དགའ་ལྡན་ཁྲི་ཐོག་གསུམ་པ་མཁས་གྲུབ་སྨྲ་བའི་སེང་གེ་དགེ་ལེགས་དཔལ་བཟང་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་གསུམ་པ་མཁས་གྲུབ་སྨྲ་བའི་སེང་གེ་དགེ་ལེགས་དཔལ་བཟང་པོ་ནི། ཡབ་བྱང་པའི་དཔོན་ཞལ་ངོའི་རིགས་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང༌། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་གླང་༡༣༨༥ལོར་གཙང་ལ་སྟོད་ཆུ་འོག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་མཁས་གྲུབ་ལྷ་དབང་བློའི་རྣམ་འཕྲུལ་དུ་སྔོན་གནས་རྗེས་དྲན་གྱིས་ངོས་འཛིན་གནང་བས། མཁས་གྲུབ་དགེ་ལེགས་གྲགས། བ་སོ་ཆོས་ཀྱི་རྒྱལ་མཚན་དང༌། བསོད་ནམས་བཀྲིས་གཉིས་ཀྱང་རྗེ་འདི་ཉིད་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན་ནོ། སྔོན་གྱི་བག་ཆགས་སད་དེ་ཆུང་དུས་ནས་རིགས་ལམ་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་རྒྱས། ཕྱག་དྲུག་པའི་རྗེས་གནང་ཞུས་ཏེ་བསྙེན་སྒྲུབ་གཏོར་འབུལ་ཆགས་མེད་མཛད་པས་མགོན་པོའི་བཞོན་པ་ཕག་གི་སྐུད་མཆོད་གཡོག་ཚོས་ཀྱང་ཐོས་སྐད། དཔལ་ལྡན་ས་སྐྱ་བའི་ལམ་འབྲས་པ་ཡེ་ཤེས་དཔལ་དང༌། ཀུན་དགའ་རྒྱལ་མཚན། རྗེ་བཙུན་རེད་མདའ་བ་བཅས་ལ་བསྟེན་ནས། ཐ་སྙད་རིག་པ་དང་མདོ་སྔགས་གསུང་རབ་དགོངས་འགྲེལ་བཅས་པར་བསླབས་པས་རིགས་པའི་དབང་ཕྱུག་ཏུ་གྱུར། མཁས་གྲུབ་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་སྔར་གྱི་མཁས་གྲུབ་དགེ་ལེགས་ཐོག་དཔལ་བཟང་པོ་ཞེས་པ་བསྣན་པས། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ཞེས་གྲགས་པ་བྱུང༌། དགུང་ལོ་བཅུ་དྲུག་པར་གཙང་ངམ་རིང་དུ་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་རིགས་གཏེར་དགག་པའི་གཞུང་བརྩམས་ཏེ་དམ་བཅའ་མཛད་པར་སུས་ཀྱང་རྒོལ་བར་མ་ནུས་པས་རྗེ་འདི་ཉིད་ཀྱིས་སྡེ་སྣོད་འཛིན་པ་མཁས་པ་སྟོང་ཕྲག་ཚོགས་པའི་དབུས་སུ་བོ་དོང་པ་ལ་བདེན་གཉིས་སྐོར་ལས་འཕྲོས་ཏེ་དྲི་མ་མེད་པའི་རིགས་པའི་ལམ་ནས་བརྒལ་བར་མཛད། མཐར་པཎ་ཆེན་ཕྱོགས་རྒྱལ་བས་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