དགའ་ལྡན་ཁྲི་ཐོག་ང་བདུན་པ་ཆོས་རྗེ་བསམ་གཏན་ཕུན་ཚོགས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ང་བདུན་པ་ཆོས་རྗེ་བསམ་གཏན་ཕུན་ཚོགས་ནི། རབ་བྱུང་བཅུ་གཉིས་པའི་ཆུ་ལུག་༡༧༠༣ལོར་དབུས་སྟོད་ལོ་འདར་ཞེས་པར་ཡབ་ལྷ་མོ་དར་རྒྱས་དང༌། ཡུམ་ཨ་མ་ཕྱོགས་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གདན་ས་འབྲས་སྤུངས་མཁས་མང་བློ་གསལ་གླིང་དབུ་སྟོད་ཁང་ཚན་དུ་སྒྲིག་ཞུགས་གནང༌། ཡི་གེ་འབྲི་ཀློག་དང་རྒྱན་འཇུག་སོགས་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་བྱས། ལེགས་ལམ་སྨྲ་བ་བློ་བཟང་སྦྱིན་པ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། རྭ་སྒྲེང་མཁན་པོ་བློ་གླིང་བློ་བཟང་དར་རྒྱས་སོགས་ལ་བསྟེན་ནས་བསྡུས་གཞུང་ནས། ཚད་མ་དང༌། དབུ་ཕར། འདུལ་མཛོད་བཅས་ལ་བསླབས་པས་མཁས་པར་གྱུར། དགུང་ལོ་སུམ་ཅུ་སོ་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་མཁས་མང་ཁྲི་ཕྲག་ཚོགས་པའི་དབུས་སུ་གྲྭ་སྐོར་དམ་བཅའ་བཞག་པས་མཁས་པའི་མཚན་སྙན་ཕྱོགས་ཀྱི་བུ་མོའི་རྣ་ལུང་བརྡལ། དགུང་ལོ་སོ་བཞི་པར་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་བསྙྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་གསན། ཕུར་ལྕོག་ངག་དབང་བྱམས་པ་དང༌། དྭགས་པོ་བློ་བཟང་སྦྱིན་པ། ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ། ཁྲི་ཆེན་རྒྱལ་མཚན་སེང་གེ ངག་དབང་ནམ་མཁའ་བཟང་པོ། ཤར་ཆེན་ངག་དབང་ལྷུན་གྲུབ། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་ཐབས་མཁས་རྒྱ་མཚོ་སོགས་མདོ་དབུས་གཙང་གསུམ་གྱི་སྐྱེས་ཆེན་དུ་མའི་ཞལ་ནས་མདོ་སྔགས་ཀྱི་ལམ་རིམ་དང༌། གསང་བདེ་འཇིགས་གསུམ་གྱི་དབང་ལུང་གིས་མཚོན་དབང་དང་རྗེས་གནང་མན་ངག་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་དུ་གསན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་བ་སྔགས་ཀྱི་རྒྱུད་སྡེའི་ཐིག་རྩ་ནས་བཟུང་ལག་ལེན་གྱིས་ཁྲིད་དང་འབྲེལ་ནས་སྦྱངས་པ་མཐར་ཕྱིན་པ་མཛད། རྒྱུད་པའི་བླ་མ་དབུ་མཛད་དང་མཁན་ཁྲི་རིམ་པར་བརྒྱུད་ནས་འབྲེལ་བ་བཞི་སྦྲགས་དང་ཊིཀྐ་སོགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ཤར་རྩེ་རྒྱུད་དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ ལོར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་དེ་གའི་ས་ཡོས་༡༧༥༩ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དབུས་སུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡང་སྲིད་འཇམ་དཔལ་རྒྱ་མཚོ་ངོས་འཛིན་གནང་མཁན་དུ་ཕེབས་པའི་སྐབས་ལོ་དེའི་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་དགའ་ལྡན་ཁྲི་གདན་ཟུར་གཉིས་ཀ་མཇལ་ཁར་བཅར་ནས་ཇ་གྲལ་ཐོག་གསུང་གླེང་དང༌། ཟླ་བ་གཉིས་པའི་ཚེས་བཅུ་དགུ་ནས་གདན་གསུམ་གྲྭ་བླ་ཡོངས་དང་ལྷན་ཅིག་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས། ཟླ་བ་ལྔ་པའི་ནང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ངུ་ཕེབས་པར་ཁྲི་ཆེན་འདི་ཉིད་ཐབ་བསུའི་ཐོག་བཅར་ནས་ཕེབས་བསུ་ཞུས། ཁྲི་ཆེན་རང་ཉིད་ཀྱིས་ཡངས་པ་ཅན་དུ་གདན་དྲང་ནས་དཀར་སྤྲོ་དང་དངོས་འབུལ་རྒྱ་ཆེར་བཏེག། པཎ་ཆེན་རྣམ་ཐར་ཉི་མའི་འོད་ཟེར་ཤོག་གྲངས་༢༧༣དང་༢༨༡ན་གསལ།དགའ་ལྡན་གསེར་ཁྲིར་ལོ་བདུན་རིང་བཞུགས་ཤིང་དེའི་རིང་མདོ་སྔགས་ཀྱི་ལམ་རིམ་དང་བཀའ་གདམས་ཕ་ཆོས་དང་བུ་ཆོས་གཞུང་ཆེན་ཁག་གི་ཁྲིད་རྒྱུན་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ནས་སྐྱེས་རབས་དང་དཔག་བསམ་འཁྲི་ཤིང་གི་ཐོག་ནས་སྟོན་པ་བདེ་བར་གཤེགས་པའི་མཛད་རྣམ་རྒྱ་ཆེར་འཆད་པ་སོགས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེའི་སྲོལ་རྒྱུན་བཟང་པོ་བླ་ན་བཏེགས། ཁྲི་ལས་ཟུར་ནས་དགུང་ལོ་རེ་གཉིས་པར་དབུ་སྟོད་ཕག་མོ་ཆོས་སྡེར་ཟུར་བཞུགས་མཛད་ནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་བསྒྲེངས། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་༡༧༧༠ལོར་གཞིས་དགོན་དབུ་སྟོད་ཕག་མོ་ཆོས་སྡེར་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན། འཇམ་དབྱངས་མཁྱེན་དབང་པོ་སོགས་ས་དགེ་མཁས་གྲུབ་དུ་མའི་གསུང་འབུམ་དུ་འདི་ཉིད་རྗེ་ཙོང་ཁ་པའི་རྣམ་སྤྲུལ་འཁྲུལ་མེད་ཡིན་ཚུལ་གསལ། གསུང་ལས་སྐྱེས་པའི་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་རེ་གཉིས་པ་བློ་བཟང་སྨོན་ལམ་དང༌། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱུང༌།