དགའ་ལྡན་ཁྲི་ཐོག་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་ནི། འཁྲུངས་སའི་ཡུལ་ནི་གཙང་གི་རོང་དང་གཡག་སྡེའི་མཚམས་ཀྱི་དཀར་ཅོག་སྤང་སྤུར་གྱི་མི་ཚང་ཞིག་ཡིན་ཞེས་གསུངས་པ་ཐོས། སྐུ་ན་ཆུང་དུས་ཤངས་དགའ་ལྡན་ཆོས་འཁོར་དུ་སྒྲིགས་ཞུགས་མཛད་དེ་ལོ་ཤས་སོང་མཚམས་དབུས་སུ་བྱོན་ནས་སེར་བྱེས་གྲྭ་ཚང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོད་ལྔའི་སློབ་གཉེར་མིག་དཔེར་འོས་པ་མཛད། དགེ་བཤེས་ལྷ་རམས་པའི་མཚན་བཏགས་དམ་བཅའ་འགྲན་ཟླ་བྲལ་བ་གནང༌། རྒྱུད་སྨད་གྲྭ་ཚང་དུ་སྒྲིགས་ཞུགས་གནང་ནས་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་༡༩༤༠ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བསྐྱངས། དེའི་རིང་བློ་གླིང་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་སོགས་སྔ་ཕྱི་བསྒྲུབ་བྱ་ཤིན་ཏུ་མང་པོར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་བ་དང༌། གདན་སའི་གྲྭ་གསར་མང་པོར་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་བ་སོགས་བསྟན་པའི་རྨངས་གཞི་ཚུགས་པའི་མཛད་པ་རྒྱ་ཆེར་བསྐྱངས། ཁྲི་ཆེན་འདི་ཉིད་གཞུང་ཆེན་པོའི་སློབ་ཁྲིད་གནང་ཐབས་ལ་ཤིན་ཏུ་མཁས་ཤིང་བྱང་ཆུབ་པར་བརྟེན་དགེ་བཤེས་མཚན་བཏགས་མ་གནང་གོང་ནས་སློབ་མ་མང་པོར་སློབ་ཁྲིད་གནང་འགོ་ཚུགས་ཏེ་སྐུ་མ་གཤེགས་བར་གདན་ས་གསུམ་གྱི་སློབ་གཉེར་བ་བརྒྱ་ཕྲག་བརྒལ་བར་དཔྱིད་དང་དབྱར་དུས་ཀྱི་ཆོས་མཚམས་སྐབས་བསྟུན་གྱིས་སྐུ་ངལ་ལ་མ་འཛེམ་པར་ཞོགས་པ་སྔ་དྲོའི་ཞལ་འདོན་གྲུབ་པ་ནས་ཉི་མ་རྒས་མཚམས་བར་སློབ་ཁྲིད་གནང་གི་ཡོད་པ་མ་ཟད། སྐུ་ཚེའི་སྨད་དུ་ཞབས་ཀྱི་བསྙུན་གཞི་བཞེས་པའི་སྐབས་སུ་ཡང་སློབ་མ་ཚོ། ད་ལྟ་ང་རང་རྐང་པ་ན་བ་མ་གཏོགས་སློབ་ཁྲིད་བྱེད་མ་ཐུབ་པ་མེད་སྟབས་ང་རང་གསོན་པོར་སྡོད་རིང་ཁྱེད་ཚོས་ངའི་སར་སློབ་ཁྲིད་གང་ནུས་ཞུས་ཐུབ་ན་ལེགས། ནམ་ཞིག་ང་རང་ཤི་རྗེས་མ་འགྱོད་པ་ཡོང་གི་རེད་ཅེས་གསུངས་ནས་སྐུ་མ་གཤེགས་གོང་གི་ཞག་གསུམ་བཞི་བར་དུ་མཚམས་འཇོག་མ་མཛད་པར་སློབ་ཁྲིད་རྒྱུན་འཁྱོངས་གནང༌། མཁས་དབང་དུང་དཀར་རིན་བོ་ཆེས། ཁོ་བོས་ཀྱང་ཁྲི་ཆེན་འདི་ཉིད་ཀྱིས་དྲུང་ནས་ལམ་རིམ་ཆེན་མོ་དང༌། རིམ་ལྔ་གསལ་སྒྲོན་གཉིས་ཀྱི་སློབ་ཁྲིད་གནང་བ་ལོ་ངོ་དྲུག་གི་རིང་ཉན་རྒྱུའི་སྐུལ་བཟང་ཐོབ་ཅེས་ཀྱང་གསུང་སྣང༌། མཐར་རབ་བྱུང་བཅུ་དྲུག་པའི་ས་གླང་༡༩༤༩ལོར་བསྟན་རྒྱས་གླིང་དུ་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་གནང་མུས་མཇུག་མ་རྫོགས་གོང་ཙམ་དུ་སྐུ་གཤེགས། སྐུ་གཤེགས་ཁའི་ཞལ་ཆེམས་སུ། ང་ལ་ཡང་སྲིད་ཕེབས་རྒྱུ་མེད་པས་ཁྱེད་ཚོས་དེ་འདྲ་མ་བྱེད་པར། སྐུ་ཆས་གང་ཡོད་གཙང་དག་མཆོད་འབུལ་དུ་གཏོང་དགོས་ཞེས་སྲིད་པར་སྐྱེ་བ་མི་བཞེས་པར་དམ་པའི་ཞིང་དུ་ཐད་ཀར་གཤེགས་པའི་བཀའ་ཕེབས་པ་ལྟར་ཞབས་འདེགས་པ་རྣམས་ཀྱིས་ཀྱང་བཀའ་བཞིན་བསྒྲུབས། ཁྲི་ཆེན་དམ་པ་འདིའི་འདའ་ཁའི་ཞལ་ཆེམས་གང་ཞིག་བཞག་པ་འདིར་ཞིབ་ཏུ་བསམ་ན། དེང་སང་ཝ་སྐྱེས་སེང་ལྤགས་གོན་འདྲའི་སྐྱེས་ཆེན་དམ་པའི་མིང་ཁུར་ནས་བསྟན་འགྲོ་ལ་སྨན་པའི་མཛད་པ་སྣེ་གཅིག་ཀྱང་མི་སྐྱོང་བར་ཁྱིམ་པ་ཡ་རབས་ཤིག་གི་སྤྱོད་པའང་མི་དོ་བའི་ཐ་ཤལ་སྤྱོད་ངན་ལ་གོམས་པ་མང་པོ་ཞིག་བྱུང་དང་འབྱུང་འགྱུར་ཡིན་པ་དེ་མངོན་པར་མཁྱེན་པ་ཡིན་ངེས་སྙམ་སྟེ་འཕྲོས་གླེང་ཙམ་མོ། །གསུང་སྐྱེས་སློབ་མ་ཡང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རེ་རྫོང་སྲས་ཐུབ་བསྟན་ཉི་མ། སེར་བྱེས་ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་ཕྱུག་དང༌། འབྲས་བློ་གླིང་ཏྲེ་ཧོར་མཁན་ཟུང་བློ་བཟང་ཉི་མ། མཁན་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་སོགས་བསྟན་སྲིད་ལ་རྨད་དུ་བྱུང་བའི་མཛད་རྗེས་རླབས་པོ་ཆེ་བཞག་པའི་སྐྱེས་ཆེན་དམ་པ་ཤིན་ཏུའང་མང་པོ་བསྐྱངས་གནང་ངོ།།