དགའ་ལྡན་ཁྲི་ཐོག་ང་གཅིག་པ་རྟ་དབོན་དཔལ་ལྡན་གྲགས་པ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ང་གཅིག་པ་རྟ་དབོན་དཔལ་ལྡན་གྲགས་པ་ནི། མདོ་སྨད་ཧོར་ཚང་ལུང་ཆེན་གསུམ་དུ་གྱེས་པའི་ཡ་གྱལ་ཀོ་ཉིན་དུ་ཡབ་མི་དཔོན་ཆེན་པོ་སེང་གེ་བཅོ་བརྒྱད་རིམ་བརྒྱུད་དུ་འོང་དཔོན་མགོན་པོ་སེང་གེ་དང༌། ཡུམ་སྐྱིད་མི་ཡག་གཉིས་ཀྱི་སྲས་སུ་བསམ་བཞིན་སྲིད་པ་བཟུང༌། རྗེ་འདི་དང་ཡབ་ཡུམ་གཅིག་པའི་སྐུུ་མཆེད་ལྔ་ཡོད་པ་ལས་འདི་ཉིད་གསུམ་པ་ཡིན། སྐུ་ན་ཆུང་དུས་ནས་འཁོར་བའི་འདུ་འཛི་ལ་སུན་ཞིང་དམ་པའི་ཆོས་ལ་གཅིག་ཏུ་མོས་པའི་བག་ཆགས་ཡོངས་སུ་སད་དེ། བྲོས་སྟབས་ཀྱིས་བར་ཁམས་ཚ་བ་དཔག་ཤོད་བླ་མ་བ་སོ་རྗེ་དྲུང་འཇམ་པའི་དབྱངས་ངག་དབང་དཀོན་མཆོག་ཉི་མ་ཨ་མདོའི་ཁུལ་དུ་ཕེབས་པའི་དྲུང་དུ་བཅར་ནས་དབུ་སྐྲ་གཙུག་ཕུད་ཕུལ་བ་དང་ཆབས་ཅིག་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལ་ཐོས་པས་མཐའ་རྒྱ་གཅད་པའི་ཆེད་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས། གདན་ས་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས། སྒོ་མང་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་ལའང་ཅོལ་འདྲི་བའི་བཤེས་གཉེན་མཁས་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་ཕར་ཚད་དབུ་མ་འདུལ་མཛོད་བཅས་ལ་རིམ་པར་བཞིན་བསླབས། སྐབས་དེ་དག་ཏུ་གསོལ་ཆས་ཡང་ཡང་རྫོགས་ཏེ་མར་ལྐོག་བཙོ་ནས་བཞེས་དགོས་བྱུང་བ་དང༌། རྒྱུན་ལྡན་ན་བཟའ་གཟན་ཤམ་དང་ཟླ་གམ་ལ་ལྷན་པ་འདྲ་མིན་མང་པོ་བཏབ་པས་ཁྲབ་ཀྱི་བྱང་བུ་ལྟར་གྱུར་པ། ཏཱ་དབོན་ཁྲབ་གྱོན་ཞེས་པའི་མིང་འདོགས་ཀྱང་ཐོགས་སྐུད། དེ་ལྟར་གཞུང་ཆེན་པོད་ལྔར་དཀའ་སྤྱོད་འབད་པ་གཞན་དང་མི་མཉམ་པའི་བརྩོན་པ་ལྷུར་བླངས་ནས། ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་གྲྭ་སྐོར་སྐབས་མཁས་པའི་མཚན་སྙན་མདོ་དབུས་ཡོངས་སུ་བརྡལ། མདོ་ཕྱོགས་ཀྱི་སློབ་གཉེར་ཟིན་ནས། གསང་ཆེན་སྔགས་ཀྱི་སྟི་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་རྒྱུད་སྡེ་བཞི་དང་ལྷག་པར་བླ་མེད་རྒྱུད་སྡེ་ལ་མཁས་པར་བསླབས། ཀུན་མཁྱེན་འཇམ་དབྱངས་བཞེད་པ་ངག་དབང་བརྩོན་འགྲུས་