་ཞེས་སྨྲ་དགོས་པར་བཟོས། སྐབས་དེར་རྩོད་པའི་དཀྱིལ་འཁོར་ནང་བཞུགས་པའི་མཁས་པ་ཚོས་ཟུར་བྲིས་སུ་ཕབ་པ་རྣམས་དུས་ཕྱིས་ཕྱོགས་བསྒྲིགས་ཏེ་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་མཛད་པར་གྲགས། བོ་དོང་པཎ་ཆེན་ཡང་ཐུགས་ཡིད་དབང་མེད་དུ་འཕྲོག་སྟེ་མཁས་གྲུབ་རྗེ་ལ་བསྟོད་པ་བུང་བ་རྣམ་པར་རྩེན་པ་ཞེས་པ་མཛད་སྐད་གྲགས་ཤིང༌། བསྟོད་པ་དེའི་ནང༌། རྟོག་གེ་རྣམ་ལྡན་མྱུར་འདྲ་རྣམས། ། ཁྱོད་ཀྱི་མདུན་སར་བརྒལ་ལན་གྱི། ། གཏམ་ལ་ཞུགས་ཚེ་མགྲིན་པ་ནང༌། ། རང་སྲོག་གིས་འགག་མི་སྨྲ་ཐོབ། ཅེས་སོགས་བྲིས་འདུག་ལ། འདི་ཉིད་རྩོམ་པ་པོ་བོ་དོང་པཎ་ཆེན་ཡིན་མིན་ནི་མིཤེས། ངམ་རིང་གི་དབྱར་ཆོས་ཤིག་ཏུ་ཚོགས་སུ་མཁས་གྲུབ་གཡག་པ་ཡང་རྩོད་པ་ཕམ་པར་བྱས་ཞེས་ཟེར། སྐབས་དེ་ཙམ་ནས་གཙང་གི་ཁུལ་དུ་རྩོད་པའི་ཁྱུ་མཆོག་ཏུ་གྲགས། དགུང་ལོ་བཅོ་བརྒྱད་པ་ནས་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་མཚན་དཔེས་རབ་རྒྱན་མ་རྩོམ་པས། རྩོམ་པའི་ཁྱུ་མཆོག་ཏུའང་གྲགས་པ་བྱུང༌། དགུང་ལོ་ཉེར་གཅིག་པ་རབ་བྱུང་བདུན་པའི་ཤིང་བྱ་༡༤༠༥ལོར་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་དང༌། ཆོས་རྗེ་དཔལ་འབྱོར་ཤེས་རབ་ཀྱིས་ལས་སློབ། མཉམ་མེད་བློ་གྲོས་མཚུངས་མེད་ཀྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་པར་མེ་ཕག་༡༤༠༧ལོར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ། མདོ་སྔགས་ཀྱི་བཀའ་བའི་གནད་དུ་མའི་བཀའ་འདྲི་ཞུས་པས་རྗེ་བླ་མས་ལན་ཐོགས་མེད་དུ་གནང་བར་མ་ཟད། ད་དུང་རྟོགས་ལྡན་དོགས་པ་སྐྱེ་བའི་གནད་དུ་མའི་བཀའ་འདྲི་གནང་བ་དང་འབྲེལ་དོགས་གཅོད་ཀྱི་བཀའ་སློབ་ཟབ་རྒྱས་གནང་བས། རྩོད་པའི་སྤོབས་པ་ཡོངས་སུ་ཞི་ནས་དད་པའི་ཡིད་དབང་འཕྲོག་སྟེ་རྗེ་བླ་མའི་སློབ་མར་རྗེས་སུ་འཛིན་པར་སྐྱབས་འཇུག་ཞུས་པ་ལྟར་ཐུགས་དགྱེས་པའི་ངང་ཞལ་གྱིས་བཞེས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་འཇམ་དབྱངས་ཨ་ར་པ་ཙའི་རྗེས་གནང་བསྩལ། དེ་ནས་བཟུང་རྗེ་བླ་མའི་མདུན་ནས་