དགའ་ལྡན་ཁྲི་ཐོག་གོ་གསུམ་པ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་གོ་གསུམ་པ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་༡༨༨༡ལོར་ཁམས་མི་ཉག་ངོམ་པ་རོང་དམ་པ་ཚང་དུ་སྐུ་འཁྲུངས། མི་ཉག་འགེ་ཁ་དགོན་པའི་གྲྭ་ཁོངས་ཡིན་ཡང་སྐུ་ན་ཆུང་དུས་ཕ་མས་དགོན་དུ་ཞུགས་མ་བཅུག་པར་རི་ལ་རྫི་བོ་ཕེབས་པའི་སྐབས་ཤིག་ཏྲེ་ཧོར་རྒྱ་རྒྱས་གྲུབ་ཐོབ་ཅེས། ཐལ་བ་ལ་ཕུ་བཏབ་ན་མེ་འབྲེ་བ་དང༌། གཏུམ་མོ་མེ་དྲོད་ལ་བརྟེན་ནས་དགུན་ཁའི་གནམ་གཤིས་ཤིན་ཏུ་གྲང་བའི་ནང་དུའང་གོས་མེད་གཅེར་བུར་བཞུགས་པ་རྫུ་འཕྲུལ་དང་མངོན་ཤེས་ཐོགས་པ་མེད་པའི་རྣལ་འབྱོར་པ་ཆེན་པོ་གྲུབ་ཐོབ་འདིའི་རྣམ་ཐར་ཤིན་ཏུ་འགངས་ཆེ་བར་སྣང་ཞིང་དུས་ཀྱི་སྟབས་འགྲིགས་ན་ཁོ་བོས་ཟུར་དུ་འབྲེི་འདོད་ཡོད་དེས་རི་བོ་དགེ་ལྡན་པའི་མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ལུང་བསྟན། དགུང་ལོ་ཉེར་ལྔ་པ་༡༩༠༥ལོར་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་བསྙེགས་ཏེ་རྩ་ཆེན་རྟེན་གསུམ་ཁག་ལ་གནས་མཇལ་གནང་ནས་གངས་ཅན་ཀྱི་དཔལ་ན་ལེནདྲ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྡན་མ་བློ་ཆོས་རིན་པོ་ཆེ་སོགས་གཞུང་ལུགས་བརྒྱ་ཕྲག་སྨྲ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྡུས་གྲྭ་བློ་རྟགས་དང༌། དབུ་ཚད། ཕར་ཕྱིན། འདུལ་མཛོད་བཅས་ལ་གུས་རྟག་སྦྱོར་བའི་བརྩོན་པ་རྒྱ་ཆེར་སྤྱོད་དེ་བསླབས། རྗེ་འདི་ཉིད་འབྲས་སྤུངས་སུ་སློབ་གཉེར་གནང་སྐབས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གི་དྲུང་དུ་ཡང་ཡང་མཇལ་བར་ཕེབས་ཀྱི་ཡོད་འདུག་པས། ཉིན་གཅིག་དེ་རིང་ངའི་སར་མི་སུ་འདྲ་ཞིག་སླེབས་ན་ཡང༌། དེ་ལ་གསང་ཡུམ་གྱི་བཞེས་སྤྱད་ནང་གསོལ་ཇ་ཕུལ་དགོས་གསུངས་པས། དེ་ཉིན་མི་ཉག་ཨ་མེས་ཕེབས་པར་རྗེ་འདིའི་བཀའ་བཞིན་དུ་གསང་ཡུམ་གྱི་བཞེས་ཆས་ནང་གསོལ་ཇ་ཕུལ་བས། མི་ཉག་ཨ་མེས་ནས་ཐེ་ཚོམ་རྣམ་རྟོག་མེད་པར་གསོལ་ཇ་བཞེས་ཏེ་དེ་གར་ཐུགས་རིག་དྭངས་པའི་སྣང་བ་ཞིག་བྱུང༌། སང་ཉིན་དེར་ལྡན་མ་དགེ་བཤེས་བློ་ཆོས་ཀྱི་དྲུང་དུ་དཔེ་འཁྲིད་ལ་ཕེབས་ནས། དགེ་སློབ་ནང་ཕན་ཚུན་རྩོད་རིགས་འཕེན་པའི་སྦྱངས་པ་གནང་སྐབས། དགེ་བཤེས་བློ་ཆོས་ནས་མི་ཉག་ཨ་མེས་ལ་རྩོད་རིགས་འཕང་དཀའ་བ་བྱུང་ཏེ། དེ་རིང་ཁྱོད་རང་རིག་སྟོབས་ཆེ་ལུགས་ཀྱིས་ལྷག་པའི་ལྷ་ཞིག་འགྲུབ་ནས་དངོས་གྲུབ་ཐོབ་པ་ཨེ་ཡིན་གསུངས་པར། ཁ་སང་གསེར་ཀོང་རྡོ་རྗེ་འཆང་གི་དྲུང་དུ་བཅར་བས་གསང་ཡུམ་གྱི་བཞེས་ཆས་ནས་གསོལ་ཇ་གནང་བྱུང་བས་རྣམ་རྟོག་མེད་པར་བཏུང་པས། ལམ་སེང་རིག་པ་སངས་སངས་པ་ཞིག་བྱུང་ཞེས་ཇི་ལྟར་བྱུང་བའི་གནས་ཚུལ་རྣམས་ཞུས་པས། དགེ་བའི་བཤེས་གཉེན་ཆེན་པོ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱང་གསེར་ཀོང་རྡོ་རྗེ་འཆང་ཉིད་ལ་མི་འཕྲོགས་པའི་དད་པ་འཁྲུངས་ཏེ། དེ་ནས་བཟུང་རྗེ་དེ་ཉིད་ཀྱི་དྲུང་དུ་ཡང་ཡང་བཅར་བར་མཛད། རྗེ་འདི་ཐུགས་རིག་ཤིན་ཏུ་བཀྲ་བས་གཞུང་ཆེན་པོད་ལྔའི་ལུང་གི་གོ་རྒྱ་དང་རིགས་པའི་ཕུལ་མཚམས་ལ་གདན་སའི་མཁས་པ་རྒན་གྲས་དག་ཀྱང་ཡིད་དབང་འགུག རབ་བྱུང་བཅོ་ལྔ་པའི་མེ་འབྲུག་༡༩༡༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་གསུམ་མཁས་མང་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་རྒྱལ་མཚན་དཀར་པའི་འོག་ཏུ་རབ་འབྱམས་པའི་གྲྭ་སྐོར་མཛད་པས་མཁས་མང་སྐར་ཚོགས་ལྟ་བུའི་གསེབ་ནས་ཟླ་བ་ལྟར་མངོན་པར་གསལ་བའི་མཚན་སྙན་གང་སར་ཁྱབ། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་གདན་སའི་སློབ་གཉེར་དག་ཐེར་ཆེད། ལོ་དེར་གདན་གསུམ་དགེ་བཤེས་ལྷ་རམས་པ་རྣམས་ནོར་གླིང་དུ་བཀའ་འགུགས་ཀྱིས་རྩོད་རྒྱུགས་བཞེས་ནས། ལྷ་རམས་པའི་ཚད་གཞི་མ་ལོང་པ་རྣམས་བཀའ་ཉེས་ཕབ་པ་དང༌། དེ་བཞིན་རྒྱུད་སྟོད་ཀྱི་མཁན་ཁྲིར་བཞུགས་བཞིན་པའི་དགེ་བཤེས་འཇམ་དབྱངས་ཡོན་ཏན་དང༌། བླ་མ་དབུ་མཛད་བློ་བཟང་ཚུལ་ཁྲིམས་ཁྲི་ལས་ཕབ་པ་སོགས་དག་ཐེར་ཞིབ་ཚག་མཛད་པའི་སྐབས་དེར། རྗེ་འདི་ཉིད་ལ་ལྷ་རམས་ཨང་དང་པོ་བློ་གླིང་དགེ་བཤེས་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་ལ་བསྩལ་ན་ཤིན་ཏུ་འོས་ཞེས་བསྔགས་པའི་གཟེངས་བསྟོད་དང་གསོལ་རས་བསྩལ། ལོ་དེར་རྒྱུད་སྟོད་དུ་ཕེབས་ནས། རྒྱུད་སྡེ་རྒྱམ་ཚོ་ལ་གསན་བསམ་ཉམས་བཞེས་རྒྱ་ཆེར་གནང༌། ྋགོང་ས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་དང༌། ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ། ཡོངས་འཛིན་ཤར་ཆོས་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་སྐྱེས་ཆེན་དུ་མའི་ཞལ་ནས་མདོ་སྔགས་ཀྱི་གསེར་ཆོས་དུ་མའི་བཀའ་ལུང་མན་ངག་རྒྱ་ཆེར་ཞུས། རྒྱུད་ཀྱི་དགེ་བསྐོས་བླ་མ་དབུ་མཛད་རྒྱུད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་༡༩༢༤ལོར་རྒྱུད་པའི་མཁན་ཁྲིར་ཕེབས་ཏེ། རྒྱུད་ཆེན་ཀུན་དགའ་དོན་འགྲུབ་ནས་རྒྱུད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ཀྱི་ཆ་ཤས་ཕྲ་མོ་ཚུན་ཆད་ཀྱང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང༌། ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་རྒྱུད་སྟོད་ཆོས་ཐོག་འགྲིམས་པའི་སྐབས་རྗེ་འདི་ཉིད་མཁན་པོ་ལས་ཐོབ་པ་ཡིན་པས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་སྡེ་ཁག་གི་འཁྲིད་ལུང་རྒྱ་ཆེར་ཕུལ། རབ་བྱུང་བཅུ་དྲུག་པའི་མེ་ཡོས་༡༩༢༧ལོར་ཤར་བ་ཆོས་རྗེ་བློ་བཟང་རྒྱལ་མཚན་དགའ་ལྡན་ཁྲི་ལ་འཕོས་ཚབ་ཏུ་ཤར་རྩེ་ཆོས་རྗེའི་ཁྲིར་འཁོད། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་༡༩༣༣ལོའི་དཔྱིད་མཐར་ཁྲི་ཆེན་ཐུབ་བསྟན་ཉིན་བྱེད་གློ་བུར་ཞི་བར་གཤེགས་པའི་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གསེར་ཁྲིར་ཞབས་སོར་འཁོད་དེ། ལོ་ལྟར་ལྷ་ལྡན་སྨོ་ལམ་ཆེན་མོར་སྐྱེས་རབས་དང་དཔག་བསམ་འཁྲི་ཤིང་གི་འཆད་ཉན་མཛད་པ་དང་རྨེ་རུ་གྲྭ་ཚང་དུ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་འཁྲིད་གནང་བས་མཚོན། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་བླ་ནས་བླ་ན་བཏེགས། བར་ལམ་ཞིག་ནས་ཉག་རོང་ལྕགས་མདའ་སྤྲུལ་སྐུས། ྋརྒྱལ་མཆོག་བཅུ་གསུམ་པ་ཆེན་པོར་བསམ་སྦྱོར་མ་རུང་བའི་ངན་བཏད་སྦས་པའི་གསང་བ་གཞུང་ས་ནས་ཤེས་རྟོགས་བྱུང་རྗེས་བཙོན་འཇུག་གནར་གཅོད་དུ་མས་ཤི་ལམ་དུ་བརྫངས་པ་དེས་སྨོན་ལམ་ལོག་པར་བཏབ་པའི་རྐྱེན་གྱིས་གནོད་སྦྱིན་མཐུ་བོ་ཆེར་སྐྱེས་ཏེ་ལྷ་ས་རུ་བཞིར་འཚུབ་ལྷོང་འདྲ་མིན་བྱུང་པར་རྗེ་འདི་པས་མངོན་སྤྱོད་དྲག་པོའི་ལས་སྦྱོར་ལ་བརྟེན་ནས་དམིགས་མེད་དབྱིངས་སུ་བསྒྲལ་བར་བཤད། ནུབ་གཅིག་མནལ་ལམ་དུ་དམ་ཅན་ཆོས་ཀྱི་རྒྱལ་པོ་སྐུ་བང་ཤིན་ཏུ་ཆེ་བ་ཞིག་དགའ་ལྡན་དགོན་པའི་ལྕགས་རིའི་ཕྱི་རོལ་དུ་ཐུགས་མ་རངས་བའི་རྣམ་པ་ལྟ་བུར་བཞུགས་ཡོད་པར། ཁྲི་ཆེན་འདིས་ཁྱེད་རྗེ་བླ་མ་ཙོང་ཁ་པས་བཀའ་བགོས་གཉན་གཏོད་མཛད་པའི་རི་བོ་དགའ་ལྡན་པའི་བསྟན་སྲུང་གཙོ་བོར་ཡིན་པས། ཅིའི་ཕྱིར་ལྕགས་རིའི་ཕྱི་རོལ་དུ་བཞུགས་པ་ཡིན་ཞེས་དྲིས་པར། དེང་སང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དྲེགས་པའི་སྲུང་མ་མང་དྲག་པས་ཁོ་བོ་གདན་སར་སྡོད་ཀྱང་ཕན་ཐོགས་མི་འདུག་དྲན་ནས་ལྕགས་རིའི་ཕྱི་ལ་བསྡད་པ་ཡིན་ཟེར། དེར་སྐྱོན་མེད་ཁྱོད་ཅིས་ཀྱང་གདན་ས་རང་དུ་ཕེབས་དགོས་ཞེས་ནན་གྱིས་ཞུས་ཀྱང་ཕེབས་མ་ཉན་པའི་མུར་མནལ་སད། དེ་མ་ཐག་ཁྲི་ཆེན་རིན་པོ་ཆེ་འདིས་ཧོལ་གྱིས་བཞེངས་ནས་གསོལ་དཔོན་ལ་དྲུག་ཅུ་མ་བཞེངས་བཅུག་སྟེ། ཁྱོད་རང་ཞེད་སྣང་གང་ཡང་མ་བྱེད་པར་དྲུག་ཅུ་མ་འདི་ཉིད་དབང་བསྐུར་རིར་རྗེ་བླ་མའི་སྒྲུབ་ཕུག་རང་དུ་བསྐྱལ་ནས་ཤོག སུ་ཞིག་ཐུག་ནའང་ཞེད་སྣང་བྱེད་མི་དགོས་ཞེས་མངགས་པ་ལྟར་སོང་བས། སྒྲུབ་ཕུག་དེར་སྟག་འཇིགས་སུ་རུང་བ་ཞིག་ཉལ་སྟབས་ཀྱིས་བསྡད་ཡོད་པར་མཐོང་ཡང་ཞེད་སྣང་མ་བྱས་པར། ང་དགའ་ལྡན་ཁྲི་ཆེན་རིན་པོ་ཆེས་མངགས་བྱུང་ཞུས་ནས་ཕྱིར་ལོག ཕྱི་ཉིན་ཁྲི་ཆེན་འདིས་ཚོགས་ཆེན་མང་ཇའི་ཐོག་ད་ནས་བཟུང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལྷ་འདྲེ་གང་བྱུང་བསྟེན་གསོལ་མི་ཆོག་ཅེས་དམ་བསྒྲགས་དང་འབྲཻལ་དྲུག་ཅུ་མ་དང་ཆོས་རྒྱལ་གྱི་བསྐང་གསོ་ཟབ་རྒྱས་གཏོང་གནང་མཛད་སྐད། རབ་བྱུང་བཅུ་དྲུག་པའི་ས་ཡོས་༡༩༣༩ལོར་ཁྲི་ལས་ཟུར་ནས་བསྟན་རྒྱས་གླིང་དུ་ལྷ་སྔགས་ཏིང་འཛིན་གྱི་རྣལ་འབྱོར་ལ་བརྩོན་བཞིན་རབ་བྱུང་དེ་གའི་ཆུ་ལུག་༡༩༤༣ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དངུལ་གདུང་རིན་པོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས།། དེའི་ཡང་སྲིད་ཁྲི་སྤྲུལ་བྱམས་པ་ངག་དབང་རྒྱལ་མཚན་ནི། ལྷ་ས་རྩ་གསེར་ཁང་དུ་ཡབ་སྤེལ་བསོད་ནམས་དབང་འདུས་དང༌། ཡུམ་་་་་་་་གཉིས་ཀྱི་སྲས་སུརབ་བྱུང་བཅུ་དྲུག་པའི་ཤིང་བྱ་༡༩༤༥ལོར་སྐུ་འཁྲུངས། སེར་སྨད་ཀོང་པོའི་སྤྲུལ་སྐུ་ཞིག་དང༌། ཆུང་བ་ཏྲེ་ཧོར་བྲག་དཀར་སྐུ་ཕྲེང་ལྔ་པ་གསུམ་ཀ་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན་ནོ། རྗེ་འདི་ཉིད་སྐུ་ན་ཆུང་དུས་ནས་ཁྲི་ཆེན་གོང་མའི་ཡང་སྲིད་ངོས་འཛིན་ཞུས་ཏེ། གདན་ས་འབྲས་སྤུངས་བློ་གསལ་གླིང་གི་མི་ཉག་ཁང་ཚན་དུ་ཞུགས། མི་ཉག་དགེ་བཤེས་ལགས་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་རྒྱ་མཚོར་གསན་བསམ་རྒྱ་ཆེར་གནང་བཞིན་པའི་མུར། ས་ཕག་༡༩༥༩ལོའི་དུས་འགྱུར་བྱུང་སྐབས་དམར་པོའི་བཙན་དབང་འོག་ལུས། སྲིད་ཇུས་གུ་ཡངས་ཅུང་ཟད་བྱུང་སྐབས་སྤྱི་ལོ་༡༩༨༨ལོར་རྒྱ་གར་དུ་ཕེབས་ནས་ྋགོང་ས་མཆོག་གི་དྲུང་ནས་བཀའ་ཆོས་དུ་མ་གསན། དེ་ནས་རྒྱ་གར་ལྷོ་ཕྱོགས་གནས་སྐོར་དང་གདན་ས་ཁག་ལ་མཆོད་མཇལ་ཕེབས༌། སྐབས་དེར་བློ་གསལ་གླིང་གི་འདུ་ཁང་ཐེངས་གཉིས་པ་གསར་བཞེས་ལེགས་གྲུབ་ཀྱི་མཛད་སྒོར་སྐུ་མགྲོན་དུ་ཕེབས། དེའི་ལོ་མཇུག་ཏུ་ནུབ་ཕྱོགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊར་སློབ་སྦྱོང་དུ་ཕེབས། སྤྱི་ལོ༡༩༩༣ལོར་རྒྱ་གར་དུ་ཕྱིར་ཕེབས་ནས་ལྷོ་ཕྱོགས་རྒྱད་སྨད་དུ་ྋགོང་ས་མཆོག་གི་དྲུང་ནས་དཔལ་གསང་བ་འདུས་པའི་འགྲེལ་བཞི་སྦྲགས་ཀྱི་བཀའ་ལུང་སོགས་ཆོས་བཀའ་རྒྱ་ཆེར་གསན། སླར་ཡང་ཨ་རིར་ཕྱིར་ཕེབས་ཏེ། སློབ་སྦྱོང་ཐོན་པ་དང་ཝ་ཤིང་ཊར་དཔེ་མཛོད་ཆེན་པོ་ཞིག་གི་ཕྱག་ལས་གནང་ཞོར་ཨེ་ཤིན་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་བཤད་མཁན་གྱི་ཕྱག་ལས་གནང་བཞིན་པའི་མུ། དགུང་གྲངས་ང་དགུ་པ་རབ་བྱུང་བཅུ་བདུན་པའི་ཆུ་ལུག་༢༠༠༣ལོར་བོད་ཟླ་བ་བཅུ་པའི་ཚེས་ཉི་ཤུ་རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་༡༡༤༠ཐོག་དགོངས་པ་ཞི་བར་གཤེགས། སྐུ་གདུང་དངུལ་གྱི་མཆོད་རྟེན་བོད་ཀྱི་གདན་ས་འབྲས་སྤུངས་མི་ཉག་ཁང་ཚན་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས། འཁྲུངས་འདས་ཀྱི་ལོ་ཚིགས་འདི་བཞིན་ཁོང་གི་གསང་ཡུམ་གྱི་ཡིག་ངག་གཉིས་ཀའི་བརྒྱུད་ནས་གྲྭ་ཚང་དབུ་མཛད་པདྨ་རིན་ཆེན་ལགས་ཀྱིས་གསུང་པ་ལྟར་བྲིས་པས་ཁུངས་ལྡན་བྱེད་ཆོག་སྙམ།