དང༌། དགའ་ལྡན་ཁྲི་ཆེན་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་དྲུང་ནས། ལམ་རིམ་དམར་འཁྲིད་དང༌། འཇམ་དཔལ་ཞལ་ལུང་སོགས་ལམ་རིམ་གྱི་འཁྲིད་ལྔ་བཅུར་ཉེ་བ། བདེ་གསང་འཇིག་གསུམ་སོགས་རྒྱུད་སྡེ་བཞིའི་བཀའ་དབང༌། སྒྲུབ་ཐབས་རྒྱལ་མཚོ། བཱ་རི་བརྒྱ་རྩ་སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར། མགོནཔོ་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ་སོགས་རྗེས་གནང་གི་རིགས་མང་པོ་དང༌། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད། འགྲེལ་བ་བཞི་སྦྲགས། བསླབ་བཏུས། ལེགས་བཤད་སྙིང་པོ། རིམ་ལྔ་གསལ་སྒྲོན་སྦས་དོན་ཀུན་གསལ། འབྲས་ཏཱ་དབོན་རྒྱུད་ཁང་དུ་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཞག་བཅོ་ལྔའི་རིང་ཆོས་ཐུན་རིང་མོ་གཉིས་གཉིས་བྱས་ཏེ། ལམ་རིམ་ཆེན་མོའི་བཤད་ལུང་རྫོགས་པར་གནང་བ་དང༌། རྩ་འཇུག་གི་རྣམ་བཤད་ཆེན་མོ་གཉིས་སོགས་གཞུང་ཆེན་རྣམས་ཀྱི་བཤད་ལུང་ཚར་མང་པོ་དང༌། བཀའ་བསྟན་བཅོས་ཀྱི་ཀླགས་ལུང་དུ་མས་མཚོན་ཟབ་རྒྱས་ཆོས་ཚུལ་ཤིན་ཏུ་མང་པོ་གསན། སྐབས་ཤིག་སྡེ་སྲིད་ཕྱོགས་གཏོགས་པས་འཚིག་པ་གཡག་ལ་ཟ། འགྲམ་ལྕག་རྟ་ལ་བྱུག་པའི་དཔེ་ལྟར། རྗེ་འདི་དང༌། ཏཱ་དབོན་ཁྲི་ཆེན་རྒྱལ་མཚན་སེང་གེ་གཉིས་ལ་སྦྱར་དུག་བཏང་ནས། བསྙུན་ཚབ་ཆེན་པོ་བྱུང་བར་ཀུན་མཁྱེན་འཇམ་དབྱངས་བཞད་པས། ངའི་གསེར་ཁྲི་རྣམ་གཉིས་ཅུང་མིན་ན་ལག་ཉེས་གཏང་འདུག་ཅེས་གསུངས་ནས། བུམ་ཆུའི་དུག་སྦྱངས་མཛད་པས་བསྙུན་གཞི་ལས་སངས། དེ་ནས་མི་རིང་བར་རྒྱུད་ཀྱི་དགེ་བསྐོས་དང་བླ་མ་མཁན་ཁྲི་བཅས་ལ་རིམ་པར་ཕེབས་ཏེ། རྒྱུད་པའི་སྒྲིག་སྤྱོད་དང༌། འཆད་ཉན་ཤིན་ཏུ་འཚག་ཚུད་མཛད། འདི་ཉིད་མཁན་པོ་ལས་ཐོག་སྐབས་དེ་སྔོན་རྒྱུད་སྟོད་གྲྭ་ཚང་བྲག་ཡེར་པར་དབྱར་གནས་སུ་ཕེབས་སྐབས་གུར་ནང་དུ་བཞུགས་རྒྱུ་ལས་རྒྱུད་ཁང་ཟུར་དུ་མེད་སྟབས། ཡེར་པ་གྲྭ་ཚང་དང་བཀའ་མོལ་མཛད་དེ། ད་ལྟའི་རྒྱུད་ཁང་ཡོད་པའི་ས་ཆ་སྐབས་དེར་དུར་ཁྲོད་ཡིན་པ་དེ་ཉིད་ཕུལ་བ་ཐུགས་མཉེས་བཞིན་དུ་ཞལ་འཛིན་མཛད་དེ་རྒྱུད་ཁང༌། རུང་ཁང༌། མཁན་པོ། བླ་མའི་གཟིམ་ཆུང༌། ཆོས་གྲྭ་བཅས་གསར་བཞེངས་དང༌། ཚོགས་གདན། ཐབ་ཆས། མཆོད་རྫས། མཆོད་ཆ་སོགས་ཉེར་མཁོ་གང་དགོས་འབུལ་འབྱོར་གནང་བ་སོགས་བྱ་བ་ལས་ཀྱི་འཁོར་ལོའི་འཕྲིན་ལས་ཆེས་ཆེར་སྤེལ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་༡༧༢༠ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད་དེ། ཁྲི་པའི་བྱེད་སྒོ་འཐུས་ཚང་གནང་ཐོག་གདུལ་བྱ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དད་རྫས་སུ་ཕུལ་བའི་དངོས་པོ་ཆུང་ཚག་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར། གདན་ས་གསུམ་དང༌། རྒྱུད་སྟོད་སྨད། བཀྲ་ཤིས་ལྷུན་པོ། ལྷ་ལྡན་སྨོན་ལམ་ཆེན་མོ་བཅས་ལ། མང་ཇ་དང་སྐུ་འགྱེད་སོགས་མཆོད་འབུལ་བློ་ཡུལ་ལས་འགོང་བ་མཛད་དེ། གཞུང་ས་རིན་པོ་ཆེ་ནས་བྱ་ཡུལ་མང་ར་དགོན་མཆོད་གཞིས་སུ་རྩལ་བའི་ཁྲིར་ཞབས་པད་བཀོད་ཅིང༌། དགོན་མཆོད་གཞིས་དང་བཅས་པར་ཆོས་སྲིད་ཀྱི་འཕྲིན་ལས་བཟང་པོས་ཡོངས་སུ་བསྐྱངས། སྔར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་སེར་འབྲས་གཙོར་གྱུར་ཐོག ཉེ་འགྲམ་གཞིས་དགོན་ཁག་གི་དགེ་ལྡན་པའི་དགེ་འདུན་རྣམས་ཕེབས་པ་ལས། གདན་ས་རི་བོ་དགའ་ལྡན་ནས་ཕེབས་སྲོལ་མ་བྱུང་ཡང་ཁྲི་ཆེན་འདིའི་རིང་ཆུ་ཡོས༡༧༢༣ལོ་ནས་བཟུང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་བཀའ་འབྲེལ་ལྟར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱང་ཕེབས་ཐུབ་ན་ལེགས་ཚོགས་ཆེ་བར་དགོངས་ནས་གདན་ཤུས་དང་བཞུགས་གྲལ་སོགས་ཐོབ་ཐང་སྤྱི་མཚུངས་གནང་བའི་བཟང་གི་རྒྱུན་ད་ལྟའི་བར་དུ་གནས། གཞན་ཡང་ཁམས་ལི་ཐང་སོགས་སུ་སྐུ་གསུང་ཐུགས་རྟེན་གྱི་འཇོག་པ་དང༌། འགྱེད། མང་སྐོལ། སྤྱི་འཇོག་རྒྱ་ཆེར་གནང༌། རྟ་དབོན་རྒྱལ་མཚན་སེང་གེ་ཕ་ཡུལ་དུ་ཕེབས་གྲབས་བྱེད་སྐབས། ཁྱོད་གྲྭ་སར་བསྡད་ནས་ངའི་རྗེས་སུ་དགའ་ལྡན་ཁྲི་ལ་ཕེབས་དགོས། ཞེས་ལུང་བསྟན་པ་དང༌། དབུས་གྲྭ་ངག་དབང་མཆོག་ལྡན་ཞེས་པ། མཐུན་རྐྱེན་ཤིན་ཏུ་སྐྱོ་བ་ཞིག་ཡོད་པ་དེ་ལ་ཤམ་ཐབས་འཐུས་ཚང་བ་ཞིག་གོན་རྒྱུ་མེད་སྟབས་ཁོས་རྨ་ཆེན་སྤོམ་ར་ལ། ཤམ་ཐབས་ཤིག་གནང་རོགས་ཞེས་གསོལ་བ་འདེབས་པ་དེ་རྗེ་འདི་ཉིད་ཀྱིས་མཁྱེན་ནས། ཐེངས་ཤིག་ཁོང་རྗེ་འདི་ཉིད་ལ་མཇལ་ཁ་གཅར་སྐབས། ཁྱོད་ལ་ཤམ་ཐབས་དགོས་ན་ངས་སྤྲད་ཆོག་ཅེས་