དགའ་བ་
དགའ་བ་ཞེས་པ་ནི་སེམས་ཀྱི་རྒྱུད་ལ་ཆོས་དང་བཟང་པོའི་དངོས་པོ་མཐོང་སྐབས་རྣམ་པར་དཀར་བའི་དགའ་སྐྱིད་སྐྱེ་བ་དང་། འདོད་པ་རབ་ཏུ་ལྷགས་པའི་སེམས་ཀྱི་རྒྱུད་ཅིག་ལ་གོ། །མདོ་སྡུད་པའི་གཞུང་ནང་དུ་དགའ་བ་ཞེས་པའི་ཐ་སྙད་ཆོས་ལ་ཞུགས་པའི་སེམས་ཀྱི་འབྱུང་ཁུངས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སྦྱོར་བ་སོགས་ཀྱི་སྐབས་སུ་ཀུན་འབྱུང་མཛད་འདུག
སྒྲ་བཤད།
[རྩོམ་སྒྲིག]"དགའ་བ་ནི་མངོན་པར་འདོད་པའོ། །"[༡]ཞེས་དོན་དངོས་སུ་སེམས་པ་རང་གི་ཡུལ་གང་རུང་ལ་རབ་ཏུ་ཞེན་པ་དང་འདུན་པ་ཞེས་པའི་བར་དོར་ཡོད་པ་ཞིག་ལ་གོ། །"ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་རང་ཉིད་ངག་ལ་དབང་བར་བསྟན་པས་བདག་ཉིད་ལ་གུས་པ་བསྐྱེད་པའི་ཕྱིར་བསྡུས་ནས་བསྟན་པས་ཡང་དག་པར་དགའ་བའི་ཕྱིར་རོ། །"[༢]ཞེས་གསུངས་པ་ལྟར་རང་ཉིད་ལ་འཇུག་པའི་ཆོས་ལ་དགའ་བ་སྐྱེ་རུ་འཇུག་པའི་དོན་དུ་གསུངས་འདུག
དབྱེ་བ།
[རྩོམ་སྒྲིག]ཆོས་ལ་དགའ་བ་ "ཆོས་ལ་ཉན་པའི་སེམས་ཀྱིས་ཆོས་དང་སྟོན་པ་ལ་དགའ་བ་དང་གུས་པ་ཆེན་པོ།"[༣] ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་འཁོར་བཞི་པོ་དག་ལ་ཆོས་ལ་ཉན་པའི་སེམས་ཀྱིས་ཆོས་དང་སྟོན་པ་ལ་དགའ་བ་དང་གུས་པ་ཆེན་པོ་དང༌། ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དད་པའི་མཆོག་ཉེ་བར་བཞག་པར་གསུངས་སོ། །སངས་རྒྱས་ཀྱི་ས་ལ་དགའ་བ། "སངས་རྒྱས་ཀྱི་ས་ཡོངས་སུ་ཐོབ་པར་དགའ་བའི་བྱང་ཆུབ་སེམས་པའི་སློབ་པ།"[༤] ཞེས་གསུངས་པ་ལྟར་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་ཡོངས་སུ་འཛིན་ལ། དེའི་དབང་གི་ཉོན་མོངས་སྡུག་བསྔལ་ལས་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ས་ཡོངས་སུ་ཐོབ་པར་དགའ་བའི་བྱང་ཆུབ་སེམས་པའི་སློབ་པ་ཡིན་ནོ། །སྦྱིན་པ་གཏོང་བ་ལ་དགའ་བ། གླིང་ཐོབ་པ་ལ་དགའ་བ་སྐྱེ་བ་གླིང་བཞི་ལེགས་པར་བརྒྱན་པའི་ལོངས་སྤྱོད་ཐམས་ཅད་འཆིལ་མའི་ཐལ་བ་དང་འདྲ་བར་ཤེས་ནས། གཞན་ལ་བྱིན་ནས་བཏང་ན་དགའ་བར་འགྱུར་གྱི་གཞན་གྱི་བདག་ལ་བྱིན་ནས་གླིང་ཐོབ་པ་ལ་དགའ་བ་སྐྱེ་བ་དེ་ལྟ་བུ་མིན་ནོ། །བྱང་ཆུབ་སེམས་དཔའི་དགའ་བ། "འདི་ལྟར་ཤེས་རབ་ཀྱི་གདུགས་བཟུང་བས་ཆོས་རྣམས་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་རྟོགས་ཤིང། ཐབས་ཀྱི་གདུགས་བཟུང་བས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་འདས་ལ་རེག་པ་མེད་ལ་ཇི་སྙེད་པའི་ཆོས་ཀུན་ཀྱང་མཐོང་བར་འགྱུར་རོ། །"[༥]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ལ་མཁས་པ་དང་ཡིད་སྙིང་རྗེར་གནས་པ་གང་གིས་ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་སུ་བཟུང་སྟེ་གནས་པའི་དགའ་བ་ཡིན་ནོ། །རྗེས་སུ་ཡི་རང་བའི་དགའ་བ། "བྱང་ཆུབ་སེམས་དཔའ་དགའ་བས་རྗེས་སུ་ཡི་རང་ཞིང་དེའི་དགེ་བ་རྣམས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ནི་ཐམས་ཅད་བསྔོའོ། །"[༦]ཞེས་གསུངས་པ་ལྟར་འདི་ནི་བསྔོ་བ་སྒོམ་ལམ་གྱི་སྐབས་སུ་བྱང་ཆུབ་སེམས་དཔའ་སྔོན་གྱི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་དགེ་བ་ལ་དགའ་བས་རྗེས་སུ་ཡི་རང་བ་དང་། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་གསུངས་འདུག
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། མདོ་སྡུད་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༧
- ↑ སློབ་དཔོན་སེངྒེ་བཟང་པོ། མདོ་སྡུད་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༧
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༢
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༣༧
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༧༣b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༡༩a