དགའ་ལྡན་ཁྲི་ཐོག་ང་དྲུག་པ་སྤོ་འབོར་བློ་བཟང་དྲི་མེད་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ང་དྲུག་པ་སྤོ་འབོར་བློ་བཟང་དྲི་མེད་ནི། རབ་བྱུང་བཅུ་གཉིས་པའི་ས་སྟག་༡༦༩༨ལོར་མདོ་ཁམས་ལི་ཐང་ཤོག་དྲུག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་ལི་ཐང་ཤོག་དྲུག་དགེ་ལྡན་ཆོས་འཕེལ་གླིང་དུ་ཆོས་ཞུགས་གནང་ནས་ཡི་གེ་སྦྱོར་ཀློག་དང༌། ཆོས་སྤྱོད་ཆོ་ག་འབུད་བརྡུང་དཀྲོལ་གསུམ་སོགས་བྱང་ཆུབ་པར་མཛད། དེ་ནས་གཙང་ཕྱོགས་སུ་ཕེབས་པ་དགོངས་བཞེད་སྐབས། ལི་ཐང་མཁན་པོ་སངས་རྒྱས་ཆོས་འཕེལ་ཀྱིས་མ་འོངས་མངོན་གཟིགས་ཀྱིས་བཀའ་མངགས་གནང་བ་ལྟར་དབུས་གཙང་དམ་པའི་ཆོས་ཀྱི་ཞིང་སར་ཕེབས་ཏེ་གནས་མཇལ་དང་མཆོད་འབུལ་གང་མཚམས་གནང༌། གདན་ས་དཔལ་ལྡན་འབྲས་སྤུངས་སུ་མཁས་མང་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ནས། བློ་གླིང་སློབ་དཔོན་དགེ་འདུན་ཚུལ་ཁྲིམས་དང༌། མཚུངས་མེད་ཆོས་རྗེ་འཇམ་དབྱངས་ཕུན་ཚོགས་སོགས་ལ་བསྟེན་ནས། ཚད་མ་དང༌། དབུ་ཕར། འདུལ་མཛོད་སོགས་གཞུང་ཆེན་ཁག་ལ་ཐོས་བསམ་རྒྱ་ཆེར་མཛད་དེ། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་༡༧༢༣ལོར་སེར་འབྲས་དགེ་གསུམ་དང་དྭགས་པོ་སོགས་དགེ་ལྡན་བསྟན་པ་འཛིན་པའི་འདུས་སྡེ་རྒྱ་མཚོ་ལྟ་བུ་ལྷན་དུ་ཚོགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་སྐབས་ལུང་རིགས་ཀྱི་ཕུལ་མཚམས་དང་གོ་བའི་བབ་སོ་ལ་རྩོད་མེད་མཁས་པ་ཀུན་གྱིས་ཡིད་དབང་འཕྲོག་སྟེ་དབུས་གཙང་ཁུལ་དུ་མཁས་པའི་མཚན་སྙན་འབར། ལོ་དེར་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་གསང་བ་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་མཛད་པས་མདོ་སྔགས་གཉིས་ཀ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་སར་བསྙེགས། དེ་ནས་གསང་སྔགས་མཁར་གྱི་མཁན་ཁྲིར་ཕེབས་ནས་དགོན་སྡེ་དེར་འཆད་ཉན་གྱི་རྒྱུན་སྐྱོང་བཞིན་པའི་མུར། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བསྟི་གནས་རྗེ་ཤེས་རབ་སེང་གེའི་གདན་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་གདན་དྲངས་པ་ལྟར་ཕེབས་ཏེ་རྒྱུད་སྡེ་བཞིའི་འཆད་ཉན་རྒྱ་ཆེར་སྐྱོང་བཞིན་པའི་ཐོག་ཚལ་གུང་ཐང་གི་གཙུག་ལག་ཁང་གསར་བཞེངས་མཛད། དེ་ནས་བྱང་རྩེ་རྒྱུད་དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠ལོར་འཇམ་མགོན་བླ་མའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་བདུན་རིང་ལ་འཆད་ཉན་གྱི་སྲོལ་རྒྱ་ཆེར་སྤེལ་བ་དང༌། ཆོ་འཕྲུལ་སྨོན་ལམ་སྐབས་སྐྱེས་རབས་དང་དཔག་བསམ་འཁྲི་ཤིང་གི་བཤད་ཁྲིད་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་པ་སོགས། བཤད་སྒྲུབ་ལས་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་སྤེལ། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ལོར་གསེར་ཁྲི་ལས་ཟུར་ནས་ཀྱང་བཀའ་གདམས་པའི་དགེ་བཤེས་བྱ་ཡུལ་བའི་གདན་ས་བྱ་ཡུལ་ཆོས་སྡེར་བཞུགས་ནས་རིམ་གཉིས་ཀྱི་ཟབ་མོའི་རྣལ་འབྱོར་ལ་གཞོལ། གསེར་ཟངས་ལས་གྲུབ་པའི་རྗེ་བླ་མའི་སྐུ་བརྙན་ཐོག་བརྩེགས་མ་གསར་བཞེངས་མཛད་པ་འབྲས་སྤུངས་ལ་བཞུགས་སུ་བཅུག་པ་སོགས་ཕལ་བའི་བློ་ཡུལ་ལས་འགོངས་བའི་མཛད་པ་རླབས་པོ་ཆེ་བསྐྱངས། རབ་བྱུང་དེ་གའི་ས་ཡོས་༡༧༥༩ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དབུས་སུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡང་སྲིད་འཇམ་དཔལ་རྒྱ་མཚོ་ངོས་འཛིན་གནང་མཁན་དུ་ཕེབས་པའི་སྐབས་ལོ་དེའི་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་དགའ་ལྡན་ཁྲི་གདན་ཟུར་གཉིས་ཀ་མཇལ་ཁར་བཅར་ནས་ཇ་གྲལ་ཐོག་གསུང་གླེང་དང༌། ཁྲི་ཟུར་འདི་ཉིད་ཀྱིས་དངོས་འབུལ་རྒྱ་ཆེ་དང་འབྲེལ་གཟིམས་ཆུང་དུ་ཞབས་བརྟན་ཕུལ་ཅིང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཡང་ཞུས། ཟླ་བ་གཉིས་པའི་ཚེས་བཅུ་དགུ་ནས་གདན་གསུམ་གྲྭ་བླ་ཡོངས་དང་ལྷན་ཅིག་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས། པཎ་ཆེན་རྣམ་ཐར་ཉི་མའི་འོད་ཟེར་ཤོག་གྲངས་༢༧༣ན་གསལ། རྗེ་འདིའི་འཁྲུངས་རབས་གོང་མ་ཇི་ལྟར་བྱུང་ཚུལ་ལི་ཐང་ཤོག་དྲུག་སྐྱབས་མགོན་སྐུ་ཕྲེང་བཞི་པ་རྗེ་ངག་དབང་བློ་བཟང་རིན་ཆེན་འཕྲིན་ལས་ཀྱི་རྣམ་ཐར་ངོ་མཚར་དད་པའི་རྒྱ་མཚོར་བཀོད་པ་ལྟར་ན། སྟོན་པའི་སྤྱན་སྔར་ཁྱེའུ་སྣང་བ། ཆོས་རྒྱལ་དགེ་བ་དཔལ་སོགས་ཡིན་པར་བཤད་ཅིང༌། བོད་དུ་མཁས་པའི་དབང་པོ་འདན་མ་སྟོང་དཔོན་རིན་པོ་ཆེས་མཛད་པའི་སྐྱེས་རབས་གསོལ་འདེབས་ལས། སྲོང་བཙན་སྒམ་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ས་ཆེན་ཀུན་དགའ་སྙིང་པོ། རྒྱལ་ཚབ་དར་མ་རིན་ཆེན། རྒྱལ་མཆོག་བསོད་ནམས་རྒྱ་མཚོ་བཅས་ཡིན་པར་གསུངས། རྗེ་འདི་ཉིད་ཀྱིས་བརྩམས་པའི་ལེགས་བཤད་ད་ཕན་མ་མཐོང་ཡང་ཅིས་ཀྱང་ཡོད་ངེས་པས་རསྙེད་ན་མཚམས་འདིར་འཇུག་དགོས། མཐར་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་ཡོས་ ༡༧༥༩ལོེར་དགོངས་པ་ཆོས་དབྱིངས་སུ་ཐིམ། གཞན་དུ་ས་སྟག་༡༧༥༨ལོར་དགོངས་པ་ཆོས་དབྱིངས་སུ་བསྟིམས་ཚུལ་བཤད་པ་ནི་ནོར་བ་སྟེ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར་ལ་གཟིགས་ན་ཤེས་ཐུབ། དེའི་སྐུ་ཕྲེང་གཉིས་པ་ལི་ཐང་ཤོག་དྲུག་སྐྱབས་མགོན་ནི། རབ་བྱུང་བཅུ་གསུམ་པའི་ས་ཡོས་༡༧༥༩ལོར་ཁམས་ལི་ཐང་ཤོག་དྲུག་ཏུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་༡༨༣༢ལོར་དགོངས་པ་རྫོགས།འདིའི་མཚན་གསལ་བ་མ་ངེས་ སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་༡༨༣༣ལོར་ཁམས་ལི་ཐང་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ལུག་༡༩༠༧ལོར་དགོངས་པ་རྫོགས་པ་མངོན་ནོ། ། སྐུ་ཕྲེང་བཞི་པ་ལི་ཐང་ཤོག་དྲུག་སྐྱབས་མགོན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་ནི། རབ་བྱུང་བཅོ་ལྔ་པའི་ཕུར་བུ་ཞེས་པ་ས་སྤྲེལ་༡༩༠༨ལོར་གངས་ཅན་བོད་ཆེན་པོའི་ཤར་ཕྱོགས་ལི་ཐང་ཤོག་དྲུག་ཏུ་འཁྲུངས། མཛད་པ་བཟང་ཞིང་འཕྲིན་ལས་ཤིན་ཏུ་རྒྱས། རབ་བྱུང་བཅུ་དྲུག་པའི་མེ་ཕག་༡༩༤༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ། སྐུ་ཕྲེང་ལྔ་པ་འཇམ་དབྱངས་དཔལ་ལྡན་རྡོ་རྗེ་ནི། རབ་བྱུང་བཅུ་དྲུག་པའི་ས་གླང་༡༩༤༩ལོར། ལི་ཐང་དུ་འཁྲུངས། ད་ལྟར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་མཛད་པ་རྒྱ་ཆེར་སྐྱོང་བཞིན་འཚོ་ཞིང་བཞུགས་བཞིན་པ་འདི་བཞིན་ལགས་སོ། །སྐུ་ཕྲེང་སྔ་ཕྱི་འདི་དག་གི་རྣམ་པར་པ་མདོར་བསྡུས་རེ་ནི་ཁོ་བོས་འཕགས་བོད་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་གླེགས་བམ་གཉིས་པའི་ནང་བཀོད་ཡོད་པས་ཤེས་པར་འདོད་ན་དེར་གཟིགས་དགོས།