གསུངས་ནས་ཤམ་ཐབས་ཤིག་གནང་པ་སོགས་ཀྱིས་མངོན་ཤེས་ཐོགས་མེད་དུ་མངའ་བར་བཤད། ཁྲི་ཆེན་ནམ་མཁའ་བཟང་པོ་ལ་རྗེ་རང་ཉིད་འདུལ་འཛིན་བློ་གྲོས་སྦས་པའི་སྐྱེ་བ་དྲན་ཚུལ་ཡང་ཡང་གསུངས། རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་༡༧༢༤ལོར་རྒྱལ་བའི་ཡོངས་འཛིན་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་ཞི་བར་གཤེགས་པའི་ཚབ་ཏུ་རྒྱལ་མཆོག་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་གདན་དྲངས་པ་ལྟར་ཕེབས་ནས། དབུ་ཕར་འདུལ་མཛོད་ཀྱི་གཞུང་ཆེན་ཁག་གི་སློབ་ཁྲིད་རྒྱ་ཆེར་ཕུལ་ཏེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དཀྲིགས། ཆུ་ཡོས་༡༧༢༣ལོར་དེ་སྔོན་རྒྱལ་མཆོག་བདུན་པ་པོ་ཏ་ལར་ཁྲི་སྟོན་སྐབས་མན་ཇུ་སྐུ་ཚབ་མདུན་གྲལ་དང་སོག་པོ་དཔོན་རིགས་རྣམས་རྒྱབ་གྲལ་དུ་བཞག་པའི་འཁོན་གྱིས་སོག་པོ་ཨོ་རོད་གུ་ཤྲི་ཁཱང་གི་སྲས་རྒྱུད་ཆིང་ཝང་བློ་བཟང་བཟང་བསྟན་འཛིན་སོགས་བོད་སོག་མཉམ་འབྲེལ་གྱིས་མན་ཇུ་ལ་དམག་འཁྲུགས་སློང་བའི་དུས་ཟིངས་ཚབས་ཆེར་བྱུང་བར། གོང་ས་མཆོག་གིས་བར་ཆིངས་མངགས་དོན་བཞིན་ཁྲི་ཆེན་འདི་ཉིད་ངང་གཉརཏ་བློ་བཟང་བཀྲ་ཤིས་མཚོ་སྔོན་ཆེད་ཕེབས་ཀྱིས་ཆིངས་འདུམ་གང་ནུས་གནང་ཡང་ལས་ཀྱི་དབང་བཙན་པས་དོན་ཕན་མ་བྱུང༌། དེ་ནས་ཕྱིར་དབུས་སུ་ཕེབས་རྗེས་རྒྱལ་མཆོག་དམ་པ་འདི་ཉིད་དང་མཉམ་དུ་གདན་ས་གསུམ་དང༌། བསམ་ཡས། དགེ་རྒྱས་བྱེ་མ་གླིང༌། ལྷ་ལྡན་གཙུག་ལག་ཁང༌། ཆོས་འཁོར་རྒྱལ། གཙང་ཐོག་སོགས་སུ་ཞབས་ཀྱིས་བཅགས་ནས། འགྲོ་དོན་རྒྱ་ཆེར་བསྐྱངས། ཤིང་སྦྲུལ་༡༧༢༥གསེར་ཁྲི་ལས་ཟུར། རབ་བྱུང་བཅུ་གཉིས་པའི་མེ་རྟ་༡༧༢༦ས་ག་ཟླ་བའི་བཅོ་ལྔའི་ཉིན་ལྷ་ལྡན་གཙུག་ལག་ཁང་དུ། ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རྒྱལ་མཆོག་ཐམས་ཅད་མཁྱེན་པའི་དགེ་སློང་གི་སྡོམ་པ་བཞེས་པའི་སྐབས་ལས་སློབ་གནང༌། སྐབས་དེར་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས། རྒྱལ་དབང་མཆོག་དང་མཉམ་དུ་དཔལ་གསང་བ་འདུས་པ་དང༌། བདེ་མཆོག་ལུ་ཨི་པའི་དབང༌། བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་སོགས་མདོ་སྔགས་ཀྱི་གསེར་ཆོས་ཤིན་ཏུ་མང་པོ་གསན། ས་སྤྲེལ་༡༧༢༨ལོར་ཕོ་ལྷ་བ་འི་འཕྲུལ་གྱིས་མན་ཇུ་གོང་མ་དང་མཇལ་འཕྲོད་དགོས་ལུགས་ལ་བསྙད་དེ་རྒྱལ་མཆོག་བདུན་པ་ཆེན་པོ་ཁམས་ལི་ཐང་དུ་ཆིབས་བསྒྱུར་བྱེད་དགོས་བྱུང་བའི་སྐབས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་དང་རྗེ་འདི་ཉིད་ཀྱིས་ནན་ཏན་ཆེན་པོས་གཤོལ་བཏབ་ཀྱང་གཅིག་ཏུ་མདོ་ཁམས་ཀྱི་བསྟན་དང༌། གཉིས་སུ་སྲིད་ཀྱི་ཁ་ལོ་བའི་ཇུས་ལ་གཟུར་ཐབས་མེད་སྟབས་རྒྱལ་དབང་མཆོག་གིས་ཞལ་བཞེས་མ་གནང་བས་ཐུགས་ཕམ་ཆེན་པོའི་ཕེབས་སྐྱེལ་གནང༌། དེའི་ཕྱི་ལོར་རབ་བྱུང་དེ་གའི་ས་བྱ་༡༧༢༩ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས་ཏེ། རྒྱལ་བ་འཇམ་དཔལ་སྙིང་པོའི་མདུན་སར་གཤེགས་པའི་གདུང་རུས་ལ་ཡིག་འབྲུའི་རྣམ་པ་ཤིན་ཏུ་གསལ་བ་བྱོན་པ་དུས་ཕྱིས་གོང་ས་སྐྱབས་མགོན་མཆོག་གིས་བཞེས། ཞུན་ཐིགས་ནོར་བུ་དགའ་འཁྱིལ་དབྱིབས་ཅན་པདྨ་ར་ག་ལྟར་དམར་ཞིང་འཚེར་ལ་བརྗིད་པ་ཞིག་རྒྱུད་སྨད་དཔོན་སློབ་ངག་དབང་མཆོག་ལྡན་པས་བསྣམ། ཞུན་ཐིགས་ལ་ཐུབ་དབང་གི་སྐུ་གསལ་བོ་བྱུང་བ་ལི་ཐང་རྩེའི་རི་ཁྲོད་ཀྱི་རྟེན་ཞིག་ལ་གཟུངས་གཞུག་ཏུ་འབུལ་བར་མཛད། དེ་ནས་ལྷ་མིའི་འདྲེན་མཆོག་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དང༌། དཔོན་སློབ་རིན་པོ་ཆེ་གདན་འཛོམས་སྐབས་གོང་བཞེས་གནང་བའི་རྗེས་མ་རྣམས་བཀའ་བཀོད་ལྟར། ཐུགས་ལྗགས་སྤྱན་གསུམ་དང༌། དབུ་ཐོད་ལ་འཇིགས་བྱེད་རང་བྱོན། སྐུ་སྨད་ཀྱི་པུར་རུས་ལ་འཇམ་དབྱངས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་འོད་སྐོར་དང་བཅས་པ། ཡ་མ་རྭ་ཛའི་སྔགས་ཕྲེང་གདུང་རུས་ཀྱི་ངོས་ལ་བྲིས་པ་ལྟར་ཕབ་པ། གཞན་ཡང་གསང་བདག་གི་སྐུ་དང༌། གཟུངས་སྔགས་དང༌། རིང་བསྲེལ་གྱི་ཕུང་པོར་གྱུར་པ་རྣམས་ཆོས་སྐུའི་རྟེན་གྱི་གཙོ་བོར་བུམ་པའི་ནང་དུ་བཞུགས་གསོལ་བྱས་པར་སྐུ་གདུང་མཆོད་རྟེན་དཀར་ཆག་ལས་འབྱུང་ཞིང༌། སྐུ་གདུང་རིན་པོ་ཆེར་སྐུ་རྒྱུ་ཕྲ་རྒྱན་སོགས་བསྡོམས་ན་དངུལ་ཕབ་སྲང་ལྔ་བརྒྱ་དང་བཅུ་གསུམ། གསེར་རྐྱང་ཞོ་བརྒྱ་དང་བཅུ་གསུམ་ལས་བྱང་ཆུབ་མཆོད་རྟེན་དཔངས་སུ་རྒྱུག་མཐོ་བཅུ་གཅིག་ཡོད་པ། རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བསྐྲུན་གྲུབ་པའི་བཞུགས་གནས་ཀྱང་རྗེ་བཙུན་ཙོང་ཁ་པའི་དངུལ་གདུང་རིན་པོ་ཆེའི་སྐུ་གཡས་ཀྱི་སྤྱན་སྔར་ཞལ་ཤར་གཟིགས་ཀྱི་ཚུལ་དུ་བཞུགས་སུ་གསོལ། ། ལྕགས་ཁྱི༡༧༣༠བོད་ཟླ་དང་པོའི་ནང༌། ཁྲི་ཆེན་འདི་ཉིད་དགོངས་པ་རྫོགས་ཚུལ་གྱི་ཕོ་ཉ་ཁམས་སུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་དྲུང་དུ་འབྱོར་བ་དང༌། རྒྱལ་དབང་མཆོག་གིས་ཡོངས་འཛིན་དམ་པ་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཞིང་གཞན་དུ་གཤེགས་པའི་དགོངས་པ་རྫོགས་ཐབས་སུ། དཀྱིལ་འཁོར་སྒྲུབ་མཆོད་ཀྱིས་རྩིས་རྣམ་པར་དཀར་བའི་རིམ་གྲོལ་རླབས་ཆེན་སྒྲུབ་པར་མཛད་ཅིང༌། ཡང་སྲིད་མཡུར་བྱོན་གྱི་སྨོན་ཚིག་ཀྱང་བཀའ་རྩོམ་གནང་བསྐལ་༢༥༣། ཀྲི་ཆེན་འདི་ཉིད་ཀྱི་ཞབས་ཕྱི་པྱག་མཛོད་སོགས་གངས་ལྗོངས་སུ་འགྲོ་རྒྱུར་བཀའ་ཤོག་དང་གསོལ་རས་གྱ་ནོམ་པ་རྩལ་ཏེ་རྫོང་ད་གནང་ཚུལ་ཡང་དཔག་བསམ་སྙེ་མར་གསལ། གསུང་ལས་སྐྱེས་པའི་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཏཱ་དབོན་རྒྱལ་མཚན་སེང་གེ་དང༌། ཁྲི་ཐོག་ང་ལྔ་པ་ཁྲི་ཆེན་ནམ་མཁའ་བཟང་པོ། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐུལ་བཟང་རྒྱ་མཚོ། ཇོ་གྱ་རིན་པོ་ཆེ་བློ་བཟང་བཀྲ་ཤིས། གཉན་པོ་བསྟན་སྐྱོང་བཟང་པོ་སོགས་བཤད་སྒྲུབ་ཟུང་གི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་མེད་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། རྗེ་འདིའི་རྣམ་ཐར་ཁྲི་སྤྲུལ་སྐུ་ཕྲེང་གསུམ་པ་འཇིགས་མེད་སེང་གེས་མཛད་པའི་རྣམ་ཐར་དད་པའི་མྱུ་གུ་ཞེས་བྱ་བར་དཔེ་རིང་ཤོག་གྲངས་བཅུ་བདུན་ཅན་ཞིག་དང༌། སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་ཀྱི་མཛད་པའི་དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ལེའུ་ཅཔ་ཤོག་གྲངས་དྲུག་ཡོད་པ་བཅས་ལ་གཟིགས་དགོས། ། རྗེ་འདིའི་སྐུ་ཕྲེང་གཉིས་པ་ཁྲི་སྤྲུལ་བློ་བཟང་བསྟན་པའི་རྒྱ་མཚོ་ནི། ལྕགས་ཁྱི་༡༧༣༠ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ལོར་ཞི་བར་གཤེགས། སྐུ་ཕྲེང་གསུམ་པ་ཁྲི་སྤྲུལ་འཇིགས་མེད་སེང་གེ་རབ་བྱུང་དེ་གའི་མེ་གླང་༡༧༣༠ལོ་སྨད་དུ་འཁྲུངས། སྐུ་ཕྲེང་བཞི་པ་ཁྲི་སྤྲུལ་འཇིགས་མེད་སེང་གེ །