དགའ་ལྡན་ཁྲི་ཐོག་གྱ་གསུམ་པ་རྒྱལ་རོང་བྱང་ཆུབ་ནམ་མཁའ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་གྱ་གསུམ་པ་རྒྱལ་རོང་བྱང་ཆུབ་ནམ་མཁའ་ནི། རྒྱལ་རོང་རབ་བརྟན་ཁུལ་འཁྲུངས། སྐུ་ན་ཆུང་དུས་གཞིས་དགོན་དུ་ཞུགས་ནས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་སོགས་ལ་བསླབས། ན་སོན་པ་དང་དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་ཐོག་བཤེས་གཉེན་མཁས་པ་དུ་མའི་དྲུང་ནས་གཞུང་ཆེན་པོད་ལྔར་སློབ་གཉེར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་མཁས་མང་གནམ་གྱིས་ས་བཀབ་པ་ལྟ་བུའི་ཁྲོད་གཞུང་ཆེན་བཀའ་པོད་ལྔ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས། དགག་བཞག་སྤོང་གསུམ་གྱི་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པ་ཐོན། དེ་ནས་རྒྱུད་སྨད་དུ་ཞུགས་ནས་རྒྱུད་སྡེ་རྒྱ་མཚོའི་དོན་ལ་ནང་བྱན་ཆུབ་པའི་རྡོ་རྗེ་འཛིན་པ་ཆེན་པོ་དུ་མའི་དྲུང་ནས་པཎ་ཆེན་བསོད་ནམས་གྲགས་པའི་བསྐྱེད་རྫོགས་ཀྱི་ཡིག་ཆའི་སྟེང་ནས་རྗེ་ཡབ་སྲས་ཀྱི་ལེགས་བཤད་འཕགས་བོད་མཁས་པའི་བཞེད་སྲོལ་ཕྱིན་ཅི་མ་ལོག་པའི་དགོངས་དོན་རྒྱུད་སྡེ་བཞིའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བསམ་རྩལ་དུ་བཏོན། ད་དུང་ཐིག་རྩ་དང་རྡུལ་ཚོན་སོགས་ཀྱི་ལག་ལེན་ཆ་ལག་དང་བཅས་པར་གཞན་དྲིང་མེད་པའི་མཁས་པར་བསླབས། གསང་སྔགས་ཀྱི་སློབ་གཉེར་ཀྱང་གསན་བཞེས་རྒྱ་ཆེར་མཛད་དེ་རྒྱུད་སྟོད་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་རིམ་པར་བཞིན་ཕེབས་ནས་ཀྱང༌། རྒྱུད་པའི་སྒྲིག་སྤྱོད་དམ་དྲག་ཤིན་ཏུ་ཚ་བ་གནོན་པ་དང་ྜྲིཀ་སྐྱོར་བ་བརྩི་བཞག་གནང་བ་སོགས་རྒྱུད་ཀྱི་བྱེད་སྒོ་སྤྱི་དང་སྐབས་བབ་འགན་འཁྲིས་གང་ཞིག་ཡོད་པ་དེ་དག་ཁྲལ་ཆས་དང་སླར་ཆས་སུ་མི་གནང་བར་དམ་པ་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་ཟུར་ཆ་ཙམ་ཡང་མ་ཉམས་པར་འཛིན་སྐྱོང་གནང༌། རབ་བྱུང་བཅོ་ལྔ་པའི་མེ་ཁྱི༡༨༨༦ལོར་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་ལྔ་བསྐྱངས་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་སྐྱེས་རབས་སོ་བཞི་པ་དང་དཔག་བསམ་འཁྲི་ཤིང་གི་བཤད་པ། བཞི་སྡེར་བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་སོགས། མདོར་ན་དགའ་ལྡན་གསེར་ཁྲི་རིམ་བྱོན་གྱི་བྱེད་སྒོ་གང་ཞིག་ཡོད་པ་ཀུན་འཐུས་ཤོར་མེད་པར་མཛད་དེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བླ་ན་སྤེལ་བཞིན་པའི་མུར་སྐུ་ཚེའི་འཕེན་པ་དག་ཞིང་དུ་བཏོད། རྣམ་ཐར་ཟུར་དུ་མི་སྣང༌། །