང་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས། དབུ་གདུགས་པཎ་ཞྭ་སྣེ་རིང་སོགས་ཁྲི་ཆས་ཕལ་མོ་ཆེ་གཞུང་པ་ཁང་ཚན་གྱི་ནང་རྟེན་དུ་ཕུལ། རྗེ་འདི་ལ་ལྗགས་རྩོམ་ཡང་མཁས་གྲུབ་རིམ་བྱོན་གྱི་ལོ་རྒྱུས་དང་གནས་བསྟོད། དམ་ཅན་ཆོས་སྲུང་རྣམས་ཀྱི་གཏོར་འབུལ་སོགས་ཡོད་པར་བཤད།