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཀུན་ལ་ཕུ་མཐའ་ཆོད་པའི་དོགས་གཅོད་ཞུས། ཡི་དམ་རྒྱུད་སྡེ་ཁག་གི་དབང་ལུང་མན་ངག་མཐའ་ཡས་པ་ཞུས། གཞན་ཡང་རྗེའི་དངོས་སློབ། རྒྱལ་ཚབ་ཆོས་རྗེ་དང༌། འདུལ་འཛིན་པ། འཇམ་དཀར་བ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ལའང་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། རྗེ་ཙོང་ཁ་པའི་རིང་ལུགས་གཙང་མ་རང་ལུགས་སུ་བཞེད་དེ་འཆད་རྩོད་རྩོམ་པའི་མཛད་པ་རླབས་པོ་ཆེ་སྐྱོང་བས་དབུས་གཙང་གཉིས་སུ་མཁས་པའི་མཚན་སྙན་གྱིས་ཡོངས་སུ་བརྡལ། གཙང་ཉང་སྟོད་དུ་ཕེབས་ནས། ལི་ཡུལ་ལྕང་ར་ལ་གདན་ས་མཛད་པས་ལྕང་ར་ཆོས་མཛད་ཅེས་གྲགས། རྒྱལ་རྩེ་སྡེ་པ་རབ་བརྟན་ཀུན་བཟང་པས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་ཕྱག་བཏབ་ནས་འཆད་མཉན་རྒྱ་ཆེར་སྤེལ། གཞན་ཡང༌། ནོར་བུ་དགའ་ལྡན་དང༌། བྲང་མོ་ཆེ་བ། ལེགས་གྲུབ་པ། ཤར་ཆེན་པ། ཞི་གནས་པ། གསེར་ཁང་གོང་འོག་གཉིས། ལྷ་ཁང་པ་སོགས་དགེ་ལྡན་རིང་ལུགས་འཛིན་པའི་ཆོས་སྡེ་དུ་མ་ཕྱག་བཏབ། དབུས་གཙང་ཁུལ་གྱི་སྡེ་སྣོད་འཛིན་པ་ཤིན་ཏུ་མང་པོ་ངང་གིས་འདུས་ནས་རྗེ་འདི་ཉིད་ཀྱི་ཞབས་ལ་བཏུགས། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། སྐབས་ཤིག་ཆོས་རྗེ་རོང་པོ་བ་ཤཱཀྱ་རྒྱལ་མཚན་གྱིས་ས་དགེ་ལྟ་བའི་ཁ་འཛིན་ལྟ་བུས་རྩོད་པའི་དཀྱིལ་འཁོར་བཤམ་དགོས་པའི་ཕྱག་བྲིས་སྔ་ཕྱིར་འབྱོར་བ་དང༌། སྡེ་བ་རབ་བརྟན་ཀུན་བཟང་རྩེ་བས་ཀྱང་རྩོད་པའི་དཀྱིལ་འཁོར་ཀྱི་གྲ་སྒྲིག་ཞུ་རྒྱུའི་ཆོ་གར་བརྩོན་པ་ལྟར། མཁས་གྲུབ་རྗེ་དགུང་ལོ་སོ་གཅིག་པ་ཤིང་ལུག༡༤༡༥ལོར། རྒྱལ་རྩེ་སྡེ་བས་གཙུག་ལག་ཁང་དུ་གྲ་སྒྲིག་ལེགས་པར་བྱས་ཤིང༌། གནས་ར་སྙིང་དང་ཞ་ལུ་སོགས་ནས་ཀྱང་ལུང་རིགས་ལ་མཁས་པའི་སྡེ་སྣོད་འཛིན་པ་ཤིན་ཏུ་མང་པོ་བར་དཔང་གི་ཚུལ་དུ་འབྱོར། རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་གཉིས་ཀྱི་རྩོད་པའི་དཀྱིལ་འཁོར་དངོས་སུ་བཤམས་པའི་མཚན་སྙན་གང་སར་ཁྱབ། ལུག་ལོ་ཟླ་བ་བརྒྱད་པའི་ཚེས་བཅུའི་ཉིན་དངོས་སུ་རྩོད་པའི་མགོ་ཚུགས་ལ་ཉེ་བ་ན་རོང་པོ་ཆོས་རྗེས་ཨུ་ཚུགས་ཀྱིས་ཕྱི་གཤོལ་གནང་བ་དང༌། རྒྱལ་རྩེ་སྡེ་བས་ཐབས་མཁས་ཀྱིས་རྩོད་པའི་དོར་ཕྱིར་སྡུད་བྱེད་དགོས་པ་བྱུང༌། མཁས་གྲུབ་རྗེས། ཨོཾ་བདེ་ལེགས་སུ་གྱུར་ཅིག