དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཏཱ་དབོན་རྒྱལ་མཚན་སེངྒེ་

ཡོང་ཁུངས་Wikipedia

  དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཏཱ་དབོན་རྒྱལ་མཚན་སེངྒེ་ནི། རབ་བྱུང་བཅུ་གཅིག་པའི་ས་རྟ་༡༦༧༨ལོར་མདོ་ཁམས་སྨད་ཀྱི་ཆ་ཡུལ་ཆོས་འཁོར་ཞེས་པར་འཁྲུངས། ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་ཤིང་ཤངས་གཟེངས་མཐོ་བ་དབུ་གདུགས་ལྟར་རྒྱས་པ་སོགས་དམ་པའི་འབུར་དུ་ཐོན། རིམ་གྱིས་འདན་ཆོས་འཁོར་མཁན་པོ་ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། ཀ་ཁ་ནས་བཟུང་ཆོས་སྤྱོད་ཞལ་འདོན་གསང་བདེ་འཇིགས་གསུམ་གྱི་ཆོ་ག་སོགས་ཐུགས་ལ་བྱང་བར་བཟུང༌། དེ་ནས་ཏཱ་དབོན་པའི་བླ་མ་ཚུལ་ཁྲིམས་སེངྒེ་ལས་དགེ་ཚུལ་བཞེས་ཏེ་མཚན་རྒྱལ་མཚན་སེངྒེ་ཞེས་གསོལ། དགུང་ལོ་ཉེར་དགུ་པ་མེ་ཕོ་ཁྱིའི་ལོ་ལ་དབུས་ཕྱོགས་སུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ལས་བསྙེན་རྫོགས་བཞེས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་དང༌། ཁྲི་དཔལ་ལྡན་གྲགས་པ་སོགས་ཡོངས་འཛིན་མཁས་གྲུབ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང༌། ལོ་བཅུ་བཞིའི་རིང་ཕར་ཚད་དབུ་མ་མཛོད་འདུལ་ཏེ་བཀའ་པོད་ལྔ་ལ་གསན་བཞེས་མཛད་པས་མཁས་པའི་ཕུལ་དུ་གྱུར། ཆོས་གྲྭར་ཕེབས་སྐབས་ཤིག་ལ་ཀུན་མཁྱེན་རིན་པོ་ཆེའི་ཞལ་ནས་རྗེ་འདི་ནི་གཞན་དང་མི་འདྲ་བ་ཞིག་ཡིན་ཏེ་དམ་ཅན་ཆོས་རྒྱལ་འབྲལ་མེད་དུ་ཕྱི་བཞིན་འབྲང་གིན་འདུག་ཅེས་ཕྱག་ཕྱིར་འཁོད་པའི་གྲྭ་པ་རྣམས་ལ་དངོས་སུ་གསུངས། དེ་ནས་གྲྭ་སྐོར་མཛད་དེ་རྒྱུད་སྟོད་དུ་ཕེབས། སྐབས་ཤིག་ཁོང་དང་ཁྲི་དཔལ་ལྡན་གྲགས་པ་གཉིས་ལ་བསམ་ངན་ཁག་ཅིག་གིས་སྐུལ་སློང་ངན་པས་ཟས་དྲངས་པས་དུག་ནད་ཀྱིས་ཐེབས། དགེ་འཕེལ་དུ་ཀུན་མཁྱེན་འཇམ་བཞད་པའི་དྲུང་དུ་ཕེབས་ཏེ་ཞུས་པར་བུམ་ཆུ་གནང་སྟེ་སྐྱུགས་འདྲེན་མཛད་པས་ཟས་ངན་རྣམས་སྐྱུགས། བཅོས་མཛད་པས་དྭངས་སངས་སུ་སོང༌། ཀུན་མཁྱེན་མཆོག་ནས་ཅུང་མིན་ན་ངའི་གསེར་ཁྲི་རྣམ་གཉིས་བཀྲོངས་འདུག་གསུངས། རིམ་གྱིས་རྒྱུད་པའི་བླ་མ་དབུ་མཛད་གནང༌། རིང་པོ་མ་ལོན་པར་རྒྱུད་སྟོད་མཁན་པོ་དང་ཤར་རྩེ་ཆོས་རྗེ་ཟུང་འབྲེལ་ལོ་གསུམ་མཛད། ལྕགས་བྱི་༡༧༢༠ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཚོ་སྔོན་ནས་དབུས་སུ་ཆིབས་བསྒྱུར་སྐབས་ཕེབས་གསུ་ལ་བཅར། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་བའི་༡༧༣༢ལོ་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་ཉེ་བར་བཀོད་དེ་རྒྱལ་ཚབ་ཏུ་མངའ་གསོལ། ཁྲིར་བཞུགས་ལོ་བརྒྱད་མཛད། ཤིང་ཡོས་༡༧༣༥ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཁམ་ས་ལི་ཐང་དང་མགར་ཐར་ཕྱོགས་སུ་བསྟན་དོན་རྒྱ་ཆེར་སྤེལ་ནས་སླར་དབུས་སུཕྱིར་ཕེབས་འབྱོར་སྐབས་ཁྲི་ཆེན་འདི་ཉིད་དང༌། བོད་ཀྱི་སྤྲུལ་སྐུ་རྣམ་གསུམ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་སའི་སློབ་དཔོན་སློབ་དཔོན་ལས་ཟུར། མི་དབང་ཕོ་ལྷ་བ་སོགས་དབུས་ཀྱི་བསྟན་འགྲོའི་ཆེ་མགོ་ཚོས་སྣེ་ཁྲིད་དེ་ཕེབས་གསུར་བཅར་ནས་རྒྱལ་དབང་མཆོག་དང་མཇལ་འཕྲོད་ལྷུག་པོར་གནང༌། དགའ་ལྡན་ཚོགས་ཆེན་གྱི་མགོན་ཁང་རྔམ་ནག་ཏུ་ཆོས་རྒྱལ་རང་བྱོན་གྱི་གནམ་ཡོལ་གསར་བརྗེ་གནང་སྐབས་ཆོས་རྒྱལ་ཀྱི་རྭ་བར་དུ་རྗེ་ཉིད་ཀྱི་ཞབས་ཀྱིས་བརྫིས་པ་ན་ཆོས་རྒྱལ་གྱིས་དབུ་གཡུག་གཡུག་བྱས་པས་གླང་མགོ་ཅན་ཁྱོད་འདུག་མི་ཐུབ་བམ་ཞེས་བཀའ་ཀྱོན་པའི་ཚུལ་མཛད། རྗེ་རིན་པོ་ཆེའི་ལུང་བསྟན་དུས་སུ་བབས་པ་ལྟར་ཆོས་རྒྱལ་རང་བྱོན་གྱི་ལྗགས་ལ་ཞིག་གསོ་གནང་ནས། སྟོབས་ཆེན་གཤིན་རྗེ་རྒྱལ་པོ་འཁོར་བཅས་ཀྱིས། །ཨ་ཏི་ཤ་དང་བློ་བཟང་གྲགས་པ་ཡི།།བསྟན་ལ་གནོད་པའི་དགྲ་བགེགས་ཚར་གཅོད་ལ།།བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། །ཞེས་པའི་ཤློཀ་གཅིག་པོ་འདི་ཉིད་གསར་རྩོམ་མཛད་དེ་འཕྲིན་ལས་བཅོལ། འདི་ཉིད་ད་ལྟའི་བར་དུ་གདན་ས་གསུམ་དང་རྒྱུད་གྲྭ་རྣམ་གཉིས་གཙོས་དགེ་ལྡན་པའི་ཆོས་སྡེ་ཆེ་ཕྲ་ཡོངས་ཀྱིས་རྒྱུན་འདོན་བྱེད་པའིསྲོལ་དར། ཆབ་མདོ་འཕགས་པ་ལྷ་དང་ཁམས་བྲག་གཡབ་སྤྲུལ་སྐུ་སོགས་སེ་འབྲས་ཀྱི་བླ་གྲྭ་ཁག་མང་པོ་དང་དད་ལྡན་གྱི་སློབ་ཚོགས་ཕོན་ཆེ་བ་ལ་དཔལ་གསང་བ་འདུས་པའི་དབང་ཆེན་དང༌། བྱང་ཆུབ་ལམ་རིམ་གྱི་འཆད་ཉན་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་རེ་གཉིས་པ་ས་ལུག་༡༧༣༩ལོར་ཁྲི་ལས་ཟུར་པ་དང་ཀོང་པོ་འབྲུག་པའི་མཁན་ཁྲིར་བསྐོས་པས་དེར་ལོ་གཅིག་བཞུགས། དེ་ནས་སེམས་དཔའ་ཆེན་པོ་གཞོན་ནུ་འོད་ཀྱི་གདན་ས་བྱ་ཡུལ་མང་རའི་མཁན་པོར་ལོ་བརྒྱད་བཞུགས། དགོན་སྡེ་འདིའི་ཁྲི་པ་རིམ་རྒྱུད་ལ་རྒྱལ་འགོང་གི་གནོད་པ་ལྟ་བུས་ཡུན་རིང་མི་བཞུགས་པས་ཀྲི་ཆེན་འདི་ཉིད་ལོ་བཞིའི་རིང་སྐུ་མཚམས་དམ་པོར་མཛད་ནས་ཁྲི་སྲི་མནན། ལོ་བཞིའི་རིང་ལུགས་གཉིས་ཀྱི་སྒོ་ནས་ཁྲི་ལེགས་པར་བསྐྱངས། དེ་ཀའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་གསར་རྩོམ་མཛད། གཞན་ཡང་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་ཡིག །གསང་འདུས་རྩ་རྒྱུད་ལེའུ་ལྔ་པ་ཡན་གྱི་རྒྱུད་འགྲེལ། འཇིགས་བྱེད་ལྷ་བཅུ་གསུམ་པའི་བསྐྱེད་རྫོགས། རྗེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་སོགས་ཀྱང་ལྗགས་རྩོམ་མཛད། དགུང་ལོ་དོན་གཅིག་པ་ས་འབྲུག་༡༧༤༨ལོར་གཽ་ཤྲིའ་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཇིང་གིར་རྒྱལ་པོ་ཆིའང་ཝང་གིས་ྋགོང་ས་མཆོད་ཡོན་རྣམ་གཉིས་ལ་རྗེ་འདི་ཉིད་ཁོ་བོའི་མཆོད་གནས་སུ་ཕེབས་ཆོག་པ་ཞིག་ཅིས་ཀྱང་མཁྱེན་ཞེས་ཞུ་བ་ཕུལ་བ་ལ། ྋགོང་ས་མཆོག་ནས་དགའ་ལྡན་ཁྲི་པ་ས་མཐར་ཕེབས་པའི་སྲོལ་ཆེར་མེད་ཀྱང༌། ཁྱེད་བསྟན་པ་རིན་པོ་ཆེའི་སྦྱིན་བདག་གཞན་དང་མི་འདྲ་གཤིས་རིན་པོ་ཆེ་ཉིད་ལ་ཞུས་ཏེ་བཞེད་ན་དེ་ལུགས་བྱས་ཆོག་ཅེས་བཀའ་ཕེབས། མང་རར་ཝང་གི་ཨེར་ཆི་བཏང་ནས་ཞུ་བ་ཕུལ་བས་རྗེ་ཉིད་ནས་མདོ་སྨད་ཕྱོགས་སུ་འཕྲིན་ལས་ཀྱི་འཇུག་པ་དུས་ལ་བབས་པར་གཟིགས་ནས་དགྱེས་བཞིན་དུ་འབྱོན་པར་ཞལ་གྱིས་བཞེས། གནམ་བསྐོས་དགའ་བ་བརྒྱ་ལྡན་པ་ནས་སྐུ་གསུང་ཐུགས་རྟེན་གྱིས་གཙོས་ཕེབས་རྫོངས་རྒྱ་ཆེན་པོ་དང་བཅས་དེ་ཀའི་ལོར་སྟོན་མཇུག་ཆིའང་ཝང་གི་ཨེར་གེའི་སྟེང་དུ་ཕེབས། ཆིའང་ཝང་ཡབ་ཡུམ་གྱིས་གཙོས་དེ་ཕྱོགས་ཀྱི་སེར་སྐྱ་དད་ལྡན་གྱི་ཚོགས་རྒྱ་ཆེན་པོ་ལ་དཔལ་གསང་བ་འདུས་པའི་དབང་ཆེན་སོགས་གནང་བས་མདོ་སྨད་ཕྱོགས་སུ་འཕྲིན་ལས་ཀྱི་སྒོ་ཐོག་མར་ཕྱེ་སྟེ་གདུལ་བྱ་སོ་སོའི་རྒྱུད་ལ་ཐར་པའི་ས་བོན་ཐེབས་ངེས་སུ་མཛད། རིམ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྲིད་མཆོག་སྤྲུལ་འཇིགས་མེད་དབང་པོ་སོགས་བཀྲ་ཤིས་འཁྱིལ་གྱི་ཚོགས་པ་ཡོངས་ལ་གསང་བདེ་འཇིགས་གསུམ་གྱི་དབང་དང་ལམ་རིམ་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་ཅོ་ནེ་རྒྱལ་པོས་གདན་ཞུས་ལྟར་དེ་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་འདོད་ཆོས་ཀྱིས་རེ་བ་བསྐུངས། རྒྱལ་པོ་ཡབ་ཡུམ་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་པར་གསར་སྐྲུན་ལེགས་གྲུབ་ཀྱི་པར་ཕུད་ལ་བཞེངས་པའི་བཀའ་འགྱུར་ཚར་གཅིག་དང༌། གཞན་ཡང་དུང་རོལ་རྒྱ་གླིང་སོགས་མཆོད་ཆས་སྐོར། དགོན་སྡེ་ཁག་དང་མི་སེར་འགའ་བཅས་ཕུལ་ཏེ་རྗེ་ཉིད་ཀྱིས་དགེ་འདུན་གྱི་སྡེ་ཞིག་གསར་འཛུགས་གནང་ན་སྦྱིན་བདག་ཞུ་བར་ཁས་བླངས། རྗེ་ཉིད་ནས་ཀྱང་ད་དུང་བསྟན་འགྱུར་པར་དུ་འཁོད་ཐུབ་པར་གྱིས་ཞེས་རྟ་ཆེན་ཉི་ཤུ་སོགས་ཀྱི་གནང་སྦྱིན་དང་བཅས་བཀའ་ཕེབས། དགུང་ལོ་དོན་ལྔ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་༡༧༥༢ལོར་རྐྱང་ཚའི་ཆུ་ཚན་དུ་ཕེབས་ནས་ལྷ་མོའི་གནས་མདུན་དུ་བཞུགས་སྒར་བཏབ། དེའི་ཚེ་གནམ་ས་བརྟགས་པས་འབྲང་རྒྱས་ཀྱི་ས་དེ་དགོན་སར་གཟིགས་ནས་བླ་བྲང་གི་གཞི་བཟུང༌། མཛོད་དགེ་ཕྱོགས་ཁ་བཞིའི་བླ་དཔོན་རྣམས་ཀྱིས་ཀྱང་སྦྱིན་བདག་གི་མཐིལ་མཛད་དེ་ས་གཞི་བྱིན་རླབས་དང་ཨར་ལས་སོགས་འདུལ་བ་ནས་འབྱུང་བ་ལྟར་བགྱིས་ཏེ་སྟོན་ཁར་འདུ་ཁང་ལེགས་གྲུབ་བྱུང༌། དེ་གའི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅུ་བདུན་ལ་རྗེ་ཉིད་ནས་འཆད་ཉན་གྱི་དབུ་ཚུགས། དེ་ནས་ཀུན་མཁྱེན་གོང་མའི་ཐུགས་སྲས་བསེ་ངག་དབང་བཀྲ་ཤིས་ཀྱི་དངོས་སློབ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྔ་པ་ཆོས་སྐྱོང་རྒྱ་མཚོ་འཆད་ཉན་གྱི་སློབ་དཔོན་དུ་བསྐོས། ཚོགས་པ་སུམ་བརྒྱར་ཉེ་བར་བསྡུས། ཕྱིས་ལྔ་བརྒྱ་ལྷག་ཏུ་འཕེལ། དགོན་པའི་མཚན་ལ་དགའ་ལྡན་བཤད་སྒྲུབ་པད་མ་དཀར་པོ་གྲོལ་བའི་གླིང་ཞེས་གསོལ། ཁྲི་རིན་པོ་ཆེ་མཆོག་ནས་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ལྗགས་རྩོམ་མཛད། དེ་ལྟར་རྗེ་འདིའི་བཀའ་དྲིན་གྱི་གདུགས་དཀར་པོའི་གྲིབ་བསིལ་ལ་བརྟེན་ནས་དགོན་མ་ལག་ལྷ་སྡེ་མི་སྡེ་དང་བཅས་པའི་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཀུན་ནས་བརྟན་པར་བྱས། དགུང་ལོ་དོན་དགུ་བཞེས་པ་མེ་བྱི་༡༧༥༦ཧོར་ཟླ་དགུ་པའི་ནང་ཟུང་ཇུ་དགེ་བཤེས་བློ་བཟང་ཤེས་རབ་ལ་རྗེ་ཉིད་ཀྱི་གདན་ས་གཏད་དེ་གང་ཅིའི་ཞལ་ཏ་ཞིབ་པར་གནང་ནས་ཚེས་བཅོ་ལྔའི་ཉི་ཤར་ཙམ་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་མཛད་དེ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་མཐར་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས་རྒྱལ་བ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་སོ། །