དཀོན་མཆོག་
དཀོན་མཆོག་ཅེས་པ་ནི་ནང་པའི་ཆོས་ལུགས་ཀྱི་སྐྱབས་གནས་གཙོ་བོ་སྟེ། སངས་རྒྱས་དང་ཆོས། དགེ་འདུན་གསུམ་ལ་ཟེར་བ་ཡིན། འདི་ནི་ནང་པ་ཚོས་སྐྱབས་སུ་འགྲོ་བའི་ཡུལ་གཙོ་བོ་ཡིན་ལ། ཡོན་ཏན་ཁྱད་པར་ཅན་རྣམས་ལ་བརྟེན་ནས་དཀོན་མཆོག་ཅེས་མིང་བཏགས་པ་ཡིན།
སྒྲ་བཤད།
[རྩོམ་སྒྲིག]དཀོན་པ་ཞེས་པ་ནི་རྙེད་པར་དཀའ་ཞིང་འབྱུང་བ་དཀོན་པ་ལ་གོ་བ་དང་། མཆོག་ཅེས་པ་ནི་ཡོན་ཏན་དུ་མ་ཡི་ཕུན་སུམ་ཚོགས་པ་ཞེས་པའི་དོན་ཡིན།
དབྱེ་བ།
[རྩོམ་སྒྲིག]སངས་རྒྱས་དཀོན་མཆོག མ་རིག་པའི་གཉིད་ལས་སངས་ཞིང་ཤེས་བྱ་ཐམས་ཅད་ལ་རྒྱས་པས་ན་སངས་རྒྱས་ཞེས་བརྗོད། "དེ་ཡང་། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨོ་འདབ་ལྟར་རྒྱས། །དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །"[༡]ཞེས་གསུངས་པ་ལྟར་རོ། །
ཆོས་དཀོན་མཆོག ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་ཏེ། "ཆོས་ཀྱི་སྐུ་ནི། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་པ་ལྟར་རྟོགས་པའི་ཆོས་སྐུ་ཆོས་དབྱིངས་དག་པ་གཉིས་ལྡན་ཟག་མེད་ཀྱི་ཡེ་ཤེས་དང་དབྱེར་མེད་པའོ། །"[༢]ཞེས་གསུངས།
དགེ་འདུན་དཀོན་མཆོག བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཏེ། "སྲས་ནི། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པ་ལྟར། བདེ་གཤེགས་ཀྱི་རིགས་སུ་སྐྱེས་པའམ། དེའི་གདུང་འཚོབ་ནུས་པས་ན། དེའི་སྲས་བྱང་སེམས་འཕགས་པ་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ།"[༣] ཞེས་གསུངས་པ་ལྟར་རོ། །
ཕན་ཡོན།
[རྩོམ་སྒྲིག]དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་ཕན་ཡོན་ནི། "ཐར་པའི་ས་བོན་ཐེབ་པ་དང་། ནང་པའི་གྲལ་དུ་ཚུད་པ་དང་། འཇིགས་པ་ལས་སྐྱོབ་ཅིང་བྱང་ཆུབ་ཐོབ་པར་འགྱུར་བ་ལ་སོགས་པ་སྟེ།"[༤] ཞེས་གསུངས་སོ། །
དཀོན་མཆོག་གསུམ་གྱི་བསླབ་བྱ།
[རྩོམ་སྒྲིག]"སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བར་འཁོར་བའི་ལྷ་ལ་གཏན་གྱི་སྐྱབས་སུ་བཟུངས་ནས་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མཚན་རྨི་ལམ་དུ་ཡང་མི་བྱ་བར་ཅི་ནུས་སུ་འབད་པས་བསྲུང༌། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དངོས་དང་རང་གི་བླ་མ་དང་ཆོས་ལ་མི་དད་ཅིང་སྐུར་བ་འདེབས་པ་དང་མི་འགྲོགས་"[༥]ཞེས་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་ངོས་ 29
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 5
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 5-6
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་ངོས་ 124
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་ངོས་ 121-122