བློ་བཟང་གསུང་གི་ལེགས་བཤད་མེ་ཏོག་ཕྲེང༌། ཞེས་པ་ནས། བཟང་པོ་ལས་གཞན་སྨྲ་བའི་སེང་གེ་གང༌། ཞེས་པའི་བར་གྱི་རྩོད་པའི་གླེང་སློང་བ་ནས་ཕྱི་བཀྱེད་བྱས་པའི་བར་གྱིས་ངོ་སྤྲོད་དང་འབྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་བསྒྲགས་གཏམ་སྙན་ངག་ཏུ་སྡེབ་ནས་རྒྱལ་རྩེ་ཆོས་སྡེའི་སྒོ་ཆེན་ལ་སྦྱར། ཆོས་རྗེ་ངོར་ཆེན་པས་དགག་བཞག་གི་གསུང་རྩོམ་འབྱོར་བའི་ལན་དུ་སྨྲ་བ་ངན་པ་འཐག་པར་བྱེད་པའི་གནམ་ལྕགས་ཀྱི་འཁོར་ལོ་ཞེས་པ་བརྩམས་ཏེ། རྟགས་བསལ་ཁྱབ་གསུམ་གྱིས་འཁོར་གསུམ་དང་དངོས་འགལ་ཕྲེང་བ་ལྟར་བསྒྲིགས་ནས་གནང་བར། དཔལ་ལྡན་ས་སྐྱ་བའི་ཁྲོད་དུ་སློབ་མ་འགས་དེ་དོན་ཁོང་ལ་ཞུས་པས། སྐྱོན་མེད་ལྕང་ར་ཆོས་མཛད་དང་ང་གཉིས་ཆོས་ཅན་མི་གཅིག་པས་ཡིན་གསུངས་པར། ངེད་ཀྱི་ངོར་བ་ཀུན་དགའ་བཟང་པོ་འདི། ། ལྕང་ར་ཆོས་མཛད་པ་དང་རྩོད་པའི་ཚེ། ། འཁོར་གསུམ་དངོས་འགལ་བརྒྱ་ཕྲག་བྱུང་ན་ཡང༌། ། ཆོས་ཅན་མི་གཅིག་གསུང་ལ་གསོལ་བ་འདེབས། ། ཞེས་པ་ད་ལྟའི་བར་དུ་གྲགས་པ་བཤད། དཔལ་འཁོར་ཆོས་སྡེའི་མཁན་ཐོག་དང་པོ་མཛད། དབྱར་གནས་ཀྱི་ལྗོངས་རྒྱུར་ཉང་སྟོད་རི་ནང་ཕེབས་ཏེ་སྤང་གཤོང་ཞིག་ཏུ་གསོལ་ཇ་མཛད་ནས་བཞུགས་པའི་སྐབས་གཞན་ཕྱོགས་ཀྱི་འཕྲུལ་ལས་གློ་བུར་དུ་གནམ་ནས་ཐོག་འབེབས་བྱུང་བ་དང་རྗེ་འདི་ཉིད་ཀྱིས་འཛུབ་རྩེས་འཁྲིད་ནས་རྒྱང་རིངགི་བྲག་རི་ཞིག་ལ་འཕངས། བ་སོ་ལྷུན་གྲུབ་བདེ་ཆེན་ཞིག་གསོ་སྐབས་སྨོན་འགྲོ་རྒྱལ་པོའི་ཆོ་འཕྲུལ་བསྟན་པར་འགུགས་ཞུགས་བྱས་ཏེ་འདུ་ཁང་གི་ཉེ་འཁོར་ཞིག་ཏུ་རྒྱལ་རྟེན་དང་བཅས་བསྐྲད། དུས་ཕྱིས་ས་ཕྱོགས་དེར་མི་དང་ཁྱི་སོགས་དྲན་པ་ཐོར་ཏེ་བརྒྱལ་བ་སོགས་ཡོང་སྐད། འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི་འོད་སྣང་ཕྱོགས་བརྒྱར་འབར་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ན། སྡེ་པ་རབ་བརྟན་རྩེ་བས་དཔལ་འཁོར་ཆོས་སྡེར་སླར་ཡང་གདན་དྲངས་ཀྱང་མ་བྱོན་པར་རི་བོ་མདང་ཅན་དུ་བྱོན་ནས་ཐུགས་དམ་ཉམས་བཞེས་དང་སྐུལ་ལྡན་གྱི་སློབ་མ་ཤིན་ཏུ་མང་པོར་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་བཀའ་ཁྲིད་དང༌། གསུང་རབ་ཀྱི་དགོངས་པ་འགྲེལ་པའི་ལེགས་བཤད་དུ་མ་གསར་དུ་རྩོམ་པ་སོགས་ཀྱིས་དུས་འདའ་ནས་བཞུགས། དགུང་ལོ་ཞེ་བདུན་པ་རབ་བྱུང་བདུན་པའི་ལྕགས་ཕག་༡༤༣༡ལོར་རྒྱལ་ཚབ་ཆོས་རྗེ་གནས་རྙིང་དུ་བཀའ་ཆོས་གསུང་ནས་བཞུགས་པ་དང་མཇལ་སྐབས་རྗེ་བླ་མའི་གསེར་ཁྲི་ལ་ཕེབས་དགོས་ཀྱི་ཞལ་ཏ་གནང༌། དེ་ནས་དབུས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་པ་དང་གཞུང་ལུགས་བརྒྱ་ཕྲག་ལ་བློ་འོད་འཕྲོ་བའི་གངས་ཅན་མཁས་པའི་ཁྱུ་མཆོག་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་པས་ཤིན་ཏུ་གུས་པས་སྣེ་འཁྲིད། གདན་ས་འབྲས་སྤུངས་པའི་སྡེ་སྣོད་འཛིན་པ་སྟོང་ཕྲག་དུ་མས་སེར་སྦྲེང་ཀྱིས་བསུ་བ་ཞུས། དེ་བཞིན་སེ་ར་ཕེབས་པར་རང་དང་གཞན་གྱི་གྲུབ་བའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོས་གཙོས་སེ་ར་བའི་དགེ་འདུན་སྟོང་ཕྲག་གིས་སེར་སྦྲེངས་ཀྱིས་བསུ་བ་ཞུས། དེ་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་པ་ན་ཤར་པ་རིན་ཆེན་རྒྱལ་མཚན་དང༌། ཧོར་སྟོན་ནམ་མཁའ་དཔལ་བ་སོགས། དགེ་ལྡན་པའི་གནས་བརྟན་བགྲེས་མགོ་ཚོས་གུས་ཞབས་དང་ཕེབས་བསུ་ལྷུར་ལེན་ཏེ་ལོ་དེ་རང་ལ་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་བླ་མའི་གསེར་ཁྲིར་མངའ་གསོལ། ཤིང་རྟ་ཆེན་པོ་གཉིས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པའི་ལེགས་བཤད་ཞྭ་སེར་རིང་ལུགས་གཙང་མའི་སྲོལ་བཟང་གི་རྒྱལ་མཚན་འཆད་རྩོད་རྩོམ་གསུམ་གྱིས་བླ་ནས་བླ་ན་འདེགས། བདེ་གསང་འཇིགས་གསུམ་དང་དུས་ཀྱི་འཁོར་ལོ་སོགས་ཀྱི་དབང་ལུང་མན་ངག་རྒྱ་ཆེར་བསྩལ། དགའ་ལྡན་དུ་གྲྭ་ཚང་བཞི་བཙུགས་ནས་འཆད་མཉན་གྱི་སྲོལ་བཏོད། དུས་ཕྱིས་ཤར་བྱང་གཉིས་སུ་ཐིམ། རྗེ་ཙོང་ཁ་པ་ཞི་བར་གཤེགས་རྗེས་སུ་ཤུགས་དྲག་གདུང་བས་གསོལ་བ་ཡང་ཡང་བཏབ་པ་ལས་སྒྱུ་ལུས་ཀྱིས་ཞལ་གཟིགས་ནས་གསུང་གིས