ད་ལྟ་འཛམ་བུ་གླིང་འདིར་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ་ག་ཚོད་ཡོད་དམ་

ཡོང་ཁུངས་Wikipedia

སྤྱིར་འཛམ་གླིང་གི་ཨེ་ཛིའི་ནད་པའི་ཁྱབ་འབྱམས་ཀྱི་རྣམ་པ་ཡིན་ནའང་འདྲ།ཀྲུང་གོའི་ཨེ་ཛིའི་ནད་པའི་ཁྱབ་འབྱམས་ཀྱི་རྣམ་པ་ཡིན་ནའང་འདྲ། ཚང་མར་གཞུང་ཕྱོགས་དང་གཞུང་མིན་ཚོགས་པ། མི་སྒེར་བཅས་བརྩིས་གྲངས་རྣམ་པ་མང་པོ་ཡོད་ལ།སོ་སོའི་གྲངས་ཀར་ཐོད་མི་ཐུག་པ་མང་པོ་ཡོད་ཅིང་། སྐབས་རེ་ཧེ་བག་ཀྱང་ཤིན་ཏུ་ཆེན་པོ་ཡོད་པའང་ཡོད། དེས་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་བསྒྲགས་བྱས་པའི་རྒྱལ་ཁབ་ག་གེ་མོའི་ཨེ་ཛིའི་ནད་པ་དང་རྒྱལ་ཁབ་དེ་གའི་རིམས་འགོག་ལྟེ་གནས་ཀྱིས་སྤྱི་བསྒྲགས་བྱས་པའི་ཨེ་ཛིའི་ནད་པའི་གྲངས་ཀ་སོགས་ལའང་ཐོད་ཐུག་གི་མེད་པ་ཁ་ཤས་ཡོད།ཡིན་ནའང་། དེ་རིང་ངས་འདིར་དཔྱད་གཞི་བྱས་ཡོད་པ་ནི་སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་མཚན་ནད་དང་ཨེ་ཛིའི་ནད་ཡམས་འགོག་བཅོས་ཚོགས་པས་མཁོ་འདོན་བྱས་པའི་ཀྲུང་གོ་རྒྱལ་ཁབ་ཀྱི༢༠༡༢ལོའི་འཛམ་གླིང་ཨེ་ཛིའི་ཉིན་མོའི་སྙན་ཞུ་ཞིག་ཡིན་ཏེ། ༢༠༡༡ལོའི་ལོ་མཇུག་ཏུ་འཛམ་གླིང་ཡོངས་ལ་ད་ལྟ་འཚོ་ཞིང་གནས་པའི་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ་ཁྲི་༣༤༠༠ཡོད་ཅིང་།༢༠༡༡ལོ་རྐྱང་བོར་གསར་རྙེད་ཀྱི་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ་ཁྲི་༢༥༠ ཡོད་ཅིང་།ལོ་དེར་ཨེ་ཛི་དང་འབྲེལ་བའི་དོན་རྐྱེན་གྱིས་ཚེ་སྲོག་ཤོར་བའི་མི་གྲངས་ཁྲི་༡༧༠ ཡོད་པར་བཤད་ཅིང་། ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན།༢༠༡༢ལོའི་ཟླ་༡༠པའི་ཟླ་མཇུག་ཕན་བསྡོམས་པའི་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ་༤༩༢༡༩༡ཡོད་ཅིང་།དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆ་༣༦བཟུང་ཡོད་པར་བཤད། ཀྲུང་གོ་རྒྱལ་ཁབ་ཏུ་ད་ལྟ་འཚོ་ཞིང་གནས་པའི་ཨེ་ཛིའི་ནད་དུག་ཅན་དང་ནད་པ་༣༨༣༢༨༥ཡོད།༢༠༡༢ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་གསར་རྙེད་ཀྱི་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ་༦༨༨༠༢ཡོད། གཞན་ཡུན་ནན་ཞིང་ཆེན་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཨེ་ཛིའི་ནད་དུག་ཅན་དང་ནད་པ་ཆེས་མང་བའི་ཞིང་ཆེན་ཞིག་ཡིན་པས་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་༢༣་༩༦བཟུང་ཡོད་ལ།ཡུན་ནན། ཀྭང་ཞིས། ཤིན་ཅང་། ཀྭང་ཏོང་། སི་ཁྲོན་བཅས་ཞིང་ཆེན་དག་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཨེ་ཛིའི་ནད་དུག་ཅན་དང་ནད་པ་ཆེས་མང་བའི་ས་ཁུལ་ཡིན་པར་བཤད།༢༠༡༢ལོར་མཚོན་ན་ཀྲུང་གོའི་ཆ་སྙོམས་ཀྱི་ཉིན་རེའི་ཨེ་ཛིའི་ནད་དུག་ཅན་དང་ནད་པ་གསར་རྙེད་བྱུང་ཚད་མི་གྲངས་༢༢༠ཙམ་ཡིན་ལ།དེ་ནི་ད་ལྟ་རྒྱལ་ཁབ་ཀྱི་དོ་དམ་ལེགས་བཅོས་དང་སྒྲིག་ཆས་གསར་འཛུགས་བྱས་པའི་གྲུབ་འབྲས་ཡིན་ཞིང་།མ་འོངས་པར་གང་མྱུར་གྱིས་ཨེ་ཛིའི་ནད་པ་གར་ཡོད་དང་སུ་ཡིན་གཏན་འཁེལ་བྱུང་ཐུབ་ན་རྒྱལ་ཡོངས་ཀྱི་ཨེ་ཛིའི་ནད་དུག་ཅན་དང་ནད་པར་སྨན་བཅོས་དང་བདག་སྐྱོང་བྱ་བའི་ལས་ཆོད་ཇེ་ཆེར་འགྲོ་ཐུབ་ལ།མ་འོངས་པར་ཨེ་ཛིའི་ནད་ངན་འདི་ཚོད་འཛིན་བྱ་བར་ཡང་ཕན་ཐོགས་ཆེན་པོ་ཡོད་པར་བཤད། དེ་བཞིན་དུ་བོད་ཡུལ་གྱི་དབུས་གཙང་དང་ཨ་མདོ།ཁམས་པ།རྒྱལ་ཕྱིར་ཡོད་པའི་བོད་པ་བཅས་ཚང་མའི་ནང་དུ་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ་ཡོད་པར་བཤད་ཅིང་། སྤྱིའི་ཆ་ནས་ད་དུང་བོད་ཁུལ་གྱི་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པའི་གྲངས་འབོར་འདི་དབྱི་རིགས་དང་ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས་དང་བསྡུར་ན་ཤིན་ཏུ་ཉུང་ཉུང་ཡིན་རུང་།ད་ལྟ་ལོ་རེའི་འཕར་ཚད་ཤིན་ཏུ་མགྱོགས་པོ་ཡིན་པས་ངེས་པར་ཏུ་སྔོན་འགོག་ནན་མོ་བྱ་དགོས་ལ།ངེས་པར་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུངས་བ་བཞིན། མི་དམངས་ཡོངས་རྫོགས་མཉམ་ཞུགས་དང་།ནུས་པ་ཡོད་ཚད་རྩལ་སྤྲུགས། ཕྱོགས་ཡོངས་ནས་སྔོན་འགོག་བཅས་བྱ་དགོས་ཞེས་སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་ཅིག་གིས་གསུངས་སོ།།