དགའ་ལྡན་ཁྲི་ཐོག་ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས་མཆོག་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས་མཆོག་ནི། རབ་བྱུང་བཅུ་གཉིས་པའི་མེ་ཕག་༡༧༠༧ལོར་མདོ་སྨད་བྱ་ཁྱུང་ཉེ་འདབས་མཚམས་རིང་བར་སྐུ་འཁྲུངས། སྐུ་ན་ཆུང་དུས་བྱ་ཁྱུང་དགོན་དུ་ཆོས་སྒོར་ཞུགས། རྗེ་བདེ་ཡངས་ངག་དབང་ནོར་བུ་ལས་རབ་ཏུ་བྱུང༌། དགུང་ལོ་ཉེར་གཅིག་པ་མེ་ལུག་༡༧༢༧ལོར་དབུས་གཙང་དག་པའི་ཞིང་དུ་ཕེབས། སེ་ར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། རྗེ་བློ་བཟང་ཆོས་འཕེལ་དང༌། བྲག་རི་ངག་དབང་དོན་གྲུབ་སོགས་ཀྱི་ཞབས་ལ་གཏུགས་ནས་གཞུང་ལུགས་ལེགས་པར་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང༌། ཁྲི་ངག་དབང་མཆོག་ལྡན། རྗེ་ཕུར་ལྕོག་པ། ཁྲི་རྒྱལ་མཚན་སེང་གེ། ཨ་ཀ་བསོད་ནམས་བཟང་པོ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་དང༌། བཀའ་འགྱུར་ལུང་སོགས་གསན། ལྷ་རམས་དམ་བཅའ་མཛད་དེ་རྒྱུད་སྨད་ལ་ཞུགས། དེ་ནས་བླ་མ་དབུ་མཛད་དང་རྒྱུད་པའི་མཁན་ཁྲི་དང་བྱང་རྩེ་མཁན་ཁྲི་སོགས་ལ་རིམ་པས་ཕེབས། དེ་སྐབས་རྒྱུད་ཁང་ཞིག་གསོས་རྒྱ་ཆེར་མཛད། ྋརྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་བཀུར། དགུང་ལོ་ང་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་༡༧༦༤ལོར་དཔལ་རི་བོ་དགའ་ལྡན་དགོན་གྱི་གསེར་ཁྲིར་ཕེབས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། རྗེའི་དངུལ་སྐུ་མི་ཚད་མ་ཁྲི་རྒྱབ་ཡོལ་བཅས་བཞེངས་ནས་ལྷ་ལྡན་དཀྱིལ་འཁོར་སྡིངས་སུ་བཞུགས་སུ་གསོལ། གསེར་ཟངས་ལས་ཇོ་བོའི་སྐུ་མི་ཚད་མ་ཕྲ་རྒྱན་ཕུན་སུམ་ཚོགས་པ་བཞེངས་ནས་བྱ་ཁྱུང་དགོན་དུ་ཕུལ། ཁྲི་ལས་ཟུར་པའི་རྗེས་སུའང་ལྕགས་ཡོས་༡༧༧༡ལོར་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་ྋརྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་གིས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་ཀྱི་ལས་སློབ་ཀྱང་མཛད། དགའ་ལྡན་ཁྲི་ཐོག་ཏུ་ལོ་བདུན་བཞུགས་ནས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང༌། ཁྲི་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་སོགས་ཀྱི་སྐུ་སྐྱེས་སུ་གྲགས་ཆེ། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གསུམ་པའི་མེ་བྱ་༡༧༧༧་ལོའི་ལྷ་ལྡན་སྤྲུལ་པའི་ཕོ་བྲང་དུ་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་གསུམ་འཛོམས་ས་ག་ཟླ་བའི་ཚེས་བཅོ་ལྔ་གཟའ་སྐུར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གནས་ཕུན་སུམ་ཚོགས་པ་འཕྲུལ་སྣང་གན྄དྷོ་ལ་བདེ་ལྡན་ཞིང་གི་མགོན་པོ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་པོ་དང༌། ཁྲི་ཟུར་ངག་དབང་ཆོས་གྲགས་འདི་ཉིད་ཀྱིས་ལས་སློབ། ཡོངས་འཛིན་བློ་བཟང་ཆོས་འཕེལ་ཀྱིས་གསང་སྟེ་སྟོན་པའི་སློབ་དཔོན། ཁྲི་ཆེན་བློ་བཟང་བསྟན་པས་དུས་གོ་བ། བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གྱིས་སྣོད་བྲིམ་པ། བྱང་རྩེ་ཆོས་རྗེ་བློ་བཟང་སྨོན་ལམ། ཤར་པ་ཆོས་རྗེ་བློ་བཟང་སྦྱིན་པ། རྒྱུད་སྟོད་མཁན་པོ་བློ་བཟང་སྦྱིན་པ་སོགས་བཤེས་གཉེན་དམ་པ་བདུན་ཕྲག་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། དེབ་གསུམ་པ་༥༡༣༥༡༤ཞེས་འབྱུང༌། དགུང་ལོ་དོན་གཉིས་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་༡༧༧༨ལོར་ལྷ་ལྡན་ཁྲི་ཐོག་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་ཞུགས་ལ་འབུལ་སྐབས་ཐུགས་ལྗགས་སྤྱན་གསུམ་བབས། གདུང་རྟེན་དངུལ་གྱི་མཆོད་སྡོང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བཞུགས། །