་དབུགས་དབྱུང་བ་ཡང་ཐེངས་ལྔ་བྱུང་བ་དེ་ལ་རྗེ་གཟིགས་པ་ལྔ་ལྡན་དུ་གྲགས། མགོན་པོ་ཕྱག་དྲུག་པ་དང༌། དཔལ་ལྡན་ས་སྐྱ་པའི་མགོན་པོ་ཆེ་ཆུང་གཉིས། པུ་ཊ་མིང་སྲིང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་ཡུམ་དང་བཅས་པས་ཞལ་གཟིགས་ཤིང་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་བྲན་དུ་འཁོར། རྗེབཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་མཁས་གྲུབ་ཆོས་རྗེའི་གསང་བའི་རྣམ་ཐར་ལས་ཆ༡༢༠ཡང་ལན་ཅིག་མགོན་པོ་ཞལ་བཞི་པ་བྱོན་ནས། ས་སྐྱ་པ་རྣམས་ཀྱིས་བདག་ཉིན་མཚན་དུ་བསྒྲུབས་ནས་ཁྱོད་ལ་གཏོར་ཟོར་ནང་མར་འཕེན་གྱིན་འདུག ། བླ་མའི་བཀའ་བསྒོ་ང་ཁོང་ཚོས་རྦད་པའི་སྣ་ལ་འོངས་ཁྱོད་ཀྱི་རྩར་སླེབ་པ་དང༌། ཨེ་ཙམ་བསྟན་པ་འཛིན་མཁན་གཅིག་འདུག་པ་འདི་མེད་ན་ཅི་ཙུག་བྱེད། ཀླུ་སྒྲུབ་ཀྱི་ལྟ་བ་ནས་ལེགས་པར་བརྒྱུད་པའི་རྗེ་བླ་མ་ཡབ་སྲས་ལ་གནོད་པ་བསྐྱལ་ནས་སུ་ལ་སྐྱོབ་སྙམ་ནས་ལོག་ཕྱིན། འོན་ཀྱང་མི་ཁྱོད་སོང་ནས་མ་སྡོད་པར་ཟོན་རེ་གྱིས་གསུང་ངོ༌། ། ཡང་མགོན་པོ་ཞལ་བཞི་པ་བྱོན་ནས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་འདི་བསྟན་པའི་སྲོག་ཤིང་དུ་འདུག་ཅིང་ཁྱད་པར་ཀླུ་སྒྲུབ་ཀྱི་ལྟ་བ་རྣམ་དག་འདི་མིན་པ་སུས་ཀྱང་ཤེས་པ་མི་འདུག་པས་འདི་ལ་འཁོར་གྱིན་ཡོད་ནའང་གཏོར་མ་རེ་ཡང་སྟེར་མ་ཉན་ཨ་རེ་ཚིག་པ་ཟ་རེ་བྱུང་གསུང་ངོ༌། ། ཞེས་གསུངས་པ་ལས་ཀྱང་དཔོག་ནུས་པ་ཡིན་ནོ། ། ཐེངས་ཤིག་དབྱངས་ཅན་མའི་ཞལ་གཟིགས་ནས་ད་ལྟར་གངས་རིའི་ལྗོངས་ན་ཁྱོད་ལས་སྙན་ངག་མཁས་པ་སུ་ཡང་མེད། འོན་ཀྱང་ཐུགས་རྒྱལ་གནང་མི་ཉན་ཞེས་ལུང་བསྟན། ལྟ་སྤྱོད་སྒོམ་གསུམ་གང་ལའང་རྗེ་བླ་མའི་བཞེད་པ་ལས་ཅུང་ཟད་ཙམ་ཡང་མི་འདའ་བར་མཛད་དེ། གཞན་ཕྱོགས་ཀྱི་སྨྲ་བ་ངན་པ་རྣམས་རྩོད་པས་ཕམ་པ་དང་རང་ཕྱོགས་ཀྱི་ལྟ་སྤྱོད་མི་མཐུན་པ་རྣམས་ལུང་རིགས་ཀྱི་དཔྱོད་པ་སོགས་མདོར་ན་རྗེ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ད་ལྟའི་བར་དུ་གྲ་མ་ཉམས་པ་གནས་ཐུབ་པ་བྱུང་བ་ནི། རྗེ་འདི་ཉིད་ཀྱིས་ཐུགས་རྗེ་ལ་བརྟེན་ནས་ཡིན་པས་བཀའ་དྲིན་ཤིན་ཏུའང་ཆེ་ལ། དེར་བརྟེན་རྗེ་བླ་མའི་ནང་སྲས་ཀྱི་ཐུ་བོ་གཅིག་པུར་བགྲངས་པར་བྱེད་དོ། །མཐར་དགུང་ལོ་ང་བཞི་པ་རབ་བྱུང་བདུན་པའི་ས་རྟ་༡༤༣༨ལོར་དགའ་ལྡན་དུ་ཞི་བར་གཤེགས་པའི་གདུང་རྟེན་དངུལ་གྱི་མཆོད་སྡོང་རྗེའི་གསེར་སྡོང་ཆེན་པོའི་གཡོན་ཕྱོགས་ཀྱི་དང་པོར་བཞུགས། རྗེ་འདིའི་སྐྱེས་རབས་སྔོན་མ་ནི་རིགས་ལྡན་འཇམ་དབྱངས་གྲགས་པ་དང༌། ཉན་ཐོས་རབ་འབྱོར། རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད། རྡོ་རྗེ་གདན་དུ་ཀརྨ་དེ་བ། སློབ་དཔོན་ཆོས་ཀྱི་གྲགས་པ། མཁས་གྲུབ་ལྷ་དབང་བློ་གྲོས། བོད་དུ་བཻ་རོ་ཙཱ་ན། ཨ་བྷ྄ཡ་ཀ་ར། སྣ་སྣམ་ཡེ་ཤེས། འགོས་ལོ། བསོད་ནམས་བླ་མ། ས་པཎ་སོགས་ཡིན་ཞིང༌། སྐུ་ཕྲེང་ཕྱི་མ་ནི་བསོད་ནམས་ཕྱོགས་ཀྱི་གླང་པོ་ནས་ཉེ་བར་བཟུང་ད་ལྟའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་བར་རིམ་པར་བྱོན་ཅིང༌། མ་འོང་ཤམ་བྷ་ལ་རུ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་སྐྱེ་བར་བཞེས་ཏེ་ཀླ་ཀློའི་སྡེ་རྣམས་བཅོམ་ནས་ཤམ་བྷ་ལ་རུ་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བར་ཡང་བཤད་དོ། །འདིའི་གསུང་གི་ལེགས་བཤད་ནི། ཕར་ཕྱིན་རྟོགས་དཀའི་སྣང་བ་དང༌། འདུལ་བ་ཐུབ་བསྟན་བྱི་དོར། ཚད་མའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ། དབུ་མ་སྟོང་ཐུན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་སོགས་དཔྱད་གསུམ་དག་པའི་ལེགས་བཤད་པོད་ཆེན་བཅུ་གཉིས་ཙམ་བཞུགས། རྗེས་འཛིན་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་བཞི་པ་ཞ་ལུ་ལེགས་པ་རྒྱལ་མཚན། ལྔ་པ་བློ་གྲོས་ཆོས་སྐྱོང༌། དྲུག་པ་ཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་ཤེས་རབ་སེང་གེ མཁས་ཆེན་བསོད་ནམས་མཆོག་གྲུབ། ཀུན་མཁྱེན་འཕགས་པ་འོད། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན། ཞང་ཞུང་ཆོས་དབང་གྲགས་པ། ཆོས་རྗེ་དོན་གྲུབ་དཔལ་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཆང་བའི་སྐྱེས་ཆེན་དམ་པ་ཤིན་ཏུ་ཡང་མང་པོ་བྱུང༌། །