དགའ་རུ་དགོན།
མཚན་གཞན་ལ། ལ་རྩད་ཨ་ནིའི་དགོན་ཞེས་ཞུ། ཐོག་མར་གནས་དེར་དགེ་སློང་ཨུཏྤ་ལ་ཞབས་སྐོར་དུ་ཕེབས་སྐབས་“ཨང་སྐྱིད་པོ་”ཞེས་པ་ནས་རི་ཁྲོད་མཇལ་བས་ལ་ཆུང་དེར་“དགའ་རུ་ལ་”ཐོགས་ཞེས་གསུངས་ཏེ་དགའ་རུ་ལ་རྩེར་མཆོད་རྟེན་ཞིག་ཀྱང་བཏབ་གནང་མཛད་ཅེས་གསུངས།
དེ་ནས་སྤྱི་ལོ་༡༩༨༧ལོར་སྐུ་ཞབས་མཐུ་སྟོབས་ལགས་ཀྱིས་གཙོ་བོ་གནང་བའི་དད་ལྡན་པ་ཚོས་ཐོག་མར་དབྱེན་འདུམ་མཆོད་རྟེན་ཞིག་བཞེངས་རྩིས་གནང་བ་ལ་མཆོད་རྟེན་གྱི་རྨང་འབྲུ་སྐབས་ཟངས་མདོག་དཔལ་རིའི་སཙྪ་ཐོན་པས་མཆོད་རྟེན་དེ་བདུད་འདུལ་མཆོད་རྟེན་དུ་བསྒྱུར། མཆོད་རྟེན་གྱི་གཟུངས་སུ་དགེ་སློང་ཨུཏྤ་ལ་ཡི་ན་བཟའ་དང་། བཞེས་ཆས། གུ་རུ་ཆོས་དབང་གི་སྐུ་ཤ་སོགས་ནང་རྟེན་དུ་ཕུལ། སྒོ་འཁྱིམས་ནང་དུ་གུ་རུ་རིན་པོ་ཆེའི་སྐུ་བརྙན་བཅས་ཕུལ། དེ་ནས་རིམ་བཞིན་དབྱེན་འདུམ་མཆོད་རྟེན་དང་། རྣམ་རྒྱལ་མཆོད་རྟེན། བྱང་ཆུབ་མཆོད་རྟེན་སོགས་གསར་བཞེངས་གནང་། དེ་ནས་རིན་ཆེན་སྒང་དགོན་པའི་ཚབ་ཏུ་བཙུན་མའི་དགོན་དེ་བཞེངས་པར་མཛད། སྨན་བླ་དང་། བླ་མཆོད། སྒྲོལ་ཆོག་སོགས་ཕྱག་བཞེས་གནང་སྟེ་སྤུངས་རིའི་དུར་ཁྲོད་དུ་སྨོན་ལམ་གསུང་བ་སོགས་ལ་ཕེབས་པ་ཡིན། འདུ་ཁང་ཀ་རིང་གཉིས་དང་། ཀ་ཐུང་བརྒྱད་ཀྱི་གདོང་གྲལ་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། རྗེ་ཡབ་སྲས་གསུམ་སོགས་ཀྱི་སྐུ་བརྙན། གཙང་ཁང་ནང་དུས་གསུམ་སངས་རྒྱས་ཐོག་སོ་གཅིག་ལྷག་དང་འབྲེལ་བའི་གནས་བརྟན་བཅུ་དྲུག་བརྐྱངས་ཁྲུ་གང་ལྷག་ཙམ་དང་སྨན་བླ་བདེ་གཤེགས་བརྒྱད་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།
གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ་གྱིས་བརྩམས།