ཐོན་མིའི་ཞལ་ལུང་

ཡོང་ཁུངས་Wikipedia

༄༅། །གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བ་བཤད་པ། ༄༅།།དངོས་འཛིན་ཚང་ཚིང་གཅོད་པའི་རལ་གྲི་དང་།། ཟབ་དོན་གླུ་རུ་ལེན་པའི་པུསྟི་ཀ ། བསྣམས་པ་གང་དེའི་མཁྱེན་རབ་བདུད་རྩི་ཡིས།། བདག་གི་སྒོ་གསུམ་རྣམ་ཀུན་བརླན་པར་མཛོད།། སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་སོགས།། མཁས་དགུ་བག་ཡངས་སྤྱོད་པའི་ཡོན་ཏན་མཛོད།། ཅི་དགར་ལག་ཏུ་གཏོད་མཛད་བདག་གི་བཤེས།། སྲིད་མཐའི་བར་དུ་སྤྱི་བོའི་རྒྱན་དུ་བསྟེན།། བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་གཟུགས།། མཚུངས་མེད་རྣམ་དཔྱོད་མཆོག་གིས་ཉེར་བཟོས་ཏེ།། སཱ་ལའི་ལྗོངས་སུ་རིག་པའི་སྒོ་འབྱེད་མཁན།། སློབ་དཔོན་ཐོན་མི་མཆོག་ལ་གུས་པས་འདུད།། གང་གི་མཁྱེན་རབ་རྒྱ་མཚོའི་ཀླུང་ཡངས་ལས།། ཉེ་བར་ཐོན་པའི་སུམ་རྟགས་ཡིད་བཞིན་ནོར།། རིས་མེད་སྐྱེ་འགྲོ་ཡོངས་ཀྱི་དགའ་སྟོན་སླད།། གོ་སླའི་ངག་གིས་རྒྱ་ཆེར་དབྱེ་བར་བྱ།། ད་ལྟའི་གདུལ་བྱའི་བློ་དང་འཚམ་པ་ཡིན་གྱི་གཏིང་དཔོག་དཀའ་བའི་མདུད་རྒྱས་བཅིངས་པ་མིན།། རྣམ་དག་ཁུངས་དང་གཏུགས་པའི་གཞུང་ལུགས་ཡིན་གྱི་གཞན་གྱི་ཚིག་རིས་ཇི་བཞིན་བཤུས་པ་མིན།། དགག་གཞག་ཟེའུ་འབྲུ་སྤུངས་པའི་འདབ་བརྒྱ་ཡིན་གྱི་ཚིག་ཟིན་ངོ་གདོང་གཉེར་བའི་སྡོང་སྐམ་མིན།། བློ་གྲོས་གཤོག་ལྡན་བུང་བའི་དགའ་སྟོན་ཡིན་གྱི་ཐོས་བརྩོན་ནོར་གྱིས་དབུལ་བའི་སྤྱོད་ཡུལ་མིན།། དེ་སླད་ཚུལ་འདིར་འཇུག་འདོད་པའི།། བློ་གསལ་སྐལ་བཟང་ཤེས་ལྡན་དག ། ཚིམ་མེད་དོན་དུ་གཉེར་བའི་བློས།། བརྡ་སྤྲོད་རྒྱ་མཚོར་རོལ་བར་མཛོད།། དང་པོ། སུམ་རྟགས་མཛད་པ་པོ་སློབ་དཔོན་ཐོན་མིའི་ཆེ་བ། ༡ བོད་ཡིག་གསར་བཟོ་བྱེད་དགོས་པའི་རྐྱེན། དེ་ཡང་སྔོན་འདས་པའི་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་ཙམ་སོང་བའི་དུས་རབས་བདུན་པའི་སྟོད་ཀྱི་ཆར། བོད་རྒྱལ་གནམ་རི་སྲོང་བཙན་གྱིསྲས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་བཞེས་པ་ས་མོ་གླང་གི་ལོར། (སྤྱི་ལོ་༦༢༩) རྒྱལ་སྲིད་གསར་དུ་སྐྱོང་དུས་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པ་ན། ཤར་ན་རྒྱ་ནག་དང་ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་ཡན། བྱང་ན་ཁྲོམ་དང་གེ་སར་ཏེ། མཐའ་བཞིའི་རྒྱལ་བོ་རྒྱལ་ཕྲན་དང་བཅས་པས་སྟོན་ཀའི་སྤྲིན་གྱི་འདུ་འགོད་དང་མཚུངས་པའི་ཕོ་ཉ་ཡང་ཡང་མངགས་ནས་བོད་རྒྱལ་ལ་རང་རང་གི་རྒྱལ་ཁམས་ཀྱི་ཡི་གེར་བཀོད་པའི་འཚམ་ཞུའི་འཕྲིན་ཡིག་དང་འཚམ་སྐྱེས་སུ་རིན་ཐང་གཞལ་དུ་མེད་པའི་རྟེན་མཚོན་འདི་དང་འདི་ཡོད་དོ་ཞེས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ནས་བསྐུར་བ་ལ། དེ་དུས་བོད་རང་ལ་ཡི་གེ་མེད་པས་སྐྱེས་ལན་དང་འཕྲིན་ལན་ལ་རྒྱལ་ཁམས་དེ་དང་དེའི་ཡི་གེ་ལྟར་འབྲི་བའམ། ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བ་དེར་སྲོང་བཙན་གྱི་དགོངས་པ་ལ། རང་ཅག་བོད་ལ་ཡི་གེ་མེད་པ་འདིས་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་བྱེད་མི་ཐུབ་པ་དང་། རྒྱལ་ཁམས་གཞན་གྱིས་འཕྱ་བའི་གནས་སུ་ཡང་འགྱུར་ན། ད་ནི་རྒྱལ་ཁམས་གཞན་གྱི་ཡི་གེ་ལ་རག་མ་ལས་པར། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་ཐུགས་ཀྱི་དམ་བཅའ་བརྟན་པོ་བཅས་སོ།། ༢ ཐོན་མི་རྒྱ་གར་དུ་མངགས་པ། དེའི་ཚེ་བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ན་ཡང་། ལ་ལ་ལམ་བགྲོད་དཀའ་བ་ལ་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་ཕྱིན་ཀྱང་ཚད་པས་ཤི། ལ་ལ་རྒྱ་སྐད་མ་ཤེས་པར་ཕྱིར་ལོག དེ་ནས་རྒྱལ་བོས་སླར་ཡང་ཐོན་མི་སམྦྷོ་ཊ་ཞེས་བྱ་བའི་ཁྱེའུ་ངང་ཚུལ་བཟང་བ། བློ་གསལ་བ། དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན། གཞན་ཕན་གྱི་ལྷག་བསམ་དཀར་བ་ཞིག་ཡོད་པ་དེ་ལ་བཀའ་གནང་ཞིང་། གསེར་བྱེ་བྲེ་གང་ལ་སོགས་པའི་རྫོངས་པ་བཅས་རྒྱ་གར་དུ་བཏང་ངོ་། །རྒྱལ་རབས་གསལ་བའི་མེ་ལོང་དུ། བློ་རྣོ་བ་བདུན་མངགས། ཞེས་དང་། བུ་སྟོན་གྱིས། ཐོན་མི་འཁོར་བཅུ་དྲུག་དང་བཅས་པ་བྱོན། ཅེས་གསུངས་པ་ལ་བརྟགས་ན། གོང་གི་བློན་པོའི་བུ་བཅུ་དྲུག་མངགས་པ་དེ་དང་རེབ་ཐེངས་གཅིག་ཏུ་བཞེད་པར་སྣང་ངོ་།། བོད་མཁས་པས་བརྩམས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་གྱི་ལུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་ཡི་གེའི་བཤད་པར་བཀོད་པ་ལྟར་ན། དེའི་ཚེ་བློན་པོའི་མཆོག་འགར་སྲོང་བཙན་ཡུལ་སྲུང་གཡོག་དང་བཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་སྟེ། ཏ་ལ་ཁ་ཏི་རྣམ་གསུམ་གྱི་སར་ཕྱིན་པ་ན་གཡོག་ཕལ་ཆེར་ལ་ས་ཆུ་མ་འཕྲོད་པས་ཤི། འགར་རང་ཉིད་ཀྱང་འཆི་བར་དོགས་ནས་སླར་ལོག དེ་ནས་སྲོང་བཙན་གྱིས་ལྟོ་གཉལ་བ་ནས་ཐོན་མི་སྣང་གྲགས་ཞེས་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ཁྱོད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་མི་ཐུབ་དྲིས་པ་ན། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས་སོ། །དེ་ནས་ཕོ་ཉའི་མགོ་དཔོན་དུ་སྟག་རོ་ལོ་ཤོག་ཟེར་བ་བསྐོས་ཏེ་གཡོག་ལྔ་བརྒྱ་སྤྲད་པ་དང་། ཐོན་མིས་ཧ་ཅང་མང་བ་འདི་དག་གིས་ཅི་བྱེད། བཅུས་འཚལ་ལོ་ཞེས་གསོལ་ནས་དཔོན་གཡོག་བཅུ་གཉིས་ལ་མཁོ་བའི་ཆས་ཀ་དང་། རྒྱ་གར་རྒྱལ་བོ་དཔལ་སྦྱིན་བྱེད་བཱི་ན་ལྟ་ཆེན་ཞེས་པ་ལ་འཚམ་སྐྱེས་ཀྱི་བསྐུར་མ་ངག་འཕྲིན་དང་བཅས་པ་གནང་ནས་བརྫངས། ལམ་ནས་ནེ་པ་ལ་བལ་བོ་རྒྱལ་བོ་ལ་སྐྱེས་ཕུལ་ཏེ་ཚད་པ་ལ་ཕན་པའི་སྨན་ག་པུར་དང་། ཅུ་གང་དང་། ཙན་དན་གྱི་ཆུ་ལ་སོགས་པ་བསྩལ་བ་བསྟེན་ཅིང་སོང་བས་ཅི་ཡང་མ་གནོད་པར་རྒྱ་གར་དུ་བདེ་བར་བརྟོལ། ཞེས་འབྱུང་ངོ་།། ༣ ཐོན་མིའི་འཁྲུངས་ཡུལ་དང་ཡབ་དང་མཚན་ལ་མཁས་པའི་བཞེད་པ་མང་ཚུལ། སྔོན་གྱི་མཁས་པས་བརྩམས་པའི་བསྟན་བཅོས་རྣམས་སུ། ཐོན་ལུག་ར་ཁ་བ་ནས་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་ཞེས་འདོད་པ་དང་། འགའ་ཞིག་གིས་ལྷོ་གཉལ་བ་སྣང་གྲགས་ཀྱི་བུ་ཨ་ནུ་སམྦྷོ་ཊ། སམྦྷོ་ཊ་རྒྱ་སྐད་དུ་འདོད་པ་བྱུང་ཡང་། འདི་གཉལ་ན་ཡོད་པའི་ས་འབུར་བོ་ཞིག་འདུག་པས་ས་འབོར་ཡིན་པ་འདྲ། གང་ལྟར་བོད་སྐད་དུ་སྣང་ཞེས་པ་དང་། སྨོན་འགྲོ་པཎ་ཆེན་གྱིས་གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་ཁྲུངས་པས་ན་ཐུ་མི་ཟེ་ར། ཞེས་པ་དང་། མཚན་ཡང་སམྦྷོ་ཊ་སྟེ་བྷོ་ཊ་བོད་དང་སཾ་ཡང་དག་པ་དང་། སཾ་བྷ་དྲའམ་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོ་དང་། སཾ་བསྔགས་པ་དང་བྷོ་ཊ་བོད་དེ་བོད་བསྔགས་པ་ཞེས་པར་འདོད་པ་དང་། བུ་སྟོན་སོགས་ཀྱིས་ཨ་ནུ་ཞེས་པ་ཡབ་ཀྱི་མཚན་དུ་འདོད་པ་དང་། མཁས་པ་ལ་ལས། རྒྱ་གར་སྐད་ཀྱིས་ཨ་ནུ་ཞེས་པ་མིའུ་ཆུང་གི་མིང་ཡིན་པས། ཐོན་མི་ཨ་ནུ་ནི་ཐོན་མི་མིའུ་ཆུང་ཞེས་པའི་དོན་དང་། སམྦྷོ་ཊ་བོད་ཡང་དག་པ་སྟེ་བོད་དངོས་མ་ཞིག་རེད་ཅེས་པའི་སྐད་དོད་ཡིན་ནོ། །ཞེས་བཞེད་དོ། །འགའ་ཞིག་གིས། རྒྱ་གར་ན་འགྲེལ་བ་སངས་རྒྱས་བསྐྱངས་དང་། འགྲེལ་བ་ཆོས་མཆོག་ཅེས་མཛད་པ་པོའི་མཚན་བསྟན་བཅོས་ལ་འདོགས་པའི་སྲོལ་ཡོད་པ་བཞིན་དུ། འདིར་ཡང་སཾ་བྷ་དྲའམ་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོ་ནི་སློབ་དཔོན་ཐུ་མིའི་མཚན་ཡིན་པ་ལ་ཁུངས་ཚད་ལྡན་ཡོད་དེ། སུམ་ཅུ་པའི་རྩ་བའི་མཇུག་ཏུ་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ། །ཞེས་སྒྲ་བ་ནམ་བཟང་གི་སུམ་ཅུ་བའི་འགྲེལ་བ་བསྟན་པའི་སྒྲོན་མེར་བཀོད་པ་ལྟར་ན། ཀུན་ཏུ་བཟང་པོ་ཞེས་པ་སློབ་དཔོན་རང་གི་མཚན་དུ་གསལ་ལོ། །ཞེས་ཟེར་རོ། །གང་ལྟར་ཐོན་མི་དང་ཐུ་མི་ཞེས་འབྲི་སྲོལ་གཉིས་ཀ་མཆིས་ནའང་དེང་སང་ཐོན་ཞེས་འབྲི་བ་ནི་དར་སོ་ཆེའོ།། ༤ ཐོན་མིས་རྒྱ་གར་ནས་སྦྱངས་པ་མཛད་ཚུལ། དེ་ནས་ཐོན་མི་རྒྱ་གར་གྱི་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། པཎྜི་ཏ་ལྷ་རིག་པའི་སེང་གེ་ཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་བ་རྣམས་དང་། རྟོགས་སླ་བ་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་ལ་བསླབས། བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས། ཐོན་མི་རྒྱ་གར་དུ་བརྟོལ་བའི་རྗེས་སུ་རྒྱ་གར་རྒྱལ་བོས་ཐུགས་ལ་བཏགས་ཏེ། མཁས་པ་ཡ་ཤ་མི་ཏྲ་ཞེས་བྱ་བའི་སློབ་མ་ལྷ་རིག་པ་སེང་གེ་སློབ་དཔོན་དུ་བཀུར་ནས་ལོ་བདུན་དུ་སྒྲའི་བསྟན་བཅོས་རྣམས་ཚང་བར་བསླབས། དམ་པའི་ཆོས་དགེ་བ་བཅུའི་མདོ་ཡང་ཉན་ཅིང་བསླབས། ཞེས་འབྱུང་ངོ་། །དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དང་། གཙོས་གསེར་ཁྲི་དང་གསེར་ཏོག་སུམ་རྟགས་འགྲེལ་བ་རྣམས་སུ། ཡིག་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་ལ་སྦྱངས་ཞེས་པ་ནི་ཡི་གེ་ནོར་བར་མངོན་ཏེ། མདོ་རྒྱ་ཆེར་རོལ་པ་ལས་ཀྱང་ཡིག་རིགས་དྲུག་ཅུ་རྩ་བཞི་ལས་མི་འབྱུང་བས་སུམ་བརྒྱ་ལྷག་ནི་ལྟ་ག་ལ་ཞིག་གོ་སྙམ་མོ། །སྨྱུ་གུའི་སྟོང་ཐུན་སྒྲོན་མེ་ཞེས་པའི་དཔེ་རྙིང་བ་ཞིག་ན་ཐོན་མི་རྒྱ་གར་དུ་ཕེབས་དུས་ཡིག་རིགས་ཉི་ཤུ་རྩ་གཅིག་ཙམ་ཡོད་པར་བཤད་སྣང་ངོ་།། ༥ ཐོན་མིའི་སློབ་དཔོན་གྱི་མཚན་ལ་དཔྱད་པ། ཐོན་མེའི་སློབ་དཔོན་གྱི་མཚན་ལ། ལི་བི་ཀ་ར། ལི་བྱིན། ལེགས་བྱིན། ལི་བྱིན་ཧ་ར་ཞེས་ཡི་གེ་མི་འདྲ་བ་དུ་མ་བྱུང་བ་ལས། ཀརྨ་སྨོན་ལམ་འོད་ཟེར་གྱི་སུམ་རྟགས་འགྲེལ་བར། ལི་བི་ཀ་ར་ཞེས་པ་ཡིག་མཁན་དུ་བསྒྱུར་འདུག དེ་ལྟ་ན་ལི་བི་ཞེས་པ་ཡིག་གཟུགས་དང་། ཀ་ར་ཞེས་པ་བྱེད་པ་པོའམ་བྱེད་མཁན་གྱི་སྐད་དོད་ཡིན་ནོ། །རྣམ་གླིང་བས་བོད་སྐད་དང་འདྲ་བར་སློབ་དཔོན་ལེགས་བྱིན་ཞེས་བྲིས་པ་དང་། གསེར་ཏོག་གིས་ལི་བྱིན་ཧ་ར་ཞེས་བྲིས་པ་གཉིས་ལ་ཁུངས་ཚད་ལྡན་ཡོད་མེད་བཙལ་དགོས་སོ།། བུ་སྟོན་ཆོས་འབྱུང་དང་། དེབ་ཐེར་སྔོན་པོ། ངོར་བ་དཀོན་ལྷུན་གྱི་ཆོས་འབྱུང་སོགས་སུ། པཎྜི་ཏ་ལྷའི་རིག་པ་སེང་གེ་གཅིག་པུ་ལས་མ་བྱུང་བ་ལ་དཔགས་ན་ལི་བི་ཀ་ར་སྟེ་ཡིག་མཁན་ལྷའི་རིག་པའི་སེང་གེ་ཞེས་ཐོན་མིའི་སློབ་དཔོན་གྲགས་ཆེ་བ་འདི་གཅིག་པུ་ལས་ལི་བྱིན་དང་ལྷའི་རིག་པའི་སེང་གེ་གཉིས་གང་ཟག་སོ་སོ་བ་མིན་ནམ་སྙམ་སྟེ། ཐོན་མི་རང་གི་གསུང་མགུར་དུ་ཡང་། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།། ཞེས་ལི་བྱིན་གཅིག་པུ་ལས་སོགས་སྒྲ་ཙམ་ཡང་མ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ལི་བྱིན་ཞེས་པ་ལི་བི་ཀ་ར་ཞེས་པའི་ལི་བི་ལ་ཡི་གེ་བསྣན་པའི་ཚུལ་གྱིས་ལི་བྱིན་དུ་བརྗོད་པའམ་ཟུར་ཆག་པ་གང་རུང་དུ་གོར་མ་ཆག་པས་ལེགས་བྱིན་དང་ལི་བྱིན་ཧ་ར་ཞེས་པ་རང་བཟོ་བྱས་པ་ལས་འོས་མེད་དོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེ་དཀར་གཡའ་སེལ་དུ་ཡིག་མཁན་ལི་བྱིན་ཞེས་བྲིས་པ་ལ་ཟློས་སྐྱོན་ཡོད་མེད་ཀྱང་བརྟག་དགོས་ཏེ། ལི་བྱིན་ནི་ཡིག་མཁན་གྱི་སྐད་དོད་ཡིན་པའི་ཕྱིར་རོ།། ༦ ཐོན་མིའི་རྒྱ་གར་དུ་ནམ་ཕེབས་པ་དང་ལོ་ཅི་ཙམ་བཞུགས་པ། སྤྱིར་བོད་རྒྱལ་སྲོང་བཙན་སྒམ་པོ་ནམ་འཁྲུངས་ཀྱི་ལོ་ལ་བཞེད་པ་མི་མཐུན་པ་ཆེ་ཁག་གཉིས་ཡོད་ནའང་། ས་ཆེན་གྲགས་པ་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ་པ། ཚལ་བ་ཀུན་དགའ་རྡོ་རྗེ། པཎ་ཆེན་བསོད་ནམས་གྲགས་པ། དཔའ་བོ་གཙུག་ལག་ཕྲེང་བ། ཀུན་མཁྱེན་འཇམ་དབྱངས་བཞད་པ། སུམ་པ་ཡེ་ཤེས་དཔལ་འབྱོར། རྒྱལ་རབས་གསལ་བའི་མེ་ལོང་། རྒྱ་ནག་གི་ཡིག་ཚང་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་མ་ཚུགས་པའི་སྔོན་གྱི་ལོ་བདུན་པ་(སྤྱི་ལོ་༦༡༧)མེ་མོ་གླང་ལ་འཁྲུངས་པར་བཞེད་པ་གཙིགས་པར་འདོད་པ་ལྟར་ན། སྲོང་བཙན་དགུང་ལོ་བཅུ་བདུན་དང་ཐོན་མི་དགུང་ལོ་བཅོ་ལྔ་བཞེས་པའི་ཐོག་(༦༣༣)ཐོན་མི་རྒྱ་གར་དུ་ཆས་པར་བཤད། དེ་ལྟར་ན་རྒྱ་ནག་གི་སློབ་དཔོན་ཐང་སང་བླ་མ་སྤྱི་ལོ་དྲུག་བརྒྱ་ཉེར་དགུ་ལོར་ཁྲང་ཨན་ནས་ལི་ཡུལ་བརྒྱུད་དེ་རྒྱ་གར་དུ་ཆས་པ་ལས་ལོ་བཞིས་འཕྱིས་པ་ཙམ་མོ།། ཐོན་མི་རྒྱ་གར་དུ་ལོ་ག་ཙམ་བཞུགས་གསལ་བར་བཤད་པའི་སྔོན་གྱི་ཡིག་ཚང་མ་མཐོང་ཡང་། སྲོང་བཙན་དགུང་ལོ་ཉེར་གསུམ་བཞེས་ཐོག་རྒྱའི་ཡིག་ཚང་ལྟར་ན་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུ་དུས་བློན་པོ་འགར་གྱི་རོགས་སུ་ཐོན་མི་ཡོད་ངེས་པ་ཡིན་ལ། དེ་ལྟ་ན་བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས་ཐོན་མི་རྒྱ་གར་དུ་ལོ་བདུན་བཞུགས་པར་བཤད་པ་དེ་ཡང་ཁུངས་དང་འབྲེལ་ལམ་སྙམ་མོ།། ༧ ཐོན་མིའི་སྦྱངས་པ་མཐར་ཕྱིན་ནས་བོད་དུ་ཕྱིར་ལོག་པ། དེ་ནས་སློབ་དཔོན་ལི་བྱིན་ལ་ཐོན་མིས་གསེར་གྱི་མཆོད་པ་དང་བཅས་བཀའ་དྲིན་ཆེ་བའི་ཆེད་བརྗོད་ཞུས་པ་ནི་འདི་ལྟར། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།། བཀའ་དྲིན་ཆེ་འོ་ངོ་མཚར་ཆེ།། བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན།། རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།། ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར།། སྨོན་ལམ་དག་པའི་རླུང་གིས་དྲངས།། སྒྲ་ཚད་ཡི་གེའི་ཉི་ཟླ་ཤར།། འགྲོ་བའི་མ་རིག་མུན་པ་སེལ།། བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ།། རིག་པ་བློ་ཡི་ཆུ་ཕྲན་འཁོར།། སྨོན་ལམ་དག་པའི་ཆུ་བྱ་ལྡིང་།། སྒྲ་ཚད་ཡི་གེའི་ནོར་བུ་བཞུགས།། འགྲོ་བའི་དབུལ་ཕོངས་སེལ་བར་བྱེད།། སྒྱུ་ལུས་དྲི་མེད་ཀྱི་སྡོང་བོ་ལ།། ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས།། བསླབས་ཤེས་ཡོན་ཏན་མེ་ཏོག་ཤར།། སྒྲ་ཚད་ཡི་གེའི་འབྲས་བུ་སྨིན།། བདག་བོད་ཀྱི་བློན་པོ་ཐོན་མི་ལ།། མ་ལུས་གནང་བ་ཐུགས་ལ་བཏགས།། རྒྱ་གར་ཡུལ་དུ་ཕྱིན་པ་ཡིན།། མཁས་གྲུབ་ཁྱེད་དང་མཇལ་བ་ཡིན།། ཡོན་ཏན་གཞི་མ་ཡི་གེ་ཡིན།། མ་ལུས་ཁོང་དུ་ཆུད་པ་ཡིན།། བོད་ཡུལ་དབུས་སུ་འགྲོ་བ་ཡིན།། རྒྱལ་བོས་དགའ་སྟོན་མཛད་པ་ཡིན།། རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན།། རྒྱལ་བོས་དབུ་མཛད་བློན་འབངས་ལ།། སྒྲ་ཚད་ཡི་གེ་སྤེལ་བ་ཡིན།། ཀུན་ལ་རྒྱས་པར་བྱེད་པ་ཡིན།། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།། ཞེས་ཞུས་ནས་བཀའ་དྲིན་རྗེས་སུ་དྲན་པར་བྱས་སོ།། དེ་ནས་བོད་དུ་ཕྱིར་ལོག་ཁར་སྒྲ་རིག་པའི་བསྟན་བཅོས་བསླབས་ཚད་ཀྱི་རྒྱ་དཔེ་དང་། གཞན་འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་པའི་རྒྱ་དཔེ་རྣམས་ཀྱང་གདན་དྲངས་པར་མཛད་དོ། །བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས། རྒྱ་གར་རྒྱལ་པོས་སྲོང་བཙན་ལ་སྐྱེས་ལན་དུ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པའི་ཆོས་པདྨ་དཀར་བོ། གཙུག་ཏོར་དྲི་མེད་ཀྱི་གཟུངས། ནོར་བུ་ཀཻ་ཏུ་ཞེས་པ་མུན་རུམ་ན་བཞག་པས་འོད་གསལ་བ་ཞིག་བཅས་བསྐུར་བ་བསྣམས་ནས་བོད་ལ་བདེ་བར་བྱོན་ཅེས་འབྱུང་ངོ་།། ༨ ཐོན་མིས་ཡི་གེ་བཟོས་པ་ལ་རྒྱལ་བོས་དགའ་སྟོན་མཛད་པ། དེ་ནས་བོད་འབངས་རྣམས་སྒྲ་དང་ཡི་གེའི་རིག་པའི་གནས་ཀྱི་དགའ་ཚལ་དུ་གཞུག་པའི་སླད་དུ་སྲོང་བཙན་རང་ཉིད་ནས་ཐོན་མི་སློབ་དཔོན་དུ་བསྟེན་ཏེ་ལྷ་སའི་སྐུ་མཁར་ཕ་བོང་ཁའི་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་ལ་མཚམས་བཅད་ཀྱི་ངང་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས། དེ་བཞིན་དུ་བློན་འབངས་ཀུན་གྱིས་ཀྱང་རྒྱལ་བོའི་བཀའ་བཞིན་དུ་སྒྲ་དང་ཡི་གེ་ལ་གུས་རྟག་བརྩོན་པས་སྦྱངས་པ་རྒྱ་ཆེར་བྱས། ལོ་སྔ་ཕྱི་འདི་དག་ཏུ་ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱང་རིམ་གྱིས་བརྩམས་པར་གསལ་ཏེ། དེའི་ཚུལ་ནི་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ།། དེའི་ཚེ་སློབ་དཔོན་ཐོན་མི་སམྦྷོ་ཊ་ལ་རྒྱལ་བོས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་བ་མཛད་དེ། སློབ་དཔོན་ཞེས་པའི་མཚན་ཡང་མཚམས་འདི་ནས་ཐོགས་པར་མངོན། བོད་ཡིག་གསར་བཟོའི་ཕྱག་རྗེས་ལ་གཟེངས་བསྟོད་པའི་དོན་དུ། བོད་ཕྲུག་མཛངས་མི་རིམ་བྱོན་བདུན་ཡོད་པ་ལས་ཐོན་མི་དེའི་གྲས་ཀྱི་མཛངས་མི་བཞི་བར་བསྔགས་སོ། །མཛངས་མི་ཞེས་པ་མཁས་པའམ་ལག་རྗེས་ཆེན་པོ་ཅན་གྱི་དོན་ནོ། །འདི་ལ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས། བོད་ཕྲུག་མཛངས་པའི་མི་བདུན་གྱི།། བཞི་བར་ཐོན་མི་བགྲང་མོད་ཀྱང་།། དེ་ཀུན་མཚུངས་པ་མ་ཡིན་ཏེ།། མཁན་པོ་ལོ་ཙཱའི་ཐོག་མ་འདིའི།། བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།། ཞེས་བཤད་པ་ནི་དེ་ཁོ་ན་ཉིད་དོ། །དེའི་རྐྱེན་གྱིས་བློན་པོ་འགའ་ཞིག་གི་བློ་ལ་མ་བབས་ནས་རྒྱལ་བོས་འབངས་ལ་འདི་ལྟར་བཀུར་བ་མི་རིགས་སོ་ཞེས་ལྐོག་ལབ་གླེང་བ་ཐོན་མིས་གསན་ནས། ཉིན་གཅིག་རྒྱལ་བོ་གྲལ་གྱི་གུང་ན་བཞུགས། བློན་པོ་ཆེ་དགུ་རྣམས་ཀྱིས་མཐའ་བསྐོར་བའི་དབུས་སུ་ཐོན་མི་ཡར་ལ་བཞེངས་ནས་ཕྲག་དོག་འཇོམས་པའི་གླུ་དབྱངས་མཆི་མ་དཀུ་བའི་ང་རོར་དང་བཅས་འདི་ལྟར་བླངས་སོ།། ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།། ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།། ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།། དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན།། བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།། ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།། བོད་ཡིག་སུམ་ཅུར་གཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤར།། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། མི་མཁས་པ་སླེབས་པའི་སྔོན་མ་ཡིན།། ང་མུན་པ་སེལ་བའི་སྒྲོན་མེ་ཡིན།། རྗེ་རྒྱལ་བོ་ཉི་ཟླའི་ཚུལ་དུ་བཞུགས།། གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།། བོད་ཁ་བ་ཅན་པའི་མི་རྣམས་ལ།། ང་ཐོན་མི་བཀའ་དྲིན་མི་ཆེའམ།། ཞེས་དེ་སྐད་གླུར་བླངས་པས་ཕྲག་དོག་བྱེད་པའི་བློན་པོ་རྣམས་གཅིག་གིས་གཅིག་ལ་བལྟས། ཐོན་མིས་གང་གསུངས་ཐམས་ཅད་མདེའུ་རྩེ་རྣོན་པོས་གནད་ལ་ཕོག་པ་བཞིན་དུ་གྱུར་ནས་འགྲན་སེམས་ཞི་ཞིང་། ཐོན་མིའི་བཀའ་དྲིན་གྱི་རི་མོ་བློན་འབངས་ཐམས་ཅད་ཀྱི་སེམས་ལ་གསུབ་ཏུ་མེད་པར་གྱུར་ཏོ།། ༩ ཐོན་མིའི་གདུང་བརྒྱུད་ཕྱི་མ། ཐོན་མི་སམྦྷོ་ཊའི་སྲས་ནི་མཧཱ་ས་ཏྭ། དེའི་སྲས་ཡེ་ནག དེའི་སྲས་ཉི་མ་ཀློང་གསལ། དེའི་སྲས་བེར་ནག་ཅན། དེའི་སྲས་མོན་མོ། དེའི་སྲས་གཙོ་བོ་ལྷ་སྲས། འདི་རྣམས་དགུང་ལོ་བརྒྱ་ལྷག་རེ་བཞུགས། དེའི་སྲས་བསོད་ནམས་རྒྱལ་བོ། དེའི་སྲས་རྒྱལ་བོ་དགའ། དེའི་སྲས་རྟ་མགྲིན་རྒྱལ་མཚན། དེའི་སྲས་རྡོ་རྗེ་བཀྲ་ཤིས། འདིས་དཔལ་ལྡན་ས་སྐྱར་ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱི་ཞབས་ལ་གཏུགས། དེས་ཧོར་རྒྱལ་བོའི་དྲུང་དུ་བརྫངས་པས་ལས་ཀ་གནང་ཞིང་ཁྲི་དཔོན་དུ་བསྐོས། དེའི་སྲས་དཔོན་བཞི་འཛོམ། འདི་གོང་མ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་དུ་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ། དེའི་སྲས་དཔོན་ཆེན་གྲལ་ལྔ། འདིའི་སྐུ་ཚེ་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་། གོང་དཀར་རྫོང་དཔོན་གྱི་གོ་གནས་ཟུང་འབྲེལ་དུ་གནང་། སྐུ་ཚེ་སྨད་ལ་ཁྱིམ་སྤངས་ནས་རབ་ཏུ་བྱུང་སྟེ་གསང་སྔགས་ཆོས་སྡེ་གོང་དཀར་རྡོ་རྗེ་གདན་གསར་དུ་བཏབ། འདི་ནས་བཟུང་དབོན་སྲས་རྣམས་ལ་སྡེ་བ་ཡར་རྒྱབ་པ་ཞེས་བྱ་བར་གྲགས་ཤིང་། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོའི་དུས་སུ་ཡར་རྒྱབ་སྡེ་བ་རྣམ་རྒྱལ་སྐུ་མཆེད་ཅེས་གྲགས་པ་ཅན་སོགས་བྱུང་ངོ་།། གཉིས་པ། ཐོན་མིས་བོད་ཡིག་ཇི་ལྟར་བཟོས་ཚུལ། ༡ དབྱངས་གསལ་དང་འཕུལ་རྟེན་མགོ་འདོགས་ཇི་ལྟར་གཏན་ལ་ཕབ་པ། ཀ དངོས་ཀྱི་དོན། དེ་ལྟར་ཐོན་མི་སམྦྷོ་ཊས་རྒྱ་གར་གྱི་སྒྲ་རིག་པ་དང་ལེགས་སྦྱར་གྱི་ཡི་གེ་འབྲི་ཀློག་ལ་མཁས་ཤིང་ནང་བྱན་ཆུད་པར་བྱས་པ་དང་། བོད་རང་གི་སྐད་ཀྱི་ཐ་སྙད་སོ་སོ་དང་གདངས་ཀྱི་ང་རོ་རྣམས་ལ་ཐུགས་གཞིག་ལེགས་པར་བཅུག་པའི་མཐར་བོད་ཡིག་གསར་དུ་བཟོ་བའི་གཞི་ལེགས་པར་བཏིངས་པ་སྟེ། ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞིའི་དོད་དུ་གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་བཟོས་ཤིང་། ཨ་ཡིག་ལས་གཞན་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿ རྣམས་བོད་ཀྱི་དབྱངས་ལ་མི་མཁོ་བས་དོར། གསལ་བྱེད་སོ་བཞི་ལས། གྷ་ཛྷ་ཌྷ་དྷ་བྷ་སྟེ་འཐུག་པོ་ལྔ་དང་། ཊ་ཋ་ཌ་ཎ་ཥ་སྟེ་ལོག་པ་ལྔ། མཐའི་ཀྵ་ཡིག་རྣམས་བོད་ཀྱི་གསལ་བྱེད་དུ་མི་མཁོ་བར་དགོངས་ནས་དེ་དག་དོར་བས་ཉེར་གསུམ་གྱི་ཁར་བོད་ལ་ཉེ་བར་མཁོ་བ། ཅ་ཆ་ཇ་དང་ཞ་ཟ་འ་སྟེ་དྲུག་གསར་དུ་བསྣན་པས་ཉེར་དགུ་དང་། བོད་ཡིག་གི་སྐབས་སུ་ལེགས་སྦྱར་ལྟར་ཀཱ་ལིའི་སྲོག་ཏུ་ཞུགས་པ་དང་མཚམས་སྦྱོར་བ་སོགས་དབྱངས་ཡིག་གི་བྱ་བ་བསྒྲུབ་ཏུ་མེད་པས་ན་ཨ་ཡིག་གསལ་བྱེད་ཀྱི་མཐར་སྦྱར་ནས་གསལ་བྱེད་སུམ་ཅུར་བཟོས། དེ་ནས་ག་ད་བ་མ་འ་སྟེ་སྔོན་འཇུག་ལྔ།ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྗེས་འཇུག་བཅུ། ད་ས་སྟེ་ཡང་འཇུག་གཉིས། ར་ལ་ས་སྟེ་མགོ་ཅན་གསུམ། ཡ་ར་ལ་ཝ་སྟེ་འདོགས་ཅན་བཞི་རྣམས་དང་། གཞན་ཡང་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཡི་གེའི་གཙོ་བོ་ཉི་ཤུ། ག་ད་བ་མ་འ་སྟེ་ཤིན་ཏུ་གཅེས་པའི་ཡི་གེ་ལྔ། ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་སྟེ་རྐང་བ་ཅན་གྱི་ཡི་གེ་དགུ། ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ལ་ཧ་སྟེ་བུའི་ཡི་གེ་བཅུ་དྲུག ཀ་ག་བ་ཟ་ར་ལ་ས་སྟེ་མའི་ཡི་གེ་བདུན། ར་ལ་ས་སྟེ་ཡི་གེ་ཀུན་གྱི་མ་གསུམ། ཀ་ག་བ་ཟ་སྟེ་ལ་ཡིག་སྒོས་ཀྱི་མ་བཞི། ཅ་ཧ་སྟེ་ལ་ཡིག་སྒོས་ཀྱི་བུ་གཉིས། ཙ་ཛ་སྟེ་ར་ཡིག་སྒོས་ཀྱི་བུ་གཉིས། ཁ་ཆ་ཐ་ཕ་ཚ་ཝ་ཞ་ཡ་ཤ་ཨ་སྟེ་འཕུལ་རྟེན་དང་མ་བུ་གང་ཡང་མི་བྱེད་ཅིང་རང་ས་འཛིན་པའི་ཡི་གེ་བཅུ། ག་བ་སྟེ་འཕུལ་རྟེན་མ་བུ་གང་ཡང་བྱེད་ཅིང་ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་སྟེ་ར་མགོ་ཅན་བཅུ་གཉིས། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་སྟེ་ལ་མགོ་ཅན་བཅུ། སྐ་སྒ་སྔ་སྙ་སྟ་སྣ་སྤ་སྦ་སྨ་སྩ་སྟེ་ས་མགོ་ཅན་བཅུ་གཅིག ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་སྟེ་ཡ་བཏགས་བདུན། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་སྟེ་ར་བཏགས་བཅུ་གཅིག ཀླ་གླ་བླ་ཟླ་རླ་སླ་སྟེ་ལ་བཏགས་དྲུག ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་སྟེ་ཝ་བཏགས་བཅུ་གཉིས། གི་གུ། འགྲེང་བུ། རྣ་རུ་སྟེ་སྟེང་ན་ཞྭ་ལྟར་ལྡིང་བ་གསུམ། ཞབས་ཀྱུ། ཡ་བཏགས། ར་བཏགས་ཏེ་འོག་ན་གདན་ལྟར་མཛེས་པ་གསུམ། ཝ་ནི་མེད་ཀྱང་རུང་བའི་ཡི་གེ་གཅིག ཅེས་དང་། གཞན་ཡང་། དབྱངས་བཞི་དང་། དབུ་ཁྱུད། ཤད་བར་ཚེག་རྣམས་ལ་སྲོག་དང་རྐྱེན་གྱི་ཡི་གེ་དང་། ཨ་ནི་མ་དང་གསལ་བྱེད་ལྷག་མ་ཉེར་དགུ་ནི་ཕ་དང་། ཞྭ་དང་གདན་གྱི་དཔེའི་ཡི་གེ་དྲུག་ནི་བུ་ཚའི་ཡི་གེ་ཞེས་བྱ་བ་དང་། རྟགས་འཇུག་སྐབས་སུ་གསལ་བ་ལྟར་ཕོ་མོ་མ་ནིང་གི་ཡི་གེ་དང་། མགོ་འདོགས་མ་སྦྱར་བ་ལ་རྐྱང་བའི་ཡི་གེ་དང་། སྔོན་འཇུག་དང་རྗེས་འཇུག་ཅན་ལ་འཕུལ་རྟེན་གྱི་ཡི་གེ་དང་། སྐ་སྒྲ་སྨྱུ་ལྟ་བུ་ལ་བརྩེགས་འདོགས་ཀྱི་ཡི་གེ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་གཞག་ཆ་ཚང་བ་ཞིབ་པར་བཟོས་པར་གྲགས་སོ།། གོང་གི་མ་བུ་སོགས་ཀྱི་བཤད་ཚུལ་འདི་རྒྱལ་རབས་གསལ་མེ་ལས་བཤད་པ་འདིར་དྲངས་པ་ཡིན་ལ། རྔོག་ལོ་ཙཱ་བའི་དག་ཡིག་ཏུ། ཡི་གེའི་བུ་དྲུག་ཅེས་པ་ནི་གི་གུ་སོགས་བཞི་དང་ར་བཏགས་ཡ་བཏགས་ཏེ་དྲུག་ལ་ངོས་འཛིན་ཏོ།། ཁ མཐའ་དཔྱད་པ། རྒྱལ་རབས་གསལ་མེར། ན་ལོག་ཤ་ལོག་ཐ་ལོག་བྱེད་པ་སོགས་ནི། སཾ་སྐྲྀ་ཏའི་སྐད་བོད་དུ་གཟུངས་སྔགས་སུ་བསྒྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཎྜི་ཏ་དང་ལོ་ཙཱ་བ་རྣམས་ཀྱིས་རྟིང་དུ་བཅོས་སོ། །ཞེས་ཟེར། འདི་ལ་རྗེས་སུ་དཔག་པའི་ཚུལ་གྱིས་བརྟགས་ན་ཐོན་མི་ལོ་ཙཱ་བ་ཆེན་པོ་ལ་དུས་དེར་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་བོད་ཡིག་ཏུ་ཇི་ལྟར་འབྲི་དགོས་པའི་ཐུགས་ཁུར་ཆེན་པོ་བཤོལ་དུ་མེད་པ་དེ་བབས་འདུག་པས་ཁོང་གིས་བོད་ཡིག་བྱིངས་གཏན་ལ་ཕབ་དུས་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་ཞར་ལ་བཟོས་ཟིན་ཅེས་བཤད་ན་རིགས་ཀྱི། ཕྱིས་ཀྱི་ལོ་པཎ་རྣམས་ཀྱིས་བཟོས་ཞེས་པ་ལ་རྒྱུ་མཚན་ཡང་དག་ཅི་ཡང་འགོད་རྒྱུ་མེད་སྙམ་མོ།། ཡང་རྒྱལ་རབས་གསལ་མེ་ལས། མ་བྱུའི་ཡི་གེའི་ཐ་སྙད་འདོགས་པའི་སྐབས་སུ། ལ་ཡིག་མའི་ཡི་གེ་ཡིན་དོན་དང་། ཙ་ཛ་གཉིས་ར་ཡིག་སྒོས་ཀྱི་བུ་གཉིས་ལ་བཞག་པ་དང་། ཝ་དང་ཡ་རང་ས་འཛིན་པའི་ཡི་གེར་བཞག་པ་རྣམས་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཀ་ག་བ་ཟ་ར་ས་སྟེ་དྲུག་ལ་ཡ་སྟ་ར་སྟ་ལ་བཏགས་ཅི་རིགས་བཏགས་ཆོག་པས་མའི་ཡི་གེ་ཞེས་བཤད་པ་ཡིན་ལ། ལ་ཡིག་ལ་དེ་གསུམ་གང་ཡང་འདོགས་མི་རིགས་པས་སོ་སྙམ་པ་དང་། ཙ་ཡིག་ལ་ས་མགོ་ཅན་ཐོབ་རུང་བས་ར་ཡིག་སྒོས་ཀྱི་བུ་གཉིས་ཞེས་པ་ལ་ཁྱབ་ཆུང་བའི་སྐྱོན་ཡོད་དམ་སྙམ་པ་དང་། རང་ས་འཛིན་པའི་ཡི་གེ་བཅུའི་ཁྲོད་ཀྱི་ཝ་དང་ཡ་གཉིས་ནི་རིམ་བཞིན་ཝ་ཟུར་དང་ཡ་བཏགས་ལ་འགྲོ་བས་དེའི་གྲངས་ཀྱང་ཨེ་འགྲིག་སྙམ་མོ།། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྒྱལ་དབང་ལྔ་བའི་མཆོད་སྡོང་དཀར་ཆག་ཏུ། འཐུག་པོའི་ཡི་གེ་ལྔ་དང་ལོག་པའི་ཡི་གེ་དྲུག་དོར་བར་མཛད། ཅེས་ཀྵ་ཡིག་ལོག་ཡིག་གྲས་སུ་བཞག་པ་ནི་འཐད་པར་མི་སེམས་སོ།། ༢ ཡི་གེ་གསར་བ་དྲུག་སྣོན་དགོས་པའི་རྐྱེན་དང་ཇི་ལྟར་རྙེད་པ། ཀ དངོས་ཀྱི་དོན། བོད་ཀྱི་སྐད་དང་མཐུན་པའི་མིང་དང་ཐ་སྙད་རྒྱུགས་ཆེ་བའི་ནང་དུ། ཅ་ལག ཅི་ཙམ། ཅུང་ཟད། ཅེ་རེ་ལོང་། ཅོ་ཏོ། ཆ་བྱད། ཆིབས་པ། ཆུ་བོ། ཆེན་པོ། ཆོས། ཇ། ཇི། བཞིན་ཇུས་ཀ ཇེང་། ཇོ་བོ། ཞྭ་མོ། ས་ཞིང་། ཞུན་མར། ཞེང་ཚད། ཞོགས་ཀ ཟ་མ། ཟིལ་བ། ཟུག་རྔུ། ཟ་ཟེད། ཟོར་བ། འ་འུར། འབྲེལ་སྒྲའི་འི། འུག་པ། འེ་ཅག འོ་མ་སོགས་རྐྱང་ཡིག་གི་སྒྲ་ལྡན་རྣམས་དང་། གཅིག་མཆོག འཇིགས། གཞོན། བཟུང་སོགས་འཕུལ་ཅན་གྱི་སྒྲ་ལྡན་རྣམས་ཀྱི་མིང་གཞིའི་ཡི་གེའི་གདངས་ཇི་ལྟ་བར་ཐོན་པ་ཞིག་རྒྱ་གར་གྱི་གསལ་བྱེད་སོ་བཞིའི་གྲས་སུ་མ་བྱུང་སྟབས་གསར་དུ་བཟོ་དགོས་པ་བྱུང་སྟེ། དཔེར་ན་རང་རེས་རྒྱ་སྐད་ཀྱི་གདངས་ཐོན་པའི་སླད་དུ་ཧ་ལ་ཕ་བརྩེགས་པའི་ཧྥ་ཞེས་བྱ་བའི་ཡི་གེ་རྒྱལ་དབང་ལྔ་བའི་དུས་སུ་བཟོས་ཡོད་པར་གུང་ལོ་ཆེན་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ་བཤད་ཡོད་པ་ལྟར་རོ།། ཡི་གེ་དེ་དྲུག་ཇི་ལྟར་རྙེད་པ་ནི། སློབ་དཔོན་ཐོན་མིས་ཡི་གེ་གསར་བཟོ་མཛད་སྐབས་བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་འགའ་ཞིག་ཕྱག་ཐོགས་པ་ན་ལམ་དུ་འགྲོ་བའི་མགྲོན་པོ་ཞིག་དང་ཕྲད་ནས་གཏམ་འཕྲོས་མཛད་པར། སློབ་དཔོན་གྱིས། ཁྱེད་གང་ནས་བྱོན་བྱས་པར། དེ་ན་རེ། ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་བྱས་པས། ཟ་ཧོར་དུ་འགྲོ་ཟེར། གང་གི་དོན་དུ་འགྲོ་བྱས་པར་ཇ་ཉོ་རུ་འགྲོ་ཟེར། ནམ་སླེབས་བྱས་པས་ཅི་ཆ་ཟེར། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པ་མཛད་པས་ཞང་ཞུང་ཞེས་ཞ་ཡིག་སྣོན་དགོས་པ་ཐུགས་ལ་ཤར། དེ་བཞིན་དུ་འོངས་ཞེས་པས་འ་དང་། ཟ་ཧོར་ཞེས་པས་ཟ་དང་། ཇ་ཞེས་པས་ཇ་དང་། ཅི་ཆ་ཞེས་པས་ཅ་ཆ་གཉིས་རྣམས་བོད་ཡིག་ཏུ་སྣོན་དགོས་པར་དགོངས་ནས། ཀ་ཁའི་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་བསྣན་ཞེས་པའི་ངག་རྒྱུན་འདྲ་ཆགས་པོ་ཞིག་ཨ་ལ་ཤས་ཡིག་བཤད་མཁས་པའི་ཁ་རྒྱན་སོགས་སུ་བཀོད་ཡོད་དོ།། ཡང་མར་བ་ལོ་ཙཱའི་སྐུ་དུས་སུ་བྲིས་ངེས་པའི་སྔོན་གྱི་ཡི་གེ་ཆེས་རྙིང་བ་ཞིག་ཏུ། ཡི་གེ་དེ་དྲུག་ཡུལ་དྲུག་གི་མིང་ཟུར་ལས་རྙེད་པར་བཤད་དེ། ཅ་ནི་གན་ཅག་གི་མིང་ཟུར་ལས་རྙེད། དེ་བཞིན་དུ་ཆ་ནི་གུགས་ཆོག་ལས་རྙེད། ཇ་ནི་ཐེ་རང་ཇ་གྲོང་ལས་རྙེད། ཞ་ནི་ཞང་ཞུང་ལས་རྙེད། ཟ་ནི་ཟ་ཧོར་ལས་རྙེད། འ་ནི་འ་ཞ་ལས་རྙེད་ཅེས་འཁོད་སྣང་སྟེ་ད་ལྟ་འདི་འདྲའི་ཡིག་རྙིང་ལག་ཏུ་ཆུད་དཀའོ།། ཁ མཐའ་དཔྱད་པ། དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་སོགས་སུ་བོད་སྐད་ཀྱི་གཅིག་དང་ཆོས་སོགས་ལ་རྒྱ་གར་གྱིས་ཨེ་ཀ་དྷརྨ་སོགས་སུ་བརྗོད་པས་རྒྱ་གར་གྱི་ཡི་གེར་ཅ་ཆ་སོགས་མི་དགོས་པ་འདིར་བསྣན། ཞེས་གསུངས་ཏེ། བོད་དུ་ཅ་ཆ་སོགས་བསྣན་པའི་རྒྱུ་མཚན་དུ་གཅིག་སོགས་ལ་རྒྱ་གར་གྱི་ཨེ་ཀ་སོགས་སུ་བརྗོད་པ་འདི་རྒྱུ་མཚན་གྱི་གཙོ་བོ་ག་ལ་ཡིན། རྒྱུ་མཚན་གྱི་གཙོ་བོ་ནི། བོད་ཡིག་མ་བཟོས་པའི་གོང་རོལ་ནས་བོད་རང་ལ་གཅིག་དང་ཆོས་ཀྱི་མིང་གི་གཞིར་གྱུར་པའི་ཅ་དང་ཆའི་སྐད་ཀྱི་གདངས་ཡོད་པ་ལ་གདངས་དེ་དང་མཐུན་པའི་ཡི་གེ་རྒྱ་གར་ཡུལ་དབུས་པས་འདོན་པའི་གསལ་བྱེད་སོ་བཞིའི་གྲས་སུ་མེད་པ་འདི་ལ་ཐུག་གོ །དེ་ལྟ་མ་ཡིན་ན་རྒྱ་སྐད་དུ་སཱུཪྻ་ཞེས་པ་བོད་སྐད་དུ་ཉི་མ་དང་། ཀོ་ཥ་ཞེས་པ་མཛོད་ཀྱི་མིང་ཡིན་པས། ཉ་དང་ཛ་ཡིག་བོད་ཀྱི་གསལ་བྱེད་དུ་སྣོན་དགོས་བྱུང་ངོ་ཞེས་ཀྱང་བཤད་དགོས་པར་འགྱུར་བའི་སྐྱོན་འབྱུང་ངོ་།། ཡིག་བཤད་མཁས་པའི་ཁ་རྒྱན་དུ། མི་དེའི་སྐད་ལ་དཔྱད་ནས་ཡི་གེ་དེ་དང་དེ་རྙེད་ཅེས་བཤད་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཁ་རྒྱན་ལྟར་ན་སྐད་དེ་ལ་བརྟེན་ནས་རྙེད་པའི་ཡི་གེ་ནི། ཡི་གེའི་གདངས་ལ་ཟེར་རམ་ཡིག་གཟུགས་ལ་ཟེར། དང་པོ་ལྟར་ན་མི་དེའི་སྐད་ལ་མ་བརྟེན་ཀྱང་ཞང་ཞུང་དང་ཇ་སོགས་ཀྱི་གདངས་ཐོན་མིའི་ལྗགས་ཐོག་ཏུ་མི་ལོན་པའི་དོགས་པ་སུ་ལ་སྐྱེ། གཉིས་པ་ལྟར་ན། མི་དེའི་སྐད་ལ་བརྟེན་ནས་ཡི་གེའི་གཟུགས་དབྱིབས་ཤར་བ་ཡིན་ན་ཡི་གེ་དྲུག་བཟོ་མཁན་ཐོན་མི་མ་ཡིན་པར་འགྱུར་རོ། །དེས་ན་གོང་ནས་བཤད་པ་ལྟར་ཐོན་མིས་མི་དེའི་སྐད་ལ་དཔྱད་ནས་གདངས་དེ་དྲུག་དང་མཐུན་པའི་ཡི་གེ་དྲུག་བཟོ་དགོས་པ་ཐུགས་ལ་འཁྲུངས་པ་ཡིན་ནོ། །ཞེས་བཤད་ན་ལོ་རྒྱུས་ཀྱི་རྐང་དང་འགྲིག་གམ་སྙམ་མོ།། ཕྱིས་ཀྱི་འགྲེལ་བ་འགར། ཙ་སྡེ་དང་པོ་གསུམ་གྱི་ཙ་རྟགས་དང་བཞི་བ་ཛྷ་བོར་བས་ཅ་ཆ་ཇ་ཉ་བཞི་ནི་ཅ་སྡེའོ། །ཞེས་སྣང་ངོ་། །དེ་ལྟར་བཤད་པའི་འབྲེལ་ནི། ཐོན་མིས་རྒྱ་གར་གྱི་དབྱངས་གསལ་ལྔ་བཅུ་ལ་དབྲི་བསྣན་ཇི་ལྟར་བྱས་ནས་བོད་ཡིག་བཟོས་པར་བཤད་པའི་སྐབས་ཡིན་ལ། དེ་ལྟར་ན་རྒྱ་གར་གྱི་ལན་ཝར་སོགས་ཡིག་རིགས་གང་ཡིན་ཡང་རུང་། དེའི་ཙ་ཚ་ཛ་(च छ ज)གསུམ་ལ་བོད་ཡིག་གི་བཟོ་འདྲ་བའི་ཙ་རྟགས་ནི་རི་བོང་གི་རྭའི་སྤུན་ཟླར་གྱུར་པས་ན་འཐད་པར་མ་མཐོང་ངོ་། །དེས་ན་ཙ་རྟགས་ཡོད་མེད་ཀྱི་ཁྱད་ནི་ཐོན་མིས་ཐོག་མར་ཙ་ཚ་ཛ་གསུམ་གྱི་ཡིག་གཟུགས་བཟོས། དེ་ནས་ཅ་ཆ་ཇ་གསུམ་སྣོན་དགོས་པ་བྱུང་བ་ན། བོད་ཡིག་ཙ་ཚ་ཛ་གསུམ་གྱི་ཙ་རྟགས་བླངས་ཏེ་ཅ་ཆ་ཇ་གསུམ་བཟོས་ཞེས་བཤད་ན་ཡིད་ཆེས་པའི་གཏམ་དུ་འགྱུར་རོ།། ༣ བོད་ཡིག་གི་གཟུགས་དབྱིབས་གང་ལ་བརྟེན་ནས་བཟོས་པ། ཀ དངོས་ཀྱི་དོན། ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་དེ་ཙ་ན། ལཉྫ་ལ་ལྷའི་ཡི་གེ ཝརྟུ་ལ་ཀླུའི་ཡི་གེ ནཱ་ག་ར་མིའི་ཡི་གེ་ཞེས་གྲགས་པ་རྣམས་ཡོད་པ་ལས་ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེར་བྱས་ནས་དབུ་མེད་དང་། ནཱ་ག་ར་ལ་དཔེར་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས་ཞེས་པ་འདི་ནི་སྤྱིར་བཏང་མཁས་པ་ལ་ཡོངས་སུ་གྲགས་པའི་གཏམ་མོ།། དེ་ཡང་དཔེར་ལེན་ས་ནི་ཆོས་སྒོ་བ་ཤཱི་ལ་བྷ་དྲའི་ཆོས་འབྱུང་དུ་(སྤྱི་ལོ་༡༣༧༡ལོར་བརྩམས)ནཱ་ག་ར་ལས་བོད་ཡིག་གཟབ་མར་བསྒྱུར། བྷ་ཏུ་རི་ལས་བོད་ཡིག་བཤུར་མར་བསྒྱུར། ཞེས་དང་། བུ་སྟོན་ཆོས་འབྱུང་དུ་(༡༣༢༢ལོར་བརྩམས)ཁ་ཆེའི་ཡི་གེ་ལ་དཔེར་བླངས། ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ་(༡༥༦༤ལོར་བརྩམས)ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ་དཔེར་བླངས། ཞེས་དང་། རྒྱལ་དབང་ལྔ་བའི་དེབ་ཐེར་དུ། ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེར་བྱས་ནས་གཤར་མ་བཟོས། ཞེས་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐར་(༡༨༠༡ལོར་བརྩམས) ནཱ་ག་རའི་ཡི་གེ་ལ་དཔེར་བྱས་ནས་མགོ་ཅན་གྱི་གཟབ་དང་། ཝརྟུ་ལའི་ཡི་གེ་ལ་དཔེར་བྱས་ནས་མགོ་མེད་ཀྱི་གཤར་གཉིས་བཟོས། ཞེས་དང་། ཕྱི་ཐོག་པ་རྡོ་བྲག་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོར། ཐོན་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་རྒྱུད་ཀྱིས་སྲིད་སྐྱོང་བའི་སྐབས་སུ་བྱོན་ཅིང་། ཐོན་མི་དང་དུས་ཐོག་མཉམ་པའི་རྒྱ་གར་གྱི་རྒྱལ་བོ་ཧཪ྄ཥ་དང་། ཀུ་མཱ་ར་གུཔྟ་དང་སཱུརྱ་ཝརྨ་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པར་ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཚུགས་འདྲ་ཞིང་། ཅུང་ཟད་རྒྱང་ནས་བལྟས་ན་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར་བས་ན། བོད་ཡིག་གང་ལ་དཔེར་མཛད་པའི་ཕྱི་མོ་ནི་གུཔྟའི་ཡི་གེ་ཡིན་ཞེས་ཟེར་རོ།། གང་ལྟར་རྒྱ་གར་གྱི་གཟབ་བྲིས་ལཉྫ་དང་། བཤུར་བྲིས་ཝརྟུ་ལ་དཔེར་བླངས་པའི་ཚུལ་ནི་ད་ལྟའི་དུས་ཀྱི་འབྲི་རྒྱུན་ལས་ཀྱང་གསལ་བར་རྟོགས་ཏེ། རྣམ་པར་དཔྱོད་པ་ཞིབ་མོའི་སྒོ་ནས་ཕན་ཚུན་བསྡུར་ཏེ་བལྟས་ན་གང་ལ་དཔེར་ལེན་སའི་གཞི་དང་དཔེ་དེ་ལྟར་བཟོས་པའི་དབྱིབས་རྣམས་གསལ་བར་འཆར་བ་ནི་གཟུ་བོར་གནས་པའི་བློ་ལྡན་ཞིག་ལ་གཏམ་གྱི་ཕྲེང་བ་མང་བོ་སྤེལ་མི་དགོས་པར་གདའ་འོ།། དེ་ལྟར་ལཉྫ་རིམ་གྱིས་མགྱོགས་པར་བྲིས་པས་ཝརྟུ་རང་ཤུགས་ཀྱིས་འབྱུང་བའི་རིམ་པ་ངེས་ཅན་ཞིག་ཡོད་པ་དེ་བཞིན་དུ། བོད་ཡིག་གི་དབུ་ཅན་དང་དབུ་མེད་གཉིས་ཀྱང་ཞིབ་ཏུ་བརྟགས་ཚེ། ཐོན་མིའི་དུས་སུ་དབུ་ཅན་ཁོ་ན་དར་བར་གྱུར་པ་ལས་དབུ་མེད་དར་བར་མི་སེམས་ལ། དེ་ནས་རིམ་གྱིས་དབུ་ཅན་དེ་ཉིད་མགྱོགས་པར་བྲིས་པ་ལས་རང་བཞིན་གྱིས་དབུ་མེད་ཀྱི་རྣམ་པ་བྱུང་བ་ལུང་དང་རིགས་པས་སྒྲུབ་མི་དགོས་ཏེ། དཔེར་ན་ཀ་སྡེ་གཅིག་པུའི་སྟེང་ནས་མཚོན་པས་ཤེས་སླ་ཞིང་། ཁྱད་པར་དུ་དབུ་ཅན་གྱི་ང་ཡིག་བཟབས་ནས་མ་བྲིས་ན་ཡིག་ཚུགས་མི་ཐོན་ཞིང་། དབུ་མེད་ཀྱི་ང་ཡིག་བཟབས་པ་ལས་མགྱོགས་པར་བྲིས་པས་ཡིག་ཚུགས་ཐོན་པ་ནི་མངོན་སུམ་ཡིན་པ་བཞིན་ནོ། །འདིས་ནི་དབུ་མེད་ལ་ཡང་གཟབ་པར་བྲིས་པས་ཚུགས་ཡིག་དང་། མགྱོགས་པར་བྲིས་པས་རྒྱུགས་ཡིག་གམ་འཁྱུགས་ཡིག་བྱུང་བའི་རིམ་པའང་ཤེས་པར་བྱའོ།། སྐབས་འདིར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་དཀར་གཡའ་སེལ་ལས། དེ་ལྟར་ཐོན་མིའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཁྱུང་བོ་གཡུ་ཁྲི་དང་། སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པ་ལ་རྫབ་ཆེན་དང་རྫབ་ཆུང་། འབྲུ་ཆེན་དང་འབྲུ་ཆུང་། འབྲུ་ཆེན་ལ་ལི་ལུགས། ལྡན་ལུགས། ཤར་མ་དང་དཀྱུས་ཡིག་སོགས་ཡོད་པའི་ནང་ནས་གསུང་རབ་ཆེན་པོ་དག་ལ་རྫབ་ཆེན་རྫབ་ཆུང་། རྒྱ་གར་མཁས་པའི་གཞུང་འགྲེལ་རྣམས་ལ་འབྲུ་ཆེན། བོད་ཀྱི་གཞུང་ལུགས་རྣམས་ལ་འབྲུ་ཆུང་དུ་བྲི་བའི་ཚུལ་དར་བ་ནི་རིམ་པའི་ཆེ་བ་བདག་རྐྱེན་གྱི་དབང་གིས་ཐོབ། ཅེས་གསུངས་པ་རྣམས་ཀྱང་ལག་ལེན་གྱི་སྟེང་ནས་མཁས་པར་བྱ་དགོས་ལ། ཨ་མདོའི་ཡུལ་གྲུ་རྣམས་སུ་བྱིས་པ་ཚོར་བསླབས་པས་ཤེས་དཀའ་སླ་བྱུང་བའི་དབང་གིས་དབུ་ཅན་ལ་ཡིག་དཀར་དང་། དབུ་མེད་ལ་ཡིག་ནག་ཅེས་འབོད་པ་ནི་བླུན་པོ་མི་མཁས་པ་རྣམས་ཀྱི་ངག་ལས་ཐོན་པའི་ཐ་སྙད་ངན་པ་ཞིག་གོ ། བོད་དབུས་གཙང་དུ་ལོ་ལྔ་བརྒྱའི་སྔོན་རྗེ་ཙོང་ཁ་བའི་སྐུ་རིང་ནས་གསུང་རབ་བསྟན་བཅོས་ཀྱི་ཤིང་དཔར་མང་བོ་སྤེལ་བའི་སྲོལ་དར་བ་ནས་བཟུང་དབུ་ཅན་གྱི་ཡི་གེ་ལ་ཕལ་ཆེར་འབྲི་ཚུགས་སྣ་གཅིག་པ་ལས་སྣ་མི་མཐུན་པ་མང་བོ་གཏན་མ་བྱུང་ལ། དབུ་མེད་ཀྱི་འབྲི་ཚུགས་ལ་དེ་ལྟ་བུའི་དཔར་འདེབས་རྒྱུགས་ཆེ་བ་མ་བྱུང་བའི་རྐྱེན་དང་། ཡུལ་གྲུ་ཕན་ཚུན་ལ་འགྲིམ་འགྲུལ་ཉམས་དམའ་བའི་དབང་གིས་དབུས་བྲིས། ཁམས་བྲིས། ཨམ་བྲིས་ཞེས་འབྲི་ཚུགས་མི་འདྲ་བ་ཁག་གསུམ་བྱུང་བ་དང་། དབུས་བྲིས་ལ་ཡང་སྔོན་ཆད་བདག་གིས་མཐོང་མྱོང་བའི་སྐྱོགས་ལོ་ཙཱ་བ་ཡབ་སྲས་ཀྱི་སྐུ་རིང་དང་། རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་དང་། ད་ལྟའི་དུས་ཀྱི་འབྲི་ཚུགས་རྣམས་ལ་ཁྱད་པར་ཆེས་ཆེ་བ་བྱུང་སྣང་ཞིང་། ལྷག་པར་ད་ལྟའི་འཁྱུགས་བྲིས་ཨ་མདོའི་སྐད་ཀྱིས་བོད་བྲིས་ལྕགས་ཐག་མ་ཞེས་འབོད་པ་འདི་ནི་ཡི་གེའི་ལག་རྩལ་ཡང་རྩེར་སོན་པའི་རྟགས་མཚན་དུ་ཆེའོ།། ཁ མཐའ་དཔྱད་པ། ཁ་ཅིག་གིས། ཐོན་མིས་ཡི་གེ་བཟོ་བའི་མ་ཕྱི་ལན་ཝར་དུ་བཤད་པ་མི་འཐད་དེ། ཁ་ཆེའི་ཡི་གེ་ལ་དཔེར་བླངས་པ་ཡིན་ནོ་ཟེར། དེ་ལ་འགལ་བ་མེད་དེ། ཁ་ཆེ་ནི་རང་རེའི་བོད་མངའ་རིས་ཀྱི་ནུབ་མཐའ་དང་འབྲེལ་བར་ཆགས་པའི་ཆུ་བོ་སིནྡྷུ་འབབ་པའི་ཡུལ་ཀསྨི་ར་ཡིན་ལ། གནའ་དུས་ཀསྨི་ར་ནི་རྒྱ་གར་ནུབ་མའི་ཁོངས་སུ་གཏོགས་ཤིང་། དེའི་སྔོན་གྱི་ཡི་གེ་ཡང་ལན་ཝར་གྱི་དབྱངས་གསལ་དང་ཧ་ལམ་འདྲ་བས་ན་ཐོན་མིས་ཡི་གེ་བཟོ་སྐབས་ཁ་ཆེའི་ཡི་གེ་ལས་ཀྱང་ལེགས་ཆ་ཅི་རིགས་བླངས་པར་སྲིད་དོ།། ད་ལྟའི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས། ཐོན་མིའི་སློབ་དཔོན་ལི་བྱིན་ཞེས་པའི་ལི་ནི་ལི་ཡུལ་ལ་ངོས་བཟུང་ཞིང་། བོད་ཡིག་གི་ཕྱི་མོ་ཡང་ལི་ཡུལ་གྱི་གྲོང་ཁྱེར་ཧོ་ཐེན་གྱི་སྔོན་གྱི་ཡི་གེ་ཡིན་པར་བཤད་པ་སོགས་ནི་བོད་ཀྱི་མཁས་པ་ལ་ཡོངས་སུ་མ་གྲགས་པའི་གཏམ་ཞིག་སྟེ། ཐོན་མི་རང་གི་མགུར་དུ། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།། ཞེས་གང་ལ་ཕེབས་པའི་ཡུལ་གསལ་བར་བསྟན་པའི་ཚིག་གི་དངོས་ཤུགས་གང་དུ་ཡང་ལི་ཡུལ་ལ་ཕེབས་པར་མ་གསུངས་ཤིང་། ལི་ཡུལ་ནི་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་བ་སོ་བ་རྟ་ཚག་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར་དུ་གསལ་བ་ལྟར། བོད་མངའ་རིས་ཀྱི་བྱང་ཕྱོགས་དང་འདབས་འབྲེལ་བའི་ཡུལ་ལྕང་ར་སྨུག་པོ་ཞེས་བྱ་བ། ད་ལྟ་ཤིན་ཅང་དུ་འབོད་པའི་ཡུལ་ཁམས་འདི་ཡིན་ལ། འདི་གནའ་སྔ་མོ་ནས་རྒྱ་གར་གྱི་ཁོངས་སུ་གཏོགས་པའི་གཏམ་ཟུར་ཙམ་ཡང་མི་སྣང་ངོ་།། ཨ་ལ་ཤའི་ཡིག་བཤད་མཁས་པའི་ཁ་རྒྱན་དུ། ཐོན་མི་ནཱ་ལེནྡྲར་ཕེབས་པར་བཤད་དེ། དེ་ལྟར་བཤད་པའི་སྔོན་གྱི་ཁུངས་བཙུན་གྱི་ཡི་གེ་ཞིག་ད་སྔ་མ་མཐོང་ཡང་གལ་ཏེ་ཕེབས་པ་བདེན་ན། དེའི་ཚེ་ནཱ་ལེནྡྲ་ནི་རྒྱ་གར་ཡུལ་དབུས་ཀྱི་ནང་བ་སངས་རྒྱས་པའི་དགོན་པ་ཆེ་ཤོས་ཡིན་ཞིང་། ཐོན་མི་དང་ཐང་ཟན་བླ་མ་བྱོན་པའི་དུས་དེར་སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་ཡོན་ཏན་འོད་ཀྱི་ཞབས་ཟིན་ཆོག་པའི་མཁས་པ་དུལ་བའི་ལྷའམ་དུལ་བའི་སྡེ་མཁན་པོ་མཛད་ནས་བསྟན་པ་སྐྱོང་བའི་སྐབས་ཡིན་ནོ། །ཚལ་བའི་དེབ་དམར་དང་འགོས་ལོའི་དེབ་སྔོན་སོགས་བོད་ཀྱི་ལོ་རྒྱུས་རྣམས་སུ་ཐང་ཟན་བླ་མ་དབྱིག་གཉེན་གྱི་དངོས་སློབ་ཏུ་བཤད་པ་ནི་མི་བདེན་པ་འདྲ་སྟེ། དབྱིག་གཉེན་གྱི་སློབ་མ་རྣམ་གྲོལ་སྡེ། དེའི་སློབ་མ་མཆོག་གི་སྡེ། དེའི་སློབ་མ་དུལ་བའི་སྡེ་ཡིན་པས་རྒྱ་ནག་གི་ཡི་གེ་ན་དུལ་བའི་སྡེ་སློབ་དཔོན་དུ་བཀུར་བར་བཤད་པ་གཙིགས་སམ་སྙམ་མོ།། ༤ ཐོན་མིའི་བརྩམས་ཆོས། ཀ དངོས་ཀྱི་དོན། དེ་ཡང་ཐོན་མིས་བོད་ཡིག་གསར་བཟོ་མཛད་པའི་རྗེས་ནས་སྒྲ་རིག་པ་དང་ཡི་གེའི་རིག་པ་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་སོ། །གྲངས་བརྒྱད་ངེས་པའི་དོན་ལ། རྒྱ་གར་ན་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་པ་དང་ཚུལ་མཚུངས་པར་བརྩམས་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་སོགས་སུ་གསུངས་ལ། རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ནི། ཨིནྡྲ་བྱཱ་ཀ་ར་ཎ། བི་ཤ་ལ་བྱཱ་ཀ་ར་ཎ། ཤ་ཀཽ་ཊ་ཡ་ན་བྱཱ་ཀ་ར་ཎ། པཱ་རྐི་བྱཱ་ཀ་ར་ཎ། ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་ཏཉྫ་ལི་བྱཱ་ཀ་ར་ཎ། མ་ནུ་ཛནྡྲེ་བྱཱ་ཀ་ར་ཎ། སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སྟེ་བརྒྱད་འདྲེན་ནོ། །ད་ལྟ་སུམ་ཅུ་བ་དང་རྟགས་འཇུག་གི་རྩ་བ་གཉིས་ལས་དེ་འཕྲོས་དྲུག་བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་སུ་ནུབ་ནས་དཔེ་མ་བྱུང་བས་ན་ཤིན་ཏུ་ཕངས་ཆེ་ལ། དེའི་ཕྱིར་ད་ལྟའི་སུམ་རྟགས་གཞུང་དུ། ད་དྲག་རྗེས་སུ་གང་ཐོབ་ཀྱི་ཚིག་ཕྲད་དང་བྱ་བྱེད་ལས་གསུམ་དང་སྐུལ་ཚིག མིང་རྐྱང་གི་དག་ཡིག་ཡོངས་རྫོགས་ཀྱི་བསྒྲུབ་གཞི་རྣམས་དངོས་བསྟན་དུ་མ་བྱུང་བ་ནི་གནད་དེ་ལ་ཐུག་གོ ། གཞན་ཡང་ལོ་རྒྱུས་ཀྱི་ཡི་གེ་སྔ་མ་རྣམས་སུ། ཐོན་མིའི་བརྩམས་ཆོས་བགྲང་སྐབས། སུམ་རྟགས་ལས་གཞན། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས་དང་། ཀ་མེད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་ཟེར་བ་རྣམས་ཡོད་པར་བཤད་ལ། ཁྱད་པར་དུ་རྒྱལ་རབས་གསལ་མེ་རྩོམ་པ་བོ་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་དེ་དག་དངོས་སུ་གཟིགས་སམ། གང་ལྟར་རྒྱལ་རབས་དེར་(༡༣༢༨ལོར་བརྩམས)ཐོན་མིས་ཡི་གེ་བཟོ་ཚུལ་རྒྱས་པར་ཤེས་འདོད་ན་དེ་དག་ཏུ་གཟིགས་ཤིག་ཅེས་གདམས་ཡོད་དོ། །རྒྱལ་དབང་ལྔ་བ་དང་ཀློང་རྡོལ་བླ་མས་རྒྱལ་རབས་གསལ་བའི་མེ་ལོང་ནི་གཞུ་ཁང་བ་ལེགས་པའི་ཤེས་རབ་ཀྱིས་བརྩམས་པར་གསུངས་ཏེ་བརྟག་གོ །ཡར་འབྲོག་པ་རིན་ཆེན་ཏོག་སོགས་ཀྱི་སུམ་རྟགས་འགྲེལ་བར་སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ་ཞེས་པ་ཡང་ཐོན་མིས་མཛད་པར་བྱས་པ་ལ། ཞྭ་ལུ་ལོ་ཙཱ་བའི་སུམ་ཅུ་བའི་འགྲེལ་བའི་དབུར། ཐོན་མིས་མཛད་པར་གྲགས་པའི་མུན་པའི་སྒྲོན་མེ་ནི་ཐོན་མིས་མཛད་སྲིད་ནའང་། རྒྱ་གར་གྱི་སྐད་ཀློག་ཚུལ་ཡིན་གྱི་བོད་ཀྱི་སྐད་ལ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཚིག་ཟིན་ལྟར་ན། ཐོན་མིས་མཛད་པར་གྲགས་པའི་མུན་པའི་སྒྲོན་མེ་ཞེས་པའི་བསྟན་བཅོས་ཤིག་ཀྱང་ཡོད་པར་མ་ཟད། མཁས་བ་དེ་དག་གིས་གཟིགས་མྱོང་བའི་དན་རྟགས་ཀྱང་ཚིག་གི་ཟུར་ལ་གསལ་ལོ། །འོན་ཀྱང་ད་ལྟ་དེ་དག་གི་དཔེ་རྒྱུན་ཤིན་ཏུ་རྙེད་དཀའ་བས་བདག་ཅག་གི་མིག་ལམ་དུ་སྣང་བར་མ་གྱུར་ཏོ།། ཁ མཐའ་དཔྱད་པ། ཁ་ཅིག་གིས། སུམ་ཅུ་བ་དང་རྟགས་འཇུག་གི་གཞུང་འདི་གཉིས་ཐོན་མིས་བརྩམས་པའི་ཡི་གེའི་བསྟན་བཅོས་བརྒྱད་ཀྱི་ཡ་གྱལ་གཉིས་ཡིན་ཞེས་བཤད་པ་མི་འཐད་དེ། དེ་གཉིས་ནི་ཡི་གེའི་བསྟན་བཅོས་བརྒྱད་ཀྱི་ནང་གསེས་ཀྱི་ཡང་ལེའུ་རེ་རེ་ཡིན་ནོ་ཟེར། དེ་ཡིན་པའི་ཤེས་བྱེད་ནི། སྒྲ་བ་ནམ་བཟང་གིས་མཛད་པའི་སུམ་རྟགས་འགྲེལ་བ་བསྟན་པའི་སྒྲོན་མེར་སུམ་རྟགས་ཀྱི་རྩ་བ་བཀོད་པའི་མཇུག་ཏུ། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ། །ཞེས་དང་། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ་ཞེས་གསུངས་པ་འདི་ལ་དཔགས་ན་ཤེས་སོ་ཟེར། དེ་ལ་ཡང་ཁ་ཅིག་གིས། གཞུང་དེ་ལྟར་ན་ཐོན་མིའི་ཡི་གེའི་བསྟན་བཅོས་ལ་བརྒྱད་དུ་མ་ཟད། མཐའ་ཡས་པ་ཞིག་ཡོད་པར་དེའི་ནང་གི་ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎ་ལ་སྐབས་དང་པོ་དང་གཉིས་པ་གཉིས་དང་། དེའི་སྐབས་དང་པོ་ལ་མ་མཐའ་ལེའུ་ལྔ་དང་། སྐབས་གཉིས་པ་ལ་མ་མཐའ་ལེའུ་དྲུག་ཡོད་པས་གཞུང་ཚིག་དེར་ལེ་ཚན་ཆེ་ཆུང་བཅོ་བརྒྱད་ཡོད་པ་དངོས་སུ་གསལ་ཞིང་། ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎ་གཅིག་པུ་ལ་དེ་འདྲ་བ་ཡོད་པ་ལྟར་དུ་རྩ་བའི་ལེ་ཚན་ཆེན་པོ་གཞན་བདུན་ལ་ཡང་སྐབས་དང་ལེའུ་དུ་མ་ཡོད་པ་རྗེས་སུ་དཔོག་གོ་ཟེར། འདི་ལྟ་བུའི་དོགས་སློང་བྱས་པ་ལ་ལན་ཇི་ལྟར་གདབ་བློ་གྲོས་ཞིབ་མོས་དཔྱད་དགོས་པའི་གནས་སུ་སྣང་ངོ་།། ཡང་ཁ་ཅིག་གིས། དེ་ལས་བཟློག་སྟེ་གཞུང་དེས་ཐོན་མིའི་བསྟན་བཅོས་ལ་བརྒྱད་ཁོ་ན་ཡོད་པ་བསྟན་ཏེ། རྣམ་གླིང་བའི་སུམ་ཅུ་བའི་འགྲེལ་བའི་མཇུག་ཏུ། བསྟན་པའི་སྒྲོན་མེར་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ། །ཞེས་གསུངས་པ་ལྟར་ན་འདི་ཉིད་བསྟན་བཅོས་བརྒྱད་ཀྱི་ལྔ་བ་ཡིན་པར་མངོན་ནོ། །ཞེས་དང་། གསེར་ཏོག་རྟགས་འཇུག་གི་འགྲེལ་བའི་གཤམ་དུ། བྱཱ་ཀ་ར་ཎའི་རྩ་བ་དང་ཡན་ལག་གི་གཞུང་བརྒྱད་བཞུགས་པ་ལས་རྣམ་པ་ཀུན་ཏུ་ཚིག་དོན་བཟང་བོའི་བྱཱ་ཀ་ར་ཎ་གཉིས་པ་རྟགས་ཀྱི་འཇུག་པའི་སྐབས་ཏེ་བསྟན་བཅོས་བརྒྱད་ཀྱི་ནང་གི་དྲུག་པའོ། །ཞེས་གསུངས་པས་སོ་ཟེར། དེ་ལ་པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་འགྲེལ་བར། འགྲེལ་བ་བསྟན་པའི་སྒྲོན་མེའི་ལུང་དྲངས་པའི་མཐར། ཐུ་མིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རྩ་བ་ཆེན་པོ་བརྒྱད་ཡོད་པའི་ནང་ནས། རྩ་བ་དང་པོའི་ནང་གི་སྐབས་སམ་ལེའུ་ལྔ་བ་ནི་བསྟན་བཅོས་འདི་ཡིན་པར་བཞེད་འདུག་པ་ལ། རྣམ་གླིང་བས། འགྲེལ་བ་འདི་ལྟར་ན་འདི་ཉིད་བསྟན་བཅོས་བརྒྱད་ཀྱི་ལྔ་བ་ཡིན་པར་མངོན། ཞེས་མ་བརྟགས་པ་ཁོ་ནར་གསུངས་སོ། །ཞེས་སྔོན་བྱོན་མཁས་པས་བཀག་ཟིན་པས་འདིར་ཡང་དེ་ལྷག་བརྗོད་དུ་མེད་དོ།། ཡང་ཁ་ཅིག འགྲེལ་བ་བསྟན་པའི་སྒྲོན་མེའི་ལུང་འགྲེལ་ཚུལ་གོང་གི་དེ་མི་འཐད་དེ། པྲ་སྟི་ལྟར་ན། དང་པོ་ཞེས་པ་རྩ་བ་བརྒྱད་ཀྱི་དང་པོ་དང་། ལྔ་བ་ཞེས་པ་དང་པོའི་ལེའུ་ལྔ་བ་ཞེས་འགྲེལ་ཞིང་། དེ་བཞིན་དུ་རྟགས་འཇུག་གི་སྐབས་གཉིས་པ་ཞེས་པ་རྩ་བ་བརྒྱད་ཀྱི་གཉིས་པ་དང་། དྲུག་པ་ཞེས་པ་གཉིས་པ་དེའི་དྲུག་པ་ཞེས་འགྲེལ་དགོས་སོ་ཞེས་ཟེར་བ་ལ་ཡང་ལན་ཇི་ལྟར་གདབ་དཔྱད་དགོས་སོ།། གཞན་ཡང་། མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཏུ། འགྲེལ་བ་བསྟན་པའི་སྒྲོན་མེར་བཀོད་པའི་རྩོད་གཞིར་གྱུར་པའི་སུམ་རྟགས་སོ་སོའི་མཇུག་གི་གཞུང་དེ་སུམ་ཅུ་བའི་རྩ་བའི་མཇུག་ཏུ་མི་འགོད་ཅིང་། རྟགས་འཇུག་གི་མཇུག་ཁོ་ནར་བཀོད་པའི་དགོས་པ་དང་། ཀུན་ཏུ་བཟང་བོ་ཞེས་པ་ལ་རྣམ་པ་ཀུན་ཏུ་ཚིག་དོན་བཟང་བོ་ཞེས་འགྲེལ་བ་དང་། གཉིས་པ་རྟགས་འཇུག་ཅེས་པས། ཐོན་མིས་བསྟན་བཅོས་བརྒྱད་ཀྱི་གཉིས་པ་རྟགས་འཇུག་ཡིན་པར་གང་ན་གསུངས་ཡོད་ཚུལ་རྣམས་ལ་རྒྱ་ཆེར་དཔྱད་དུ་ཡོད་ཀྱང་རེ་ཞིག་ཆོག་ཤེས་པར་བྱའོ།། ༥ ཐོན་མིའི་བསྒྱུར་ཆོས། དེ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཐོན་མི་སམྦྷོ་ཊའི་མཚུངས་ཟླ་མེད་པའི་རྣམ་དཔྱོད་དང་གཞལ་བར་དཀའ་བའི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་རང་སྐད་དང་མཐུན་པའི་ཡི་གེ་གསར་བཟོས་ལེགས་པར་གྲུབ་པ་ནས་བཟུང་། བོད་རྒྱལ་སྲོང་བཙན་སྒམ་པོའི་བཀས་ཡུལ་གྲུ་སོ་སོར་ཕོ་ཉ་མངགས་ཏེ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། ཁ་ཆེ་ཏ་ནུ། བལ་བོ་ཤཱི་ལ་མཉྫུ། རྒྱ་ནག་ཧྭ་ཤང་མཧཱ་དེ་བ་(འདི་ཁྲི་སྲོང་ལྡེ་བཙན་རིང་ལ་སློབ་དཔོན་ཀ་མ་ལ་ཤི་ལ་དང་རྩོད་པ་མཛད་པའི་ཧཱ་ཤང་དེ་དང་མིང་གཅིག་ལ་ཁད་པ་ཙམ་མོ། །)དང་། ལོ་ཙཱ་བ་ཆེན་པོ་ཐོན་མི་སམྦྷོ་ཊ་རང་ཉིད་དང་དེ་ཉིད་ཀྱི་སློབ་མ་དྷརྨ་ཀོ་ཥ་དང་། ལྷ་ལུང་རྡོ་རྗེ་དཔལ། (འདི་ཡང་དར་མ་བགྲོང་མཁན་དེ་དང་མིང་གཅིག་ལ་ཁད་པ་ཙམ་མོ། །)སོགས་གདན་འཛོམས་པར་བྱས་ནས་གསུང་རབ་བོད་ཀྱི་སྐད་དུ་སྒྱུར་བའི་ལས་ཀྱི་གྲྭ་ཐོག་མར་བཙུགས་སོ།། གསུང་རབ་གང་དང་གང་བསྒྱུར་པ་ནི། ཐོག་མར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར་བར་མཛད་དེ། དེ་ཉེར་གཅིག་ནི་རྒྱལ་བོའི་བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་ལས་བྱུང་བ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ་བཀོད་པ་འདི་ལྟར། ༡ ཟ་མ་ཏོག་བཀོད་པ། ༢ ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༣ པདྨ་སྙིང་བོའི་མདོ། ༤ ཞལ་བཅུ་གཅིག་པའི་མདོ། ༥ བཅུ་གཅིག་ཞལ་གྱི་གཟུངས། ༦ དོན་ཡོད་ཞགས་པ། ༧ དོན་ཞགས་ཕྱི་མ། ༨ པདྨ་མཆོག ༩ དབང་བསྒྱུར་འཁོར་ལོ། ༡༠ ཆོ་ག་སྔགས་ཀྱི་རྒྱུད། ༡༡ ཡིད་བཞིན་ནོར་བུའི་གཟུངས། ༡༢ སྙིང་རྗེ་ཆེན་པོ་མི་བཤོལ་བ། ༡༣ འོད་ཟེར་རྣམ་བཀོད། ༡༤ པདྨ་ཅོད་པན་གྱི་རྒྱུད། ༡༥ ཡི་གེ་དྲུག་པའི་མདོ། ༡༦ དམ་ཆོས་པད་དཀར། ༡༧ པུཎྚ་རི་ཀའི་མདོ། ༡༨ ཆུ་ཀླུང་སྣ་ཚོགས་པའི་མདོ། ༡༩ སྣང་བ་རོལ་པའི་མདོ། ༢༠ མཚན་བརྒྱ་རྩ་བརྒྱད་པ། ༢༡ མཚན་རབ་ཡོངས་སུ་བསྟན་པའི་མདོ་སྟེ་ཉེར་གཅིག་གོ ། འདི་ལས་འོད་ཟེར་རྣམ་བཀོད་དང་། ཆུ་ཀླུང་སྣ་ཚོགས། སྣང་བ་རོལ་པ། མཚན་རབ་ཡོངས་བསྟན་རྣམས་དེང་སང་བཀའ་འགྱུར་གྲས་སུ་མི་སྣང་ཞིང་། གཞན་མ་རྣམས་ཕྱིས་སུ་འགྱུར་བཅོས་བྱས་པའི་ཁྱད་པར་ཙམ་ལས་ཚང་མ་ཡོད་དོ་ཞེས་གྲགས་སོ།། གཞན་ཡང་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ་སྟེ་མཚན་གཞན་མདོ་ཏིང་ངེ་འཛིན་རྒྱལ་བོ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ། དགེ་བ་བཅུའི་གྲགས་པ་རྣམས་ཀྱང་བསྒྱུར་ཞེས་ལོ་རྒྱུས་ཀྱི་ཡི་གེ་སྔ་མ་རྣམས་སུ་འབྱུང་ལ། སྲོང་བཙན་ལས་རྒྱལ་རབས་ལྔས་སྔ་བའི་བོད་རྒྱལ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་ཕྱག་ཏུ་བྱུང་བའི་ཐུགས་དམ་གྱི་རྟེན་གཉན་པོ་གསང་བའི་གྲས་ནས། ལེགས་སྦྱར་སྐད་དུ་ཡོད་པའི་དཔང་སྐོང་ཕྱག་རྒྱ་བ། མདོ་སྡེ་ཟ་མ་ཏོག ཙིནྟ་མ་ཎི་གཟུངས། མདོ་སྡེ་ལས་རྣམ་འབྱེད་རྣམས་ཀྱང་བསྒྱུར་པར་མཛད། ཙིནྟ་མ་ཎི་ཞེས་པ་མདོ་རྒྱུད་ཉེར་གཅིག་གྲས་ཀྱི་ཡིད་བཞིན་ནོར་བུའི་གཟུངས་དང་མདོ་སྡེ་ཟ་མ་ཏོག་ཅེས་པ་ཟ་མ་ཏོག་བཀོད་པ་དང་གཅིག་གམ་སྙམ་མོ།། གོང་གི་གཞུང་དེ་དག་ལ་ཕྱིས་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ནས་འགྱུར་བཅོས་དང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པར་བརྟེན། དང་ཐོག་ཐོན་མིས་བསྒྱུར་ཚད་ཀྱི་གཞུང་གི་མཇུག་ཏུ་ཐོན་མིའི་འགྱུར་བྱང་ཡོད་པའི་ངེས་པ་མ་མཆིས་མོད། དཔང་སྐོང་ཕྱག་རྒྱ་བའི་མཇུག་ཏུ་ད་ལྟའང་ཐོན་མིའི་འགྱུར་བྱང་བཀོད་ཡོད་དོ། །དཔང་སྐོང་ཕྱག་རྒྱ་བ་ལ་ཡི་གེ་འབྲི་ཚུལ་འདྲ་མིན་སྣ་ཚོགས་ཡོད་དེ། སྤང་སྐོང་། པང་ཀོང་། ཕྱག་བརྒྱ་སོགས་ལས་གང་དག་བརྟག་པར་འཚལ། སྤྱིར་བོད་དུ་གཞུང་བསྒྱུར་བ་རྣམས་ལ་རྒྱ་གར་སྐད་དང་། འགྱུར་ཕྱག་དང་ཤོ་ལོ་ཀ་དང་བམ་པོའི་གྲངས་ཚད་དང་། འགྱུར་བྱང་འགོད་པ་སོགས་ཀྱི་སྲོལ་ནི་སྲོང་བཙན་རྗེས་ཀྱི་རྒྱལ་རབས་ལྔ་བ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་རྒྱལ་བའི་གསུང་རབ་རྒྱ་ཆེར་བསྒྱུར་བའི་ཚེ་བཀས་བཅད་པ་ལ་བརྟེན་ནས་བྱུང་བས་ན། ཐོན་མིའི་དུས་སུ་དེ་དག་ཅི་ནས་ཀྱང་ཡོད་པའི་བཀས་བཅད་ཀྱི་ངེས་པ་མ་མཛད་དོ།། རྒྱ་ནག་གི་བཀའ་བསྟན་རྣམས་ལ་འགྱུར་བྱང་གི་དོད་དུ་ལོ་ཙཱ་བའི་མཚན་ཙམ་འགོད་པ་ལས། རྒྱ་གར་སྐད་དང་། འགྱུར་ཕྱག་དང་། བམ་གྲངས་འགོད་པ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སུ་སྣང་ངོ་། །དེ་བཞིན་དུ་རྒྱ་ནག་གི་འགྱུར་བྱང་གཞུང་གི་མཇུག་ཏུ་མི་འགོད་པར་དབུར་འགོད་པ་ནི་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཆོས་སོ།། གསུམ་པ། སུམ་རྟགས་ཀྱི་འགྲེལ་བ་གསར་རྙིང་གྲགས་ཆེན་འགའ་ཞིག (ས་བཅད་འདི་མཚམས་འདིར་བཀོད་ན་གཞུང་དོན་ལྟ་བ་ལ་སྒྲིབ་པར་འགྱུར་བས་མཇུག་མཐའི་གཤམ་དུ་བཀོད་པ་ལ་བལྟ་བར་འཚལ།) བཞི་བ། སྒྲ་རིག་པ་དང་བོད་ཀྱི་བརྡ་གཉིས་ཀར་མཁོ་བའི་བསྟན་བཅོས་འགའ། ཀ བསྟན་འགྱུར་གྱི་སྒྲ་རིག་པའི་སྡེ་ཚན་གཤམ་དུ་བཞུགས་པའི་དག་ཡིག་སྨྲ་སྒོ་མཚོན་ཆ་རྩ་འགྲེལ། རྒྱ་གར་གྱི་པཎྜི་ཏ་ནོར་བཟང་གྲགས་པས་ཙཱནྡྲ་བྱཱ་ཀ་ར་ཎའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་བའི་སྒོ་ཞེས་བྱ་བ་ཞིག་བརྩམས་པ་ལས། འདི་དང་དཔལ་ལྡན་ནཱ་རོ་བ་གཉིས་ཀྱི་སློབ་མ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི།(དྲན་པ་ཡེ་ཤེས་གྲགས་པ)བོད་དུ་ཕེབས་ནས་འབྲོམ་སྟོན་པ་དང་། གླིང་གེ་སར་རྒྱལ་བོའི་སློབ་དཔོན་མཛད། མཐར་ཁམས་ཀྱི་ཀློང་ཐང་དུ་ཡུན་རིང་བཞུགས་ཤིང་། བོད་ཀྱི་སྐད་ཡིག་ལ་བྱང་བར་ལོབས་པ་ན། རྒྱ་གཞུང་དུ་མ་རང་འགྱུར་དུ་མཛད་སྐབས་སྒྲ་དང་སུམ་རྟགས་གང་ལ་ཡང་མཁོ་ཆེ་བའི་དག་ཡིག་སྨྲ་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་བརྩམས་ནས་བོད་སྐད་ལྟར་རང་འགྱུར་དུ་མཛད། ཅེས་པ་ནི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་གཏམ་མོ།། ནམ་བརྩམས་པའི་དུས་ནི། རབ་བྱུང་དང་པོའི་གོང་རོལ་དེ་མ་ཐག་གི་དྲུག་ཅུ་སྐོར་དེའི་བགྲང་བྱ་སོ་བརྒྱད་པ་ཤིང་འབྲུག་(༡༠༠༤) ལོར་འཁྲུངས་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ་ཉི་ཤུ་ཙམ་གྱི་དུས་སུ་སྨྲྀ་ཏི་སྟེ་མཚན་གཞན་སྒྲའི་ཚེར་མ་ཞེས་བྱ་བ་ཁམས་སུ་བྱོན་པའི་དྲུང་ནས་སྒྲ་དང་ལེགས་སྦྱར་གྱི་སྐད་ཡིག་བསླབས་ངེས་པས་ན། སྨྲ་སྒོ་ཡང་དུས་དེ་ཙམ་ཞིག་ལ་བརྩམས་པར་རྗེས་སུ་དཔོག་གོ ། སྨྲྀ་ཏི་ཐོག་མར་བོད་དུ་ཕེབས་དུས་བོད་སྐད་མི་མཁྱེན་ཅིང་གཙང་རྟ་ནག་ཏུ་ཁྱིམ་ཚང་ཞིག་གི་ར་ལུག་འཚོ་བའི་རྫི་བོ་བྱས། དེར་བཞུགས་དུས་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་བྱུང་བའི་ལོ་རྒྱུས་ཡོད། ཁོང་གིས་ཁྱིམ་དེའི་ཕྱི་སྒོའི་ཡ་ཐེམ་ལ། རི་བོར་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།། མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས།། དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས།། གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ།། ཞེས་བྲིས་ཡོད་པ་སྔོན་རྒྱ་གར་དུ་སྨྲྀ་ཏི་བླ་མར་བསྟེན་པའི་ལོ་ཙཱ་བ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་མཐོང་སྟེ་རང་གི་བླ་མའི་ཕྱག་བྲིས་སུ་ངོ་ཤེས་ནས་འདི་སུས་བྲིས་དྲིས་པར། ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར། ད་ལྟ་གང་ན་ཡོད་དྲིས་པས། ར་རྫི་ལ་སོང་ཟེར། ལོ་ཙཱ་བས་ཁྱིམ་དེར་གསེར་བྱིན་ནས་སྨྲྀ་ཏི་བླུས། རང་ཡུལ་དུ་སྤྱན་དྲངས་པ་ནས་བཟུང་འཕྲིན་ལས་རྒྱས་ཞེས་པའི་ལོ་རྒྱུས་ཡ་མཚན་པ་མང་བོ་ཡོད་དོ།། སྨྲ་སྒོ་མཛད་པ་བོ་སུ་ཡིན་ལ་བཞེད་པ་མི་མཐུན་པ་འགའ་ཡོད་པ་འདི་ལྟར། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི་ཚོགས་གསུམ་གསལ་བ་ལས། ཕྲད་འདུས་པ་ཞེས་པ་གང་ལ་ཞེས་པའི་ག་དང་ལ་སྦྱར་ཏེ་གལ་ཞེས་པ་དང་། ཅི་ཞིག་ན་ཞེས་པ་ཏེ་ན་ཞེས་པར་བསྒྱུར་བས་གལ་ཏེ་ན་ཞེས་པར་འགྱུར་རོ། །ཞེས་འཆད་པ་ནི་མི་བཟད་པའི་རྫུན་གྱིས་ཉན་པ་བོ་མགོ་རྨོངས་པར་བྱེད་པ་སྟེ། ཞེས་དང་། གལ་དང་ཏེ་ཕྱེ་བའི་བཤད་པ་ནི་རྒྱལ་བ་ཞེས་པ་ལ་རྒྱལ་དང་བ་ཕྱེ་སྟེ་བཤད་པ་དང་འདྲའོ། །ཞེས་དང་། གང་ལྟར་དང་། ཅི་ལྟར་དང་། དེ་ལྟར་ཞེས་པ་ལ་སོགས་པའང་ཕྲད་གཉིས་ཡིན་ཞེས་འཆད་པ་རྣམས་ནི་བརྗོད་བྱས་སྟོང་བ་བརྗོད་པས་དོན་དུ་གཉེར་བ་རྣམས་མགོ་རྨོངས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་སྨྲ་སྒོ་ནི་རྒྱ་གར་གྱི་པཎྜི་ཏས་བརྩམས་པ་མ་ཡིན་གྱི། བོད་ཀྱི་པཎྜི་ཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ། མཁས་པར་རློམ་པ། བློ་གཟི་པོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ་། །ཞེས་དང་། སྨྲ་སྒོ་བོད་དུ་དར་ཕྱིན་ཆད་བྱུང་བའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་ཀྱང་། སྒྲའི་གཞུང་ཆེ་བ་ཙཱནྡྲ་བ་དང་། ཀ་ལཱ་པ། མངོན་བརྗོད་ཨ་མཱར་ཀོ་ཥ་ལ་སོགས་པ་ལ་ཆོས་སྐད་ཆགས་པ་དང་གཟིགས་རྟོག་ཚུད་པའི་སློབ་གཉེར་མ་མཛད་པས་སྨྲ་སྒོའི་མཚང་མ་ཤེས་པར་དེའི་ཚིགས་བཅད་བདེ་མོས་བསླུས་ཏེ། བསྟན་བཅོས་ཚད་ལྡན་དུ་བསམས་ནས་བསྡུས་དོན་དང་ཊིཀྐ་ལ་སོགས་པའི་ཆ་ལག་མཛད་སྣང་ངོ་། །ཞེས་མཁས་པ་སྨྲྀ་ཏིས་མཛད་པར་བཞེད་པ་ལྟ་ཅི། བོད་མཁས་པར་རློམ་པ་ཞིག་གིས་བརྩམས་ཞེས་ལེགས་ཆ་གཏན་མེད་པར་བཞེད་དོ།། རྣམ་གླིང་པཎ་ཆེན་གྱིས། དཔང་ལོས་དེ་ལྟར་གསུངས་པ་ནི། དུས་དེར་བསྟན་བཅོས་འདི་ཧ་ཅང་དར་ཆེ་བས། ཀ་ཙཱན་སོགས་གཞུང་ལུགས་ཆེན་པོ་རྣམས་ཀྱི་འཕྲིན་ལས་ལ་གནོད་པ་བྱུང་བར་བརྟེན། དགོངས་པ་ཅན་གྱི་གསུང་དེ་གནང་བ་ཡིན། ཞེས་མཁས་པ་འགའ་ཞིག་བཞེད་པ་དོན་ལ་གནས་ཤིང་། བསྟན་འགྱུར་དཀར་ཆག་སྒྲིག་མཁན་རྣམས་ཀྱིས་ཀྱང་སྨྲྀ་ཏིའི་ཡིན་ཤག་བྱས་པ་ལ། བོད་ཀྱི་མཁས་པ་རོང་ཟོམ་ཆོས་བཟང་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱིས་དེ་ལ་རྒྱས་འགྲེལ་བརྩམས་པའང་ཡོད། སྨྲྀ་ཏའི་གསུང་ཡིན་མིན་གང་ལྟར་ཡང་། སུམ་རྟགས་དང་དགོངས་པ་ཕལ་ཆེར་མཐུན་ཞིང་བོད་ཀྱི་སྐད་ལ་ཉེ་བར་མཁོ་བ་དང་། ཚིག་གིས་དོན་སྟོན་པ་ལ་ཚིག་ཕན་ཚུན་སྦྱོར་དགོས། དོན་གསལ་བར་སྟོན་པ་ལ་ཕྲད་དང་། ཕྲད་འདུས། ཚིག་རྒྱན་རྣམས་མེད་མི་རུང་གི་ཡན་ལག་ཡིན་པས་སྨྲ་སྒོའི་འཆད་ཚུལ་ལ་ལེགས་ཆ་ཤིན་ཏུ་མང་བར་བཞེད་དོ།། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བའི་སུམ་རྟགས་འགྲེལ་བར། སྨྲ་སྒོ་རྩ་འགྲེལ་ལ་མི་འཐད་པ་ཤིན་ཏུ་མང་ཞིང་མཁས་པ་གཞན་གྱིས་གནོད་བྱེད་བཀོད་པ་གནད་དུ་སོང་བའང་མང་བར་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་ཞེས་གསུངས་པས་ན་རྩ་འགྲེལ་གཉིས་སྨྲྀ་ཏིའི་གསུང་དུ་ཞལ་གྱིས་མི་འཆེ་བར་སྣང་ངོ་། །འོན་ཀྱང་སུམ་ཅུ་བའི་སྐབས་སུ་འགའ་ཞིག་དྲངས་པ་སོགས་གཞུང་འདིའི་དོན་དང་སྐབས་འགར་མཐུན་པའི་ལེགས་བཤད་མང་དག་ཀྱང་འདུག་པས་རྣམ་པ་ཀུན་ཏུ་དོར་བྱ་ནི་མ་ཡིན་ནོ། །ཞེས་པ་ནི་གཟུ་བོའི་བློས་དཔྱད་ཁུལ་གྱི་གཏམ་མོ།། བུ་སྟོན་རིན་པོ་ཆེའི་བསྟན་འགྱུར་དཀར་ཆག་དང་། སྡེ་དགེ་བསྟན་འགྱུར་དཀར་ཆག་རྣམས་སུ། སྨྲ་སྒོའི་རྩ་བ་སྨྲྀ་ཏིས་མཛད་པ་ཡིན་ཤག་ལ། འགྲེལ་བ་སློབ་དཔོན་དེ་ཉིད་ཀྱིས་མཛད་པ་ཡིན་ནམ་ཡང་ཟེར། རོང་ཟོམ་ཆོས་བཟང་གིས་བྱས་པ་ཡིན་ཡང་ཟེར་ཞེས་ཁ་ཚོན་མ་བཅད་དོ།། མཁས་པ་ཁ་ཅིག་རྩ་འགྲེལ་གཉིས་ཀ་བོད་ཀྱི་མཁས་པ་རོང་ཟོམ་ཆོས་བཟང་གིས་མཛད་པར་བཞེད་ཅེས་བཻ་དཀར་གཡའ་སེལ་ལས་བཤད། གང་ལྟར་ཡང་སྨྲ་སྒོའི་རྩ་བ་ནི་སྨྲྀ་ཏི་ལིང་ཆུ་གསེར་ཁབ་ཏུ་བྱོན་ནས་བརྩམས་པ་རང་འགྱུར་དུ་བྱས་པ་ཡིན་པར་བུ་སྟོན་ཆོས་འབྱུང་དུ་གསུངས་སོ། །ས་སྐྱ་པཎ་ཆེན་གྱི་བཀའ་རྩོམ་ཁྲོད་དུ་སྨྲ་སྒོའི་ས་བཅད་བསྡུས་པ་ཞིག་ཀྱང་ཡོད་དེ། དེ་ལྟ་ན་ས་སྐྱ་པཎྜིཏ་སྨྲ་སྒོ་ཚད་ལྡན་དུ་བཞེད་པའི་ཕྱོགས་ཡིན་པ་འདྲའོ།། རྒྱལ་དབང་ལྔ་བའི་དེབ་ཐེར་ལས། སྨྲྀ་ཏིས་སྨྲ་སྒོ་མཚོན་ཆར་གྲགས་པའི་བསྟན་བཅོས་མཛད་དོ། །ཞེས་གསུངས་པ་དང་། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ན། དག་ཅེས་པ་ནི་སྒྲའི་བསྟན་བཅོས་ལས་གཉིས་ཀྱི་ཚིག་ཏུ་བཤད་ཀྱང་། སྨྲ་སྒོ་ལས། དག་དང་རྣམས་ནི་མང་བོའི་ཚིག ། ཅེས་པ་ལྟར་བོད་སྐད་དུ་དེ་དག་ཅེས་པ་དང་། རྣམས་ཞེས་པ་མང་ཚིག་ཏུ་འགྱུར་བ་ཁྱད་པར་ཆེར་མེད་པས་འདིར་ཡང་དེ་བཞིན་བྱའོ། །ཞེས་གསུངས་པ་བཅས་ལ་དཔགས་ན་སྨྲ་སྒོ་སྨྲྀ་ཏིའི་གསུང་དུ་བཞེད་པའི་ཕྱོགས་ཡིན་ནོ།། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་དག་ཡིག་རབ་གསལ་མེ་ལོང་གི་མཇུག་ཏུ། སྨྲ་སྒོ་མཚོན་ཆ་ནི་དཔང་ལོས་བརྡ་སྤྲོད་དང་མི་མཐུན་པའི་སྐྱོན་མང་བས་པཎྜི་ཏས་མ་མཛད། ཅེས་གསུངས་མོད་ཀྱང་། དེ་སྨྲྀ་ཏིས་མཛད་པར་མཁས་པ་མང་བོས་བཞེད་པ་དང་། དེ་རྒྱ་གར་གྱི་སྒྲ་གཞུང་དང་ཇི་བཞིན་མ་མཐུན་ཡང་བོད་ཀྱི་སྐད་ཙམ་ལ་མཐུན་ཕྱིར་བྱས་པ་དང་། དེ་ཉིད་འཕགས་ཡུལ་གྱི་པཎ་ཆེན་ཡིན་ཡང་། བོད་དུ་བྱོན་ནས་ཡུན་མི་རིང་བས་བོད་སྐད་ལ་ཆེར་མ་བྱང་བའང་སྲིད་པས། བོད་ཀྱི་དག་ཡིག་སོགས་དང་ཅུང་ཟད་མི་མཐུན་པ་གལ་ཏེ་སྲིད་ཀྱང་ཉེས་པ་ཆུང་ལ། གང་ལྟར་ཡང་དེའི་བརྗོད་བྱ་ཕལ་ཆེར་ནི་བོད་སྐད་ལ་ཉེ་བར་མཁོ་ངེས་ཡིན་པར་འདུག་པས། དེའི་ཡང་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྡོམ་ཚིག་རབ་གསལ་མེ་ལོང་ཞེས་བྱ་བ་མཆན་འགྲེལ་དང་བཅས་པ་འདི་ནི། ཞེས་བཀོད་པ་ནི་གཟུ་བོར་གནས་པའི་མཁས་པ་ཆེན་པོའི་གསུང་དུ་སྣང་ངོ་།། ཁ བསྟན་འགྱུར་གྱི་སྣ་ཚོགས་ཁྲོད་དུ་བཞུགས་པའི་གནས་བརྒྱད་ཆེན་མོ་རྩ་འགྲེལ། གནས་བརྒྱད་རྩ་འགྲེལ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་རིང་གི་ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་གིས་བརྩམས་པར་དཔང་ལོ་ཙཱ་བ་སོགས་ཀྱིས་གསུངས་པ་ལྟར་དེང་སང་དེ་ལྟར་དུ་གྲགས་སོ། །འོན་ཀྱང་རྩ་བ་རང་གི་མཇུག་ཏུ། ལྕེ་ཁྱི་འབྲུག་གིས་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་པོའི་རྩ་བ་རྫོགས་སོ། །ཞེས་པ་ལྟར་ན་བསྒྱུར་བའི་གཞུང་དུ་སྣང་ངོ་།། དེ་ཡང་བཻ་དཀར་གཡའ་སེལ་དུ། སྦྱོར་བ་བརྒྱད་པ་ཞེས་པའི་ཡི་གེ་བཞག་པའི་དོན་འགྲེལ་དུ་བོད་ན་གནས་བརྒྱད་ཆེན་པོར་གྲགས་པ་བྲམ་ཟེ་སྨྲ་བའི་སེང་གེའམ་པཎྜི་ཏ་ཨ་པ་ཏཱ་ཛི་ཏ་ཞེས་པས་མཛད་པ་དང་། དེའི་འགྲེལ་བ་ཁ་ཆེ་ལེགས་སྦྱར་གསུམ་ལྡན་ཞེས་བྱ་བས་མཛད་པ་གཉིས་ཏེ། འདི་ལ་ལྕེ་ཁྱི་འབྲུག་ནི་སྒྱུར་བ་པོ་ཡིན་གྱི་མཛད་པ་པོ་མིན། ཞེས་བཤད་པ་ལྟར་ན་ལྕེ་ཁྱི་འབྲུག་ནི་སྒྱུར་བ་པོ་ཡིན་པ་ལས་རྩོམ་མཁན་མིན་པར་གསལ་ལོ།། རྩ་འགྲེལ་དེའི་བརྗོད་བྱའི་གཙོ་བོ་ནི། བྱཱ་ཀ་ར་ཎའི་སྐད་ཀྱི་གནས་བརྒྱད་ཡིན་ཏེ། བྱེད་པའི་གནས་དང་། བསྡུ་བའི་གནས། སྒྱུར་བའི་གནས། དྲང་བའི་གནས། འཇུག་པའི་གནས། རྣམ་པར་དབྱེ་བའི་གནས། ཕྱོགས་ཀྱི་གནས། དངོས་པོའི་གནས་རྣམས་སོ། །དེ་རེ་རེ་ལ་དབྱེ་བ་དང་ཡན་ལག་གི་དབྱེ་བ་ཕྱེ་ནས་ལུང་དུ་སྟོན་པའི་གཞིའམ་གནས་ཞིབ་མོར་བྱས་ནས་འཆད་དོ།། ག ཚོགས་གསུམ་གསལ་བ། འདི་མཛད་པ་པོ་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་སྲོལ་འཛིན་ཆེན་པོ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ་དེའི་བརྗོད་བྱའི་གཙོ་བོ་ནི། སཾ་སྐྲྀ་ཏ་དང་འབྲེལ་བའི་མིང་ཚིག་ཡི་གེ་སྟེ་ཚོགས་གསུམ་གྱི་རྣམ་གཞག་རྒྱས་པར་སྟོན་ཅིང་། དེའི་ཞར་ལ་བོད་ཀྱི་མིང་སྦྱོར་དང་མཐུན་པའི་རྣམ་དབྱེ་བརྒྱད་དང་། རྣམ་དབྱེ་བསྡུས་པའི་ཚིག་སྡུད་རྣམ་པ་དྲུག་དང་། ཚིག་ཕྲད་ཡིན་པ་དང་མིན་པའི་ཁྱད་པར་དང་། བོད་ཀྱི་དག་ཡིག་གི་འཁྲུལ་གཞི་འགའ་ཞིག་དང་། དག་ཡིག་སྨྲ་སྒོའི་མི་འཐད་པ་རྣམས་སུན་དབྱུང་བ་སོགས་སྟོན་ཏེ། སྒྲའི་ཡན་ལག་ཏུ་ཉེ་བར་མཁོ་བའི་བརྡ་སྦྱོར་བའི་བསྟན་བཅོས་ཆེས་ཤིན་ཏུ་ལེགས་པ་ཞིག་ཡིན་ཞིང་། སྔོན་ཆད་དཔེ་འདིའི་འཕྲིན་ལས་ཀྱང་ཧ་ཅང་འཕེལ་བར་གྲགས་སོ།། ང ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་རྩ་འགྲེལ། བྱིས་འཇུག་གི་རྩ་བ་མཛད་མཁན་ནི་ས་སྐྱ་བསོད་ནམས་རྩེ་མོ་ཡིན་ལ། དེའི་འགྲེལ་བ་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དགུང་ལོ་ཉེར་གསུམ་བཞེས་པའི་ཐོག་མཛད་པ་སྟེ། དེའི་ལེའུ་དང་པོར་ཡི་གེའི་བྱེ་བྲག་དང་དབྱེ་བསྡུ་བསྟན་པ། ལེའུ་གཉིས་པར་ཡི་གེའི་འབྱུང་གནས། འབྱིན་ཐབས། བཀླག་ཐབས་བསྟན་པ། ལེའུ་གསུམ་པར་ལེགས་སྦྱར་གྱི་སྐད་དང་སྔགས་ཀྱི་བཀླག་ཐབས་བསྟན་པ་རྣམས་ཤིན་ཏུ་ཁ་གསལ་ཞིང་དོན་སྣ་འདུས་པ་ཞིག་ཡིན་ནོ།། གཞན་ཡང་ས་པཎ་གྱིས་མཛད་པའི་ཚོགས་གསུམ་བརྗོད་བྱར་བྱེད་པའི་སྒྲ་ལ་འཇུག་པ་དང་། སྒྲའི་བསྟན་བཅོས་ཤེས་རབ་འཕྲོ་བ་སོགས་དང་། སྔ་ཕྱིའི་མཁས་པ་རྣམས་ཀྱིས་མཛད་པའི་སྐད་གཉིས་ཤན་སྦྱར་བའི་ཀཱ་ལིའི་ཕྲེང་བསྒྲིགས་སོགས་སྐབས་འདི་དང་འབྲེལ་བ་ཅན་ད་དུང་མང་ཙམ་བཞུགས་ནའང་ཞིབ་པར་སྨོས་ན་ཧ་ཅང་རྒྱས་དོགས་ནས་འདིར་དེ་ཙམ་ལས་མ་སྤྲོས་སོ།། ཟླ་ཤེལ་ཁ་བའི་རི་ཚོམ་ཕྲེང་བསྒྲིགས་པའི།། བྷོ་ཊའི་ལྗོངས་ཆེན་སྣང་བྱེད་ཡི་གེའི་བརྙན།། ཝ་ལེར་གསལ་མཛད་ཐོན་མི་ཨ་ནུའི་དྲིན།། བསྐལ་བའི་མཐར་ཡང་ཆ་ཙམ་ཅི་ལྟར་གཞལ།། ཞེས་བྱ་བ་ནི་ཀ་ཕྲེང་སུམ་ཅུ་ཚང་བའི་ཚིགས་བཅད་བྱ་དཀའ་བའི་སྙན་ངག་གི་སྒོ་ནས་ཆེད་དུ་བསྔགས་པའི་རོལ་མོ་འཁྲོལ་བའི་ངལ་གསོའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ལྔ་བ། མཚན་དོན་གྱི་སྐབས། ཀ དངོས་ཀྱི་དོན། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ། ཞེས་བྱུང་སྟེ། བྱཱ་ཀ་ར་ཎ་ནི་ལུང་སྟོན་པ། མཱུ་ལ་ནི་རྩ་བ། ཏྲིཾ་ཤད་ནི་སུམ་ཅུ་བ། ནཱ་མ་ནི་ཞེས་བྱ་བའོ།། དེ་ཡང་མིང་ཚིག་ཡི་གེའི་རྣམ་འགྱུར་སྣ་ཚོགས་པའི་སྒོ་ནས་བོད་སྐད་དང་མཐུན་པའི་སྒྲའི་རིག་པ་སུམ་རྟགས་དག་གསུམ་སོགས་ཀྱི་དོན་མཐའ་དག་བརྡ་སྤྲོད་པར་བྱེད་པས་ན་ལུང་དུ་སྟོན་པ་དང་། ཀུན་གསལ་བར་བྱེད་པའམ། ཀུན་གོ་བར་བྱེད་པ་ལ་ཡང་འཇུག་གོ །དཔེ་འགར་མཱུ་ལ་ཞེས་པ་མེད་ཀྱང་ཡོད་པའི་དབང་དུ་བཏང་ན་རྟགས་འཇུག་སོགས་བརྡ་སྤྲོད་པའི་བསྟན་བཅོས་ཕྱི་མ་བདུན་གའི་རྟེན་གཞིར་གྱུར་པས་ན་རྩ་བ་དང་། གང་ལ་ཡོན་ཏན་མཆོག་མངའ་བའི།། ཞེས་པ་ནས། ཅིག་ཤོས་དེ་ལས་ལྡོག་པའོ།། ཞེས་པའི་བར་དུ་རྐང་བ་གཅིག་གིས་དམན་པའི་ཤོ་ལོ་ཀ་སོ་གསུམ་ཡོད་ན་ཡང་རགས་བཤད་དང་བརྗོད་བདེའི་སྒོ་ནས་ཤོ་ལོ་ཀའི་གྲངས་ཀྱིས་བསྟན་བཅོས་ཀྱི་མིང་བཏགས་པས་ན་སུམ་ཅུ་བ་དང་། ཞེས་བྱ་བ་ནི་མིང་ལ་དེ་སྐད་དུ་ཟེར། ཞེས་པའོ།། སྤྱིར་བསྟན་བཅོས་ཀྱི་མིང་འདོགས་ཚུལ་ལ། སློབ་དཔོན་ཙཱནྡྲ་གོ་མིས་མཛད་པའི་སྒྲ་མདོ་ལ་ཙཱནྡྲ་བ་ཞེས་འབོད་པ་ལྟ་བུ་ནི་རྩོམ་པ་པོའི་མིང་གིས་བཏགས་པ་དང་། ཐོན་མིས་མཛད་པའི་རྟགས་ཀྱི་འཇུག་པ་ལྟ་བུ་ནི་བརྗོད་བྱའི་དོན་དང་མཐུན་པའི་སྒོ་ནས་བཏགས་པ་དང་། དཔལ་ཁང་གིས་མཛད་པའི་དག་ཡིག་ངག་གི་སྒྲོན་མེ་ལྟ་བུ་ནི་བསྟན་བཅོས་ཀྱི་བྱེད་ལས་སམ་དགོས་པའི་སྒོ་ནས་མིང་བཏགས་པ་དང་། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སི་ཏུའི་ཞལ་ལུང་ལྟ་བུ་ནི་གང་ལ་བརྟེན་པའི་ཁུངས་བསྟན་པའི་སྒོ་ནས་བཏགས་པ་དང་། གཞན་ཡང་གནས་དང་། ཞུ་བ་པོ་དང་། དཔེ་དོན་སྦྱོར་བ་དང་། བམ་པོ་དང་ལེའུའི་གྲངས་ལས་བཏགས་པ་སོགས་དང་། གངས་ཅན་ལྗོངས་སུ་རིག་གནས་ཀྱི་འཆད་ཉན་རྒྱ་ཆེར་དར་བ་ནས་བཟུང་བསྟན་བཅོས་གསར་རྩོམ་གྱི་མཚན་ལ་སྙན་ངག་གི་ཚིག་རྒྱན་དང་འབྲེལ་བའི་མིང་འདོགས་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་ལས། འདིར་སུམ་ཅུ་བ་ལ་ཤོ་ལོ་ཀའི་གྲངས་ཀྱི་སྒོ་ནས་མིང་བཏགས་པའོ། །ཞེས་ཤེས་པར་བྱའོ།། ཁ མཐའ་དཔྱད་པ། ༡ རྒྱ་གར་ཞེས་ཐོགས་དོན། རྒྱ་གར་ཞེས་པ་ངེས་ཚིག་བཤད་དུ་མེད་པའི་འདོད་རྒྱལ་གྱི་མིང་དུ་བཞེད་པ་ལྟར་ན། བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ངེས་འགྲེལ་བ་དང་། རྗེ་ཙོང་ཁ་བའི་ལེགས་བཤད་གསེར་ཕྲེང་རྣམས་སུ་རྒྱ་གར་ཞེས་པ་འདོད་རྒྱལ་གྱི་མིང་ཡིན་པར་གསུངས་པའི་རྗེས་སུ་འབྲངས་ནས་མཁས་པ་སྔ་མ་ཕལ་ཆེར་གྱིས་དེ་ལྟར་དུ་བཞེད་དོ།། ངེས་ཚིག་བཤད་དུ་ཡོད་པར་འདོད་པ་ལྟར་ན། ལ་ལས་རྒྱ་ནག་པོ་ལས་ལོགས་སུ་གར་བ་དང་། ཁ་ཅིག་རི་སྤོས་རྒྱ་དང་འདྲ་བར་ཡོད་པའི་བོད་ལས་ཕྱི་རོལ་ཏུ་གར་བ་དང་། འགའ་ཞིག་ཕྱིའི་རྒྱ་མཚོ་ཆེན་པོ་ལས་རིང་དུ་གནས་ཏེ་གར་བ་དང་། འགའ་རེས་ཇ་གར་མ་དང་། ཆང་གར་མ་ཟེར་བ་ལྟར་གར་མ་ནི་བཟང་བའི་བརྡ་ཡིན་པས་རྒྱ་གར་མ་ཞེས་འདོད་པ་སྣ་ཚོགས་ཡོད་པར་བུ་སྟོན་དང་བོད་མཁས་པ་རྣམས་ཀྱི་གཞུང་ན་ཡོད་དོ།། ཕྱིས་ཀྱི་མཁས་པ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་རྗེས་འབྲང་དང་བཅས་པས། རྒྱ་ནག་གིས་མྱ་ངན་གྱི་གོས་དཀར་པོ་བྱེད་པ་ལས་ནམ་རྒྱུན་གོས་མདོག་ནག་པོ་གྱོན་པ་ཤས་ཆེ་བས་རྒྱ་ནག་པོ་དང་། རྒྱ་གར་བས་མྱ་ངན་གྱི་གོས་ནག་པོ་བྱེད་པ་ལས་ནམ་རྒྱུན་གོས་མདོག་དཀར་པོ་གྱོན་པ་ཤས་ཆེ་བས་རྒྱ་དཀར་ཞེས་བཏགས་པ་སྟེ། མིང་མཐའ་རྟགས་མཚུངས་མོ་ཡིག་གིས་མོ་དྲངས་བའི་ཚུལ་གྱིས་དཀར་གྱི་འཕུལ་ཡིག་ད་ཕྱིས་ནས་མིང་གཞིའི་ཕོ་ཡིག་སྡེ་བ་དང་པོའི་གསུམ་པ་གར་བསྒྱུར་བ་ནི། རྒྱ་ཞེས་པའི་མཐའི་རྗེས་འཇུག་འ་ཡིག་གིས་རྟགས་མཚུངས་མོ་དྲངས་པས་ན་རྒྱ་གར་ཞེས་གྲུབ་པར་འདོད་དོ།། དེ་བཞིན་དུ་གཙོས་བློ་བཟང་རྒྱལ་མཚན་སེང་གེས་མཛད་པའི་སུམ་ཅུ་བའི་འགྲེལ་བ་དང་། ཤེར་སྙིང་འགྲེལ་བ་གཉིས་ཀར་ཡང་བཤད་ཚུལ་འདི་ཁོ་ན་འཐད་ཕྱོགས་སུ་མཛད་སྣང་ངོ་། །དེ་ནི་བདེན་པ་ལྟ་བུར་སྣང་སྟེ། རྒྱ་དཀར་ནག་ཅེས་ལྷན་ཅིག་ཏུ་བརྗོད་པའི་ཚེ་ནག་པོའི་ཟླ་ལ་དཀར་པོ་ངང་ངམ་ཤུགས་ཀྱིས་ཁ་ལ་ཐོན་པས་ཀྱང་ཤེས་སོ་སྙམ་པའོ།། ཡང་ཚད་མར་གྱུར་པའི་མཁས་པ་རྣམས་ཀྱིས་འདོད་རྒྱལ་གྱི་སྒྲ་ཡིན་པར་གསུངས་པའི་ཕྱིར་ན་མཐའ་གཅིག་ཏུ་དེར་ངེས་པའི་ཐག་གཅོད་བྱེད་སྔ་མི་རུང་སྟེ། སྐར་རྩིས་དང་ནག་རྩིས་ཞེས་པའི་ཐ་སྙད་ཀྱི་ཆ་ནས་གཞིགས་ཚེ། སྐར་རྩིས་ཀྱི་སྐར་ནི་གཟའ་སྐར་གྱི་མིང་གི་ཆ་ཤར་ལས་དྲས་པ་དང་། ནག་རྩིས་ནི་རྒྱ་ནག་གི་ཡུལ་ནས་དར་བའི་འབྱུང་རྩིས་ཡིན་པ་ལ་བསྙོན་དུ་མེད་ཀྱང་། ཁ་ལ་བདེ་ཁྱད་ཀྱི་དབང་གིས་རྩིས་དཀར་ནག་ཅེས་ཁ་དོག་གི་ཟུར་གྱེས་བརྗོད་པ་ལྟར་དུ་གཞུང་ཆེན་གྱི་ཡི་གེ་ཚོར་ཡང་དེ་ལྟར་བྲིས་པ་མང་དུ་འབྱུང་བ་འདི་ལ་དག་མ་དག་གི་ལན་ཇི་ལྟར་གདབ་བརྟག་པའི་གནས་སོ།། སེ་ར་བ་ཡེ་ཤེས་རྣམ་རྒྱལ་ན་རེ། ཁ་ཅིག་རྒྱ་གར་ཞེས་པའི་རྒྱའི་རྗེས་འཇུག་མོ་འ་ཡིག་གི་ཤུགས་ཀྱིས་དཀར་གྱི་སྔོན་འཇུག་མ་ནིང་ད་ཕྱིས། མིང་གཞིའི་ཡི་གེ་ཀ་ནི་རང་སྡེའི་ག་ཡིག་ཏུ་བསྒྱུར་ཏེ་རྒྱ་གར་ཞེས་གྲུབ་ཟེར་བ། ཆེས་མི་འཐད་དེ། དེ་ལྟར་ན། གར་གྱི་རྗེས་འཇུག་མ་ནིང་རའི་ཤུགས་ཀྱིས་སྐད་ཀྱི་མགོ་མོ་ས་ཡིག་ཕྱིས་ཤིང་། མིང་གཞིའི་ཡི་གེ་ཀ་རང་སྡེའི་ཁ་ཡིག་ཏུ་འགྱུར་དགོས་པས་བསྐལ་པའི་མཐར་ཐུག་པར་མཁན་པོས་རྩ་བ་བརྩམ་མི་ནུས་པར་ཐལ་བའི་ཕྱིར་རོ། །དེ་ནི་སྒྲ་བཤད་དུ་ཡོད་པས་འདོད་རྒྱལ་དུ་འདོད་པའང་མི་རིགས་ཏེ། ཡུལ་རྒྱ་ཆེ་བས་རྒྱ་དང་། མི་རྣམས་ཕལ་ཆེར་གར་དང་གླུ་སོགས་ཀྱིས་དུས་འདའ་ཞིང་། སྐྱིད་པོར་རོལ་བས་གར་ཞེས་ཐ་སྙད་བཏགས་པའི་ཕྱིར་རོ། །དེ་བཞིན་དུ་ཡུལ་རྒྱ་ཆེ་ལ་མི་རྣམས་ཕལ་ཆེར་ཞྭ་གོས་ནག་པོ་གྱོན་པས་རྒྱ་ནག་ཅེས་བྱ་སྟེ་རྒྱ་མི་ཞེས་ཀྱང་བྱའོ། །ཞེས་པ་ནི་རང་ལུགས་ཀྱི་གཏད་སོ་ཅི་ཡང་མེད་པའི་བབ་ཅོལ་ཙམ་མོ།། རྒྱལ་དབང་ལྔ་བའི་རྩིས་སྐར་ནག་གི་དྲིས་ལན་ལས། དེང་སང་འཇིག་རྟེན་རྨོངས་པའི་གྲགས་ཚོད་ལ། ལྷ་གསོལ་དང་སྐར་རྩིས་ཁོ་ན་བྱེད་མཁན་ལ་བོན་དཀར་བ་དང་། ནག་རྩིས་པར་བོན་ནག་གི་མིང་འདོགས་པ་ནི་སྔ་མ་སྐར་མའི་ཡིག་སྡེབ་ཀྱི་ས་མགོ་ཡོད་པ་དང་། ཁ་དོག་གི་དཀར་བ་དས་འཕུལ་སོགས་ཀྱི་བརྡ་ཙམ་ཡང་མ་ཤེས་པས། བཀའ་བརྒྱུད་པ་ཕྱོགས་ཀྱི་ངག་སྒྲོས་སུ་ནཱ་རོ་པར་རྩ་བཤད་པ་ཞེས་པའི་དོན་མ་གོ་བར་ཨ་ན་ན་དང་རོ་རུ་སོང་ཟེར་བ་དང་འདྲ་བས་དཔྱད་བཟོད་པ་ག་ལ་ཡིན། ཞེས་གསུངས་སོ།། ཡང་། རྒྱ་སེར་ཞེས་སྨ་ར་སེར་པོའི་ཆ་ནས་བཏགས་པ་ཡིན་ན། ཨ་ར་ནག་པོ་ཤས་ཆེ་བའི་མི་རིགས་ལ་རྒྱ་ནག་དང་། ཨ་ར་དཀར་པོ་ཤས་ཆེ་བའི་མི་རིགས་ལ་རྒྱ་དཀར་དུ་བཏགས་པའོ་ཞེས་བཤད་ན་ལན་ཇི་ལྟར་གདབ། རྒྱ་ཞེས་པ་སྨ་རའི་མིང་གི་ཆ་ནས་བརྗོད་པའི་ལུགས་སོ།། འོ་ན། ད་ལྟ་བོད་སྐད་ཀྱིས་རྒྱ་གར་ཞེས་འབོད་པའི་ཡུལ་ཁམས་དེ་ལ་སྐད་རིགས་གཞན་པས་ཧིན་དུ་དང་དབྱིན་དུ་ཞེས་འབོད་པའི་རྒྱུ་མཚན་གང་ལ་ཐུག་སྙམ་ན། བརྗོད་པར་བྱ་སྟེ། རྨ་བྱ་ཁ་འབབ་ཆུ་བོ་སིནྡྷུའི་ཆུ་ཀླུང་ཆེན་པོ་འབབ་པའི་ཕྱོགས་ལ་གནའ་སྔ་མོ་ནས་སིནྡྷུའི་ཡུལ་ཞེས་པར་གྲགས་ལ། དེའི་ཕྱིས་ཧིན་དུ་དང་དབྱིན་དུ་ཞེས་པ་ནི་སིནྡྷུའི་གདངས་ཟུར་ཆག་པའོ། །དེར་མ་ཟད། རྒྱ་ནག་གི་སྔོན་གྱི་བརྡར་ཤིན་ཐིག་དང་། ཤིན་ཏུ། ཧྲིན་དུ་སོགས་སུའང་ལོ་ཙཱ་བ་སོ་སོས་བྲིས་པ་ད་ལྟ་མཐོང་རྒྱུ་ཡོད་པ་དེ་ཡང་སིནྡྷུའི་གདངས་ཅི་ཐོན་གྱིས་བྲིས་པ་ལས་གཞན་དུ་སེམས་པར་མི་བྱེད་དོ། །སིནྡྷུའི་ཡུལ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཆར་གཏོགས་པའི་ཡུལ་བྱེ་བྲག་པ་ཞིག་ཡིན་ཡང་། བྱེ་བྲག་གི་མིང་སྤྱི་ལ་སྦྱར་བའི་ཚུལ་གྱིས་སོག་པའི་དབྱིབས་དང་ལྡན་པའི་རྒྱ་གར་གྱི་ཡུལ་སྤྱི་ལ་སིནྡྷུའི་ཡུལ་ཏེ་ཧིན་དུའམ་ཧིན་དྷུ་ཞེས་བྱ་བར་ད་ལྟ་འཛམ་གླིང་སྤྱིའི་ཐ་སྙད་དུ་གྲགས་པར་གྱུར་ཏོ།། སྤྱིར་མི་རིགས་གཞན་པའི་སྐད་ཀྱི་ང་རོ་དང་ཡི་གེས་དེ་ལས་ཐ་དད་པའི་མི་རིགས་གཞན་ཞིག་གི་སྐད་ཡིག་གི་གདངས་ཇི་མ་ཇི་བཞིན་ཐོན་པ་ནི་ཧ་ཅང་ཁེགས་པ་ཞིག་ཡིན་ལ། དཔེར་ན་བོད་ཡིག་གི་ང་ཛ་ཝ་ཞ་ཟ་ར་ཤ་སོགས་རྒྱ་ཡིག་གི་གདངས་ལ་འབྲི་ཐབས་མེད་པ་ལྟ་བུའོ། །འོན་ཀྱང་བོད་ཡིག་གི་སྟེང་ནས་ལེགས་སྦྱར་གྱི་གདངས་དངོས་གནས་པ་ཐོན་ཐུབ་པའི་རྒྱུ་མཚན་མཐར་ཐུག་ནི། རྒྱ་གར་གྱི་དབྱངས་གསལ་མ་ཕྱི་བྱས་ནས་བོད་ཡིག་བཟོས་པ་འདི་ལ་ཐུག་སྟེ། བོད་ཡིག་གི་སྟེང་ནས་སིནྡྷུ་དང་། གངྒཱ། བོ་དྷི། བུད་དྷ། ཨ་མི་ཏཱ་བྷ། སིངྒ་ལ། ནཻ་པ་ལ། ཀམྦོ་ཛ་སོགས་ཀྱི་གདངས་དག་པར་འདོན་པ་ལ་དཀའ་ཚེགས་ཅི་ཡང་མེད་པ་དང་། རྒྱ་ཡིག་གི་གདངས་ལྟར་ན་རིམ་པ་བཞིན་དབྱིན་དུ། ཧང་ཧོ། ཕུ་ཐི། ཧྥོ་ཐོ། ཨ་མིས་ཐོ་ཧྥོ། ཞི་ལན། ཉི་པི་ཨེར། ཀྱན་ཕུ་ཙེ་སོགས་ཀྱི་གདངས་ཙམ་ལས་མི་ཐོན་པ་མངོན་སུམ་དུ་གྲུབ་བོ།། ༢ སུམ་ཅུ་བའི་སྒྲ་བཤད། ཀ་དངོས་ཀྱི་དོན། པྲ་སྟི་སོགས་མཁས་པ་ཕལ་ཆེར་གྱིས་ཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་བྱེད་པས་ན་སུམ་ཅུ་བ་ཞེས་བཏགས་པར་གསུངས་པ་ལ། སི་ཏུས། འོ་ན་རྟགས་འཇུག་གི་གཞུང་ལའང་སུམ་ཅུ་བ་ཞེས་པའི་མིང་གིས་འདོགས་རིགས་པར་འགྱུར་ཏེ། དེར་ཡང་ཀཱ་ལི་སུམ་ཅུ་བོའི་རྟགས་ཀྱི་དབྱེ་བ་རྒྱ་ཆེར་བསྟན་པའི་སྒོ་ནས་ཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་བྱེད་པ་ནི་མཉམ་པོ་ཡིན་ནོ། །ཞེས་དང་། གཞན་ཡང་ཐོན་མིའི་བརྡ་སྤྲོད་པའི་གཞུང་ལེ་ཚན་དྲུག་དེང་སང་མཇལ་དུ་མེད་པ་དེ་དག་ལ་ཡང་སུམ་ཅུ་བའི་མིང་གིས་འདོགས་རིགས་པར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །ཞེས་སྐྱོན་དུ་འཕེན་ནོ།། ལོ་ཆེན་ནམ་མཁའ་བཟང་པོ་སོགས་ཀྱི་སུམ་ཅུ་བའི་འགྲེལ་བར། ཡང་ན་སུམ་ཅུ་བའི་གཞུང་ལ་ཤོ་ལོ་ཀ་སུམ་ཅུ་ཡོད་པས་ན་དེ་ལྟར་བཏགས་སོ། །ཞེས་རྣམ་གྲངས་པའི་བཤད་ཚུལ་བཀོད་པ་ལ། སི་ཏུས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་ཚིགས་བཅད་གསུམ་ནི་རྟགས་འཇུག་སོགས་གཞུང་གཞན་བདུན་གའི་ཐུན་མོང་བ་ཡིན་ཞིང་། ཚིགས་བཅད་དེ་གསུམ་དོར་བའི་ཤུལ་དུ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཞེས་པ་མན་གྱི་ཚིགས་བཅད་སུམ་ཅུ་ཐམ་པ་ཉིད་ཀྱིས་གཞུང་རྫོགས་པས་ན། ཚིགས་བཅད་སུམ་ཅུར་གྲངས་ངེས་པའི་སྒོ་ནས་སུམ་ཅུ་བ་ཞེས་བྱ་བར་བཏགས་སོ། །ཞེས་སྒྲུབ་བོ།། མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་ན་རེ། རྩ་བ་ཞེས་བྱ་སྟེ། བོད་ཀྱི་བསྟན་བཅོས་རྣམས་ཀྱི་གཞིར་གྱུར་པའི་ཕྱིར། ཞེས་བཤད་པ་ནི་ཐོན་མིའི་དགོངས་པ་ཡིན་མིན་བརྟག་པར་བྱའོ།། ཁ མཐའ་དཔྱད་པ། བཤད་ཚུལ་དེ་ལ་ཁ་ཅིག སུམ་ཅུ་བའི་དབུ་ན་ཡོད་པའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་དེ་རྟགས་འཇུག་སོགས་གཞུང་གཞན་བདུན་གའི་ཐུན་མོང་བ་ཡིན་ཞེས་བཤད་པ་དེ་མི་འཐད་དོ། །དེའི་སྒྲུབ་བྱེད་ནི། རྟགས་འཇུག་ལ་དེ་མེད་པས་གསལ་ཞིང་། ཞེས་པ་འདི་ལས་རྣོ་བ་འགོད་རྒྱུ་མ་རྙེད་ལ། དེས་ན་ཁྱེད་ཀྱིས་རྟགས་འཇུག་ལ་དེ་མེད་པས་གསལ། ཞེས་གསུངས་པའི་དེ་སྒྲས་མཆོད་བརྗོད་སྟོན་ནམ། རྩོམ་པར་དམ་བཅའ་སྟོན། དང་པོ་ལྟར་ན་མི་འཐད་དེ། སྡེ་དགེའི་བསྟན་འགྱུར་ཁྲོད་དུ་བཞུགས་པའི་རྟགས་འཇུག་གི་དབུར། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ།། ཞེས་པའི་རྐང་བ་གཉིས་པོ་འདི་མཆོད་བརྗོད་མ་ཡིན་ནམ། གཉིས་པ་ལྟར་ན་བདེན་ཡང་། དེས་ད་དུང་ཁྱེད་ཀྱི་དགོངས་པ་ཚིམ་པར་སྐོང་མི་ནུས་སོ། །དེང་སང་མཇལ་དུ་ཡོད་པའི་རྟགས་འཇུག་ལ་མཆོད་བརྗོད་ཡོད་མེད་དཔྱད་དགོས་པ་དེ་ལྟ་བས་ན། དེང་སང་མཇལ་དུ་མེད་པའི་གཞུང་གཞན་དྲུག་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་ཡོད་མེད་ནི་དེ་བས་ཀྱང་ལྐོག་གྱུར་གྱི་གནས་ཡིན་པས་དེ་དག་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མེད་པར་ཐག་བཅད་པ་ནི་མཁྱེན་རྩལ་ཧ་ཅང་ཐལ་ཆེ་བར་མ་གྱུར་གྲང་། ཡང་། སུམ་ཅུ་བའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་གཞུང་གཞན་དང་ཐུན་མོང་བར་བཞེད་ན་ནི། དེ་གཉིས་སུམ་ཅུ་བའི་བསྟན་བཅོས་དངོས་ཀྱི་ས་བཅད་ནང་དུ་ཅི་ལ་བསྡུས། སྤྱིར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག ཅེས་པའི་ས་བཅད་ནང་དུ། མཚན་དོན། འགྱུར་ཕྱག མཆོད་བརྗོད། རྩོམ་པར་དམ་བཅའ་རྣམས་བསྡུ་བ་ནི་བསྟན་བཅོས་རྩོམ་པ་པོ་སྤྱིའི་ལུགས་ཡིན་ན་ཡང་། སྐབས་འདིར་དེ་དང་མི་བསྟུན་པར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་བསྟན་བཅོས་དངོས་ཀྱི་ས་བཅད་ནང་དུ་བཀོད་པ་འདིས་ནི། འཁུར་མི་དགོས་པའི་འགལ་ཁུར་ཆེན་པོ་ཞིག་བསམས་བཞིན་ཕྲག་ཏུ་བཞེས་པ་མ་ཡིན་ནམ། གཞན་ཡང་། བསྟན་འགྱུར་ཁྲོད་ཀྱི་སུམ་ཅུ་བའི་མཇུག་ཏུ། དེ་ལྟར་བཤད་དེས་དེང་ནས་འདིར།། ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག ། ཅེས་པའི་རྐང་བ་གཉིས་དང་། རྟགས་འཇུག་གི་དབུར། སྨྲ་བའི་སྐྱེས་མཆོག་སོགས་གོང་དུ་དྲངས་པའི་རྐང་བ་དེ་གཉིས་དང་། རྟགས་འཇུག་གི་མཇུག་ཏུ། དེ་ཕྱིར་སྨྲ་བའི་སྐྱེས་མཆོག་གི ། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག ། ཅེས་ཡོད་པ་འདི་དག་ཐོན་མིའི་གསུང་ཡིན་མིན་ལ་ངེས་པར་བརྟག་པ་བྱེད་དགོས་རྒྱུ་ལ། སྔ་མ་གཉིས་རང་དགར་འདོར་ཞིང་ཕྱི་མའི་རྐང་བ་གཉིས་གཞུང་དུ་བཀོད་ནས་ཞིབ་འགྲེལ་བྱས་པ་ལས་བརྟག་པ་བྱེད་རྒྱུའི་ཟུར་ཙམ་ཡང་མ་བྱུང་བའི་རྒྱུ་མཚན་ཅི་ལ་ཐུག གལ་ཏེ་ཟུར་ཙམ་གླེངས་ན་རང་ཉིད་ཀྱི་དམ་བཅའ་ལ་གནོད་པར་དགོངས་པ་མ་ལགས་གྲང་། རབ་བྱུང་བཞི་བའི་ནང་བརྩམས་ངེས་པའི་དབུས་པ་བློ་གསལ་གྱི་སུམ་རྟགས་འགྲེལ་བར་ཚིག་རྐང་དེ་དག་བཀོད་པར་མ་ཟད། དེ་དག་ཕྱིས་སུ་གཞན་གྱིས་བཅུག་པའོ། །ཞེས་གསུངས་འདུག་པ་རྣམས་མ་གཟིགས་པ་ག་ལ་ཡིན། དེས་ན་སྐབས་འདིར་ཅི་ནས་ཀྱང་བཤད་དགོས་པ་གཅིག་མ་བཤད་པ་ནི་ཆད་པའི་སྐྱོན་དང་། རྟགས་འཇུག་གི་གཤམ་གྱི་དགེ་བསྔོའི་རྐང་བ་གཉིས་རྟགས་འཇུག་རང་གཞུང་དུ་བྱས་ནས་འགྲེལ་བརྒྱབ་པ་ནི་ཁྱེད་ལྟར་ན་ལྷག་པའི་སྐྱོན་ཡོད་དོ་སྙམ་མོ།། ཁྱད་པར་དུ་རྣམ་གླིང་བའི་འགྲེལ་བར། སྐབས་འདིར། དེ་ལྟར་བཤད་དེས་དེང་ནས་འདིར།། ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག ། ཅེས་པ་ནི་རྗེ་ཞྭ་ལུ་བའི་ཊཱིཀ་ཆེན་སོགས་འགྲེལ་བ་གཞན་རྣམས་ནས་མ་བཤད་པས་མཁན་པོའི་གསུང་དུ་མི་བཞེད་པ་འདྲ་ནའང་། བསྟན་པའི་སྒྲོན་མེར་འདྲེན་པར་མཛད་འདུག་པ་བསྟན་བཅོས་འདི་ཉིད་ཀྱི་མཐའ་མར་དགེ་བའི་ལེགས་སྨོན་དུ་མཁན་པོས་མཛད་དམ་སྙམ། ཞེས་དང་། དེ་བཞིན་དུ་རྟགས་འཇུག་གི་སྐབས་སུ་ཡང་། མཆོད་བརྗོད་དང་དགེ་བསྔོའི་རྐང་བ་གཉིས་རེ་བཀོད་ནས་ཞིབ་རྒྱས་སུ་འགྲེལ་བརྒྱབ་པ་དེ་དག ཁྱེད་ཀྱིས་རྣམ་པ་ཀུན་ཏུ་རྣམ་གླིང་བ་ཞིབ་མོ་རྣམ་འཐག་གི་སྒོ་ནས་འགོག་པ་ཡིན་ཙ་ན་སྐབས་འདིར་དེ་དག་ཅིས་ཀྱང་གཟིགས་ངེས་པས་དེ་ལ་གླེང་བསླང་ཙམ་ཡང་མེད་པ་ནི་ཤིན་ཏུ་ཡ་མཚན་ནོ། །དེའི་ཕྱིར་མུ་ཏིག་ཕྲེང་མཛེས་མཁན་པོའི་བློ་གྲོས་ཀྱིས་ཡལ་བར་དོར་བའི་གསར་བཤད་འདིས་དཔྱོད་ལྡན་རྣམས་ལ་དཔྱད་པའི་སྒོ་འཕར་ཡངས་པོར་ཕྱེ་ཡོད་པས་རིག་པའི་དོ་རར་བག་ཡངས་སུ་རྩེན་པར་རིགས་སོ།། སྤྱིར་སུམ་ཅུ་ཉིད་ཅེས་དམན་ལྷག་དང་བྲལ་བའི་ངེས་བཟུང་གི་ཐག་གཅོད་མ་སྦྱར་པར་ཚིགས་བཅད་སུམ་ཅུའམ་སུམ་ཅུ་ཙམ་ཡོད་པའི་ཆ་ནས་སུམ་ཅུ་བ་ཞེས་བཏགས་པར་བཀྲལ་ན་ནི་ཁུངས་དང་ལྡན་པའི་ལེགས་བཤད་རྨད་དུ་བྱུང་བར་འགྱུར་ཏེ། བཀའ་དང་བསྟན་བཅོས་ཀྱི་གཞུང་ལ་ཤོ་ལོ་ཀའི་གྲངས་ཀྱིས་བསྟན་བཅོས་ཀྱི་མཚན་བཏགས་པ་ཤིན་ཏུ་མང་བའི་ཕྱིར་རོ། །དེ་ཡང་ཙནྡྲ་གོ་མིའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་བ། སློབ་དཔོན་དཔའ་བོའི་བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་བ། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་རིགས་པ་དྲུག་ཅུ་བ་དང་། སྟོང་ཉིད་བདུན་ཅུ་བ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་བ། འཕགས་པ་ཀླུ་སྒྲུབ་ཀྱི་ཤེས་རབ་བརྒྱ་བ། སློབ་དཔོན་རྟ་དབྱངས་ཀྱི་སངས་རྒྱས་བསྟོད་པ་བརྒྱ་ལྔ་བཅུ་བ། ཤེར་མདོ་གྲས་ཀྱི་ཤེར་ཕྱིན་སུམ་བརྒྱ་བ་སྟེ་རྡོ་རྗེ་གཅོད་པ། འཕགས་པ་ལྷའི་དབུ་མ་བཞི་བརྒྱ་བ། ཡུམ་ཤེར་ཕྱིན་གྲས་ཀྱི་ཤེར་ཕྱིན་བདུན་བརྒྱ་བ་རྣམས་ཀྱང་ཤོ་ལོ་ཀ་དེ་དང་དེའི་གྲངས་ཚད་ཅན་ཡིན་པས་དེ་ལྟར་དུ་བཏགས་སོ། །འོན་ཀྱང་སི་ཏུས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཞེས་པ་ནས། ཅིག་ཤོས་དེ་ལས་ལྡོག་པའོ།། ཞེས་པའི་བར་ལ་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགས་ཞེས་གསུངས་པ་ལ། ཨ་ལ་ཤའི་འགྲེལ་བར། དེ་ལ་རྐང་བ་གཅིག་གིས་མི་ཚང་བས་ད་དུང་དཔྱད་དགོས། ཞེས་ཞིབ་མོའི་ལུགས་ཀྱིས་དོགས་པ་བསླངས་སོ། །དེའི་དགོངས་པ་བབླངས་ནས་གསེར་ཏོག་འགྲེལ་བར། ལ་དོན་གྱི་ཐད་དུ། དེ་བཞིན་མིང་གཞིའི་བདུན་པ་ལའང་གནས།། ཞེས་པའི་རྐང་བ་གཅིག་རྩ་བ་ལ་བསྣན་ན་ཅི་འདྲ་ཞེས་དགོངས་འཆར་བསྟན་འདུག་གོ །དེ་ལ་སི་ཏུས་སུམ་ཅུ་ཉིད་ཅེས་ཉིད་སྒྲ་སྨོས་པའི་དབང་གིས་སུམ་ཅུ་ལས་དམན་ལྷག་མི་ཤོར་བར་གསུངས་པ་ལ་རྐང་བ་གཅིག་ཆད་ཚེ། ཁོང་བ་ལ་མི་འདོད་བཞིན་དུ་སྐྱོན་ཕྲ་མོས་རེག་པར་གྱུར་མོད། སྤྱིར་ཚིག་རྐང་གཅིག་མ་ཚང་བས་སུམ་ཅུ་བར་མི་འགྱུར་སྙམ་པའི་སྐུ་ཚེགས་དེ་བཞེས་མི་དགོས་ཏེ། གོང་སྨོས་ཀྱི་རིགས་པ་དྲུག་ཅུ་བ་ལ་ཚིགས་བཅད་རེ་གཅིག་དང་། སྟོང་ཉིད་བདུན་ཅུ་བ་ལ་ཚིགས་བཅད་དོན་བཞི་དང་། ཇོ་བསྟོད་ལ་ཚིགས་བཅད་བརྒྱད་ཅུ་གྱ་བརྒྱད་དང་། བསྟོད་པ་བརྒྱ་ལྔ་བཅུ་བ་ལ་ཚིགས་བཅད་བརྒྱ་ང་གསུམ་ཡོད་ཀྱང་དེ་དག་ལ་ལྷག་སྐྱོན་བྱུང་འདུག་ཅེས་སུས་ཀྱང་ཁ་ནས་དབྲི་དགོས་པའི་དགོངས་འཆར་བསྟན་པ་མི་སྣང་ངོ་། །དེ་ལ་གོ་སླ་བའི་དཔེ་གཞན་གྱིས་ཀྱང་མཚོན་དུ་ཡོད་དེ། ཚེས་ཞག་ལས་བརྩིས་པའི་ལོ་རྩིས་དང་། ཉིན་ཞག་ལས་བརྩིས་པའི་ལོ་རྩིས་གང་ཡིན་ཡང་། ཞིབ་པར་ན་ཚེས་ཟླ་ལ་ཞག་ཉེར་དགུ་ལས་མེད་པ་དང་། ཚེས་ལོ་ལ་ཤོལ་གྱི་དབང་གིས་ཟླ་བ་བཅུ་གསུམ་ལོངས་པའང་ཡོད། ཉིན་ཟླ་ལ་ཞག་ཉེར་བརྒྱད་ལས་མེད་པའམ། ཞག་སོ་གཅིག་ཅན་ཡོད་ནའང་། རགས་བཤད་ལ་ཟླ་བ་རེར་ཉིན་ཞག་སུམ་ཅུ་དང་། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་ཡིན་ཞེས་ཟེར་བ་ལ་སྐྱོན་ཅུང་ཟད་ཙམ་ཡང་མེད་པ་བཞིན་ནོ།། མེར་གེན་ཡེ་ཤེས་རྣམ་རྒྱལ་གྱི་སུམ་འགྲེལ་དུ། རྩ་བའི་ དང་པོ་གསུམ་པ་ལྔ་བ་དྲུག ། ཅེས་པའི་གོང་རོལ་དེར། གསུམ་པ་བཅུ་བ་ཡང་འཇུག་སྟེ།། ཞེས་པའི་རྐང་བ་གཅིག་རང་འདོད་ཀྱིས་བསྣན་ནས་ཤོ་ལོ་ཀ་སུམ་ཅུ་བྱས་པ་ལ། བར་སྐབས་ཚིགས་བཅད་ནང་དུ། སྔོན་བྱོན་མཁས་པས་མ་ཐོན་པའི་རྐང་བ་གཅིག་ཁོས་རྙེད་པ་ལ་བློ་ལྡན་རྣམས་དགའ་བར་འོས་ཞེས་བཤད་སྣང་སྟེ། རྒྱ་གར་བས་བསྟན་བཅོས་རྩོམ། རྒྱ་ནག་གིས་མདོ་རྩོམ། བོད་ཀྱིས་རྒྱུད་རྩོམ་ཞེས་པའི་ཟླ་ལ་ཧོར་གྱིས་ཆད་པ་ཁ་སྐོང་ཞེས་པའི་ཁ་དཔེ་གསར་བ་འདི་ཆོ་ལོར་འབུལ་འོས་པ་ཉིད་དོ།། ༣ རྒྱ་བོད་ཤན་སྦྱར་གྱི་སྐད་སྨོས་པའི་དགོས་པ། སློབ་དཔོན་ཐོན་མི་རྒྱ་གར་དུ་ཕེབས་ནས་སཾ་སྐྲྀ་ཏ་སྟེ་ལེགས་སྦྱར་གྱི་སྐད་ལ་སྦྱངས་ཤིང་། དེ་ནས་ལེགས་སྦྱར་སྐད་ཀྱིས་བརྩམས་པའི་ཐུན་མོང་བའི་རིག་གནས་སོགས་ཀྱི་བསྟན་བཅོས་ལ་སྦྱངས་པ་མཐར་ཕྱིན་ནས་མཁས་པ་ཆེན་པོར་གྱུར་པས་ན་ཐོན་མི་རང་ཉིད་ལེགས་སྦྱར་སྐད་ལ་ཐུགས་གཙིགས་ཤིན་ཏུ་ཆེ་བ་དང་གཅིག བོད་ཀྱི་དབྱངས་གསལ་སོ་བཞིའི་དབྱེ་བསྡུ་དང་གཟབ་གཤར་གྱི་ཡིག་གཟུགས་ཇི་ལྟར་འབྲི་ཚུལ་དང་རྣམ་དབྱེ་དང་རྟགས་ཀྱི་འཇུག་པ་སོགས་གང་ལ་མ་ཕྱི་བྱེད་པའི་གཞི་ནི་སཾ་སྐྲྀ་ཏའི་དབྱངས་གསལ་ལྔ་བཅུ་བོ་ཉིད་ཡིན་པས་ན་རྩོད་མེད་རྣམ་དག་གི་ཁུངས་བསྟན་པ་དང་གཉིས་ཀྱི་སྒོ་ནས་སྐད་ཤན་སྦྱར་སྨོས་པའི་དགོས་པ་ཁོང་དུ་ཆུད་པར་བྱའོ།། འོ་ན་ཐོན་མིའི་རྗེས་སུ་བྱོན་པའི་ལོ་ཙཱ་བ་རྣམས་ཀྱིས་བཀའ་དང་དགོངས་འགྲེལ་གྱི་དབུར་རྒྱ་གར་སྐད་སྨོས་པའི་དགོས་པ་ཡང་དེ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་གཉིས་ནི་དུས་སྔ་ཕྱིའི་ཁྱད་པར་དང་གང་ལ་དམིགས་པའི་དགོས་དབང་གིས་ཁྱད་པར་སོགས་གང་གི་སྒོ་ནས་ཀྱང་མི་འདྲ་བས་དེ་གཉིས་ཀྱི་དགོས་པ་གཅིག་ཏུ་བསྲེ་བར་མི་བྱའོ། །དེས་ན་ས་པཎ་གྱིས་བོད་སྐད་དུ་བརྩམས་པའི་ས་སྐྱའི་ལེགས་བཤད་དང་། དབུས་པ་བློ་གསལ་གྱིས་བརྩམས་པའི་གྲུབ་མཐའི་རྣམ་གཞག་དང་། བདག་ཅག་གི་བླ་མ་དམ་པས་བརྩམས་པའི་རྟོགས་བརྗོད་ཟླ་གཞོན་འཛུམ་པའི་ཕོན་པོ་སོགས་ཀྱི་དབུར་རྒྱ་གར་སྐད་དུ་དང་། བོད་སྐད་དུ་ཞེས་རྒྱ་བོད་ཀྱི་སྐད་ཤན་སྦྱར་བཀོད་པས་མཚོན། བོད་གཞུང་ཡིན་ངེས་པ་རྣམས་ཀྱི་དབུར་ཡང་སྐད་ཤན་སྦྱར་ཅན་མང་དུ་ཡོད་པ་འདི་ཅི་ཞིག་ཅེ་ན། བོད་ཀྱི་བཙན་པོ་ཁྲི་སྲོང་གི་རིང་ལ་ལོ་ཙཱ་བ་རྣམས་དགོངས་མཐུན་གྱི་སྒོ་ནས་སྒྱུར་རྩོམ་གང་གི་ཆ་ལའང་བླ་འམ་གོང་ནས་བཀས་བཅད་པའི་སྲོལ་ག་ཞིག་བཙུགས་པ་དེ་མ་ཉམས་པར་ཡོད་པའིདུས་སུ་བསྟན་བཅོས་རྩོམ་པའི་དབུར་རང་རང་གང་འདོད་ཀྱིས་སྐད་ཤན་སྦྱར་སོགས་འགོད་མི་རུང་ལ། བསྟན་པ་ཕྱི་དར་གྱི་རྗེས་ནས་བཀས་བཅད་ཀྱི་སྲོལ་དེ་རང་ཞིག་ཏུ་གྱུར་པས་ན་དགོས་པ་ལྷག་པོ་སྨྲ་རྒྱུ་མེད་ཀྱང་རང་རང་ཐུགས་ལ་གང་ཤར་གྱིས་སྐད་ཤན་སྦྱར་བཀོད་པ་སོགས་བྱུང་ངོ་། །ཞེས་མཁས་པའི་ལེགས་བཤད་རྣམས་སུ་འབྱུང་བ་འདི་བཞིན་གོ་བར་བྱའོ།། དྲུག་པ། འགྱུར་ཕྱག་གི་སྐབས། ཀ དངོས་ཀྱི་དོན། སི་ཏུའི་འགྲེལ་བར། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང་། བསྟན་འགྱུར་ཁྲོད་ཀྱི་སུམ་ཅུ་བ་སོགས་ཀྱི་དབུར། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང་། པྲ་སྟིའི་འགྲེལ་བར། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་དང་། གསེར་ཏོག་འགྲེལ་བར། སྨྲ་བའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་སོགས་ཚིག་འདྲ་མིན་དུ་མ་འབྱུང་ངོ་། །འདིས་མཚོན་པའི་སུམ་རྟགས་ཀྱི་གཞུང་ཚིག་ལ་ཡང་མི་འདྲ་བ་དང་གོ་རིམ་མི་འདྲ་བ་དུ་མ་ཞིག་བྱུང་བ་ནི། བསྟན་པ་སྔ་དར་དང་ཕྱི་དར་གྱི་རྐྱེན་དབང་གིས་དཔེ་རྒྱུན་འདྲ་མིན་མང་དུ་འཕེལ་བ་ལས་བྱུང་བར་མངོན་ཏེ། འོག་ཏུ་ཡང་འཆད་པར་འགྱུར་རོ།། སྤྱིར་འགྱུར་ཕྱག་འདི་བཀོད་མེད་པའི་སུམ་ཅུ་བའི་འགྲེལ་བའང་སྣང་སྟེ། ཞྭ་ལུ་ལོ་ཆེན་གྱི་འགྲེལ་བར་འགྱུར་ཕྱག་ཏུ་མ་ཟད། རྒྱ་བོད་ཀྱི་སྐད་ཤན་སྦྱར་བའི་མཚན་སྨོས་པ་ཡང་མེད། གསེར་ཏོག་འགྲེལ་བར་བཀོད་ཡོད་ཀྱང་། ཨ་ལ་ཤ་ལྷ་རམས་པ་དང་ཁོང་བ་གཉིས་ནས་དེ་ལ་འགྱུར་ཕྱག་གི་མིང་མི་འདོགས་ཞེས་ནན་ཏན་དུ་གསུངས། འོན་ཀྱང་ཨ་ལ་ཤས། རྣམ་གླིང་འགྲེལ་བར་འགྱུར་ཕྱག་སྨོས་པའི་རྒྱུ་མཚན་བཀོད་པ་དེ་མི་འདོད་པ་ལས་སྤྱིར་འགྱུར་ཕྱག་གི་མིང་ཙམ་ཡང་མི་འདོགས་ཞེས་མ་གསུངས་སོ།། སློབ་དཔོན་ཐོན་མི་ནས་བཟུང་སྔོན་བྱུང་ལོ་ཙཱ་བ་རྣམས་ཀྱིས་སྐད་རིགས་གཞན་གྱི་སྟེང་ནས་རྒྱལ་བའི་སྡེ་སྣོད་གསུམ་སོགས་བོད་སྐད་དུ་བསྒྱུར་བར་མཛད་དུས། འགྱུར་ལེགས་པར་མཐར་ཕྱིན་པའི་དོན་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བའི་མིང་མང་ཉུང་ཅི་རིགས་བཀོད་ཡོད་པ་ནི་ལོ་ཙཱ་བ་སོ་སོས་བར་དུ་བཅུག་པ་ཡིན་གྱི། བསྒྱུར་བྱའི་གཞུང་རང་ན་མེད་དོ། །དེ་ཡང་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་དུས་སུ། འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་། མདོ་སྡེའི་སྡེ་སྣོད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་། མངོན་པའི་སྡེ་སྣོད་ཀྱི་དབུར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་བསྒྱུར་བྱའི་གཞུང་དེ་སྡེ་སྣོད་གསུམ་གྱི་གང་ཡིན་ཤེས་ཕྱིར་དེ་ལྟར་སྦྱོར་དགོས་པའི་བཀས་བཅད་པ་མཛད་དོ།། ཁ་མཐའ་དཔྱད་པ། རྣམ་གླིང་བས། འདིར་འཇམ་དཔལ་ལ་ཕྱག་འཚལ་བ་ནི། བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་ཞེས་བཀྲལ་བ་ནི་འཐད་པར་མ་མཐོང་སྟེ། སུམ་ཅུ་བ་མ་བརྩམས་པའི་གོང་རོལ་ཏུ། དཔེར་བྱ་འོས་པའི་ལོ་ཙཱ་བའི་འགྱུར་ཕྱག་སྟོན་རྒྱུ་མེད་དོ། །ཞེས་སི་ཏུས་སྐྱོན་བསྟན་པ་ནི་ཤིན་ཏུ་མད་དོ།། འོན་ཀྱང་རྟོག་གེ་བ་ཁ་ཅིག་འདི་སྐད་དུ། སི་ཏུ་རང་གིས་འགྲེལ་སྐབས་བསྟན་བཅོས་འདི་དཔྱད་པ་གསུམ་གྱིས་རྣམ་པར་དག་པས་རྗེས་འཇུག་རྣམས་ཀྱིས་འཕགས་ཡུལ་ནས་བསྒྱུར་པའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ། །ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་པའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཕགས་པ་འཇམ་དཔལ་ལ་ཕྱག་མཛད་པའོ། །ཞེས་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཐོན་མིས་སུམ་ཅུ་བ་མ་བརྩམས་པའི་གོང་དུ་བོད་ན་འཕགས་ཡུལ་ནས་བསྒྱུར་པའི་བསྟན་བཅོས་ཁྱད་འཕགས་ཡོད་དམ་ཅི། ཡོད་ན་གཞན་ལ་བཀག་པའི་སྐྱོན་རང་ལ་ཕྱིར་འཁོར་བར་འགྱུར། མེད་ན་ཁྱེད་ཀྱིས་དེ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐོན་མིས་འགྱུར་ཕྱག་དེ་བཀོད་པར་མ་གསུངས་སམ། གཞན་ཡང་། སུམ་ཅུ་བ་མ་བརྩམས་པའི་གོང་དུ་ཐོན་མིས་མདོ་རྒྱུད་དུ་མ་བསྒྱུར་ནས་དེ་དག་ལ་འགྱུར་ཕྱག་ཀྱང་བཀོད་ཟིན་ནམ་ཅི། ཟིན་ན་རྣམ་གླིང་བ་ལ་བསླབ་བྱ་གནང་སྐབས་ཐོན་མིས་ཐོག་མར་ཡི་གེ་བཟོས། དེ་ནས་སུམ་ཅུ་བ་སོགས་བརྩམས། དེ་ནས་མདོ་རྒྱུད་སོགས་བསྒྱུར་པའི་གོ་རིམ་འདི་འཆོལ་བར་མི་འགྱུར་རམ། དེ་མིན་ན། ཁྱེད་ཀྱིས་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཇམ་དཔལ་ལ་ཕྱག་འཚལ་ཞེས་གསུངས་པ་འདི་ཅི། མཚུངས་དཔེ་སྔོན་དུ་གྲུབ་ཅིང་མཚུངས་ཆོས་རྗེས་སུ་གྲུབ་པ་ནི་ཆོས་ཉིད་ཀྱིས་གྲུབ་པའི་གོ་རིམ་ཡིན་ནོ་ཞེས་ཟེར་བ་ལ། ལན་ཇི་ལྟར་གདབ་བློ་གྲོས་ཞིབ་མོས་བརྟག་པར་བྱའོ།། ཀརྨ་སྨོན་ལམ་འོད་ཟེར་གྱི་འགྲེལ་བར། འགྱུར་ཕྱག་གི་སྲོལ་ཐོག་མར་ལོ་ཙཱ་བ་འདིས་བཏོད་པ་ཡིན་པའང་ཤེས་པར་བྱའོ། །ཞེས་འགྱུར་ཕྱག་གི་སྲོལ་འབྱེད་ཐོན་མི་ཡིན་པར་བཤད་པ་དང་། ཨ་ལ་ཤའི་འགྲེལ་བར། ཁ་ཅིག་གིས་བསྟན་བཅོས་འདི་ཐོག་མར་རྒྱ་གར་སྐད་དུ་བརྩམས་ནས་བོད་ལ་བསྒྱུར་པ་ཡིན་ཟེར་བའང་གདའ་ཞེས་སུམ་ཅུ་བ་ཐོག་མར་ལེགས་སྦྱར་སྐད་དུ་བརྩམས་པར་འདོད་མཁན་ཡོད་པར་བཤད་པ་སོགས་ཀྱི་འདོད་ཚུལ་ཡང་མཁས་པའི་ཡན་ལག་ཏུ་ཤེས་ན་ལེགས་སོ།། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་ཚིག་གི་འགྲེལ་ནི་སྔོན་གྱི་སུམ་རྟགས་འགྲེལ་བ་རྣམས་སུ་ཤིན་ཏུ་རྒྱས་པ་དང་། བདག་གིས་ཀྱང་སྔ་སོར་བརྩམས་པའི་སུམ་རྟགས་རིག་པའི་མེ་ལོང་རྣམས་སུ་གསལ་བའི་ཕྱིར་ན་འདིར་འགྲེལ་བའི་ངལ་བ་མ་བྱས་སོ།། བདུན་པ། བོད་ཀྱི་དབྱངས་གསལ་ངོས་གཟུང་བའི་སྐབས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཨཱ་ལི་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམ་པའོ།། ཀ དངོས་ཀྱི་དོན། ཡི༷་གེ༷་ལ༷་ཨཱ༷་ལ༷་སྟེ་ཨ་ཕྲེང་དང་། ཀཱ༷་ལི༷་སྟེ་ཀ་ཕྲེང་གཉིས་ཡོད། ཨཱ༷་ལ༷་བྱ་བ་གས༷ལ་བོར་མཚོན་པར་བྱེ༷ད་པའི་གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་སྟེ་གསལ་བྱེད་ཀྱི་ཡི་གེ་ཀུན་ལ་སྦྱར་ཆོག་པའི་མཚོན་བྱེད་དུ་ཡི་གེ་ཀུན་གྱི་རྩ་བ་དང་མ་ལྟ་བུར་གྱུར་པ་ཨ་ཡིག་ལ་གི་གུ་སྦྱར་བས་ཨི༷་དང་། སོག༷ས་སྒྲས་བསྡུས་པ་ཨུ་ཨེ་ཨོ་སྟེ༷་བཞི་ནི་དབྱངས་ཡིན་ལ། ཀཱ༷་ལི༷་ནི། ཀ་ཁ་ག་ང་། ནས། ཧ་ཨ་ཞེས་པའི་བར་གྱི་གསལ་བྱེད་སུ༷མ་ཅུ༷་ཐ༷མ་པ༷་ཉིད་དུ་ཤེས་པར་བྱའོ། །ཞེས་པའོ། །འདིའི་རྐང་བ་གཉིས་པའི་གསལ་བྱེད་ཅེས་པའི་མིང་རིགས་འདྲ་ཙམ་གྱིས་ཀ་ཕྲེང་གི་གསལ་བྱེད་དང་འཁྲུལ་བར་མི་བྱའོ།། ལེགས་སྦྱར་སྐད་དུ་ཨཱ་ལི་ཞེས་པ་ཕྲེང་བ་སྟེ་གྲལ་བསྒྲིགས་པའི་མིང་ཡིན། ཨ་དང་ཨཱ་ལི་སྒྲ་མདོ་ལྟར་འདྲ་བའི་ཡི་གེ་འདུས་པ་ལ་རིང་བོའོ། །ཞེས་མཚམས་སྦྱར་བས་ཨ་སྔོན་མ་རིང་བོར་གྱུར་ཅིང་ཕ་རོལ་གྱི་ཨཱ་ཕྱིས་པས་ཨཱ་ལི་གྲུབ། དེ་བཞིན་ཀ་དང་ཨཱ་ལི་མཚམས་སྦྱར་བས་ཀཱ་རིང་བོར་གྱུར་ཅིང་ཕ་རོལ་གྱི་ཨཱ་ཕྱིས་པས་ཀཱ་ལི་གྲུབ་པ་ཡིན་ནོ། །དེའི་ཕྱིར་ཨཱ་ལི་དང་ཀཱ་ལི་ཞེས་པའི་སྐབས་སུ་རིང་ཆ་ཡོད་པ་དང་། ཨ་ཕྲེང་དང་ཀ་ཕྲེང་ཞེས་པའི་སྐབས་སུ་རིང་ཆ་མི་ཐོབ་པ་ནི་དེའི་གནད་ཀྱིས་བྱུང་བ་ཡིན་ནོ།། བོད་དུ་འགྱུར་བའི་བརྡ་སྤྲོད་པའི་གཞུང་དུ། དབྱངས་དང་གསལ་བྱེད་ཀྱི་དབྱེ་བསྡུ་མཛད་ཚུལ་ལ་ལུགས་དུ་མ་ཞིག་སྣང་སྟེ། སྒྲ་ཀ་ལཱ་པའི་གཞུང་ལྟར་ན་དབྱངས་བཅུ་གཅིག་དང་གསལ་བྱེད་སོ་བདུན། ཙཱནྡྲ་བའི་གཞུང་ལྟར་ན་དབྱངས་ཡིག་བརྒྱ་དང་སོ་གཉིས། གསལ་བྱེད་བཞི་སྟོང་སུམ་བརྒྱ་ང་དྲུག སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་གཞུང་ལྟར་ན་དབྱངས་ཡིག་ཉི་ཤུ་རྩ་གཉིས་དང་། གསལ་བྱེད་སོ་བདུན། སྨྲ་སྒོ་མཚོན་ཆ་ལྟར་ན། དྲང་བོ་སྒྲེང་དང་གུག་པ་དང་།། བསྟོད་དང་སྨད་དང་སྒྲིམ་དང་གློད།། ཅེས་རིམ་པ་ལྟར་ཨ་ཨེ་ཨི་ཨོ་ཨུ་རྀ་ལྀ་སྟེ་རྩ་བའི་དབྱངས་བདུན་སོགས་དབྱེ་བསྡུ་མི་འདྲ་བ་དུ་མ་ཡོད་པ་ལས། འདིར་བོད་རང་ལ་མཁོ་བའི་ཡི་གེ་མང་མི་དགོས་ཉུང་ན་མི་འདུ་བའི་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲངས་ངེས་པ་མཛད་ནས་དབྱེ་བསྡུ་བྱས་སོ།། དེ་ཡང་ཡི་གེ་ཞེས་པ་འདོད་རྒྱལ་གྱི་མིང་སྟེ། དེའི་སྐད་དོད་ལ་ལེགས་སྦྱར་གྱི་ཡི་གེར་ཨ་ཀྵ་ར་དང་། བྱཉྫ་ན་དང་། ཝརྞ་སྟེ་གསུམ་ཡོད་དོ། །ཨ་ཀྵ་ར་ནི་མི་འགྱུར་བ་ཞེས་པ་སྟེ། ཨ་སོགས་དབྱངས་དང་། ཀ་སོགས་གསལ་བྱེད་ཀྱི་གདངས་ལ་བརྡ་མི་མཐུན་པའི་སྐྱེ་བོ་སུས་ཀྱང་གསར་དུ་བསྒྱུར་བའི་དོད་ཐུབ་ཀྱི་གདངས་ཀྱིས་མཚོན་མི་ནུས་པས་ན་དེ་སྐད་ཅེས་བྱའོ། །བྱཉྫ་ན་ནི་གསལ་བྱེད་ཅེས་པ་སྟེ་ཡི་གེ་ལ་བརྟེན་ནས་མིང་ཚིག་གི་བརྗོད་པ་གསལ་བར་བྱེད་པས་ན་དེ་སྐད་ཅེས་བྱ་ཞིང་། འདིའི་གསལ་བྱེད་ཅེས་པའང་ཀ་ཕྲེང་གི་གསལ་བྱེད་གཅིག་པུར་ངོས་འཛིན་མི་རུང་ངོ་། །ཝརྞ་ནི་རྗོད་བྱེད་ཅེས་པ་སྟེ། ཡི་གེ་ལ་བརྟེན་ནས་ཤེས་བྱ་ཡོད་དགུའི་མིང་ཚིག་གི་དོན་མཐའ་དག་ངག་ཏུ་རྗོད་པར་བྱེད་པས་ན་དེ་སྐད་ཅེས་བྱའོ།། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་དང་། ཕྱིས་ཀྱི་སུམ་རྟགས་འགྲེལ་བ་འགར། ཡི་གེ་ཞེས་པའི་ངེས་ཚིག་བཤད་སྐབས་དོན་དམ་པ་ཡི༷་དང་། ཀུན་རྫོབ་པའི་རིག་པ་གེ༷་ཞེས་བཤད་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་ན་གཙུག་ལག་གི་ངེས་ཚིག་བཤད་སྐབས། ནག་རྩིས་འཇམ་པའི་དབྱངས་ཀྱི་གཙུ༷ག་ནས་ཕྱུང་བ་ལྷ་མོ་རྣམ་རྒྱལ་མའི་ལ༷ག་ཏུ་གཏོད་པ། ཞེས་བཤད་པ་དང་སྒོ་ཀུན་ནས་མཚུངས་ཏེ་དེ་དག་ནི་བླུན་པོ་རྟོག་བཟོ་ལ་དགའ་མཁན་ཚོའི་མུ་ཅོར་ཙམ་དུ་ཟད་དོ།། སི་ཏུས། མིག་ལྟ་བུར་འདྲེན་བྱེད་སོགས་མིང་དུ་མས་བསྙད་དུ་ཡོད་ལ། ཀ་ལྟ་བུར་མིང་དུ་མས་བསྙད་དུ་མེད་པས་འགྱུར་མེད་ཅེས་བཤད་པ་འཐད་པར་མ་མཐོང་སྟེ། ཀ་ལ་ཡང་སྡེ་བ་དང་པོའི་དང་པོ་དང་། ཀ་སྡེའི་དང་པོ་དང་། གསལ་བྱེད་ཀྱི་ཐོག་མ་དང་། གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱའི་མིང་ཡིག་དང་པོ་སོགས་མིང་དུ་མས་བསྙད་དུ་ཡོད་པས་ན་དེ་ཙམ་གྱིས་འགྱུར་མེད་ཀྱི་དོན་མི་ཤོད་དོ།། ཁ མཐའ་དཔྱད་པ། ས་པཎ་གྱིས་མཛད་པའི་མཁས་པའི་ཁ་རྒྱན་ལས། བོད་ཀྱི་དབང་དུ་མཛད་དེ་དབྱངས་རྣམས་ནི་ལྔའོ། །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་དང་། དེའི་རྗེས་སུ་འབྲངས་ནས་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་དང་། ས་སྐྱ་ཨ་མྱེས་ཀྱི་མིག་དབང་རབ་གསལ་རྣམས་སུ་ཡང་། དབྱངས་ལྔ་ཡ་ར་ལ་ཝའི་འདོགས།། ཞེས་པའི་བརྡ་ཆད་འདོད་མཁན་ཡོད་ནའང་། འདིར་སུམ་ཅུ་བའི་གཞུང་དང་བསྟུན་ན་དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་ངེས་པས་ན་བརྡ་ཆད་དེ་དག་ཁས་བླང་བར་མི་བྱའོ། །ཞེས་ཞྭ་ལུ་ལོ་ཙཱ་བ་སོགས་ཀྱིས་བཀག་པ་ནི་དོན་ལ་གནས་པ་ཡིན་ནོ།། ཡང་། བོད་ཡིག་སྦྱོང་མཁན་ཕྱི་གླིང་བ་ཞིག་གི་ཡི་གེར། ལི་ཡུལ་གྱི་བྱེ་གཞུང་ནས་རྙེད་པའི་བོད་ཀྱི་གསལ་བྱེད་ལ་ཝ་ཡིག་བོར་བའི་ཉེར་དགུར་གྲངས་ངེས་པ་བྱས་འདུག་པས་བོད་ཀྱི་གསལ་བྱེད་གནའ་དུས་ཉེར་དགུ་ཡིན་ཡང་། ཝ་ཡིག་ཕྱིས་སུ་བཟོས་ནས་བསྣན་པའོ། །དེ་ཡང་གསར་དུ་བཟོ་དུས། སྔར་ཡོད་ཀྱི་ལ་ཡིག་གི་འོག་ཏུ་བ་ཡིག་བཏགས་པའོ། །ཞེས་སོགས་དགོད་བྲོ་བའི་བབ་ཅོལ་མང་དུ་སྨྲ་བར་བྱེད་དོ།། དེ་དག་ལ་ཞིབ་མོར་དཔྱད་ན། ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ཡོད་ཚད་དུ་ཨ་ཡིག་དབྱངས་ཀྱི་གྲས་སུ་ཡོད་པ་ལས་གསལ་བྱེད་གྲས་སུ་བཞག་པ་གཅིག་ཀྱང་མེད་ལ། ཨ་ཡིག་གསལ་བྱེད་གྲས་སུ་བཞག་པ་ནི་བོད་ཡིག་གི་རྣམ་གཞག་ཁོ་ན་ལས་མི་འབྱུང་བས་དེ་ལ་དགོས་པ་ལྷག་པོ་ཅི་ཡོད་ཅེ་ན། ལེགས་སྦྱར་གྱི་ཡི་གེ་ལ་སྲོག་ཅན་དང་སྲོག་མེད་ཀྱི་རྣམ་གཞག་ཡོད་པས་སྲོག་ཅན་གྱི་ཡི་གེ་ཡིན་ཚེ་དབྱངས་ཨ་ལ་སོགས་པ་གང་རུང་ཞུགས་པ་ཞིག་ཡིན་དགོས། དེ་ཡང་། ཀ་མ་ལ་(ཆུ་སྐྱེས)ཞེས་པ་ལ་དབྱངས་ཨ་ཐུང་ཞུགས་པ་དང་། སྭཱ་ཧཱ་(གཞི་ཚུགས)ཞེས་པའི་ཡིག་འབྲུ་གཉིས་ལ་ཨཱ་རིང་ཞུགས་པ་དང་། ཨ་ཏི་(ཞེས་པ)ཞེས་པ་ལ་ཨི་ཐུང་ཞུགས་པ་དང་། ཀུདྐུ་མ་(གུར་ཀུམ)ཞེས་པ་ལ་ཨུ་ཐུང་ཞུགས་པ་དང་། ཧྲཱྀ་(ངོ་ཚ་བ)ཞེས་པ་ལ་རཱྀ་རིང་ཞུགས་པ་དང་། བཻ་ཌཱུརྱ་(ཁ་དོག་སྔོན་པོའི་རིན་པོ་ཆེ་ཞིག)ཞེས་པའི་བེར་ལ་ཨེར་ཀེ་ཤ་ཅན། ཌཱི་ལ་ཨུ་རིང་དང་། རླ་ལ་ཨ་ཐུང་ཞུགས་པ་ལྟ་བུས་མཚོན་དབྱངས་སྲོག་ཏུ་ཞུགས་ཚུལ་ཤེས་པར་ནུས་པ་དང་། སྲོག་མེད་ཅེས་པ་ནི། ཀྲྀཏ྄་(བྱེད་པ) དང་། ཕཊ྄་(ཁོས་ཤིག)ཅེས་པ་ལྟ་བུའི་ཀྲྀ་ལ་དབྱངས་རྀ་དང་། ཕ་ལ་དབྱངས་ཨ་ཞུགས་པ་ཡིན་ན་ཡང་། དེ་དག་གི་མཐའ་ན་ཡོད་པའི་ཏ་དང་ཊ་ལ་དབྱངས་མེད་པའི་རྟགས་སུ། བོད་ཀྱི་ར་སྟའི་དབྱིབས་དང་མཚུངས་པ་ཧ་ལན་ཏ་ཞེས་པས་མཚན་པའོ། །སྲོག་མེད་ཀྱི་ཡི་གེ་ནི་ལེགས་སྦྱར་ལྟར་ན་ངག་གིས་བརྗོད་དུ་མེད་པས་ན་ཚུལ་དེ་ནི་བོད་ཡིག་གི་རྣམ་གཞག་དང་གཏན་མི་མཐུན་པ་ཞིག་ཡིན་ནོ།། འོ་ན་སུམ་ཅུ་བར། སྔོན་འཇུག་ཡོད་དམ་མེད་ཀྱང་རུང་།། ཞེས་པ་ནས། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་པའི་སྐབས་སུ་སྐད་གསར་བཅད་དབང་གིས་ལོ་ཙཱ་བ་རྣམས་ནས་མིང་མཐའ་ཕལ་ཆེ་བའི་མཐའ་བསྡུས་པ་མ་གཏོགས། དོན་དངོས་མའི་ཐོབ་ཐང་ལྟར་ན་མིང་གང་གི་མཐར་ཡང་རྗེས་འཇུག་གཞན་དགུའི་གང་རུང་མ་ཞུགས་པའི་ཚེ་ན། འ་ཡིག་གི་རྗེས་འཇུག་ངེས་ཅན་དུ་ཡོད་དགོས་པར་གསུངས་པ་འདིས་ནི། ཐོན་མིས་ཀྱང་ལེགས་སྦྱར་དང་འདྲ་བར་སྲོག་ཅན་སྲོག་མེད་ཀྱི་དོན་བསྟན་པ་མ་ཡིན་ནམ་ཞེ་ན། སྐབས་འདིར་མཁས་པ་ཁ་ཅིག་གིས་སྔོན་ཆད་མཁས་པའི་གོ་སར་བཞུགས་པའི་མང་བོས་རོ་འཛིན་གཡོ་བར་མ་མཛད་ཀྱང་བཤད་པར་བྱ་སྟེ། ཞེས་འུད་ཆེན་པོའི་དམ་བཅའ་ཞིག་བྱས་ནའང་། མེད་མི་རུང་དུ་བཤད་དགོས་པ་འདིའི་གླེང་ཙམ་ཡང་མེད་པར། དེ་ལ་ཨཱ་ལི་བཞི་བ་སྦྱར།། ཞེས་སོགས་ཇི་ལྟར་འགྲེལ་ཚུལ་ཙམ་བཤད་ནས་རྩ་བ་བོར་ཏེ་ཡལ་ག་ལ་འཇུ་བར་མཛད་དོ།། གཞན་ཡང་མཚམས་དེར་སི་ཏུས། ཀཱ་ལི་སུམ་ཅུ་བ་ལ་ཨཱ་ལི་དང་པོ་སྦྱར་བས་ཨི་ཡིག་ཏུ་འགྲུབ། ཅེས་བཤད་པ་མི་འཐད་དེ། ཨཱ་ལི་དང་པོ་གི་གུ་སྦྱར་བས་ཨི་ཡིག་ཏུ་འགྲུབ་ཟེར་ན་མ་གཏོགས་ཚིག་སྐྱོན་བྱུང་སྣང་བའི་ཕྱིར་རོ། །དེའི་སྟབས་ཀྱིས་དེའི་འཕྲོ་ན་ཨ་ཡིག་བརྗོད་དོན་རྗེས་འབྲེལ་ཡིན་པས་དབྱི་བར་བྱ་བ་ཉིད་དོ། །ཞེས་བཤད་པ་ལ་ལྟོས་དང་། མཚམས་དེར་ལེགས་སྦྱར་གྱི་སྒྲ་མདོའི་ལུང་ཞིག་དྲངས་ནས་བོད་ཀྱི་གི་གུ་སྒྲུབ་པ་ལ་སྦྱར་བ་ནི་དེ་བས་ཀྱང་མི་འཐད་པ་ཤེས་སླ་ཞིང་། སྒྲ་ལ་མ་སྦྱངས་པའི་གསར་ཞུགས་པ་ཞིག་ལ་ལྷག་པར་མགོ་རྨོངས་པའི་རྐྱེན་དུ་མི་འགྱུར་རམ། དེ་ལ་ཐོག་མར་འདི་བརྗོད་པར་བྱ་སྟེ། ས་ཆེན་བསོད་ནམས་རྩེ་མོའི་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ལས། ཨ་ཉིད་མ་ཡི་ཡི་གེར་བརྗོད།། ཅེས་དང་། སྲོག་རྐྱེན་ཡན་ལག་ཡི་གེ་བདུན།། ཞེས་དང་། དེ་དག་ཨ་ཡི་ཁོངས་སུ་འདུ།། ཞེས་དང་། དེ་ལ་ཚེག་ཉིད་སྲོག་གི་ཨ།། ཞེས་དང་། དང་ཀྱོག་ཤད་ཀྱང་དེ་འདྲ་སྟེ།། གླང་སྣའི་ཨ་དང་རྣམ་བཅད་ཨའོ།། ཞེས་དང་། ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར།། ཡན་ལག་གི་ནི་ཨ་ཞེས་བྱ།། ཞེས་གསུངས་པ་ལྟར་ཡི་གེ་ཐམས་ཅད་ཀྱི་རྩ་བ་དང་མ་ལྟ་བུར་གྱུར་པ་ནི་ཨ་ཡིག་ཡིན་ལ། དེ་ལ་དབྱེ་ན། ཡི་གེ་སོ་སོའི་བར་དུ་འཇུག་པ་བར་ཚེག་སྲོག་གི་ཨ། དང་པོར་འཇུག་པ་གླང་བོ་ཆེའི་སྣ་ལྟ་བུའི་དང་ཀྱོག་གི་ཨ་སྟེ་དབུ་ཁྱུད། མཐའ་མར་འཇུག་པ་རྣམ་པར་གཅོད་པ་ཤད་ཀྱི་ཨ་སྟེ་བརྗོད་དུ་མེད་པའི་ཨ་གསུམ་དང་། ཨི་ཨུ་ཨེ་ཨོ་ཡན་ལག་གི་ཨ་སྟེ་རྩ་བའི་དབྱེ་གཞིའི་ཨ་དང་བཅས་ན་ཨ་ཡིག་གི་དབྱེ་བ་བརྒྱད་ཡོད་པར་ས་སྐྱ་པཎྜི་ཏ་ཆེན་པོའི་དེའི་འགྲེལ་བར་གསལ་བར་གསུངས་པ་ལྟར་ཡོངས་སུ་གྲགས་པའི་དབྱངས་བཞིར་མ་ཟད། དང་ཀྱོག་ཤད་ཚེག་གསུམ་སོ་སོའི་དགོས་པའང་བསམ་པར་རིགས་སོ།། དེ་ལྟར་ན་སློབ་དཔོན་ཐོན་མིས་ཡི་གེ་བཟོ་སྐབས། བོད་ཡིག་གི་ཕྱི་མོ་ལེགས་སྦྱར་གྱི་ཡི་གེ་ཡིན་ཡང་བོད་མིའི་སྐད་ཀྱི་དབང་གིས་དེ་གཉིས་ཆ་ཐམས་ཅད་ནས་འདྲ་མཚུངས་སུ་བཟོ་མི་ཐུབ་པ་དང་། བོད་ཀྱི་ཡི་གེར་འཕུལ་རྟེན་མགོ་འདོགས་ཀྱི་སྲོལ་བཏོད་པས་ལེགས་སྦྱར་གྱི་ཡི་གེའི་རྣམ་གཞག་དང་ཁྱད་པར་ཆེས་ཆེར་བྱུང་བ་དང་། མིང་མཐར་རྗེས་འཇུག་བཅུ་བོ་གང་རུང་མ་ཞུགས་པར་མིང་དང་དོན་གཞན་ལ་འཇུག་མི་སྲིད་པའི་རྣམ་གཞག་མཛད་པ་དང་། ཡིག་འབྲུ་རེ་རེ་བའམ་འཕུལ་རྟེན་མིང་གསུམ་སོ་སོར་མི་འདྲེ་བའི་ཆེད་དུ་བར་ཚེག་གི་རྣམ་གཞག་གསར་བཟོ་མཛད་པ་སྟེ་རྒྱུ་མཚན་དེ་བཞིའི་སྒོ་ནས་བོད་ཀྱི་ཡི་གེར་སྲོག་ཅན་སྲོག་མེད་ཀྱི་རྣམ་གཞག་མ་མཛད་པ་ཡིན་ནོ། །དེ་ཡང་ཡིན་ཏེ། བར་ཚེག་ལ་སྲོག་གི་ཨ་ཞེས་བརྗོད་པས་ན། གསལ་བྱེད་སུམ་ཅུ་ལས་ཀ་ཁ་ང་ཆ་ཇ་ཉ་ད་ན་ཕ་མ་ཚ་ཝ་ཟ་ཡ་ར་ལ་ཤ་ས་ཨ་སྟེ་བཅུ་དགུ་བོ་རེ་རེའི་མཐར་རྗེས་འཇུག་གི་འ་ཡིག་སྐད་གསར་བཅད་དབང་གིས་མ་བྲིས་ན་ཡང་དོན་ལ་ཐོབ་པ་དང་། དེ་དག་ལ་བར་ཚེག་བཞག་པས་མིང་རང་རྐྱ་བ་རེ་སྟོན་ཐུབ་པས་སྲོག་ལྡན་ལྟ་བུར་གྱུར་པ་ཤེས་ནུས་པ་དང་། དཀར། འཇམ། བཞད། གསལ་ལྟ་བུ་འཕུལ་རྟེན་མིང་གསུམ་ཚང་བ་ཅན་གྱི་མཐར་བར་ཚེག་བཞག་པས་དེ་གསུམ་བསྡོམས་པས་མིང་རེ་སྟོན་ཐུབ་པ་མཚོན་པས་ན་ཟུར་དུ་དབྱངས་ཞུགས་ཀྱི་རྣམ་གཞག་མཛད་མ་དགོས། བར་ཚེག་ལ་སྲོག་དང་འདྲ་བའི་ཨ་ཞེས་བརྗོད་པའི་རྒྱུ་མཚན་ནི། དངངསབརམདརབདག ཅེས་པ་ལྟ་བུ་ལ་བར་ཚེག་མེད་ཚེ་གཉིས་རེ་གཉིས་རེའི་བར་ནས་གཅོད་དམ། (དང་ངས་བར་མད་རབ་དག) བཞི་དང་གཉིས་དང་གསུམ་དང་གསུམ་(དངངས་བར་མདར་བདག)གྱི་བར་ནས་གཅོད་མི་ཤེས་པས་འཕུལ་རྟེན་མིང་གསུམ་གྱི་དབྱེ་བ་མི་ཕྱེད་ཅིང་བཀླག་དཀའ་བས་ན་སྲོག་དང་མི་ལྡན་པའི་ཡི་གེ་ལས་ཐུ་བར་གྱུར་པའི་གནད་འདི་ལ་ཐུག་པ་ཡིན་ནོ། །དེའི་ཕྱིར་བོད་ཀྱི་ཨ་ཡིག་ནི་ཡི་གེ་གཞན་གྱི་སྲོག་ཏུ་འཇུག་པ་མེད་པ་དང་གི་གུ་ཞབས་ཀྱུ་ལྟར་སྦྱོར་ས་མེད་པས་དབྱངས་ཀྱི་གྲས་སུ་འཇོག་མི་འོས། དབྱངས་གསལ་གཉིས་མ་ཡིན་པའི་ཡི་གེ་ཕུང་གསུམ་པ་ཞིག་མེད་པས་གསལ་བྱེད་གྲས་སུ་འཇོག་པ་ལས་འོས་མེད། དེའི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྱོར་དགོས་པ་ལས་ཐོག་མར་སྦྱར་བས་ཀ་ཕྲེང་གི་དོན་དང་ཐ་སྙད་ལ་གནོད། བར་དུ་བཅུག་པས་སྡེ་བ་གང་དང་ཡང་ཚོགས་པ་མི་མཚུངས་ཤིང་དགོས་པ་གཞན་པ་ཅུང་ཟད་ཙམ་ཡང་སྟོན་རྒྱུ་མེད། དེས་ན་གཡོན་གྱི་ཤེས་རབ་དང་མ་ལྟ་བུའི་ཡི་གེ་ཨ་དེ་གསལ་བྱེད་ཀྱི་མཐར་སྦྱར་བས། གཡས་ཀྱི་ཐབས་དང་ཕ་ལྟ་བུའི་གསལ་བྱེད་ཉེར་དགུ་བོ་ཨ་ལ་བརྟེན་ཅིང་རག་ལས་པ་མཚོན་པ་ཡིན་ནོ། །ཞེས་པའི་གནད་དམ་པ་འདི་ཤེས་པར་བྱའོ།། འདི་ལྟ་བུའི་དོན་དངོས་ལ་ཉེ་བར་རེག་པའི་གོ་དོན་གཙང་སང་བ་ཞིག་བཤད་རྒྱུ་མེད་པར། མཐའ་གཅིག་ཏུ་སྲོག་ཅན་སྲོག་མེད་ཀྱི་དབྱེ་བ་དེ་བདེ་བའང་མ་ཡིན་ཞིང་འཇུག་པར་དཀའ་བ་དང་། དགོས་པ་ལྷག་པོར་མི་ཆེ་བས་དེ་ལྟའི་རྣམ་གཞག་མ་མཛད་དོ། །ཞེས་བམ་བཤད་སྤྲིན་སྨུག་གིས་གཡོགས་པའི་སྣང་བྱེད་ཀྱི་ཉི་མ་ཆེན་པོར་ཅི་ཙམ་བསྟེན་ཀྱང་རྨོངས་པའི་གྲང་རེག་སེལ་བར་མི་ནུས་སོ།། ཨ་ལ་ཤའི་རྟགས་འཇུག་འགྲེལ་བ་དང་། ཡིག་བཤད་མཁས་པའི་ཁ་རྒྱན་གཉིས་ཀར། ཨ་ནི་ཡི་གེ་ཀུན་གྱི་སྲོག་ཏུ་ཞུགས། ཞེས་བཤད་པའང་བོད་ཡིག་གཞིར་བཞག་པ་ལ་ཐ་སྙད་དེ་སྦྱོར་དུ་རུང་མི་རུང་ལ་བརྟག་རྒྱུ་ཡོད་དོ།། གཞན་ཡང་། བོད་ཀྱི་སྐད་ཕལ་ཆེ་བའི་གདངས་ནི་རིང་ཆ་ཅན་ཡིན་པའི་ཕྱིར་ན་མཐའ་རྟེན་གཞན་མེད་པའི་རྗེས་སུ་འ་མཐའ་སྦྱོར་བ་ཡང་བོད་ཀྱི་སྐད་གདངས་དང་མཐུན་པར་མཛད་པ་ཡིན་ཏེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པའི་གོང་དུ་ནི། སྐྱོགས་ལོ་ཙཱ་བའི་ལི་ཤིའི་གུར་ཁང་ལས། དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་བ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་ཡང་དོན་ལ་ཐོབ་པ་གཞིར་བྱས་ནས་ཡི་གེ་ཉུང་བའི་སླད་དུ་མ་བཞག་པ་དང་། ཞེས་གསུངས་པ་ལྟར་གུ་འགྲེང་ཅན་གྱི་མཐར་ཡང་འ་མཐའ་སྦྱོར་བར་གསུངས་པས་ཤེས་སོ། །སྐད་གསར་བཅད་ཀྱིས་གཏན་ལ་ཕབ་དུས། རྐྱང་བ་འཕུལ་ལ་འ་མཐའ་དགོས།། བརྩེགས་པ་བུ་དྲུག་ཅན་ལ་སྤང་།། ཞེས་རྔོག་ལོ་ཙཱ་བའི་དག་ཡིག་བསྡུས་པར་གསུངས་པ་ལྟར། དགའ། མདའ། གནའ། འབའ། ཞེས་པ་ལྟ་བུའི་རྐྱང་འཕུལ་ལ་འ་ཡིག་གི་མཐའ་རྟེན་དངོས་སུ་མེད་ན་མིང་གཞི་ཉིད་རྗེས་འཇུག་ཏུ་འཁྲུལ་འགྲོ་བ་དང་། མགོ་ཅན་གསུམ་དང་ལྡན་པའི་བརྩེགས་པ་དང་། དེས་མཚོན་པའི་ལ་བཏགས་ཝ་བཏགས་དང་། དབྱངས་བཞི་དང་ར་སྟ་ཡ་སྟ་སྟེ་བུ་དྲུག་ཅན་གྱི་མཐར་འ་མཐའ་མི་དགོས་པར་མཛད་དོ། །འོན་ཀྱང་ད་ལྟའང་འགའ་རེའི་ལག་རྒྱུན་དུ། བརྡའ་སྤྲོད་པ་ཞེས་པའི་བརྡ་ལ་འ་མཐའ་འབྲི་བ་ནི་མ་དག་པར་བརྗོད་མི་རུང་ཡང་སྐད་གསར་བཅད་ཀྱི་སྒྲིག་བརྩི་ཕྱིན་མ་བྲིས་ན་ལེགས་སོ།། ཚ་སྤྲུལ་ངག་དབང་བློ་བཟང་གི་སུམ་ཅུ་བར། གསལ་བྱེད་སུམ་ཅུ་ལས་མིང་དང་མིང་གཞི་གཉིས་ཀ་ཡིན་པ། ཁ་ང་ཆ་ཇ་ཉ་ཕ་མ་ཡ་ར་ལ་ཤ་ས་སྟེ་བཅུ་གཉིས་སུ་གྲངས་བཅད་པ་ནི་འཐད་པར་མི་སེམས་ཏེ། ཁང་བའི་ཀ ད་ལྟ་བའི་ད། ནད་ཀྱིས་ན། རེག་བྱའི་ཚ། གཅན་གཟན་གྱི་ཝ། རྩམ་པ་ཟ། བོས་པའི་ལན་གྱི་ཨ་རྣམས་ཀྱང་ཁྱེད་འདོད་པ་ལྟར་ན་རྣམ་དབྱེ་དང་པོ་ཇི་ལྟ་བ་བཞིན་གོ་རྒྱུ་ཡོད་པ་ཤ་སྟག་ཡིན་པ་ལ་བསྙོན་དུ་མེད་པའི་ཕྱིར་རོ།། གཞན་ཡང་སུམ་ཅུ་བའི་གཞུང་དུ། དེ་ལ་ཨཱ་ལི་བཞི་བ་སྦྱར།། ཞེས་དང་། དེ་ལ་ཨཱ་ལི་གཉིས་པ་སྦྱར།། ཞེས་སོགས་ཀྱི་སྐབས་སུ་ལེགས་སྦྱར་གྱི་བརྡ་ཆད་དང་འདྲ་བར་གསལ་བྱེད་སྲོག་མེད་གང་ཡིན་པ་དེ་དབྱངས་གཉིས་པ་ཨིའམ་བཞི་བ་ཨོ་ཐོག་ཏུ་འདྲེན་དགོས་པར་བསྟན་པ་མ་ཡིན་ནམ་ཞེ་ན། ག་ལ་ཡིན་ཏེ། འདིར་དེ་ལ་ཞེས་རྗེས་འཇུག་གི་ཡི་གེ་གང་ཡང་རུང་བ་དེ་ལ་ཨཱ་ལི་གཉིས་པ་གི་གུ་དང་། བཞི་བ་རྣ་རུ་ཚུར་ལ་སྦྱོར་བའི་དོན་ཡིན་གྱི། ལེགས་སྦྱར་ལྟར་ཚུ་རོལ་གྱི་སྲོག་མེད་ཕ་རོལ་དབྱངས་ལ་སྦྱོར་བར་བཤད་པ་མིན་ནོ།། དེ་ལྟར་ན་བོད་ཀྱི་དབྱངས་ལ་ཨི་ཕྲེང་ཞེས་རྗོད་རིགས་པ་ལ་དེ་ལྟར་མི་རྗོད་པར་ཨ་ཕྲེང་ཞེས་ཇི་ལྟར་བརྗོད་ཅེ་ན། གི་གུ་སོགས་གང་ལས་བླངས་པའི་ལེགས་སྦྱར་གྱི་དབྱངས་ལ་ཨ་ཕྲེང་ཞེས་པའི་མིང་འཇགས་པས་ན། བླངས་པའི་ཨི་ཨུ་ཨེ་ཨོ་བཞི་མཚོན་པར་བྱེད་པའི་གི་གུ་སོགས་ལའང་འབྱུང་ཁུངས་ཀྱི་མིང་གིས་བཏགས་པ་ལ་འགལ་ཆ་ཅི་ཡང་མེད་དེ། ཀྱ་ན་ཏའི་རྒྱལ་ཁབ་ལས་ཐོན་པའི་གྲོ་ལ་ཀྱ་ན་ཏ་ཞེས་རྗོད་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཀཱ་ལིའམ་ཀ་ཕྲེང་གི་ཟླར་ཤིན་ཏུ་བརྗོད་མི་བདེ་བའི་སྐྱོན་འབྱུང་བ་ཤེས་པར་གྱིས་ཤིག ཝ་ཡིག་བོར་བའི་གསལ་བྱེད་ཉེར་དགུ་ཞེས་པ་ལ་འདི་ལྟར་བརྟག་པར་བྱ་སྟེ། ལེགས་སྦྱར་གྱི་གསལ་བྱེད་གྲས་ཀྱི་ཝ་ཡིག་དེ་ཐོན་མིས་ཐོག་མར་ཡི་གེ་བཟོ་དུས་ནས་བོད་ལ་མཁོ་བར་བྱས་པ་ནི་སུམ་ཅུ་བའི་གཞུང་དུ་ཀཱ་ལི་སུམ་ཅུར་གྲངས་བཅད་པ་དེས་ཤེས་ནུས་པས་ཕྱིས་སུ་བཅུག་པ་ག་ན་ཡིན། འོན་ཀྱང་ལཉྫའི་འབྲི་སྟངས་ལ་བ་དང་ཝ་ཡིག་གི་གཟུགས་དབྱིབས་འདྲ་བ་དང་། བོད་ལ་ཝ་ནི་མེད་ཀྱང་རུང་བའི་ཡི་གེ་གཅིག ཅེས་པར་སྙད་བཏགས་ནས་གསལ་བྱེད་གྲས་སུ་མ་བྲིས་པ་ཡོད་སྲིད་ནའང་། དེའི་དོན་ནི་གཅན་གཟན་ཝ་སྐྱེས། ཆུ་འབབ་པའི་ཝ་ཁ། རོལ་མོའི་པི་ཝང་། ཝལ་ལེར་ཤར་བ་ལྟ་བུ་སོགས་ལས་ཝའི་འཇུག་པ་ཤིན་ཏུ་ཉུང་བའི་རྒྱུ་མཚན་གྱིས་ཀྱལ་ཀའི་ཚུལ་གྱིས་བཏགས་པ་ཡིན་གྱི། གསལ་བྱེད་གྲས་སུ་མི་བགྲང་བ་ག་ན་ཡིན། ཁྱད་པར་དུ་ལ་ཡིག་གི་འོག་ཏུ་བ་ཡིག་བཏགས་ན་ཝ་ཡིག་བཟོས་ཞེས་ཟེར་བས་ནི། སྨྲ་མཁན་དེས་མགྲིན་རྒྱན་ལྦ་ཡིག་གི་དབྱིབས་དང་། གོས་ཀྱི་ལྭའི་ཡིག་གཟུགས་དང་། གཅན་གཟན་ཝ་ཡིག་གི་གཟུགས་དབྱིབས་གསུམ་ལ་གནམ་ས་དང་འདྲ་བའི་ཁྱད་པར་ཡོད་པ་གཏན་ནས་མ་མཐོང་བ་གསལ་བར་བྱས་པ་འདི་དག་ལ་དཔྱད་པ་བྱས་ན་ནི་རང་ཉིད་ངལ་བའི་རྒྱུ་དང་། ཡི་གེར་བྲིས་ན་ནི་སྣག་ཤོག་གྲོན་པའི་རྐྱེན་ལས་དགོས་པ་སྤུ་ཙམ་ཡང་མེད་དོ།། མེར་གེན་ཡེ་ཤེས་རྣམ་རྒྱལ་ན་རེ། ཀཱ་ལི་སུམ་ཅུ་ཐམ་པའོ།། ཞེས་པའི་འོ་སྒྲའི་སླར་བསྡུ་སྦྱར་བ་དཔེ་མ་དག་སྟེ། སྐབས་ཀྱི་དོན་མ་རྫོགས་ཤིང་ལའི་མགོའང་འའི་མགོ་དང་འཁྲུལ་ཉེན་ཆེ་བའི་ཕྱིར་རོ། །ལ་རུ་ལག་པ་ཡོད་པས་འཁྲུལ་བ་མེད་དོ་ཞེ་ན། དེ་ཡང་མ་ངེས་ཏེ། ལ་ལག་ཉམས་པ་སྲིད་པའི་ཕྱིར་རོ། །ཞེས་སོགས་ནི་འཆོལ་བའི་འཆལ་གཏམ་ཁོ་ན་སྟེ། འདིར་འགོག་རིན་མ་མཆིས་སོ།། ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་སུམ་ཊཱིཀ་ཏུ། དེར་མ་ཟད་རྒྱ་ཡིག་ལ་ནི་ཝ་སྒོས་སུ་མི་སྣང་བས་འདི་ཡང་བསྣན་ཟེར་ཏེ་བརྟག་ཅེས་པ་ལྟར་ན་དེ་འདྲ་འདོད་མཁན་ཞིག་ཀྱང་ཡོད་པར་གསལ་ཏེ། དེ་ནི་ལན་ཝར་གྱི་བ་དང་ཝ་ཡིག་གཟུགས་འདྲ་བ་ཙམ་ལ་བསམས་པར་སྣང་ཡང་། དེ་ལྟ་ན་རྒྱ་ཡིག་ལ་གསལ་བྱེད་སོ་བཞི་མི་ལོངས་པ་དང་། མཐར་གནས་ཀྱི་ཡི་གེ་བཞིའི་གྲངས་ཉམས་པ་སོགས་ཀྱི་སྐྱོན་རི་ལྟར་སྤུངས་པ་འབྱུང་ངོ་།། འདིར་རིགས་པའི་རོལ་རྩེད་ཅུང་ཟད་སྤྲོ་ན། གཞན་ལུགས་དགག་པ། འདིར་ཁ་ཅིག་ན་རེ། དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས། ཞེས་གསུངས་པའི་ཕྱིར་ན། བོད་ཡིག་ལ་ཨཱ་ལི་ཀཱ་ལི་གཉིས་སུ་དབྱེ་བ་ནི། ཕུང་གསུམ་སེལ་བའི་གྲངས་ངེས་ཡིན་ཏེ། རྩ་བར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཞེས་གསུངས་པ་གང་ཞིག དེ་ཡི་གེའི་ངོ་བོའི་དབྱེ་བ་སྟོན་པའི་གཞུང་ཡིན་པའི་ཕྱིར་ཟེར། འོ་ན། སྤྲིན་དང་། འབྲུག་སྒྲ་དང་། གློག་དང་། ཐོག་སེར་དང་། འཇའ་ཚོན་གྱི་མིང་སྟོན་པའི་ཡི་གེ་རེ་རེ་ནས་ཆོས་ཅན། དབྱངས་གསལ་གཉིས་པོ་གང་རུང་ཡིན་པར་ཐལ། ཡི་གེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབྱངས་གསལ་གཉིས་པོ་གང་རུང་མ་ཡིན་པར་ཐལ། དབྱངས་མ་ཡིན་པ་གང་ཞིག གསལ་བྱེད་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་གི་གུ་སོགས་དབྱངས་བཞི་ལས་གང་ཡིན་པ་སྟོན་ཅིག གཉིས་པ་མ་གྲུབ་ན། གསལ་བྱེད་སུམ་ཅུ་ལས་གང་ཡིན་པ་སྨོས་ཤིག རྟགས་ཟུར་གཉིས་ཀ་མ་གྲུབ་ན། དབྱངས་གསལ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། རྟགས་རེ་རེ་ནས་མ་གྲུབ་པ་དེའི་ཕྱིར། འདོད་ན། དབྱངས་གསལ་གཉིས་ཡི་གེའི་ངོ་བོའི་དབྱེ་བ་ཡིན་པ་བུད། གོང་དུ་མ་གྲུབ་ན། དེ་ཆོས་ཅན། ཡི་གེ་ཡིན་པར་ཐལ། དབྱངས་གསལ་དུ་མ་ཚོགས་པའི་ཡི་གེ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་དུ་མ་འདུས་པའི་མི་ཡིན་ན། མི་ཡིན་པས་ཁྱབ་པ་དང་། གསེར་དངུལ་གཡུ་བྱུར་དུ་མ་སྤུངས་པའི་རིན་ཆེན་ཡིན་ན་རིན་པོ་ཆེ་ཡིན་པས་ཁྱབ་པའི་ཕྱིར། འཁོར་གསུམ་མོ།། ཡང་ཁ་ཅིག ཨ་ཡིག་གསལ་བྱེད་ཁོ་ནར་བགྲངས་པ་མི་འཐད་པར་ཐལ། དེ་དབྱངས་གསལ་གོ་གཉིས་ཆོད་ཡིན་པའི་ཕྱིར། དེར་ཐལ། གསེར་ཏོག་གི་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས། ཀ་སོགས་ཉེར་དགུ་ལ་ཨའི་དབྱངས་ཀྱི་གདངས་མ་ཞུགས་པར་བརྗོད་དུ་མེད་པར་གསུངས་པའི་ཕྱིར་ཟེར་ན། ཁ་ཅིག དེ་མི་འཐད་པར་ཐལ། བོད་ཀྱི་ཨ་ལ་ལེགས་སྦྱར་ལྟ་བུའི་དབྱངས་ཀྱི་བྱ་བ་བསྒྲུབ་ཏུ་མེད་པའི་ཕྱིར། དེར་ཐལ། དེ་ཡི་གེ་གཞན་གྱི་སྲོག་ཏུ་འཇུག་པའི་དོན་དང་ཐ་སྙད་གཉིས་ཀ་སུམ་རྟགས་གང་དུ་ཡང་མི་འབྱུང་བའི་ཕྱིར། དེར་ཐལ། རྩ་བ་ལས། ཀཱ་ལི་སུམ་ཅུ་ཐམ་པའོ།། ཞེས་གསལ་བྱེད་ལ་སུམ་ཅུ་ལས་མང་མི་དགོས། ཉུང་ན་མི་འདུ་བའི་གྲངས་བཅད་མཛད་པ་ལ་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར་ཟེར། གཞན་ཡང་། ཁྱོད་ལྟར་ན། གསལ་བྱེད་ལ་གུག་འགྲེང་སྦྱོར་བའི་ཚེ་ན་དབྱངས་དེ་དང་དེ་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་པའི་ཚུལ་གྱིས་སྦྱོར་དགོས་པར་ཐལ། ཀཱ་ལི་ཉེར་དགུར་ཨ་ཡིག་སྲོག་ཏུ་ཞུགས་དགོས་པའི་བློ་རྩེ་འཐད་པའི་ཕྱིར། འདོད་ན། རྩ་བར་དངོས་སུ་བསྟན་པའི་ལྷག་བཅས་ཀྱི་བསྒྲུབ་གཞིར་གྱུར་པའི་སྟ་ཡིག་ལ། ཨ་ཨི་ལ་ཨེའོ། །ཞེས་སྒྲ་མདོ་ནང་བཞིན་བྱས་ནས་ཨཱ་ལི་དང་པོ་སྦྱོར་དགོས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཨཱ་ལི་གསུམ་པ་སྦྱོར་ན་སྒྲ་མདོ་ལས། ཨེ་དང་ཨཻ་ལ་ཨཽའོ། །ཞེས་སྟཻ་འགྲེང་བུ་ཉིས་བརྩེགས་ཀེ་ཤ་ཅན་དུ་འགྱུར་བ་ལས་སྟེ་ཡིག་མི་འབྱུང་བའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་ལ་ལན་མེད་པ་ཉིད་དུ་འགྱུར་རོ།། རང་ལུགས་གཞག་པ། འདིར་ཡི་གེ་ནི་དབྱེ་གཞི་ཡིན་ལ། དབྱེ་ན་ཨཱ་ལི་དང་ཀཱ་ལི་གཉིས་སོ། །དེ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ནི། སྐྱེ་བོའི་སྐད་ཀྱི་གདངས་ལ་དབྱངས་གསལ་གྱི་སྒྲ་གཉིས་སུ་ངེས་ཏེ། ང་རོའི་ཚུལ་གྱིས་འབྱིན་པའི་མི་གསལ་བའི་གདངས་ནི་དབྱངས་དང་། ཡི་གེ་རང་རང་གི་སྐྱེ་གནས་ལས་སྒྲ་དག་གསལ་གསུམ་ཚང་བའི་ཚུལ་གྱིས་འབྱིན་པའི་གདངས་ནི་གསལ་བྱེད་དེ་སྐད་གདངས་ལ་དེ་གཉིས་སུ་གྲངས་ངེས་པའི་ཕྱིར་རོ། །སྤྱིར་གྲངས་ངེས་ལ། ཤེས་བྱ་ལ་རྟག་པ་དང་མི་རྟག་པ་གཉིས་སུ་གྲངས་ངེས་པ་ནི་ཕུང་གསུམ་སེལ་བའི་གྲངས་ངེས་དང་། གཟའ་བདུན་དུ་དབྱེ་བ་ནི། དེ་བདུན་གང་རུང་མ་ཡིན་པའི་གཟའ་གཞན་ད་དུང་ཡོད་ན་ཡང་མི་རྣམས་ཀྱི་ཤའི་མིག་ལ་སྣང་དུ་མི་རུང་བས་ན་དགོས་པ་ཅན་གྱི་གྲངས་ངེས་དང་། གསལ་བྱེད་གྲས་སུ་ཨ་དང་ཝ་ཡིག་སོགས་མི་བརྩི་བའི་ལོག་རྟོག་བཟློག་པའི་ཕྱིར། ཀཱ་ལི་སུམ་ཅུ་ཐམ་པར་གྲངས་བཅད་པ་ནི་ལོག་རྟོག་བཟློག་པའི་གྲངས་ངེས་དང་། གློག་དང་སྤྲིན་སོགས་ཀྱི་ཡི་གེ་དེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་ཡི་གེ་ལས་ངོ་ཐོག་པ་འདིའོ་ཞེས་བསྟན་དུ་མེད་ཀྱང་རིས་བསྡུ་ན་དེ་དག་ཏུ་འདུ་དགོས་པ་ལས་འོས་མེད་པས་ཡི་གེ་ལ་ཨཱ་ལི་ཀཱ་ལི་གཉིས་སུ་གྲངས་ངེས་པར་བཤད་པ་ནི་རིས་བསྡུ་བའི་གྲངས་ངེས་ཏེ། ཚུལ་དེ་ལྟ་བུའི་སྒོ་ནས་གྲངས་ངེས་ཀྱི་ཚུལ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པར་བྱས་ན་དབྱེ་བ་ཡིན་ཚད་ངོ་བོའི་དབྱེ་བར་འཛིན་པའི་གུ་དོག་གི་འཆིང་རྒྱ་དེ་གྲོལ་བར་འགྱུར་རོ།། འོ་ན་སྔོན་གྱི་ཡི་གེ་རྙིང་བ་རྣམས་སུ་གི་གུ་ཕྱིར་ལོག་ཅན་མང་དུ་བྲིས་ཡོད་པ་དེ་ལ་དགོས་པ་དང་རྒྱུ་མཚན་ཅི་ཡོད་ཅེ་ན། འདི་ལྟར། ལེགས་སྦྱར་གྱི་ལནྫ་དང་ཝ་རྟུ་གང་ཡིན་ཡང་རུང་། དབྱངས་ཨི་ཐུང་གི་སྐབས་སུ་ཡི་གེའི་གཡས་སུ་གི་གུ་འབྲི་དགོས་པ་དཔེར་ན་ कि (ཀི) འདི་ལྟ་བུ་དང་། དབྱངས་ཨཱི་རིང་གི་སྐབས་སུ་གི་གུ་ཡི་གེའི་གཡོན་དུ་འབྲི་དགོས་པ་དཔེར་ ती (ཏཱི)འདི་ལྟ་བུ་ཡིན་ལ། ཐོན་མིས་བོད་ཡིག་ཐོག་མར་གསར་བཟོའི་སྐབས་སུ་ཚུལ་དེ་དང་མཐུན་པར་དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་བ་དཔེར་ན་ཀྀ་འདི་ལྟ་བུ་ཡིན་ངེས་ཤིང་། བོད་ཀྱི་དབྱངས་ཨཱི་རིང་ལ་གི་གུ་ཕར་ལོག་ཚུར་ལོག་ཙམ་གྱིས་བྱ་བ་དེ་མི་འགྲུབ་པས་ཡི་གེའི་གཤམ་དུ་འ་ཆུང་འདོགས་དགོས་པར་བཟོས་པ་དཔེར་ན་ཀཱི་འདི་ལྟ་བུ་སྟེ། གནད་དམ་པ་འདིའི་དབང་གིས་རིམ་གྱིས་བོད་ཡིག་ལ་གི་གུ་ཕྱིར་ལོག་ཅན་མཁོ་མེད་དུ་གྱུར། དེ་ལྟ་ནའང་སྔོན་གྱི་འབྲི་སྟངས་ལག་བྱང་ལ་སོང་བའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ནས་ཀྱང་ཡུན་རིང་རབ་ཅིག་ལ་ལག་བྱང་གི་འབྲི་སྟངས་དེ་རྒྱུན་འབྱམས་སུ་ལུས་པ་མ་གཏོགས། དགོས་པ་གཞན་ཅི་ཡང་མེད་པར་འཁུམས་སོ། །དཔེར་ན། ལེགས་སྦྱར་གྱི་སོ་ས་གླིང་ལ་སོ་བ་གླིང་དང་། ཉན་ཐོས་པེནྡ་བ་ལ་སེནྡ་བ་དང་། ཅོད་པན་ཞེས་པའི་ཡི་གེ་བོད་ཡིག་ཡིན་ཤག་ལ་བྲིས་ནོར་རྒྱུན་འབྱམས་ཀྱིས་ཅོད་པཎ་ཞེས་ན་ལོག་འབྲི་བ་དང་། དང་ཀྱོག་གླང་པོའི་སྣ་ལྟ་བུ་ལ་དབུ་ཁྱུད་ཅེས་ཟེར་དགོས་རྒྱུ་ལ་ཁྱུད་ཀྱི་རྗེས་འཇུག་ང་ཡིག་ཏུ་བཀླགས་ནས་དབུ་ཁྱུང་ཞེས་ཁ་ནས་འབོད་ཅིང་ལག་ནས་འབྲི་བ་དང་། ཁྱུད་ནི་མུ་ཁྱུད་དང་ཁྱུད་མོ་ཞེས་པའི་སྐབས་སུ་རི་མོ་གོར་གོར་རམ་གུག་ཀྱོག་གི་མིང་ཡིན་པ་ཤེས་ན་ལོག་རྟོག་དེ་བཟློག་སླའོ། །དེ་ལ་སོགས་པ་ད་དུང་མང་ཡང་དེ་ཙམ་གྱིས་ཆོག་ཤེས་པར་བྱ་ལ། དེ་དག་གི་གནད་མ་གོ་བར་བོད་ཀྱི་ཡི་གེ་རྙིང་བའི་གི་གུ་ཕྱིར་ལོག་དང་ཕྱིར་མ་ལོག་པ་གཉིས་ལ་གདངས་ཀྱི་སྒོ་ནས་གོ་བ་སོ་སོར་ལེན་པའི་ཁུལ་གྱིས་ངལ་བ་བྱེད་པ་ནི་མོ་གཤམ་བུའི་མིག་འབྲས་གཉིས་ལ་ཆེ་ཆུང་ཡོད་མེད་དཔྱོད་པ་དང་འདྲ་བར་སེམས་སོ།། ཡི་གེའི་སྐད་དོད་ཨ་ཀྵ་ར་སྟེ་མི་འགྱུར་བ་ཞེས་པའི་དོན་ལ། ཕྱིས་ཀྱི་འགྲེལ་བ་འགར། ལེགས་སྦྱར་གྱི་དབྱངས་གསལ་ཡི་གེ་སྐད་བརྡ་མི་མཐུན་པའི་སྐྱེ་བོ་སུས་ཁ་ནས་བརྗོད་ཀྱང་གདངས་མི་འགྱུར་བའི་ཆ་ནས་མི་འགྱུར་བ་ཞེས་བཤད་པ་དེ་མི་འཐད་དེ། བོ་དྷི་ཞེས་པའི་ཡིག་འབྲུ་གཉིས་ལ་སློབ་དཔོན་ཐོན་མི་དང་ཐང་སང་བླ་མ་རྣམ་གཉིས་ཀྱི་གདངས་གཅིག་མ་ཡིན་པ་ནི་རྣམ་གཉིས་ཀྱིས་བསྒྱུར་ཟིན་པའི་རྒྱ་བོད་ཀྱི་ཡི་གེའི་སྟེང་ནས་ཤིན་ཏུ་གསལ་བ་དང་། དེ་བཞིན་དུ་བོད་ཡིག་གི་ངག་དབང་། ཞེས་པ་དང་། རབ་བརྟན་ཞེས་པ་ལ་རྒྱ་མིས་ཨ་བོང་། ཞེས་པ་དང་། ལ་ཏན་ཞེས་པ་ལས་གདངས་དངོས་མ་ཇི་བཞིན་མི་ཐོན་པ་བཞིན་དུ། རྟ་ལྟ་སྟ་གསུམ་ལ་ཏ་དང་སྐྱེ་སྒྱེ་རྗེ་གསུམ་ལ་ཇེ་ཡི་གདངས་མ་གཏོགས་མི་ཐོན་པ་མངོན་སུམ་དུ་གྲུབ་པ་འདི་ལ་ཅི་སྨྲ། དེས་ན་ཡི་གེའི་གདངས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བ་ཡིན་ཏེ། མེའི་རང་བཞིན་ཚ་བ་ལས་མི་འགྱུར་ཞེས་པ་ལྟ་བུ་ཡིན་པར་ཚད་མའི་གཞུང་ལས་གསུངས་པ་འདིའི་གོ་དོན་ཇི་ལྟར་ལེན་དགོས་བློ་གྲོས་ཞིབ་མོས་བརྟག་དགོས་སོ།། བརྒྱད་པ། གསལ་བྱེད་ནང་གསེས་ཀྱི་དབྱེ་བའི་སྐབས། ༡ མདོར་བསྟན་པ། དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།། དེ་ལས་ལྔ་ནི་སྔོན་དུའང་འཇུག ། མི་འཇུག་པ་ནི་ཉི་ཤུའོ།། ཐོག་མར་རྗེས་འཇུག་སྔོན་འཇུག་མིང་གཞི་རྐྱང་བའི་གྲངས་ཙམ་བསྟན་པ་ནི། གསལ་བྱེད་དེ༷་ལ༷་ནང་གསེས་ཀྱིས་དབྱེ་ན་རྗེ༷ས་སུ་འཇུ༷ག་པའི་ཡི་གེ་བཅུ༷་ཡོད་པ་ཡི༷ན་ཏེ༷། དེར་མ་ཟད་དེ༷་བཅུ་ལས་ལྔ༷་ནི༷་སྔོ༷ན་དུའ༷ང་འཇུ༷ག་ལ། རྗེས་འཇུག་གི་ཡི་གེ་བཅུ་བླངས་པའི་ཤུལ་དུ་སྔོན་རྗེས་གང་ལའང་མི༷་འཇུ༷ག་པ༷་མིང་གཞི་ཁོ་ན་ཡིན་པའི་ཡི་གེ་ནི༷་ཉི༷་ཤུ༷་ཐམ་པ་ཡོད་ཅེས་ཤེས་པར་བྱ༷འོ། །པྲ་སྟིས། དེ་ལས་རྗེས་འཇུག་བཅུ་ཞེས་བཀོད་ནས་ལས་ཀྱི་སྒྲ་དེ་དགར་བའི་དོན་ཡིན་པར་གསུངས་ཏེ། གང་ལྟར་འགྲེལ་ཡང་མི་འགལ་ལོ།། ༢ རྒྱས་པར་བཤད་པ། ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།། བཞི་བཞི་དག་ཏུ་ཕྱེ་བ་ལས།། དང་པོ་གསུམ་པ་བཞི་བ་ཡི།། མས་གཉིས་དྲུག་པའི་གསུམ་པ་དང་།། བདུན་པ་ལས་ནི་ཤ་མ་གཏོགས།། རྗེས་འཇུག་ཡི་གེ་བཅུ་རུ་འདོད།། རྗེས་འཇུག་ཡི་གེ་བཅུ་ཉིད་ལས།། དང་པོ་གསུམ་པ་ལྔ་བ་དྲུག ། བདུན་པ་རྣམས་ནི་སྔོན་དུའང་འཇུག ། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།། དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་།། གང་དུའང་འཇུག་མིན་སྦྱར་བའང་མིན།། ཀ དངོས་ཀྱི་དོན། ཡི་གེ་བཞི་རེར་སྡེ་བ་སྟེ་ཚོགས་པའི་མིང་དུ་བཏགས་ནས་བགོ་བ་ནི། ཀཱ༷་ལི༷་སྟེ་ཀ་ཕྲེང་སུམ་ཅུ་བོ་དེ་སྡེ་བའི་དབང་དུ་བྱས་ན། ཕྱེ༷ད་ད༷ང་བརྒྱ༷ད་དེ་སྡེ༷་བ་རིལ་བོ་བདུན་དང་། སྡེ་བའི་ཕྱེད་ཀ་གཅིག་ཡོད་པ་དེ་ནི༷། སྡེ་བ་རེ་རེ་ལ་ཡི་གེ་བཞི༷་རེ་བཞི༷་རེ་ད༷ག་ཏུ༷་སྟེ་རྣམས་སུ་བགོས་ཤིང་ཕྱེ༷་བའི་དབང་དུ་བྱས་པ༷འོ། །ལ༷ས་ཞེས་པ་ནི་འབྱུང་ཁུངས་ཀྱི་སྒྲ་སྟེ། འོག་དེ་མ་ཐག་འབྱུང་བའི་རྗེས་འཇུག་འདི་ལས་བྱུང་བར་སྟོན་ནོ།། གསེར་ཏོག་འགྲེལ་བར། དག་ཏུ་ཞེས་པའི་འབྲུ་གནོན་ལ། དག་ཅེས་པ་ཟུང་གི་མིང་ཡིན་པས་ཧ་ཨ་སྡེ་བ་ཕྱེད་ཡིན་པ་དེ་བསྟན། ཟེར་བ་ནི་མ་བརྟགས་ཉམས་དགའི་ངོར་འགྲིག་འགྲིག་ལྟ་བུར་སྣང་ཡང་འཐད་པར་མི་སེམས་ཏེ། དེ་ལྟར་ན་བཞི་བཞི་ལན་གཉིས་སྨོས་པ་དེས་ཀ་སྡེ་ཅ་སྡེ་གཉིས་བསྟན་པར་སྣང་ངོ་ཞེས་བསམས་ནས། ཏ་སྡེ་སོགས་སྡེ་བ་ལྔ་ལ་སློབ་དཔོན་གྱིས་ཅི་ལ་དགོངས་ནས་བཞི་ལན་ལྔ་མ་སྨོས་ཞེས་དཔྱོད་ལྡན་ལ་སྐྱེ་མི་འོས་པའི་ཐེ་ཚོམ་ཡང་སྐྱེ་བར་འགྱུར་རོ། །དེས་ན་སྡེ་བ་རིལ་བོ་རེ་ལ་ཡི་གེ་བཞི་རེ་ཡོད་པ་བསྟན་ཟིན་པས་སྡེ་བ་ཕྱེད་ལ་ཡི་གེ་གཉིས་ཡོད་པ་ནི་སྨོས་མ་དགོས་པར་ཤེས་ཐུབ་པ་ཡིན་ནོ།། གྲངས་ཀྱི་ཐ་སྙད་ལ་རྨོངས་པ་ལ་ལས། ཕྱེད་དང་བརྒྱད་ཅེས་པ་མ་དག ཕྱེད་དང་བདུན་ཡིན་དགོས། དེའི་རྒྱུ་མཚན་ལ་སྡེ་བ་བདུན་དང་ཕྱེད་ལས་མེད་པས་སོ་ཟེར། དེ་ལ་ཕན་པའི་གདམས་ངག་འདི་ལྟར་སྟོན་ཏེ། ཕྱེད་དང་བརྒྱད་ཅེས་པ་ནི་ཁྱོད་ལྟར་ན་བརྒྱད་དང་ཕྱེད་ཅེས་པ་དང་མཚུངས་པར་བསམས་ནའང་དེ་གཉིས་མི་གཅིག་སྟེ། ཕྱེད་དང་བརྒྱད་ཅེས་པའི་དོན་ནི་ཕྱེད་པ་གཅིག་གལ་ཏེ་སྣོན་རྒྱུ་ཡོད་ན་རིལ་བོ་བརྒྱད་ཡིན་ཞེས་པའི་བརྡ་ཡིན་པས་འདི་ཙམ་ལ་ཡང་མགོ་བོ་འཁྲུག་མཁན་མང་ངོ་། །དེའི་ཕྱིར་ཕྱེད་དང་བརྒྱད་ཅེས་པ་དང་བདུན་དང་ཕྱེད་གཉིས་འདྲ་བ་དང་། བརྒྱད་དང་ཕྱེད་ཅེས་པ་དང་ཕྱེད་བཅས་བརྒྱད་གཉིས་འདྲ་བའི་ཐ་སྙད་ལ་བྱང་ཞིང་མཁས་པ་ལ་བསླབ་པར་བྱའོ། །ཕྱེད་བཅས་བརྒྱད་ཅེས་པའི་བཅས་ནི་ལྡན་པའི་དོན་ནོ།། གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་བཅུ་ལེན་ཚུལ་ལམ་དབྱུང་ཚུལ་ནི། དེ་ཡང་སྡེ་བ་ད༷ང་པོ༷་ཀ་སྡེ། གསུ༷མ་པ༷་ཏ་སྡེ། བཞི༷་བ༷་པ་སྡེ་སྟེ་སྡེ་བ་དེ་གསུམ་ཁོ་ན་ཡི༷། མ༷ས་མ་གཉི༷ས་ཏེ་ཀ་སྡེའི་ག་ང་གཉིས། ཏ་སྡེའི་ད་ན་གཉིས། པ་སྡེའི་བ་མ་གཉིས་ཏེ་དྲུག་དང་། སྡེ་བ་དྲུ༷ག་པ༷་ཞ་སྡེ༷འི་གསུ༷མ་པ༷་འ༷་དང་། བདུ༷ན་པ་ར་སྡེ་ལ༷ས་ནི༷་ཤ༷་ཡིག་མ༷་གཏོ༷གས་པའི་ར་ལ་ས་གསུམ་སྟེ་ཁྱོན་བསྡོམས་རྗེ༷ས་འཇུ༷ག་གི་ཡི༷་གེ༷་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ༷་རུ༷་ཡོད་ཅེས་འདོ༷ད་ལ། དེ་ཡང་ཡི་གེ་རྣམས་ཀྱི་མཐར་སྦྱོར་བའི་འཇུག་པ་ཡིན་པས་ན་རྗེས་འཇུག་ཅེས་བྱའོ། །རྩ་བའི་དཔེ་འགར་བདུན་པ་ལ་ནི་ཞེས་ཀྱང་འབྱུང་སྟེ་གང་ཡང་རུང་ངོ་།། རྗེས་འཇུག་བཅུ་ལས་སྔོན་འཇུག་ལྔ་དབྱུང་ཚུལ་ནི། རྗེ༷ས་འཇུ༷ག་ཡི༷་གེ༷་གོང་དུ་སྨོས་པ་ག་ནས་སའི་བར་གོ་རིམ་ཅན་དུ་བཅུ༷་ཡོད་པ་དེ་ཉི༷ད་ལ༷ས། ད༷ང་པོ༷་ག གསུ༷མ་པ༷་ད། ལྔ༷་བ༷་བ། དྲུ༷ག་པ་མ། བདུ༷ན་པ༷་འ་རྣམ༷ས་ནི༷་རྗེས་སུ་འཇུག་པའི་ཡི་གེ་ཡིན་པར་མ་ཟད། ཡི་གེ་གང་ལ་ཐོབ་འོས་པའི་ཚུལ་གྱིས་སྔོ༷ན་དུའ༷ང་སྦྱར་ཆོག་ཅིང་འཇུ༷ག་པ་ཡིན་ནོ།། སྔོན་རྗེས་ཀྱི་ཡི་གེ་བཅུ་དོར་བའི་ལྷག་མ་མིང་གཞི་རྐྱང་པར་བསྟན་པ་ནི། རྗེས་འཇུག་གི་ཡི་གེ་བཅུ་བསལ་བའི་ལྷག་མ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ ཧ་ཨ་སྟེ་མི༷ང་གཞི༷་རྐྱང་བའི་ཡི་གེ་ཉི་ཤུ་ཐམ་པ་ཡོད་པ་ལས་ཕན་ཚུན་གཉི༷ས་སྦྱར་བ། ཀཅ། ཆཉ། ལྟ་བུའི་གཟུགས་ས༷མ། གསུ༷མ་སྦྲེ༷ལ་བ། ཏཔཚ། ཁཆཉ་ལྟ་བུའི་ཚུལ་ལ༷མ། དེ༷་དག་ལ༷། ཀཅི། ཏཔོཚ། ལྟ་བུའི་དབྱ༷ངས་ཀྱི༷་གི་གུ་སོགས་བཞི༷་བོ་གང་ལྡ༷ན་པར་ཏེ་སྦྱར་བར་བྱས་ན་ཡ༷ང་། བོད་ཀྱི་མིང་ཚིག་ཐ་སྙད་ག༷ང་དུའ༷ང་འཇུ༷ག་པ་མི༷ན་ཞིང་འདི་བཞིན་སྦྱ༷ར་བར་རིགས་པའ༷ང་མི༷ན་ནོ། །པྲ་སྟི་སོགས་ཀྱིས་དབྱངས་ཀྱི་གཞི་སྟེ་ཨི་ལ་སོགས་པའི་སྲོག་དང་ལྡན་པ། ཞེས་བཏོན་ནས་འགྲེལ་བར་བྱེད་ཅིང་། ཚུལ་འདི་ལྟ་བུས་དབྱུང་བའི་དགོས་པ་ནི། ནོར་བ་དང་། འཁྲུལ་བ་མི་འབྱུང་བའི་ཐབས་ཁྱད་པར་དུ་འཕགས་པ་ཞིག་ཏུ་བརྩི་བར་གྲགས་སོ།། ཁ མཐའ་དཔྱད་པ། མི་འཇུག་པ་བཤད་པའི་སྐབས་འདིར་མཁས་པ་ཁ་ཅིག འདིར་བསྟན་གྱི་ཨཱ་ལི་རྐྱང་བ་ཡིན་ན་འཕུལ་རྟེན་གྱི་བྱ་བ་མི་འཇུག་པས་ཁྱབ་པའི་ཕྱིར་རོ། །ཞེས་བཤད་པ་ལ་འདི་ལྟར། འདིར་བསྟན་གྱི་ཨཱ་ལི་རྐྱང་བ་ཡིན་ན་ཁྱོད་ལ་མཐའ་རྟེན་མི་འཇུག་པས་ཁྱབ་པར་ཐལ། འདོད་ན། ཨིག་ཀ ཨུག་ཆོས། ཨེན་ཙམ། ཨོག་མ། ཨོལ་མདུད་རྣམས་ཀྱི་དབྱངས་བཞི་བོ་རེ་རེ་ནས་ཆོས་ཅན། ཁྱོད་ལ་མཐའ་རྟེན་འཇུག་མི་རུང་བར་ཐལ། ཁྱོད་འདིར་བསྟན་གྱི་ཨཱ་ལི་རྐྱང་བ་ཡིན་པའི་ཕྱིར། ཞེས་འཕངས་པ་ལ་ལན་ཇི་ལྟར་གདབ། ཁོའི་འདོད་པ་དེ་མ་ཡིན། བསྒྲུབས་ཟེར་བ་ལྟ་བུའི་ཨུ་ཡིག་ཞབས་ཀྱུ་ལ་འཕུལ་རྟེན་གང་ཡང་མི་འཐོབ་པས་ན་འདིར་བསྟན་ཨཱ་ལི་རྐྱང་བ་ལ་དེ་མི་འཐོབ་ཅེས་པ་ཡིན་ཟེར་ན། དེ་འདྲའི་ཨུ་ཡིག་གི་མཚོན་བྱེད་ཞབས་ཀྱུ་དེ་ས་ག་ར་གསུམ་ལ་སྦྱར་བའི་ཚོགས་པ་ཅན་གྱི་ཨུ་ཡིན་པ་ལས་དེ་ལ་རྐྱང་བའི་མིང་ཐོབ་དོན་མེད་དོ།། ༣ ཤུགས་བསྟན་ཡང་འཇུག་གཉིས། ཀ དངོས་ཀྱི་དོན། འདིར་གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་གི་ཡི་གེ་བཅུ་དབྱུང་བར་བསྟན་པའི་ཤུགས་ཀྱིས་སམ་ཞར་ལ་རྗེས་འཇུག་ག་ང་བ་མ་བཞིའི་མཐར་འཇུག་པའི་ས་དྲག་དང་། རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་འཇུག་པའི་ད་དྲག་གཉིས་ཀྱང་བསྟན་པར་འདོད་དགོས་སོ། །དེ་ཡང་ཡིན་ཏེ། ཀུན་ཏུ་བཟང་བོའི་བསྟན་བཅོས་གཞན་པ་དྲུག་ཏུ་ད་དྲག་དང་ས་དྲག་གི་རྣམ་གཞག་བསྟན་ཀྱང་མ་བསྟན་ཀྱང་བླ་ཡི། དེ་ནི་ད་ལྟ་བདག་ཅག་ལ་ཤིན་ལྐོག་ཏུ་གྱུར་པའི་ཕྱིར་དེ་ལ་ཁག་བཞག་པས་དགོས་པ་ཅི་ཡང་མི་འགྲུབ་བོ། །དེ་བས་སུམ་ཅུ་བའི་གཞུང་ནས་རྗེས་འཇུག་གི་ཡི་གེ་བཅུའི་ནང་ཚན་དུ་གྱུར་པའི་ད་དང་ས་གཉིས་དངོས་སུ་བསྟན་པ་འདིས་ད་ས་གཉིས་ཀྱི་ཡང་འཇུག་ཀྱང་ཤུགས་ལ་བསྟན་པ་ཡིན་ཞེས་བཤད་ན་ཨུ་ཚུགས་དང་མ་འདྲེས་ཤིང་ལྷོད་ཆགས་པའི་གཏམ་དུ་འགྱུར་བ་ཡིན་ནོ།། གཞན་ཡང་། སུམ་ཅུ་བ་རང་གི་གཞུང་ན། བསླབ་པ་ཀུན་གྱི་གཞི་འཛིནད་ཅིང་།། ཞེས་དང་། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་།། ཞེས་འཛིན་ད་དྲག་ཅན་དང་། ལེགས་དང་རྣམས་ས་དྲག་ཅན་མང་དུ་ཡོད་པ་འདིས་ནི་སུམ་ཅུ་བའི་གཞུང་དུ་ད་སའི་ཡང་འཇུག་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ཟིན་པ་ལ་འཁྱོགས་བཤད་གཞན་ཀྱི་ངལ་བ་བྱེད་མི་དགོས་སོ།། ཁ མཐའ་དཔྱད་པ། སྡེ་དགེ་བླ་མ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་ཡི་གེའི་དག་སྡེབ་ཅེས་པར་སའི་ཡང་འཇུག་གཏན་མི་འདོད་པའི་རང་ལུགས་ཀུན་དང་མི་མཐུན་པ་ཞིག་བཟོས་པའི་ནང་ན། ཁོང་རང་གིས་ཀྱང་བརྟེན་ཁུངས་ཟླ་མེད་པར་བྱེད་པ། བསྔགས་བརྗོད་བྱེད་པའི་སྐབས་སུའང་། ལུག་འདིར་ཐུ་མི་གཉིས་པ་ལྟར་ཚད་མར་གྱུར་པ་མཁས་མཆོག་སི་ཏུ་རིན་པོ་ཆེའི་འགྲེལ་ཆེན། ཞེས་བསྔགས་པའི་སི་ཏུའི་སུམ་རྟགས་འགྲེལ་བར་ས་དྲག་གི་རྣམ་གཞག་མི་བཞེད་པ་ཡིན་ཞེས་རང་གི་ཞེན་ཕྱོགས་ལ་ནན་གྱིས་འཐེན་པའི་བཤད་པ་བྱས་ཡོད་དོ། །དེ་ཡང་ཚུལ་ཇི་ལྟར་དུ་བཤད་པ་ཡིན་ཞེ་ན། དེས་མཛད་པའི་དག་སྦྱོར་གྱི་ཡི་གེའི་དཀའ་གནས་ལ་ཅུང་ཟད་དཔྱད་པ་ཐུ་མིའི་དགོང་པར་ངེས་པའི་རྒྱན་ཕྲེང་ལས། ཡང་། གདང་གདིང་གདེང་ནང་གསེས་མང་པོ་བཅས་ལ་ངག་སྒྲོན་དང་ས་མཐའི་རབ་དབྱེར་ས་མཐའ་མང་ཡང་འགྲེལ་ཆེན་གྱི་དཔེ་བརྗོད་དུ་མེད་ཀྱང་ཆོག་པའི་ལུག་སུ་ཕལ་ཆེར་མ་བྲིས་འདུག་པ་འདི་ཡང་འཇུག་མི་དགོས་པའི་སྒྲུབ་བྱེད་མཁས་ཆེན་ཟླ་བྲལ་གྱི་ལུག་སོ། །ཞེས་དང་། ཡང་དེས་མཛད་པའི་སུམ་རྟགས་ཀྱི་མཐའ་དཔྱད་ཉུང་ངུ་ཞེས་བྱ་བར། ཡང་ས་མཐའི་རབ་དབྱེ་དང་དག་ཡིག་ངག་སྒྲོན་སོག་སུ་གོས་ཀྱིས་གཡོག་སོག་མང་བོར་ས་མཐའ་ཡོད་ཁྱབ་ཀྱི་དཔེ་བརྗོད་བྲིས་པ་ལ། རྗེ་སི་ཏུ་ནས་འདས་ཞེས་པའི་མཆན་བུ་བཏབ་ཏེ་དེ་རྣམ་ཀྱི་འདས་སྐུལ་མ་གཏོག་བྱ་བྱེད་མིང་རྐྱང་རྣམ་ཀྱི་ཡང་འཇུག་རྣམ་བཅད་པ་དང་། འགྲེལ་ཆེན་གྱི་དཔེ་བརྗོད་དུའང་གཡོག་སོག་མང་བོར་ཡང་འཇུག་བཅད་པའང་ཡང་འཇུག་མང་བོར་དོན་མེད་དགོང་ནས་བཅད་ཕྱིར་ཡང་འཇུག་བསྡུ་བའི་མགོ་བརྩམ་པ་ཡིན་ཞིང་ཁོང་གི་ཐུག་ལ་མ་བབ་པ་ཡིན་ཕྱིར་འདིར་བརྗོད་པའི་ཁུང་སུ་བྱེད་ཆོག་གོ །ཞེས་པའི་ལུང་གཉིས་ཀྱིས་ལེགས་པར་གྲུབ་བོ།། ལུང་དྲངས་པ་འདིར་བ་མཐར་ཏེ་རྐྱང་འབྲི་བ་དང་། ཡང་འཇུག་ཐོབ་ཚད་ལ་ས་མཐའ་བྲིས་མེད་པ་མཐོང་ཙམ་གྱིས་མིག་ལ་ཚེར་མ་ར་མགོའི་བཟོ་ལྟ་ཅན་དུ་སྣང་བ་རྣམས་ནི་བདག་གིས་བྲིས་བཤུས་བྱེད་སྐབས་སུ་ནོར་བ་མ་ཡིན་གྱི། ས་ཕུད་བླ་མ་ཁོང་རང་གི་དགོངས་པ་དྲི་མ་མེད་པ་ཡིན་པ་ཤེས་པར་གྱིས་ཤིག དེ་ལ་འདི་ལྟར་བརྟག་པར་བྱ་སྟེ། སྤྱིར་སྔོན་གྱི་ལོ་ཙཱ་བ་ཆེན་པོ་དག་གིས་ད་དྲག་བསྡུས་པ་ལ། ཕྱིས་སུ་བྱོན་པའི་མཁས་བ་རྣམས་ཀྱི་བཞེད་དགོངས་ལ་མི་མཐུན་པ་གཉིས་སུ་གནས་ཏེ། མཁས་པ་ཁ་ཅིག་གིས་ནི་ད་དྲག་བསྡུས་པས་དཔེ་འབྲི་བཤུས་ཀྱི་སྐབས་སུ་ཡིག་ཚོགས་བསྐྱུངས་ཤིང་ཟོར་ཡང་བ་དང་། ད་དྲག་གང་ལ་ཐོབ་པ་དང་མི་ཐོབ་པའི་ཚུལ་ལ་མནོ་བསམ་གཏོང་མི་དགོས་པར་གྱུར་པས་སྟབས་བདེ་བྱུང་བས་ན་ད་དྲག་བསྡུས་པ་ནི་ཤིན་ཏུ་ལེགས་ཞེས་རྗེས་སུ་ཡི་རང་བ་ཆེས་ཆེར་བྱེད་དོ།། མཁས་པ་ཁ་ཅིག་གིས་ནི་ད་དྲག་བསྡུས་པས་ཡིག་ཚོགས་བསྐྱུངས་པ་དང་སྟབས་བདེ་བར་གྱུར་པའི་ཆ་ལ་དགེ་མཚན་གྱི་བཀྲ་ཤིས་པ་རེ་ཤར་བ་ལྟར་སྣང་བ་ནི་བདེན་མོད་ཀྱང་། དེ་བས་ད་དྲག་དོར་བའི་ཤུལ་གྱི་མིང་ཚིག་ལ་གང་སྦྱོར་རྒྱུའི་རྣམ་དབྱེ་དང་ཚིག་ཕྲད་ལས། ཏོ། ཏུ། ཀྱི། ཀྱིས། ཀྱང་། ཅིང་། ཅེས། ཅིག ཅེ་ན། ཅེའོ་སོགས་དུ་མ་ཞིག་གང་ཐོབ་ལ་མགོ་ཇེ་རྨོངས་སུ་བཏང་བས་ན་དགེ་མཚན་དང་མི་ལྡན་པའི་སྣ་ནག་མ་ཞིག་ཀྱང་མི་འདོད་བཞིན་དུ་བསླེབས་བྱུང་བས་ལེགས་ཆ་ལས་ཉེས་ཆ་ཆེའོ། །ཞེས་བཞེད་དོ།། བཞེད་པ་ཕྱི་མའི་དགོངས་མཐིལ་གཏད་ས་ནི་འདི་ཡིན་ཏེ། ད་དྲག་བསྡུས་པའི་ཤུལ་གྱི་ཚིག་ཕྲད་སྐོར་ལ་ཉེས་སྐྱོན་མ་བྱུང་ན་ནི་བདག་ཅག་གིས་ཀྱང་རྗེས་སུ་ཡི་རང་བྱེད་པ་ལས་གཞན་དུ་དམིགས་སུ་མེད་ལ། འོན་ཀྱང་ད་དྲག་བསྡུ་བ་ཙམ་ནི་ཤིན་ཏུ་ལས་སླ་སྟེ། སྐད་དག་པར་འདོན་པ་རྣམས་ཀྱི་ངག་ཏུའང་ད་མཐའ་ཆེར་མི་གསལ་བ་དང་། ད་དྲག་མེད་པས་གཞན་ལ་ནོར་སོ་འབྱུང་བའི་སྐྱོན་དེ་ཙམ་མི་ཆེ་བས་སོ། །ད་དྲག་བསྡུས་པ་ལྟར་དུ་ད་དྲག་གི་མཐར་ཐོབ་པའི་ཚིག་ཕྲད་རྣམས་ནི་རང་འདོད་ཀྱིས་བཅོས་སུ་མི་རུང་སྟེ། བོད་བྱིངས་ཀྱི་སྐད་གདངས་དང་མི་མཐུན་པའི་ལམ་སྲོལ་གསར་བ་ཞིག་འབྱེད་དགོས་པས་སོ། །དེའི་ཕྱིར་ད་དྲག་བསྡུས་པའི་རྗེས་ནས་ཀྱང་ད་དྲག་ལ་སྦྱོར་རྒྱུའི་ཚིག་ཕྲད་རྣམས་ནི་སྔ་མཁོའི་ཚུལ་ལས་གཏན་མ་འདས་པར་གནས་ཏེ། དཔེར་ན། ལྟད་མོ་བསྟན་ཏོ། །འཁོར་ལོ་བསྐོར་ཏོ། །བཀའ་བསྩལ་ཏོ། །ཞེས་དང་། བསྟན་ཀྱང་། བསྐོར་ཅིང་། སྩོལ་ཅིག་ཅེས་དང་། ཤིན་ཏུ། ཀུན་ཏུ། རོལ་ཏུ་སོགས་མཐའ་ཡས་པ་ཡོད་དོ། །དེ་དག་ལ་ད་དྲག་དོར་བའི་ཚུལ་གྱིས་ཚིག་ཕྲད་རྣམས་ཀྱང་བསྒྱུར་བས་ཆོག་སྙམ་ན། ཤིན་ཏུ་ནས་ཀྱང་མི་རུང་སྟེ། རྒྱ་ལ་གལ་ཏེ་བསྒྱུར་བའི་དབང་དུ་བཏང་ན། འོན་ཀྱང་ལ་འོན་ཡང་། ལྷན་ཅིག་ལ་ལྷན་ཞིག མཁྱེན་ཅིང་ལ་མཁྱེན་ཞིང་། རོལ་ཅིང་ལ་རོལ་ཞིང་། ཀུན་ཏུ་ལ་ཀུན་དུ་སོགས་སུ་བསྒྱུར་དགོས་པ་ལ། དེ་ལྟ་བུ་ནི་གཏན་ནས་འབྲི་ཀློག་བྱེད་མི་བདེ་ཞིང་། བོད་སྐད་ཀྱི་ཟུར་ལ་མ་གྲུབ་པ་ཞིག་གོ །སྡེ་དགེ་ཞུས་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱིས་སྡེ་དགེ་བསྟན་འགྱུར་རྣམས་སུ་ཤིན་ཏུ་ལ་ཤིན་དུ་དང་། ཀུན་ཏུ་ལ་ཀུན་དུ་སོགས་སུ་བྲིས་ནས་ཞུས་དག་བཏང་ན་ཡང་དེ་ཙམ་གྱིས་རྐྱག་གོ་མི་ཆོད་དེ། ཏོ་དང་ཅིང་སོགས་ལ་རིགས་འགྲེ་བྱ་མ་ནུས་པར་བཞག་ཡོད་པས་སོ། །ཞེས་དགོངས་སོ།། དེས་ན་ད་དྲག་བསྡུས་པའི་ཤུལ་གྱི་དགེ་སྐྱོན་ལ་དཔྱད་པ་དཔྱིས་ཕྱིན་པ་ཞིག་བཏང་བའི་མཐར། ས་དྲག་བསྡུས་པས་དགེ་སྐྱོན་ཅི་འབྱུང་ལ་དེ་བས་ཀྱང་དཔྱད་པ་བརྒྱ་འགྱུར་དུ་གཏོང་བའི་ལས་སུ་ཆེ་བ་ནི་སྨོས་མ་དགོས་ཏེ། ས་དྲག་གིས་འདས་ཚིག་དང་སྐུལ་ཚིག་གཞན་ལ་རག་མ་ལས་པར་སྟོན་པ་ཙམ་དུ་མ་ཟད། མིང་རྐྱང་གི་རིགས་མཐའ་ཡས་པ་ཞིག་ལ་ས་དྲག་ཡོད་མེད་ཀྱིས་ཁྱད་པར་འབྱེད་དགོས་ཤིང་། དེ་ནི་མི་རིགས་གཞན་པའི་ཡི་གེས་ཆ་ཙམ་ཡང་བསྒྲུན་དུ་མེད་པའི་བོད་ཀྱི་དག་ཡིག་གི་ཁྱད་ཆོས་ངོ་མཚར་ཅན་ཞིག་སྟེ་ཅི་དགར་ཕྱགས་དར་ཁྲོད་དུ་བསྐྱུར་བ་ལ་ནི་སུ་ཡིས་ཕོད་དོ།། དེ་ལྟར་ཡང་འཇུག་གཉིས་དོར་བ་ལ་དགེ་མཚན་ཡོད་མེད་ཀྱི་གླེང་ཙམ་བསླངས་ནས། ད་ནི་སྐབས་སུ་བབ་པ་སི་ཏུས་ས་དྲག་གི་རྣམ་གཞག་བཞེད་མི་བཞེད་ལ་བརྟག་པ་བྱེད་པའི་གཏམ་འདི་ཉོན་ཅིག སྔོན་འཇུག་མ་ནིང་ག་ཡིག་བདག་བྱེད་པ་པོ་ལ་འཇུག་པའི་དཔེར་བརྗོད་གྲས་སུ། ཁ་གདང་བ་པོ། གདང་བྱེད། མཚོན་གདེང་བ་པོ། གདེང་བྱེད། ཅེས་པའི་དཔེར་བརྗོད་བཞི་ལ་ས་མཐའ་མེད་པ་ནི་མགོ་ཅན་གྱི་བྱེད་ཚིག་ཕལ་ཆེར་ལ་ས་མཐའ་མི་སྦྱོར་བའི་རིགས་པས་འདིར་ཡང་མ་སྦྱར་བ་ཡིན་གྱི། དེ་ངག་སྒྲོན་གྱི། ཁ་གདངས་མཚོན་གདེངས་གདོན་མི་ཟ།། ཞེས་པ་དང་གཤིབ་ག་ལ་རུང་། སི་ཏུས་དཔེར་བརྗོད་བཞག་པ་དེས་འདས་པ་དང་སྐུལ་ཚིག་ལས་གཞན་བདག་བྱེད་པ་པོ་ལ་འཇུག་པའི་ཚེ་ན་ས་མཐའ་མེད་པར་སྟོན་པ་ལས་འདས་ཚིག་གི་ཚེ་ན་ས་མཐའ་མི་བཞེད་པར་བསྟན་པ་ནི་ག་ན་ཡིན། སི་ཏུའི་དཔེར་བརྗོད་དུ་གདེངས་སོགས་ས་མཐའ་ཅན་གྱི་དཔེར་བརྗོད་བཞག་མེད་པ་འདིས། དེའི་འདས་ཚིག་ལ་ཡང་ས་མཐའ་མེད་པ་འགྲུབ་ཟེར་ན། མུ་ཏིག་ཕྲེང་མཛེས་ནི་ཡིག་སྡེབ་ཡོད་ཚད་ཚང་བའི་དག་ཡིག་གི་བསྟན་བཅོས་ཡིན་ནམ་ཅི་ཞེས་དྲི་བར་བྱའོ། །དེའི་ཕྱིར་སི་ཏུས་བདག་བྱེད་པ་ལ་འཇུག་པའི་ཁ་གདང་དང་མཚོན་གདེང་ཞེས་པའི་དཔེར་བརྗོད་བཞག་པ་ཙམ་ལ་བལྟས་ནས། འདི་ཡང་འཇུག་མི་དགོས་པའི་སྒྲུབ་བྱེད་མཁས་ཆེན་ཟླ་བྲལ་གྱི་ལུག་སོ། །ཞེས་ཟེར་བ་ནི་ཤིན་ཏུ་ཡི་མུག་པའི་གནས་སུ་སྣང་ངོ་།། གཞན་ཡང་། མཁས་པ་སི་ཏུས། གོས་གཡོག་པ་པོ། གཡོག་བྱེད། གཡོག་བྱའི་གོས་རྣམས་ལ་ས་མཐའ་མེད་པ་བྲིས་པ་དང་། གཡོགས། ཞེས་པ་འདས་ཚིག་གོ་ཞེས་མཆན་བཏབ་པས་ས་མཐའ་གང་ལ་དགོས་པ་དང་གང་ལ་མི་དགོས་པའི་ཁྱད་པར་ཞིབ་ཏུ་ཕྱེ་བ་འདི་ཡང་། སི་ཏུས། ཡང་འཇུག་བསྡུ་བའི་མགོ་བརྩམ་པ་ཡིན། ཞེས་བཤད་པ་ནི་རང་གིས་ཚད་མར་བྱེད་པའི་མཁས་པ་སི་ཏུ་ལ་སྐུར་བ་ཆེན་པོ་བཟོད་དཀའ་བ་ཞུས་པ་ཡིན་ནོ། །སི་ཏུས། གཡོག་དང་གཡོགས་ལ་ཁྱད་པར་ཕྱེ་བ་དེས་སི་ཏུ་རང་ཉིད་ཀྱིས། ཡང་འཇུག་བསྡུ་བའི་མགོ་བརྩམས་པ་དང་། ཡང་འཇུག་ཐུགས་ལ་མ་བབས་པ་ཡིན་ཟེར་བ་ནི་ལོང་བས་མིག་ལྡན་ལ་ལམ་སྟོན་བྱེད་པ་ལས་མ་འདས་ཏེ། མུ་ཏིག་ཕྲེང་མཛེས་ཀྱི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་པའི་རྐང་བ་གཅིག་པའི་འགྲེལ་བར་འདས་པའི་དཔེར་བརྗོད་ཁོ་ན་བཞག་པའི་གྲས་སུ། སྲོག་བཀུམས། ཐག་པས་བཀྱིགས། རྒྱལ་བོས་བཀྲབས་སོགས་སའི་ཡང་འཇུག་ཅན་འབའ་ཞིག་བརྒྱ་དང་ཞེ་གཉིས་བཞག་ཡོད་པ་འདི་ཐམས་ཅད་ཡང་འཇུག་བསྡུ་བའི་མགོ་རྩོམ་པའི་དོན་དུ་བཀོད་པ་ཡིན་ཞེས་སྨྲ་བཏུབ་བམ། དེ་ཐམས་ཅད་སི་ཏུས་ཡང་འཇུག་ཐུགས་ལ་མི་འབབ་པའི་དབང་གིས་བཀོད་པ་ཡིན་ཞེས་བརྗོད་རུང་ངམ། ཁྱད་པར་དུ་འདས་ཚིག་གི་སྐབས་སུ་གཡོགས་ལ་ས་མཐའ་ངེས་པར་ཡོད་དགོས་པ་མཚོན་སླད་ཟུར་དུ་མཆན་བུ་བཀོད་ནས་གལ་བོ་ཆེ་ལ་ནན་ཏན་དུ་བྱས་པ་དེ། དོན་གཞན་དུ་དཀྱོགས་ནས་བཤད་པ་ནི་རིགས་པ་སྨྲ་བའི་མདུན་སར་དབྱུང་དུ་མི་རུང་བའི་གཏམ་དུ་སྣང་ངོ་།། ཆེས་ཁྱད་པར་དུ་གྱུར་པ་གཅིག་ནི། ཁྱོད་ལྟར་སི་ཏུས་ཡང་འཇུག་མི་བཞེད་ཅིང་ཐུགས་ལ་མི་འབབ་ཟེར་བ་དེ་བདེན་ན། རྟགས་འཇུག་གི ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། ཞེས་དང་། དྲག་པ་གསུམ་ཉིད་ནང་ཕྲད་དམ།། ཞེས་པའི་སྐབས་སུ། སི་ཏུའི་འགྲེལ་བར། རྗེས་འཇུག་གི་ཕོ་ག་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི་རྗེས་འཇུག་ནང་ཕྲད་ཀྱི་སྟོབས་ལས་སྒྲ་དྲག་པའི་དྲག་པར་འགྱུར་བས་སྐྱེས་བུ་རབ་ཡིན་ནོ། །དེ་བཞིན་དུ་རྗེས་འཇུག་བ་ལ་ས་ཡིག་ཞུགས་པ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་ངོ་། །ག་བ་གཉིས་ཀྱི་མཐར་ཡང་འཇུག་མ་ཞུགས་པ་དང་ས་དའི་མཐའ་རྣམས་ནི་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མའོ། །ཞེས་སོགས་དང་། མིང་གཞི་གང་གི་མཐར་ཡང་རུང་རྗེས་འཇུག་གི་ཕོ་ཡིག་རྣམས་ཡང་འཇུག་དང་བཅས་ཞུགས་པས་སྒྲ་དྲག་པ་གཞིར་བཞག་པའི་ནང་གསེས་དྲག་འབྲིང་གང་རུང་དུ་འགྱུར་བའི་ཆ་ནས་སྐྱེས་བུ་ཐ་མར་འབྱེད་པའི་ཕྱིར། ཞེས་དང་། དེ་གསལ་བྱེད་ཀྱི་དཔེ་བརྗོད་སྐྱེས་བུ་རབ་ཀྱི་སྐབས་སུ། སྐྱོགས། དཀྲིགས། དཀྲོགས་སོགས་ག་ལ་ཡང་འཇུག་ས་སྦྱར་བ་ཅན་དགུ་བཅུ་བཞག་པ་དང་། སྐྱེས་བུ་འབྲིང་གི་སྐབས་སུ། སྐབས། ཀླུབས། བཀྲབས་སོགས་བ་ལ་ཡང་འཇུག་ས་སྦྱར་བ་ལྔ་བཅུ་རྩ་ལྔ་བཞག་ཡོད་པ་འདི་དག་ནི། སི་ཏུས་ཡང་འཇུག་ཐུགས་ལ་མི་འབབ་པར་མ་ཟད། ཡང་འཇུག་བསྡུ་བའི་མགོ་རྩོམ་པའི་ཕྱག་རྗེས་ཁྱད་འཕགས་ཅན་བཞག་པ་ཡིན་ཞེས་སྨྲ་བའི་ལྕེ་རྐྱོང་ཕོད་དམ། འདི་ལ་ནོར་བསྟན་གྱིས། ཡང་འགའ་ཞིག་རྗེས་འཇུག་ག་དང་བ་ཡང་འཇུག་ཅན་ཕོ་སྐྱེས་བུ་རབ་ཡིན་པར་རྩ་བ་ལས། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། སོག་ཀྱིས་བསྟན་པ་སོག་གསུང་བའང་ཕྱག་མོ་འདྲ་བཏབ་ན་མ་གཏོག་དེ་ལྟར་ཡིན་པར་སྒྲུབ་བྱེད་ཚུལ་གསུམ་གྲུབ་པའི་རྟག་ཚད་ལྡན་གང་ཡང་མེད། ཅེས་དང་། འདི་སྐོར་ལ་དཔྱད་པ་གད་མོ་འཆོར་བ་མང་དུ་འདུག་ཀྱང་རེ་ཞིག་དེ་ཙམ་མོ། །ཞེས་བྲིས་འདུག་པ་ནི་ཐུ་མི་གཉིས་པའི་བསྔགས་བརྗོད་ཅན་རང་གི་ཕྱོགས་སྔར་སོང་བའི་རྐྱེན་གྱིས་ཉི་འོད་མི་བཟོད་པའི་མིག་ལ་ལག་མཐིལ་འགེབས་པའི་དཔེ་རང་ཐོག་ཏུ་བབས་པ་ཡིན་འདུག་སྟེ། ཁྱེད་ཀྱིས་ཚད་མར་བྱེད་ཅིང་། ཐུ་མི་གཉིས་པ་ལྟར་བསྔགས་པའི་གཞན་ལ་མེད་པའི་སི་ཏུའི་ཁྱད་ཆོས་ངོམ་རུང་བ་འདི་འཕོངས་ཕྱིས་ཀྱི་རྡོ་བཞིན་དུ་རྒྱང་བསྐྱུར་བྱེད་པ་ལ་ཕངས་པའི་བློ་ཙམ་ཡང་མི་སྐྱེའམ། ཐད་འདི་ལ་སླེབས་ཚེ། ཡང་འགའ་ཞིག ཅེས་ཐུ་མི་གཉིས་པའི་བསྔགས་བརྗོད་ཅན་ཡང་རབ་རིབ་སབ་སིབ་ཏུ་བྱེད་པ་འདི་ལས་གད་མོ་འཆོར་བ་ཅང་ཡོད་དམ། སྤྱིར། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། སོགས་ཀྱི་གཞུང་ལ་མཁས་པ་སོ་སོའི་བཞེད་པ་མི་འདྲ་བ་སྣ་ཚོགས་ཡོད་ནའང་སི་ཏུས་བཤད་ཚུལ་འདི་ནི། བཤད་ཚུལ་སྔ་མ་རྣམས་དང་གཏན་མི་འདྲ་བར་ཡི་གེ་རེ་རེའི་ངོ་བོའི་སྒོ་ནས་བཞག་པ་མ་ཡིན་པར། མིང་གཞི་དང་ཡང་འཇུག་དབང་གིས་དབྱེ་ཚུལ་ཁོང་བའི་རིག་པའི་རྩལ་ལས་ཐོན་པ་ཞིག་སྟེ། ཧོར་ཡུལ་གྱི་མཁས་པའི་དབང་པོ་ཨ་ལ་ཤ་བསྟན་དར་ལྷ་རམས་པས་ཀྱང་། ཐད་འདིའི་བཞེད་པ་རྣམས་སོ་སོར་བཀོད་པའི་མཐར། སྤྱིར་མཁས་པ་དེ་དག་གིས་རྗེས་འཇུག་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེ་བའི་རྒྱུ་མཚན་གོང་དུ་བཤད་པ་ལྟར་ཁོང་དུ་ཆུད་པར་བྱས་ནས་རྒྱུ་མཚན་དེ་དག་གི་སྒོ་ནས་གང་ཁས་བླངས་ཀྱང་མི་རུང་བ་མེད་མོད། འོན་ཀྱང་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ནི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་སོང་གཤིས། དེའི་གསུང་བཤད་རྣམས་ཀྱང་བརྗོད་བྱ་བརླིང་ཞིང་རྗོད་བྱེད་སྒྲ་དག་པ་དང་། རྒྱན་གྱིས་སྤུད་པ་ཤ་སྟག་ཏུ་སྣང་ཞིང་། ཁྱད་པར་དུ་སུམ་རྟགས་ཀྱི་བཤད་པ་འདིར་སྒྲ་གཞུང་དང་བསྟུན་ཏེ་འགྲེལ་བྱེད་སྔ་མ་རྣམས་ཀྱི་དགོངས་པ་ལུང་རིགས་ཀྱིས་སུན་ཕྱུང་བར་བྱས་ཏེ་དཀའ་ས་ལ་རྒྱས་བཤད་མཛད་འདུག་པས་ཡིད་ཀྱི་བརྟན་པ་འཕྲོག་སྟེ་རེ་ཞིག་དེའི་བཞེད་པ་ལྟར་འདོད་དོ། །ཞེས་བསྔགས་བརྗོད་ཚད་མེད་མཛད་ནས་དེའི་རྗེས་སུ་ཞུགས་པ་ནི་གཟུ་བོར་གནས་པའི་དན་རྟགས་ཆེས་མཆོག་ཏུ་གྱུར་པ་ཞིག་གོ ། དེའི་ཕྱིར་རིག་གནས་ཆེ་ཆུང་གང་གི་ཐད་ལའང་། རང་ལུགས་འཐད་ལྡན་འཇོག་པ་དང་། གཞན་ལུགས་ལ་སྐྱོན་སྟོན་པའི་སྐབས་སུ། ཡིད་ཆེས་པའི་ལུང་འདྲེན་པ་དང་། འཐད་ལྡན་གྱི་རིགས་པས་བསྒྲུབས་ནས་ཡང་དག་པའི་དོན་གཏན་ལ་འབེབས་པ་ཞིག་བྱེད་དགོས་ཀྱི། ཕྱག་མོ་བཏབ་པ་ལ་བརྟེན་ནས་རིག་པའི་གནས་ཀྱི་དོན་གཏན་ལ་འབེབས་མཁན་སྔར་ཡང་མ་བྱུང་ཞིང་ཕྱིས་ཀྱང་འབྱུང་བར་མི་འགྱུར་བ་ལགས་སོ།། ཡང་། སྡེ་དགེ་བླ་མ་ས་ཕུད་ནོར་བསྟན་ན་རེ། དེས་ན་ཡང་འཇུག་སློབ་དཔོན་གྱི་གཞུང་ན་མེད་ཀྱང་ཕྱིས་དག་ཡིག་མཛད་པ་བོ་རྣམས་ཀྱི་སྔ་ཤོས་གཙང་ནག་པ་རིག་པའི་སེང་གེའམ་དེ་སྐབ་ཡར་མར་ཞིག་ནས་སྒྲོ་འདོག་ཐོག་མར་བྱས་ཤིང་ཕྱི་མ་རྣམ་ཀྱིས་བརྟག་དཔྱད་མ་བྱས་པར་དེའི་རྗེས་སུ་རིམ་བཞིན་འབྲང་བ་ཞིག་ཏུ་ངེས། ཞེས་བཤད་དོ། །ཁོ་རང་ལ་མངོན་ཤེས་ཀྱི་ཕྱག་མོ་གཙིགས་པ་ལྟ་ཅི། ལོ་རྒྱུས་ཀྱི་འགངས་མ་ངེས་པའི་སྐྱོན་མཚང་ཕུང་པོར་སྤུངས་གདའ་སྟེ། མཁས་པ་བྱིངས་ལ་ཡོངས་སུ་གྲགས་པ་ལྟར་ན། ཕྱི་དར་བྱུང་བའི་རྗེས་ཀྱི་དག་ཡིག་གི་སྔ་ཤོས་ནི། རབ་བྱུང་དང་པོའི་སྨད་དང་གཉིས་པའི་སྟོད་ཀྱི་ཆར་བརྩམས་ངེས་པའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དག་ཡིག་བསྡུས་པ་དེ་ཡིན་པར་ཀུན་ལ་གྲགས་ཤིང་གྲུབ་ལ། སློབ་དཔོན་ཆ་བ་ཆོས་ཀྱི་སེང་གེའི་དངོས་སློབ་སེང་ཆེན་བརྒྱད་ཀྱི་ནང་ཚན་གཙང་ནག་པ་ཐུགས་རྗེ་སེང་གེའམ་རིགས་པའི་སེང་གེ་ནི་རབ་བྱུང་གསུམ་པའི་སྟོད་ཀྱི་ཆར་བྱོན་པའི་མཁས་པ་ཡིན་པས་དེས་མཛད་པའི་དག་ཡིག་བདུད་རྩིའི་ཆུ་རྒྱུན་ནི་སྔ་ཤོས་སུ་ཇི་ལྟར་འགྲུབ། ཁྱོད་ལྟར་ན་རྔོག་ལོའི་དག་ཡིག་བསྡུས་པའི་སའི་ཡང་འཇུག་ཅན་གྱི་ཡི་གེ་མང་པོ་བཀོད་པའང་རྩོམ་མཁན་དེ་ཉིད་ཀྱིས་གསར་དུ་སྒྲོ་འདོགས་བྱས་ཞེས་མི་སྨྲ་བའི་ངེས་པ་མེད་ན་ཡང་། དེ་ག་ན་ཡིན་ཏེ། ལན་གྱིས་བཟློག་ཏུ་མེད་པའི་དཔེར་མཚོན་ཤིན་ཏུ་མང་ན་ཡང་རེ་ཞིག་འདི་ལྟར། དུས་འཁོར་བའི་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་ལོ་ཉེར་གསུམ་པ་(སྤྱི་ལོ་༦༤༦)ལ་ཐོན་མིས་ཐོག་མར་ཡི་གེ་གསར་བཟོས་བྱས་པ་ལྟར་ན། དེའི་རྗེས་ནས་ལོ་ཉིས་བརྒྱ་སོ་དྲུག་སོང་བ་མེ་མཁའ་རྒྱ་མཚོའི་ལོ་ཉིས་བརྒྱ་ང་དགུ་བ་སྟེ། (༨༨༢)ཐང་རྒྱལ་རབས་ཀྱི་རིང་དང་། བོད་རྒྱལ་ཁྲི་རལ་བ་ཅན་དགུང་ལོ་བཅུ་བདུན་གྱི་དུས། བོད་ཀྱི་བློན་ཆེན་ཕོ་ཉ་རྒྱ་རྗེའི་ཕོ་བྲང་དུ་མངགས་པའི་དུས་སུ་རྡོ་རིང་གི་ངོས་ལ་རྒྱ་བོད་ཤན་སྦྱར་ཅན་གྱི་ཡི་གེ་བརྐོས་པ་ད་ལྟ་བརྙན་པར་དུ་བཀོད་པའི་ནང་༄། །ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་བཀའ་ལ་གཏོགས་པའི་ཐབས་དང་མྱྀ་རུས། ཞེས་དང་། ༄། །བློན་པོ་ཕལ་གྱྀ་ཐབས་དང་མྱོང་རུས། ཞེས་དང་། ཕྱྀ་བློན་བཀའ་ལ་གཏོགས་པ་ཅོག་རོ་བློན་བཙན་བཞེར་ལྷ་གོང་། ཞེས་པ་རྣམས་ཀྱི་གཏོགས་དང་ཐབས་ཡོད་ཚད་ལ་ལྷན་སྐྱེས་ཀྱི་ཚུལ་དུ་ཡང་འཇུག་ས་སྦྱར་བར་བྱས་པ་རྣམས་དང་། གི་གུ་ཕྱིར་ལོག་སོགས་སྔོན་གྱི་ཡིག་རྙིང་ཇི་ལྟ་བུའི་འབྲི་སྟངས་ཅན་རྡོ་ལ་ཕབ་ནས་བྲིས་པ་འདི་བཞིན་སྣང་སྟེ། འདི་ནི་ལོ་ཚིགས་དེ་ལས་ལོ་ཉིས་བརྒྱ་སུམ་ཅུ་ལྷག་གི་རྗེས་ནས་བྱུང་བའི་གཙང་ནག་པ་ཐུགས་རྗེ་སེང་གེས་སྒྲོ་འདོགས་བྱས་པ་ཞིག་མིན་ལས་ཆེ་ཞེས་ཐལ་མོ་སྙིང་གར་ཟུམ་སྟེ་ལུས་ཀྱི་འདུད་པ་བཅས་ཞུའོ།། རྡོ་རིང་ངོས་ཀྱི་ཐབས་ཞེས་པ་ནི་ད་ལྟ་ཐོབ་དང་གོ་ས་ཞེས་བརྗོད་པའི་བརྡ་རུ་གསལ་ལ། མིང་ལ་མྱྀ་ཞེས་བྲིས་ཡོད་པ་ལ་དཔགས་ན་དེ་དུས་ད་དུང་སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པའམ་ཕབ་ཀྱང་འཕེལ་དར་མ་བྱུང་བའི་དུས་ཡིན་པ་ཤིན་ཏུ་གསལ་ལོ།། གཞན་ཡང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་རིང་ལ་བྲིས་པའི་བཀའ་གཙིགས་ཀྱི་ཡི་གེ་ལྷ་སའི་རྡོ་རིང་དང་བསམ་ཡས་དཀོར་མཛོད་དུ་བཞག་པ་ལས་དཔེ་བཤུས་ཏེ་བྲིས་པ་དེབ་ཐེར་ཆོས་འབྱུང་རྣམས་སུ་བཀོད་པའི་ས་དྲག་དང་ད་དྲག་ཅན་གྱི་ཡི་གེ་རྣམས་དང་མཚོ་སྔོན་བྱང་ཕྱོགས་ཏུན་ཧོང་གི་བྲག་ཕུག་ལྷ་ཁང་རྙིང་མའི་རྩིག་གསེབ་ནས་ཐོན་པའི་བོད་རྒྱལ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་གྱི་སྐུ་རིང་ལ་བྲིས་ངེས་པའི་ཡི་གེ་ས་དྲག་ཅན་རྣམས་ལས་འདིར་ཁུངས་སུ་བཀོད་ནས་གནོད་བྱེད་དུ་སྟོན་པར་རིགས་ན་ཡང་། ཧ་ཅང་མངས་དོགས་ནས་མ་བཀོད་དོ།། འདིར་སི་ཏུས་ཡང་འཇུག་བཞེད་མི་བཞེད་ཀྱི་ཚུལ་ལས་འཕྲོས་ནས་ས་ཕུད་བླ་མ་ཚང་གི་དག་སྡེབ་ལ་དཔྱད་པ་ཅུང་ཟད་ཙམ་ཞིག་བྱས་པར་ཟད་ཀྱི། གཞན་དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་གསུམ་དུ་ཕྱེ་བ་ལ་ལེགས་ཆ་ཡོད་པ་ལས་གཞན། རྟགས་འཇུག་གི་ཚིག་བཅོས་པ་དང་། ཤུགས་བསྟན་གྱི་རྣམ་གཞག་མི་འདོད་པ་དང་། སའི་ཡང་འཇུག་མི་དགོས་པའི་སྒྲུབ་བྱེད་མང་པོ་བཀོད་པ་དང་། མགོ་ཅན་སྐོར་གྱི་གསར་བཤད་དང་། གཞན་དང་མི་མཐུན་པའི་ཐོབ་ཐང་གི་འཇུག་པ་དང་། ས་མཐར་ཤེས་སོ་ཞེས་དྲང་མི་བདེ་བས་ཅེས་སོ་ཞེས་རྟགས་མཚུངས་བྱས་པ་དང་། བསྟེན་པ་དང་བརྟེན་པ་སྡེབ་གཅིག་ཏུ་བཅོས་པ་སོགས་ཀྱི་སྐོར་ལ་དཔྱད་པར་བྱ་བ་ཤིན་ཏུ་མང་ཡང་མངས་དོགས་ནས་མ་བྲིས་སོ།། ས་ཕུད་བླ་མའི་དག་ཡིག་ལ་དཔྱད་དགག་གཏོང་མཁན་བདག་ཁོ་ནར་མ་ཟད་ཀྱི། ཁོང་བ་དང་དུས་ཐོག་མཉམ་པའི་ཁམས་ཀྱི་མཁས་ཆེན་ཟླ་མེད་འཇུ་མི་ཕམ་པས་བརྩམས་པའི་ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་བྱ་བ་སློབ་གཉེར་ལ་སྐོམ་པ་ཆུ་འདོད་དང་ལྡན་པ་ཚོར་མཁོ་ཆེ་བསམས་ནས་འདིར་ཕལ་ཆེར་ཆ་ཚང་བར་འགོད་ན། ཨོཾ་སྭསྟི་བི་ཛ་ཡནྟུ། ས་གཞི་མཐའ་ཡངས་འཇིག་རྟེན་འཛིན་པའི་སྣོད།། ས་ཐོབ་འཕགས་རྣམས་སེམས་ཅན་ཡོངས་ཀྱི་མགོན།། ས་མཐའི་རྣམ་གྲངས་སྨྲ་བ་རྣམ་དག་རྒྱན།། ས་སྐྱོང་བཞིན་དུ་འདི་གསུམ་བསྔགས་པར་འོས།། ས་མཐའ་ཡོད་པའི་དཔེར་བརྗོད་འདིར་བཞུགས་སོ།། ས་མཐའ་མེད་པའི་དཔེ་ཡང་འདིར་གཞུག་གོ ། གཟིགས་ཤིག་གཟིགས་ཤིག་ལུགས་འདི་གཉིས་ལ་གཟིགས།། གཟིག་ཅིག་གཟིག་ཅིག་ལུག་འདི་གཉིས་ལ་གཟིག ། རྟོག་དཔྱོད་མཛོད་དང་གང་འཐད་རྟོགས་པར་འགྱུར།། རྟོག་དཔྱོད་མཛོད་དང་གང་འཐད་རྟོགས་པར་འགྱུར།། ཐབས་ལ་མཁས་ན་རྒྱལ་བོའི་ཐབས་འཐོབ་འགྱུར།། ཐབ་ལ་མཁས་ན་རྒྱལ་བོའི་ཐབ་འཐོབ་འགྱུར།། བྱས་པ་རྟགས་སུ་བཀོད་ན་མི་རྟག་འགྲུབ།། བྱས་པ་རྟག་ཏུ་བཀོད་ན་མི་རྟག་འགྲུབ།། ལག་པ་ལུས་ཀྱི་ཡན་ལག་ལགས་པར་བརྗོད།། ལག་པ་ལུས་ཀྱི་ཡན་ལག་ལག་པར་བརྗོད།། ལེགས་སོ་ལེགས་སོ་ས་མཐའ་ཡོད་ན་ལེགས།། ལེག་གོ་ལེག་གོ་ས་མཐའ་མེད་ན་ལེག ། གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ་ཞེས།། གསུང་ངོ་གསུང་ངོ་གསུང་བར་འགྱུར་རོ་ཞེས།། གྲངས་ཅན་པ་དང་གྲང་ཅན་པ་ཐ་དད།། གྲང་ཅན་པ་དང་གྲང་ཅན་ཐ་མི་དད།། ཁུངས་མེད་ཁོངས་ཆུད་སྨྲ་འཆལ་ལོགས་སུ་སྨྲ།། ཁུང་མེད་ཁུང་ཆུད་སྨྲ་འཆལ་ལོག་ཏུ་སྨྲ།། དྲང་བོའི་ངག་གིས་དྲངས་ན་སུ་ཡང་རངས།། དྲང་བོའི་ངག་གིས་དྲང་ན་སུ་ཡང་རང་།། ཚིག་རྣམས་ཚིགས་སུ་བཅད་ལ་སྡེབ་སྦྱོར་ཡོད།། ཚིག་རྣམ་ཚིག་ཏུ་བཅད་ལ་སྡེབ་སྦྱོར་མེད།། ས་ཚིགས་ས་ཚིག་ཐ་དད་གོ་བ་ཡོད།། ས་ཚིག་ས་ཚིག་ཐ་དད་གོ་བ་མེད།། མི་འཇིགས་མི་འཇིག་གོ་དོན་ཐ་དད་ཡོད།། མི་འཇིག་མི་འཇིག་གོ་དོན་ཐ་དད་མེད།། རིགས་དང་རིག་ལ་གོ་རྒྱུ་ཐ་དད་ཡོད།། རིག་དང་རིག་ལ་གོ་རྒྱུ་ཐ་དད་མེད།། དེ་བཞིན་རྒྱལ་རྟགས་ཤོབ་དང་རྒྱལ་རྟག་ཐོབ།། སྣོད་ཆགས་སྣོད་ཆག་ཐུགས་བཞེད་ཐུག་བཞེད་སོགས།། དེ་དང་དེ་འདྲ་ཕ་མཐའ་ཡས་པ་ཡི།། དཔེར་བརྗོད་ཚུལ་འདིས་མཚོན་ནས་སྤྲོས་ཏེ་སྨོས།། གཞན་ཡང་ར་ལ་ས་ཡི་མགོ་ལྡན་པའི།། སོ་སོར་མ་ཕྱེས་ནོར་སོ་ཅན་འགྱུར་བའི།། དཔེར་བརྗོད་རྣམས་ཀྱང་འདི་བཞིན་སྤྲོས་གྱིས་ལ།། གླུ་བརྒྱ་ངག་གཅིག་བྱེད་པའི་དག་ཡིག་སྤོངས།། ཡི་གེའི་ནོར་སོ་བསལ་ཕྱིར་ནོར་བའི་གཞུང་།། སྔོན་མེད་གསར་སྤེལ་ཡ་མཚན་ཆེ་སྙམ་པ།། འབྲེལ་མེད་སྨྲ་བ་མི་མིན་ལྷ་དང་མཚུངས།། རྨ་བཡའ་ཟེར་དཔེ་བཤགས་སླད་བཡག་ཚོལ་ཅིག ། ཡི་གེའི་བརྡ་དག་ཙམ་ཡང་མི་ཤེས་པའི།། གཞུང་ལུགས་ཀུན་མཁྱེན་དཀའ་དང་རབ་འབྱམས་སུ།། གནས་ལྔར་མ་མཁས་ཀུན་མཁྱེན་མི་འགྱུར་ཞེས།། རྒྱལ་ཚབ་ཆེན་པོས་མདོ་སྡེ་རྒྱན་ལས་གསུངས།། གཞན་ཡང་ཕན་པའི་སེམས་ཀྱིས་འདི་སྐད་དུ།། ཁྱེད་ལ་སྦྲོན་པ་བརྩེ་བས་གསན་པར་མཛོར།། ས་དགེ་བཀར་རྙིང་ཀུན་གྱིས་མགྲིན་གཅིག་ཏུ།། ས་མཐའ་གཅོད་མཁན་འདི་ཀོ་སུ་ཞིག་ཡིན།། ས་ཟད་བསྟན་བཅོས་འདི་འདྲས་ཅི་བྱ་ཞེས།། ས་སྟེང་འུར་གྱིས་སྒྲོག་པ་མང་འདུག་གི ། ས་འདིར་སྔོན་བྱོན་ལོ་པཎ་ཆོས་རྒྱལ་དང་།། ས་སྟེང་མཛེས་པའི་རྒྱན་གྱུར་མཁས་རྣམས་ཀྱི།། ས་གཞི་ཁྱབ་པའི་བསྟན་བཅོས་ཐམས་ཅད་ན།། ས་མཐའ་ཡོད་པར་མཛད་པའི་ལུགས་སྐྱོངས་ཤིག ། ཨ་མཚར་རྩེད་མོ་ལགས་ཏེ་བླ་མ་ཁོང་།། རྒྱུད་དྲང་བློ་གསལ་མང་ཐོས་ཚུལ་དང་ལྡན།། ཡོན་ཏན་ཆེ་ལྡན་ནོ༷ར་བུ༷་རིན་ཆེན་མཚུངས།། བསྟ༷ན་འཛི༷ན་ཁྱེད་ཉིད་སྐུ་ཚེ་རིང་གྱུར་ཅིག ། ཅེས་པ་དང་། གཞན་འཇུ་མི་ཕམ་པས་མཛད་པའི་མཁས་འཇུག་གི་འགྲེལ་བ་ལས། སྒྲའི་ང་རོ་ཚུལ་བཞིན་མ་ཐོན་པའི་བརྗོད་པ་རྣམས་ལ་ར་མགོ་དང་ས་མགོ་སོགས་ཁྱད་མེད་པ་ལྟ་བུར་སྣང་ཡང་། ཡིག་གཟུགས་བྲིས་པ་ལ་ནི་ཁྱད་ཆེ་སྟེ། དག་ཡིག་ཤེས་པ་རྣམས་ཀྱིས་མཐོང་བ་ཙམ་གྱིས་དོན་ལ་ངེས་པ་འདྲེན་ནུས་པ་ཡིན་ལ། དེའི་ཕྱིར་ད་དྲག་གི་འཇུག་པ་རྣམས་ལས་ས་མཐའ་འཇུག་པ་རྣམས་དགོས་པ་ཆེ་བས་ས་མཐའ་མ་བསྡུས་པ་སོགས་འཇམ་པའི་དབྱངས་དངོས་ཐུ་མིའི་རྗེས་སུ་འབྲང་བའི་སྔོན་གྱི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་ལེགས་པར་གཏན་ལ་ཕབ་ཟིན་གྱི་ལུགས་བཞིན་བྱས་ན་ཉེས་པ་གང་ཡང་མ་མཐོང་ལ། བརྗོད་པ་མཛེས་པ་དང་། བརྡ་སྤྲོད་མཁས་པའི་ལུགས་ཀྱི་མཚན་ཉིད་ཡོད་པ་དང་དོན་གསལ་བ་སོགས་ཀྱི་སྒོ་ནས་གསུང་རབ་རིན་པོ་ཆེའི་བཙས་སུ་འགྱུར་བའི་ཡོན་ཏན་ཡོད་པར་མཐོང་ཞིང་། གཞན་དུ་ན་དེ་ལས་ལྡོག་པའི་ཉེས་པ་འབྱུང་བའི་ཕྱིར། སྔོན་གྱི་བརྡ་སྤྲོད་མཁན་པོ་རྣམས་ཀྱི་ལུགས་བཞིན་འཇུག་པར་བྱའོ། །ཞེས་གསུངས་པ་རྣམས་ནི་རིག་གནས་ཀྱི་འགངས་མཁྱེན་པའི་གཟུར་གནས་མཁས་པའི་གསུང་ཤ་སྟག་སྟེ་འདིར་ཚེགས་ལ་མ་བལྟས་པར་ལུང་དུ་དྲངས་པ་ལགས་སོ།། གཞན་ཡང་། སུམ་འགྲེལ་འགར་སྐབས་དོན་གྱི་མིང་གཞི་ཁྱད་པར་དུ་བཤད་པའི་ཐད་དུ་དཔྱད་པར་བྱ་བ་འདི་ཡོད་དེ། དཔེར་ན་བསྒྲུབས་ཟེར་པ་ལྟ་བུའི་ཚེ་བརྩེགས་མའི་ས་ག་ར་གསུམ་ནི་སྔོན་འཇུག་བ་དང་། རྗེས་འཇུག་བ་ས་དག་གི་འཇུག་ཡུལ་དུ་གྱུར། ཅེས་བཤད་པ་ལ་བརྟགས་ན། ར་རྐྱང་བ་ལ་བས་འཕུལ་འཇུག་པར་བསྟན་པ་དང་། ཁྱད་པར་དུ་འགྱུར་དང་འགྱེད་ཅེས་པའི་སྔོན་འཇུག་འ་ནི་ག་ཡ་གཉིས་ཀྱི་འཕུལ་དང་། མིང་གཞི་ག་ཡ་གཉིས་ནི་འ་ཡིག་གི་འཇུག་ཡུལ་ཡིན་པར་རིགས་བསྒྲེས་གྲུབ་ལ། དེ་ལྟ་ན་རྟགས་འཇུག་གི རང་གི་སྡེ་དང་ཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། ཞེས་པས་མོ་འ་ཡིག་རང་སྡེའི་མོ་ཞ་ཟ་འ་ཡ་བཞི་ལ་མི་འཇུག་པར་བསྟན་པ་དང་འགལ་བ་ཡི་ལྟར་སྤོང་། འོན་ཀྱང་དེ་ནི་རང་གི་རྟགས་འཇུག་གི་དེའི་ཐད་དུ་བཤད་པ་ལྟར། འཇུག་ཡུལ་ཙམ་དང་སྤྱིར་བཏང་ཙམ་ལ་རུང་བ་ཡིན་ཞེས་བཤད་ནས་ཙམ་སྒྲ་ལ་སྐྱབས་འཚོལ་བར་བྱེད་དགོས་ན། སུམ་ཅུ་བའི་འགྲེལ་བའི་ཐད་དུ་ཙམ་སྒྲ་མ་སྨོས་པས་འགྱུར་དང་འགྱེད་ལྟ་བུའི་ག་ཡ་གཉིས་ཀ་འ་ཡིག་གི་འཇུག་ཡུལ་ཡིན་པར་ཁས་བླངས་པར་མ་གྱུར་ཏམ། ཞེས་པ་ནི་དཔྱད་པར་བྱ་བའི་གནས་གཅིག་གོ ། ཡང་། ཞབས་ཀྱུ་ལ་སོགས་པ་དེ་རྣམས་འཕུལ་རྟེན་འཇུག་ཡུལ་གྱི་མིང་གཞིའི་ཡན་ལག་ལས་དངོས་མིན་ཏེ། འདིར་བསྟན་གྱི་ཨཱ་ལི་རྐྱང་བ་ཡིན་ན་འཕུལ་རྟེན་གྱི་བྱ་བ་མི་འཇུག་པས་ཁྱབ་པའི་ཕྱིར་རོ། །ཞེས་ཁྱབ་མཐའ་བཅད་པ་ལ་ཡང་བརྟག་པར་བྱ་བ་འདི་ཡོད་དེ། ཨཱ་ལི་རྐྱང་བ་ཞེས་པ་ནི། ཨི་ཨུ་ཨེ་ཨོ་བཞི་ལ་ངོས་འཛིན་ཏམ་ཅི། ཡིན་ན་དེ་ལ་ཨིག་ཨུར་ཨེན་ཨོལ་སོགས་མཐའ་རྟེན་ཞུགས་པ་ཡོད་པས་འདི་དག་ཨཱ་ལི་རྐྱང་བ་ལ་མཐའ་རྟེན་སྦྱར་བ་ཡིན་པས་ན། ཁྱེད་ཀྱིས་ཁྱབ་པ་བཅད་པ་ཉམས་སོ། །འོན་ཀྱང་ཨཱ་ལི་རྐྱང་བ་ཞེས་པ་ཨི་ཨུ་ཨེ་ཨོ་མ་ཡིན་གྱི། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞིའི་ང་རོ་མཚོན་བྱེད་རྐྱང་བ་ལ་འདོད་དོ་ཟེར་ན། དེ་ལ་གི་གུ་སོགས་ཀྱི་སྒྲས་ཐ་སྙད་འདོགས་ན་མ་གཏོགས། ཨཱ་ལི་རྐྱང་བའི་ཐ་སྙད་མི་འཐོབ་སྟེ། དཔེར་ན་ཀཱ་ལི་རྐྱང་བ་ཞེས་པའི་ཚེ་འཕུལ་རྟེན་དང་མགོ་འདོགས་མེད་པའི་གསལ་བྱེད་རྐྱང་བ་ལ་གོ་དགོས་ཀྱི། ལེགས་སྦྱར་ལྟར་དབྱངས་ཕྲལ་བའི་གསལ་བྱེད་སྲོག་མེད་ལ་མི་གོ་བ་བཞིན་ནོ། །ཞེས་པ་ནི་དཔྱད་པར་བྱ་བའི་གནས་གཉིས་པའོ།། ཡང་། སྔོན་འཇུག་རྗེས་འཇུག་མིང་གཞི་ཅི་རིགས་པར་འགྱུར་བ་སྔོན་འཇུག་ལྔ། རྗེས་འཇུག་མིང་གཞི་ཅི་རིགས་པར་འགྱུར་བ་རྗེས་འཇུག་བཅུ། ཞེས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ་། སྤྱིར་ཅི་རིགས་པར་འགྱུར་བ་ཞེས་པའི་དོན་ནི། ཐ་སྙད་ལ་ཡོངས་སུ་གྲགས་པ་ལྟར་ན། ཕྱོགས་གཅིག་ཏུ་འགྱུར་ཞིང་ཕྱོགས་ཅིག་ཤོས་ལ་མི་འགྱུར་བའི་ཆ་དང་ལྡན་པ་ཞིག་ཡིན་ན་དེ་ལ་ཅི་རིགས་པར་འགྱུར་བ་སྟེ་གང་ཡང་རུང་བ་ཞིག་ཏུ་འགྱུར་བ་ཞེས་སྨྲ་དགོས་ལ། ཕྱོགས་གང་ལ་ཡང་ཁྱད་པར་མེད་པར་འགྱུར་བ་ལ་ཅི་རིགས་པའི་དོན་བསྟན་དུ་མེད་པ་འདི་རང་ཅག་ཐུན་མོང་གི་ཁས་ལེན་དགོས་པ་ཉིད་དོ། །དེས་ན་སྔོན་འཇུག་ག་ད་བ་མ་འ་ལྔ་ནི་སྔོན་རྗེས་མིང་གཞི་གསུམ་གར་ཁྱད་མེད་པར་འཇུག་པ་ལས། དེ་གསུམ་གང་ཡང་རུང་བར་མི་འགྱུར་བའི་ཆ་ཞིག་བཞག་ཏུ་མེད་དོ། །དེ་ལྟ་ན་ཡང་རྗེས་འཇུག་བཅུ་ནི་སྔོན་རྗེས་མིང་གཞི་ཅི་རིགས་པར་འགྱུར་བ་ཞེས་སྨོས་རིགས་ཏེ། ང་ན་ར་ལ་ས་ལྔ་ནི་སྔོན་འཇུག་ཏུ་མི་འགྱུར་བའི་གནད་ཀྱིས་སོ། །དེའི་ཕྱིར་ཚིག་སྔ་མའི་ནང་ཅི་རིགས་པར་འགྱུར་བ་ཞེས་པ་ལྷག་པའི་སྐྱོན་དང་། ཚིག་ཕྱི་མའི་ནང་སྔོན་འཇུག་ཅེས་པ་ཆད་པའི་སྐྱོན་བྱུང་ངམ་དོགས་སོ། །ཞེས་པ་ནི་དཔྱད་པར་བྱ་བའི་གནས་གསུམ་པའོ།། དེ་ལྟར་གོང་སྨོས་དེ་དག་ལ་ཞིབ་མོའི་རིགས་པས་དཔྱད་ན་ཞིབ་ཆ་མ་ཐོན་པ་འགའ་དང་འགའ་འདུག་པས་སྐབས་འདིར་གཞན་གྱིས་གང་བཤད་པ་ལ་དཔྱིས་ཕྱིན་པའི་ལེགས་པར་བཤད་པ་རུས་སྦལ་གྱི་སྤུ་ལ་འགྲན་པ་དང་། རང་སྟོབས་ཀྱིས་གང་བཤད་ལ་བློ་ལྡན་རྣམས་དགྱེས་པའི་འཛུམ་ཞལ་ངོམ་དགོས་པའི་ངེས་པ་ཡང་ཉམས་པར་མ་གྱུར་གྲང་། འཆ༷ད་པ་སྐལ་བཟང་ཐོས་པའི་བང་མཛོད་གཏམས།། རྩོ༷ད་པ་ཕྲ་ཞིབ་རིགས་པའི་རྒྱ་མཚོ་ཡངས།། རྩོ༷མ་པ་དབྱངས་ཅན་པི་ཝང་འཇེབས་ཤིང་སྙན།། མཁས་པའི་བྱ་བ་རྣམ་གསུམ་ཨ་ཧོ་རྨད།། ཅེས་བྱ་བ་ནི་ཀ་ཕྲེང་སུམ་ཅུ་ཚང་བའི་ཚིགས་བཅད་བྱ་དཀའ་བའི་སྙན་ངག་གི་སྒོ་ནས་བློ་གསལ་མགུ་བའི་དགའ་སྟོན་བཤམས་པའི་ངལ་གསོའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། དགུ་བ། རྣམ་དབྱེ་དང་ཚིག་ཕྲད། ༡ རྣམ་དབྱེའི་གོ་དོན། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་སྟེ། དཔེར་ན། གནམ་གྲུ་ཞེས་རྗོད་པའི་སྒྲ་དེ་ལ་ས་ཐོག་གི་རི་ར་བ་ཁང་ཁྱིམ་ལྗོན་ཤིང་སོགས་དང་། བར་སྣང་གི་ཉི་ཟླ་སྐར་གསུམ་འཇའ་སྤྲིན་སོགས་ཀྱི་མིང་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པ་དེ་ལ་རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་ཞེས་འདོགས་པ་བཞིན་ནོ། །དེས་ན་མིང་རྐྱང་ཡོད་ཚད་དང་བྱ་བྱེད་ལས་གསུམ་སྐུལ་ཚིག་དང་བཅས་པ་འདིའི་ཁོངས་སུ་བསྡུའོ།། དེ་བཞིན་དུ། ནམ་མཁའ་ལ་འཕུར། ཞེས་པའི་ངག་དེ་ལ་བྱ་བའི་ཡུལ་ལམ་གཞི་བར་སྣང་ནམ་མཁའི་དབྱིངས་སུ། གནམ་གྲུའམ་བྱ་རྒོད་ལྟ་བུ་ཞིག་གཤོག་པ་བགྲད་ནས་འཕུར་བའི་ལས་དེ་སྟོན་པ་ལ། ལ་དོན་གྱི་སྒྲ་སྦྱར་བས་ནི་གཞན་དང་མ་འདྲེས་པའི་སྒྲའི་ནུས་པ་ཞིག་གསལ་བར་ཐོན་པ་ལྟ་བུ་དང་། ཡང་། ཁ་ལོ་བས་འཕྲུལ་འཁོར་བསྐྱོད། ཅེས་བརྗོད་པའི་ཚེ་ན། བསྐྱོད་བྱ་གནམ་གྲུ་ལྟ་བུ་ལ་ཁ་ལོ་བས་མ་བསྐྱོད་བར་དུ་མི་འཕུར་ལ། བསྐྱོད་པའི་སྟོབས་ཀྱིས་འཕུར་བ་དེ་ཉིད། བྱེད་པ་བོ་ཁ་ལོ་བས་བྱས་པར་སྟོན་པ་ལ་རྣམ་དབྱེ་གསུམ་པ་བྱེད་སྒྲ་སྦྱར་བ་ནི་གཞན་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་ལྡན་ཞིག་ཡིན་པ་ལྟ་བུ་དང་། ཡང་། གནམ་གྲུར་བསྡད་ནས་ཉི་མ་རིལ་འཛིན་ལ་ལྟ་རུ་འགྲོ། ཞེས་པའི་ཚེ་ས་ཐོག་ནས་ཉི་འཛིན་ལ་བལྟས་པ་ལས་བར་སྣང་མཐོན་པོར་འཕུར་ནས་བལྟས་ན་ཕན་སླེབས་ཆེ་སྟབས། དེ་བལྟ་བའི་སླད་དུ་འགྲོ་ཞེས་པའི་ཚིག་གིས་དགོས་པ་གང་གི་ཆེད་དུ་འགྲོ་བའི་དོན་སྟོན་པ་ནི་དགོས་ཆེད་ཡིན་པ་ལྟ་བུ་དང་། ཡང་། གནམ་ནས་བབས། ཞེས་པའི་ངག་ཚིག་དེ་ལ་ཕལ་སྐད་དུ་ཆར་བབས་པ་ལ་གནམ་བབས་ཟེར་བ་ལྟ་བུ་ལ་མི་གོ་བར། གནམ་གྲུ་ལྟ་བུ་ཞིག་འཕུར་བའི་མཐའ་ལ་བར་སྣང་འབྱུང་ཁུངས་ཀྱི་གཞི་དེ་ལས། ས་ཐོག་ཏུ་མར་བབས་པ་སྟེ་བར་སྣང་དེ་ལས་བྱུང་བ་ལྟ་བུ་སྟོན་བྱེད་ལ་འབྱུང་ཁུངས་ཀྱི་སྒྲ་སྦྱར་བས་གཞན་དང་ཐུན་མོང་མ་ཡིན་པའི་སྒྲའི་ནུས་པ་ཞིག་ཐོན་པ་ལྟ་བུ་དང་། ཡང་། གནམ་གྲུའི་སྒྲ། ཞེས་རྗོད་བྱེད་ཀྱི་ངག་དེ་ལ་གནམ་གྲུའི་འཕྲུལ་འཁོར་དྲག་ཏུ་འཁོར་བའི་སྒྲ་རྣ་བ་འོན་པར་བྱེད་པ་དེ་གནམ་གྲུ་དང་འབྲེལ་བར་སྟོན་པ་ལ་གི་སོགས་འབྲེལ་སྒྲ་སྦྱར་བའི་ཚེ་ན་གཞན་དང་མི་འདྲེས་པའི་སྒྲའི་ནུས་པ་ཁྱད་པར་ཅན་ཞིག་ཐོན་པ་ལྟ་བུ་དང་། ཡང་། གནམ་གྲུ་ཤར་ཕྱོགས་ཀྱི་འབབ་ཐང་ན་བབས་འདུག་ཅེས་པ་ལྟ་བུའི་ཚིག་གིས་གནམ་གྲུ་དེ་གང་ན་བབས་འདུག་པའི་གནས་གཞི་དེ་ཐུན་མོང་མ་ཡིན་པར་སྟོན་ཅིང་གསལ་བར་བྱེད་པ་ལྟ་བུའོ།། སྤྱིར་འཛམ་བུ་གླིང་གི་མིའི་སྐད་རིགས་ལ་མདོ་སྡེ་རྣམས་སུ་བདུན་བརྒྱ་ཉི་ཤུ་ཡོད་པར་གསུངས་པ་དང་། ད་ལྟ་སའི་གོ་ལའི་ཁྱོན་དུ་སྐད་རིགས་མི་འདྲ་བ་སྟོང་དང་ལྔ་བརྒྱ་ལྷག་ཡོད་པར་བཤད་པ་གང་ཡིན་ཡང་། མིང་དང་མིང་གི་བར་དང་། མིང་དང་ཚིག་གི་བར་དང་། ཚིག་དང་ཚིག་གི་བར་སོ་སོར་མ་འདྲེས་པར་འབྱེད་པའི་དོན་དུ་རང་རང་གི་སྐད་གདངས་ལས་ཐོན་པའི་རྣམ་དབྱེ་དངོས་སམ་དོན་ཐོབ་ཅི་རིགས་པའི་སྒྲའི་ཆ་ཤས་རེ་ནི་ངེས་པར་ཡོད་དགོས་ལ། དེའི་ཕྱིར་བོད་ཀྱི་སྐད་བརྡ་ལའང་བྱེད་འབྲེལ་དང་ལ་དོན་གྱི་རྣམ་དབྱེ་ནི་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཁ་སྐད་ལ་གསལ་བོར་ཐོན་པ་ཞིག་ཡིན་ཏེ། དཔེར་ན། ཨ༷༨་རོག་ཁྱོད་གང༦་གི༷་ཡིན། ཕྱོགས་གང་ལ༷༢་འགྲོ། ཅིའི་དོན་དུ༷༤་འགྲོ། སྐྱེ་ཡུལ་གང་ན༷༧་ཡོད། ཆུའི་རབ་གང་ན༷ས༥་བརྒལ། ཞག་མལ་ག་ཙམ་གྱི༷ས༣་ཡོང་། དོན་གྲུ༷བ༡་སེང་གེ་ཟེར་བ་དེ་ཁྱོད་ཀྱིས་ཨེ་ཤེས། ཞེས་དྲི་བ་བྱེད་པའི་ཁ་སྐད་འདི་ཙམ་ལ་ཡང་རྣམ་དབྱེ་བརྒྱད་ཀ་རང་ཤུགས་ཀྱིས་ཐོན་ཡོད་པ་བཞིན་ནོ།། དེས་ན་ཐོན་མིས་རྣམ་དབྱེ་བརྒྱད་དུ་ཕྱེ་བའི་བརྟེན་ཁུངས་དེ་གང་ཡིན་ཞེ་ན། གཙོ་བོ་བོད་བྱིངས་ཀྱི་ཁ་སྐད་ལ་བརྟེན་ནས་བཟོས་པ་ནི་གོང་དུ་བཤད་པ་འདིས་གྲུབ་ལ། གཞུང་བསྟན་བཅོས་ཀྱི་དབང་དུ་བྱས་ན། སྔར་བཤད་པ་ལྟར་སུམ་རྟགས་ཀྱི་བརྟེན་ཁུངས་ནི་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཡིན་པས་ན། དེར་མིང་ཙམ་བརྗོད་པ་སོགས་རྩ་བའི་རྣམ་དབྱེ་བརྒྱད་དང་། དེ་རེ་རེ་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་གིས་དབྱེ་བས་ཉི་ཤུ་རྩ་གཅིག་ཏུ་ཡོད་ན་ཡང་། བོད་ལ་རྩ་བའི་དབྱེ་བ་བརྒྱད་ཀྱིས་ཆོག་པར་དགོངས་ནས་རྣམ་དབྱེ་བརྒྱད་དུ་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟ་ན་ཡང་ལེགས་སྦྱར་དང་བོད་ཀྱི་རྣམ་དབྱེ་ཕྱོགས་མཚུངས་ཙམ་ལས་ཆ་ཐམས་ཅད་ནས་འདྲ་བར་མི་སེམས་ཏེ། ལེགས་སྦྱར་ལྟར་ན། སྒྲ་མདོ་ལས། རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ །རྣམ་དབྱེ་མེད་པ་ནི་མིང་ངོ་། །ཞེས་རྣམ་དབྱེ་མ་བྱིན་པའི་སྐབས་དེ་ལ་མིང་དང་། རྣམ་དབྱེ་བྱིན་ཤུལ་ལ་ཚིག་ཅེས་བརྗོད་རིགས་ཀྱི། བོད་ལྟར་རྣམ་དབྱེ་དང་པོའི་དཔེར་བརྗོད་ལ། ཀ་བ་དང་། བུམ་པ་ཞེས་གཞག་ཏུ་མི་རུང་ངོ་། །དེ་ཡང་གསལ་བར་བཤད་ན། ལེགས་སྦྱར་ལ། བུམ་པའི་སྐད་དོད་གྲྭ་ཊ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། ཨི་བརྗོད་དོན་ཡིན་པས་ཕྱིས། ས་ར་དག་གི་རྣམ་བཅད་དོ། །ཞེས་པའི་མདོས་བསྒྲུབས་པས། གྷ་ཊཿཞེས་ཚེག་དྲག་ཅན་དུ་འགྲུབ་ལ། བོད་སྐད་ཀྱི་བུམ་པ་ཞེས་པའི་མིང་རྐྱང་ལ་རྣམ་དབྱེ་དང་པོ་བྱིན་པས་ཡིག་གཟུགས་མི་འདྲ་བ་འདི་འབྱུང་ཞེས་གཞག་ཏུ་མེད་པ་ཡིན་ནོ། །དེའི་ཕྱིར་སུམ་ཅུ་བའི་རྣམ་དབྱེ་དང་པོ་ལས་འཕྲོས་ནས་མིང་རྐྱང་གི་རིགས་ཡོད་དོ་ཅོག་དང་། རྟགས་འཇུག་གི་སྔོན་འཇུག་ལྔ་དགོས་པ་ཅིའི་ཕྱིར་འཇུག་པའི་སྐབས་ལས་འཕྲོས་ནས་ལས་ཚིག་ཇི་སྙེད་བསྟན་པ་རྣམས་ནི་རྣམ་དབྱེ་དང་པོའི་སྐབས་ཀྱི་མིང་ཙམ་བརྗོད་པ་ལ་འཇོག་དགོས་པ་ནི་ཐོན་མིའི་དགོངས་པ་རྨ་མེད་པ་ཡིན་ན་ཡང་། དེ་དག་སུམ་རྟགས་ཀྱི་གཞུང་དུ་ཚང་བར་བཀོད་ན་ཡིག་ཚོགས་མང་བར་འགྱུར་ཞིང་། ཕྱི་རབས་པ་རྣམས་ཐོས་བསམ་གྱིས་འཇུག་པ་ལ་དོག་མི་བདེ་བར་དགོངས་ནས་འགྲེལ་བྱེད་མཛད་པ་པོ་རྣམས་ཀྱིས་ཟུར་དུ་བཀར་ནས་དག་ཡིག་དང་དག་སྡེབ་ཅེས་བྱ་བ་ལ་སོགས་པ་གཏན་ལ་ཕབ་པ་ཡིན་ནོ། །དེ་ཤེས་ན་ནི་སུམ་རྟགས་ཀྱི་གཞུང་འདི་བོད་ཀྱི་སྒྲ་རིག་པ་ཇི་སྙེད་པའི་རྩ་བ་ཡིན་པ་དང་། དག་ཡིག་རྣམས་ནི་དེ་གཉིས་ཀྱི་ཟུར་བཀོལ་ཡིན་པའི་ངེས་པའང་འདྲོང་བར་འགྱུར་རོ། །གང་ལྟར་མིང་རྐྱང་ཇི་སྙེད་པ་རྣམ་དབྱེ་དང་པོ་ལ་འཇོག་དགོས་པ་ནི་རྟགས་འཇུག་གི་ཐད་དུ། རྣམ་དབྱེ་དང་པོ་ལ་ཆོས་དངོས་ཞེས་བརྗོད་པ་དང་། མིང་ཙམ་བརྗོད་པ་ཞེས་པ་དང་། ངོ་བོ་ཙམ་བརྗོད་པ་ཞེས་པ་རྣམས་ཀྱིས་ལེགས་པར་གྲུབ་བོ། །སི་ཏུའི་རྟགས་འཇུག་གི་སྐབས་སུ་ཡང་། མིང་ལ་ནི་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་ཅན་རྣམས་དང་མིང་རྐྱང་ཡང་རུང་སྟེ་ཁྱད་པར་མེད་དོ། །ཞེས་གསུངས་པ་ནི་ཤིན་ཏུ་ལེགས་སོ།། དེས་ན་རྣམ་གླིང་བས། སུམ་ཅུ་བའི་གཞུང་གི་ཐད་འདིར། སླར་བསྡུ་ཙམ་བསྟན་ཡོད་པ་ལ་བསམས་ནས་རྣམ་དབྱེ་དང་པོའི་དཔེར་བརྗོད་འཇོག་པའི་ཚབ་ཏུ། སླར་བསྡུ་ཁོ་ན་འགོད་པ་ལས་རྣམ་དབྱེ་དང་པོའི་གོ་དོན་ཅི་ཡང་མ་བཤད་པ་དང་དེའི་དཔེར་བརྗོད་ཙམ་ཡང་མི་འགོད་པ་ནི་གཞུང་གི་བསྟན་དོན་རྫོགས་པར་མ་བཀྲལ་བའི་སྐྱོན་དུ་ཆེའོ།། ཞྭ་ལུ་ལོ་ཆེན་དང་པྲ་སྟི་དགེ་བཤེས་རིན་པོ་ཆེ་སོགས་ཀྱིས། སླར་བསྡུ་ལ་རྣམ་དབྱེ་དང་པོ་དང་འབྲེལ་བ་ཞེས་བཤད་པ་ནི་ཤིན་ཏུའང་ལེགས་ཏེ། དེ་ལྟ་མིན་ན་སླར་བསྡུ་འདི་རྣམ་དབྱེ་གང་གི་གྲས་སུ་བསྡུ་བཤད་དུ་མེད་དོ། །དེ་ཡང་ཡིན་ཏེ། རྣམ་དབྱེ་གཉིས་པ་སོགས་སྟོན་པའི་སླད་དུ་གཞུང་ལས་ལ་དོན་བསྟན་པའི་གོང་རོལ་དེར་སླར་བསྡུ་བསྟན་པའི་རིམ་པ་ནི་དེ་ཡིན་ནོ།། རྣམ་དབྱེ་བརྒྱད་པ་བོད་པ་ནི་ལེགས་སྦྱར་དང་རིགས་བསྒྲེས་ནས་རྣམ་དབྱེ་བརྒྱད་ཀྱི་གྲས་སུ་བགྲངས་པ་ཙམ་སྟེ། བོད་ལ་ནི་རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་ཉིད་ལས་ཟུར་དུ་མཚན་གཞི་མི་འདྲ་བ་ཞིག་གཞག་ཏུ་མེད་དོ། །ལེགས་སྦྱར་གྱི་སྒྲའི་གཞུང་དུ་ཡང་། རྣམ་དབྱེ་བརྒྱད་པ་བོད་པ་ཞེས་པའི་ཐ་སྙད་ཡོད་མེད་ལ་བརྟག་པར་བྱ་དགོས་ཏེ། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་ལེགས་སྦྱར་གཅེས་པའི་གནད་བསྡུས་མགྲིན་པའི་ལྕགས་སྒྲོག་རང་འགྲོལ་ལས། ལོ་ཙཱ་བ་ཆེན་པོ་ནམ་མཁའ་བཟང་པོའི་གསུང་ལས། བདུན་པོ་ལས་མ་གཏོགས་པའི་བརྒྱད་པ་བོད་པ་ཞེས་པ་ཚད་ལྡན་གྱི་གཞུང་གང་ལས་ཀྱང་མི་འབྱུང་ཞིང་། བོད་པ་ལའང་དང་པོའི་རྣམ་དབྱེ་སྟེར་བར་བཤད་པའི་ཕྱིར་རྣམ་དབྱེ་བརྒྱད་པ་ཟུར་དུ་འཆད་མི་རིགས་སོ། །ཞེས་གསུངས་སོ། །ཞེས་བཀོད་ཡོད་པའི་ཕྱིར་རོ།། འོ་ན་རྣམ་དབྱེ་བརྒྱད་པའི་དཔེར་བརྗོད་ཐད་དུ། འགྲེལ་བྱེད་སྔ་མ་རྣམས་སུ་ཀྱེ་དང་ཀྭ་ཡེ་སོགས་བཀོད་པ་ཅི་ཡིན་ཞེ་ན། དེ་ནི་བོད་པ་གསལ་བྱེད་དམ་མཚོན་བྱེད་ཀྱི་དོན་དུ་བཀོད་པ་ལས་རྣམ་དབྱེ་དངོས་ནི་མིན་ནོ། །བོད་དུ་མ་ཟད་ལེགས་སྦྱར་གྱི་སྐབས་སུའང་། ཀུན་ཏུ་བོད་པའི་དོན་དུ་ཧེ་སྔོན་དུ་བཞག ཅེས་ཧེ་ཡིག་བོད་པའི་དོན་མཚོན་བྱེད་དུ་འགོད་པ་ཡིན་གྱི། རྣམ་དབྱེ་དངོས་ནི་སི་ཨོོ་ཛས྄་ཞེས་རྣམ་དབྱེ་དང་པོའི་སྐབས་དང་འདྲ་བའོ།། དེ་ཡང་བརྒྱད་པའི་སྐབས་སུ། ཀུན་ཏུ་བོད་པ་ལ་སི་དྷིའོ། །ཞེས་དང་པོའི་གཅིག་ཚིག་སི་ལ་དྷི་ཞེས་འབོད་དགོས་པ་ནི་ཁྱད་པར་ཙམ་སྟེ། འདི་དག་ནི་ཞར་ལ་བྱུང་བ་ཡིན་ཡང་བོད་ཀྱི་རྣམ་དབྱེ་དཔྱིས་ཕྱིན་པར་ཤེས་པ་ལ་མེད་ཐབས་མེད་པར་ཤེས་དགོས་པའི་གནད་ཀ་དག་ཡིན་ནོ།། ༢ ཚིག་ཕྲད་ཀྱི་གོ་དོན། མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགས་ཀྱི་གནས་སུ་ཕྲད་ཀྱི་སྒྲ་དེ་སྦྱར་བ་ན་དོན་ཞིག་སྟོན་ལ། དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་བ་དེས་སྤྱི་བམ་པ་ཞིག་ལས་དོན་གསལ་བོ་གང་ཡང་མི་སྟོན་ནོ། །དེ་འདྲ་བ་ལ་ཚིག་ཕྲད་ཅེས་ཟེར་བ་ཡིན་ཏེ། དཔེར་ན། རི་ཆེ་ཞེས་པའི་བར་དུ་དེ་སྒྲ་སྦྱར་བས་རི་དེ་ཆེ་ཞེས་གྲུབ་པ་ལ་མཚོན་ན། རི་ཆེ་ཞེས་བརྗོད་པས་རི་གང་ཞིག་ཆེ་བ་སྟོན་མི་གསལ་ཞིང་། ལྷག་པར་དེ་སྒྲ་རྐྱང་བས་སྤྱི་བམ་པ་ཞིག་ལས་ཅི་ཡང་མི་སྟོན་ལ། བར་དུ་དེ་སྦྱར་བས་རི་དེ་ཆེ་ཞེས་བརྗོད་པས་གླེང་མོ་བྱ་ཡུལ་གྱི་མི་དེའི་བློ་ངོར་སྐབས་དེའི་བརྗོད་བྱར་གྱུར་པའི་ཙོང་ཁའི་སྐྱེས་རི་དེ་གཏོས་ཆེ་བ་ཞིག་ཡིན་རྒྱུ་རེད་སྙམ་པ་སྐྱེས་པ་ན། ཚིག་ཕྲད་ཀྱི་དེ་སྒྲ་སྦྱར་བའི་དགོས་པ་ཡོངས་སུ་གྲུབ་པར་གྱུར་པ་ཡིན་ནོ།། ཡང་། ཉི་མ་ཤར་ཅེས་པའི་བར་དུ་ཡང་སྒྲ་བཅུག་པས་ཉི་མ་ཡང་ཤར། ཅེས་བརྗོད་པ་ན་ཉི་མ་ཤར་ཅེས་པའི་དོན་ཙམ་ལས་འདས་ཏེ་ཡང་སྒྲས་ད་དུང་དོན་གཞན་པ་ཞིག་དྲངས་འོངས་པ་ལྟ་བུ་སྟེ། དཔེར་ན། ཉི་མ་ཡང་ཤར། དུས་ཚོད་ཀྱང་རན། ཞེས་པ་ལྟ་བུ་འདྲེན་པའོ། །ཡང་ན། ཉི་མ་ཡང་ཤར། བསེར་ཁ་ཡང་འཇམ། ཞེས་པ་ལྟ་བུ་དྲངས་འོངས་པ་བཞིན་ཏེ། དེས་ཚིག་ཕྲད་དུ་གྱུར་པའི་ཡང་སྒྲ་དེ་ལ་ནུས་པ་ཅི་ཡོད་གསལ་བར་བསྟན་ཏོ།། ཡང་། སྐབས་འགར་ཚིག་ཕྲད་དེ་གསལ་བར་སྟོན་པའི་སླད་དུ་ཚིག་གྲོགས་ལ་སྦྱོར་བ་དང་། བརྗོད་བདེ་བར་སྟོན་པའི་སླད་དུ་མིང་གི་ཆ་ཤས་ལ་སྦྱོར་བ་དང་། ཚིག་མཛེས་པར་བྱེད་པའི་སླད་དུ་ཚིག་རྒྱན་ལ་སྦྱོར་བ་དང་། སྡེབ་སྦྱོར་འགྲིག་པའི་དོན་དུ་ཁ་སྐོང་བའི་ཚིག་ལ་སྦྱོར་དགོས་པའང་ཡོད་དེ། དཔེར་ན། སྟོན་ཀའི་གནམ་ནི་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཞིག་རེད་ཟེར་བ་ལ་མཚོན་ན། དེས་སྟོན་ཀའི་གནམ་དེ་རྡུལ་མེད་དྲི་བྲལ་ཞིག་ཡིན་པར་བསྟན་པ་ཙམ་ལས་དོན་གཞན་པ་ཅི་ཡང་མ་བསྟན་མོད། འོན་ཀྱང་བར་གྱི་ནི་ཅིང་དང་གསུམ་ནི་དོན་གསལ་བྱེད་ཀྱི་ཚིག་གྲོགས་སུ་གྱུར་པའི་ཕྲད་ཡིན་པ་ལྟ་བུ་དང་། ཡང་ཤེད་ཆེན་ལ་ཤེད་མོང་ཆེན་པོ། ཞེས་པ་དང་། ལག་བདེ་ལ་ལག་པ་བདེ་མོ། ཞེས་པ་ལྟ་བུའི་མོང་པོ་པ་མོ་སོགས་ནི་བརྗོད་བདེ་བའི་མིང་གི་ཆ་ཤས་སུ་གྱུར་པའི་ཕྲད་དང་། ཡང་མཛའ་གྲོགས་དམ་པ་ཉིད་སྐུ་ཁམས་བཟང་ངམ། ཞེས་དང་། ཐ་ཤལ་བ་ང་ཉིད་ཀྱང་བདེ་བར་བདོག ཅེས་པ་ལྟ་བུའི་བར་གྱི་ཉིད་སྒྲ་གཉིས་ནི་ཚིག་མཛེས་པར་བྱེད་པའི་ཕྲད་དང་། ཡང་། མཁས་མང་ཚོགས་པའི་དབུས་སུ་ནི།། ལེགས་བཤད་གཏམ་གྱི་དགའ་སྟོན་འགྱེད།། ཅེས་དང་། དཔྱིད་ཀྱི་དགའ་སྟོན་ཤར་བའི་དུས་དག་ཏུ།། རིག་པའི་གཞུང་ལ་བརྩོན་པ་བརྒྱ་ཕྲག་བསྟེན།། ཞེས་པ་ལྟ་བུའི་ཚིགས་བཅད་བར་གྱི་ནི་དང་དག་སྒྲ་ནི་ཚིགས་བཅད་དེའི་ཚེག་བར་ཚང་བའི་ཕྱིར་ཁ་སྐོང་དུ་སྦྱར་བའི་ཕྲད་ལྟ་བུའོ།། རྣམ་དབྱེ་ཐམས་ཅད་ཀྱང་ཕྲད་ཡིན་ཡང་། ཚིག་ཕྲད་རྐྱང་བ་ཞེས་པའི་ཕྲད་དང་མི་འདྲ་སྟེ། རྣམ་དབྱེ་ཡིན་ལ་ཕྲད་རྐྱང་མིན་པ་ནི། མིང་རྐྱང་ཡོད་ཚད་དང་། ཕྲད་རྐྱང་ཡིན་ལ་རྣམ་དབྱེ་མིན་པ་ནི། རྗེས་འཇུག་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་ཡོད་དོ་ཅོག་དང་། གཉིས་ཀ་ཡིན་པ་ནི། ལ་དོན་དང་བྱེད་འབྲེལ་རྣམས་དང་། གཉིས་ཀའི་གང་ཡང་མ་ཡིན་པ་ནི་དབྱངས་བཞི་རྣམས་ཡིན་ནོ། །དེའི་ཕྱིར་རྣམ་དབྱེ་དང་ཕྲད་རྐྱང་གི་ཁྱད་པར་ལ་དེ་ལྟ་བུའི་མུ་བཞིའི་སྒོ་ནས་ཀྱང་རྟོགས་པར་བྱའོ།། ཚིག་ཕྲད་ལ་དབྱེ་ན། རྩ་བའི་དབྱེ་བ་ནི་གཉིས་ཏེ། རྗེས་འཇུག་གི་ཁྱད་པར་ལ་ལྟོས་པའི་ཕྲད་གཞན་དབང་ཅན་དང་། དེ་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་གཉིས་ཡོད། དང་པོ་ནི། ལ་དོན་སུ་རུ་དུ་སོགས་དང་། བྱེད་འབྲེལ་གི་ཀྱི་ཡི་སོགས་ཡིན་ལ། གཉིས་པ་ནི། ནི་སྒྲ། དང་སྒྲ། གང་སྒྲ་སོགས་ཡིན་ནོ། །བྱེ་བྲག་གི་དབྱེ་བའི་དབང་དུ་བྱས་ན། ཕྲད་ཉིས་འདུས་དང་མང་འདུས་སོགས་ཕྲད་རང་དབང་ཅན་ལ་མཐའ་ཡས་པ་ཞིག་ཡོད་དེ། ད་སྔ་སུས་ཀྱང་གྲངས་བཅད་འདི་ཙམ་མོ་ཞེས་ཁ་ཚོན་བཅད་པ་ཞིག་མ་མཐོང་མོད། ཨ་ལ་ཤ་སོགས་ཀྱིས་མང་ཙམ་ཞིག་བཀོད་ཡོད་དོ།། རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན། (༡) སླར་བསྡུ། རྗེས་འཇུག་ཡི་གེ་བཅུ་བོ་ནི།། མིང་གང་གི་ནི་མཐར་སྦྱར་བ།། དེ་ལ་ཨཱ་ལི་བཞི་བ་སྦྱར།། སླར་བསྡུ་བར་ནི་ཤེས་པར་བྱ།། ཀ དངོས་ཀྱི་དོན། རྗེ༷ས་འཇུ༷ག་གི་ཡི༷་གེ༷་བཅུ༷་བོ༷་གོང་དུ་བཤད་པ་དེ་རྣམས་ནི༷། རང་དང་མཐུན་པའི་རྗེས་འཇུག་ཅན་གྱི་མི༷ང་ག༷ང་དང་གང་གི༷་མཐ༷ར་སྦྱ༷ར་བ༷་དེ༷་ལ༷་ཨཱ༷་ལི༷་བཞི༷་བ༷་རྣ་རུ་སྦྱ༷ར་བར་བྱས་པ་དེ་ནི་སླ༷ར་བསྡུ༷་བ༷་སྟེ་རྫོགས་ཚིག་གམ་ཟླ་སྡུད་ཡིན་པ༷ར་ཤེ༷ས་པ༷ར་བྱ༷འོ། །ནི་ཕྱི་མ་གཉིས་ནི་ཚིགས་བཅད་ཀྱི་ཁ་སྐོང་བའི་ཕྲད་དོ། །སུམ་ཅུ་བའི་དངོས་བསྟན་ལྟར་ན། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་དང་། ཤུགས་བསྟན་ལ་ཏོ་བཅས་བཅུ་གཅིག་ཡོད་དོ། །དཔེར་བརྗོད་ནི། རྟག་གོ །གང་ངོ་། །སོགས་དང་། ད་དྲག་ཅན་གྱི་མཐར་གྱུརད་ཏོ་སོགས་གོ་སླའོ།། ཁ མཐའ་དཔྱད་པ། སླར་བསྡུའི་ཏོ་དང་། ལ་དོན་གྱི་ཏུ། ལྷག་བཅས་ཀྱི་ཏེ་སོགས་སུམ་ཅུ་བའི་དངོས་བསྟན་དུ་མ་བྱུང་བའི་རྒྱུ་མཚན་ལ། མཁས་པ་ཁ་ཅིག སུམ་ཅུ་བར་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་མ་བསྟན་ཟེར་བ་ནི་འཐད་པར་མི་སེམས་ཏེ། གོ་ངོ་དོ་ནོ་སོགས་བསྟན་པའི་དགོས་པ་ནི། ཁྱེད་ལྟར་ན་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་དངོས་སུ་བསྟན་ཟེར་ན། ཏོ་ཏེ་ཏུ་སོགས་ཀྱང་རྒྱུ་མཚན་དེ་ལས་མ་འདས་པས་བཟློག་སྟེ་བཤད་པའི་གནད་ཀ་དེས་ལོག་རྟོག་ཇི་ལྟར་སེལ་ནུས། ཡང་སུམ་ཅུ་བར། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་གསུངས། ཞེས་པ་བདེན་ན། སུམ་ཅུ་བར་དངོས་སུ་བསྟན་ཅིང་མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ནི་སྒྲ་དང་། དང་སྒྲ། དེ་སྒྲ། གང་སྒྲ། དགག་སྒྲ་རྣམས་ལ་ཅི་ཟེར། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཅེས་པ་རྗེས་འཇུག་ལ་མི་ལྟོས་པའི་ཕྲད་ཡིན་པ་སྨོས་མ་དགོས་ལ། དེས་ན་བདག་སྒྲ་ཙམ་ལས་མ་གསུངས་ཞེས་པའི་ཙམ་སྒྲ་དེས་མགོ་བོ་རྨོངས་པར་བྱེད་པ་ལས་དགོས་པ་ཅི་བྱུང་ཞེས་འདྲིའོ།། ཡང་ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ། །ཞེས་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཀྱི་ཀྱིས་ཀྱང་སྟེ་ཞེས་གི་གྱི་འི་གིས་གྱིས་འང་རྣམས་ལས་བཀར་བའི་རྒྱུ་མཚན་སྟོན་རྒྱུ་མེད་པ་དང་། འདིར་ཡང་ཞེས་པའི་ཡང་སྒྲ་ལ་ནུས་པ་ཅི་ཡོད་མི་གསལ་ལོ། །དེ་ཡང་ཞིབ་ཏུ་བཤད་ན་འདི་ལྟར། ཁྱོད་ཀྱིས་བཤད་པའི་ཀྱི་སོགས་བཞི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པ་ཡིན་ན་ཁྱོད་ཀྱིས་མ་བཤད་པའི་གི་གྱི་འི་གིས་གྱིས་འང་སྟེ་དྲུག་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོ་མ་ཡིན་པའི་ཚུལ་གང་ལ་ཐུག ཏོ་སྒྲ་གཅིག་པུར་མ་ཟད་ལྷག་བཅས་ཀྱི་ཏེ་སོགས་མ་བསྟན་པའི་ཚུལ་ཤུགས་ཕུད་ནས་སྒྲུབ་སྐབས། ཀྱི་ཀྱིས་ཀྱང་སྟེ་རྣམས་འདིར་ཡང་གསུངས། ཞེས་ཡང་སྒྲ་སྦྱར་བ་ལ་མཁས་པའི་གསུང་གི་བཟོ་ལྟ་ཅི་ཡོད་མཐོང་དཀའོ།། ཡང་། ད་ལྟའི་ཞན་སྤར་གྱི་དཔེ་རྣམས་ལ་ཞུས་དག་ལེགས་པོ་མ་སོང་རྐྱེན་ངེས་པ་མི་སྣང་ཡང་། སི་ཏུ་རང་ཉིད་ནས། རྗེས་འཇུག་བ་ཡིག་གི་རྗེས་སུ་པ་སྡེའི་དང་པོ་མི་འཐོབ་པར་ཤུགས་ཕུད་ནས་སྒྲུབ་པ་ལ་བལྟས་ན་བ་མཐར་པ་སྡེའི་གསུམ་པ་བ་ལ་རྣ་རུ་སྦྱོར་དགོས་པ་ཁྱེད་ཀྱི་རང་ལུགས་ཡིན་པ་ཤིན་ཏུ་གསལ་བས་དེ་ལ་བརྟག་བྱའི་གནས་འདི་ཡོད་དེ། ཨ་མདོའི་ཁ་སྐད་གཞིར་བཞག་པ་ལ། བཀབ་པོ། །ཁབ་པོ། །སྒྲུབ་པོ། །རྔུབ་པོ། །ཞེས་བ་མཐའི་སླར་བསྡུ་ཡོད་ཚད་ལ་པ་སྡེའི་དང་པོའི་ཁ་ཕྱེའི་པོ་སྒྲ་ཐོན་པ་མ་གཏོགས། གསུམ་པ་བོ་ཡིག་གི་སྒྲ་མི་ཐོན་པས་ཡི་གེར་འབྲི་དུས་ཀྱང་དེ་མཚུངས་ཀྱིས་ཁ་ཕྱེའི་པོ་འབྲི་ན་མ་གཏོགས་བོ་མི་འབྲི་བས་བདག་ཅག་ལ་བརྗོད་བདེ་ནི་འདི་ཁོ་ན་ཡིན་ནོ་ཞེས་སྨྲས་ན་དེ་ལ་ལན་ཇི་ལྟར་གནང་། མུ་ཏིག་ཕྲེང་མཛེས་ཀྱི་རྟགས་འཇུག་སྐབས། འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་། རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་། གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་པ་ཤས་ཆེ་བར་སྣང་། ཞེས་གསུངས་པ་འདི་བདག་ཅག་གི་ཡང་སྙིང་ནོར་བླ་ན་མེད་པ་སྟེ། ལུང་རིགས་ཀྱི་སྒྲུབ་བྱེད་མེད་པར་ཨུ་ཚུགས་རྐྱང་བ་ལ་སྐྱབས་འཚོལ་བ་ནི་མི་འོས་པར་འཁུམས་སོ།། ཡང་འགྲེལ་བ་འགར། འདི་ནི་སྡུད་པའི་སྒྲ་ཡིན་པའི་ཕྱིར་དོན་གྱི་ལྡོག་པ་སྟོན་བྱེད་དུ་འགྱུར། ཞེས་དང་། དང་པོའི་གཉིས་ཚིག་དང་མང་ཚིག་དག་གིས་ནི་ལྡོག་པ་ཅུང་ཟད་དང་བཅས་པའི་མིང་དོན་གྱི་ངོ་བོ་ཙམ་སྟོན། ཞེས་དང་། བུམ་པས་ཞེས་པས་དེའི་བྱེད་པའི་དོན་སྟོན་པས་ཚིག་དེ་དག་གིས་བུམ་པ་རང་གི་ངོ་བོ་ཙམ་མ་ཡིན་པར་དེའི་ལྡོག་པ་སྟོན་པ་ལྟ་བུའོ། །ཞེས་སོགས་ཁྱད་པར་ཞེས་པའི་ཚབ་ཏུ་ལྡོག་པ་དང་དོན་ལྡོག་སོགས་སྦྱར་བ་མང་སྟེ། བསྡུས་གྲྭ་བའི་རིགས་པའི་གམ་ན་ལྡོག་པ་ཞེས་པ་གང་ས་གང་དུ་སྦྱར་ཚེ་རིགས་པའི་མཚོན་ཆས་འཐག་པར་མི་འགྱུར་རམ། དེ་བཞིན་དུ་ཕྱིས་ཀྱི་འགྲེལ་བ་འགར་ཡང་དེའི་ལད་མོ་ཅི་ཐོན་དུ་བྱས་སྣང་ངོ་།། (༢) ལ་དོན། རྗེས་འཇུག་ཡི་གེ་བཅུ་རྣམས་ལས།། གང་མིང་མཐའ་ན་བཅུ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།། གང་མིང་མཐའ་ན་གསུམ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། བཞི་བ་དགུ་བ་དངོས་ཀྱང་སྟེ།། ལས་དང་ཆེད་དང་བརྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།། ཀ དངོས་ཀྱི་དོན། རྗེ༷ས་འཇུ༷ག་གི་ཡི༷་གེ༷་བཅུ༷་ཡོད་པ་རྣམ༷ས་ལ༷ས། མི༷ང་ག༷ང་ཡང་རུང་བའི་མཐ༷འ་མཇུག་ན༷་བཅུ༷་པ༷་ས་ཡིག་གན༷ས་པ་སྟེ་ཡོད་པ་དེ༷་ལ༷་ཨཱ༷་ལི༷་གཉི༷ས་པ༷་ཞབས་ཀྱུ་སྦྱ༷ར་བས་སུ་ཞེས་པ་དང་། མི༷ང་ག༷ང་ཡང་རུང་བའི་མཐ༷འ་ན༷་བརྒྱ༷ད་པ༷་སྟེ་ར་ཡིག་གན༷ས་པ་དང་། དེར་མ་ཟད་ར་ཡིག་དེ༷་ལ༷་ཨཱ་ལི་གཉི༷ས་པ༷་ཨུ༷་སྟེ་ཞབས་ཀྱུ་ཡ༷ང་སྦྱ༷ར་བ་དང་། མི༷ང་ག༷ང་ཡང་རུང་བའི་མཐ༷འ་ན༷་གསུ༷མ་པ༷་སྟེ་ད་ཡིག་གན༷ས་པ་དེ༷་ལ༷་ཨཱ༷་ལི༷་གཉི༷ས་པ༷་ཞབས་ཀྱུ་སྦྱ༷ར་བ་དང་། རྗེས་འཇུག་གི་བཞི༷་བ༷་ན་དང་དགུ༷་བ༷་ལ་དབྱངས་མ་སྦྱར་བའི་དངོ༷ས་ཀྱ༷ང་བགྲང་བར་བྱ་སྟེ༷། དངོས་བསྟན་དུ་བྱུང་བའི་སུ་ར་རུ་དུ་ན་ལ་དང་། ཤུགས་ལ་ཐོབ་པའི་ཏུ་སྟེ་བདུན་ནི་རྣམ་དབྱེ་གཉིས་པ་ལ༷ས་སུ་བྱ་བ་ད༷ང་། བཞི་བ་དགོས་ཆེ༷ད་ད༷ང་། བདུན་པ་བརྟེ༷ན་གན༷ས་གསུམ་ད༷ང་། གཞན་དེ༷་ཉི༷ད་དང་ཚེ༷་སྐ༷བས་རྣམས་ལ་འཇུག་པར་འགྱུར་ཞིང་། སུ་སོགས་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང་། མཇུག་མཐའི་ཡི་གེ་དབང་གིས་ལ༷་དོན་གྱི་སྒྲ༷་ཞེས་མཐའི་གསལ་བྱེད་ཀྱི་སྒོ་ནས་བཏགས་པ་ཡི༷ན་ནོ། །མིང་གང་ཞིག་གམ་མིང་གང་ཡང་རུང་བ་ལ་གང་མིང་ཞེས་གསུངས་པ་ནི་ཚིག་གི་སྡེབ་སྦྱོར་བདེ་བའི་ཆེད་དོ།། ཅོ་ནེ་གྲགས་པ་བཤད་སྒྲུབ་སོགས་ཀྱི་སུམ་འགྲེལ་དུ། བཞི་བ་དགུ་བ་དངོས་རྐྱང་སྟེ།། ཞེས་སུ་འགྲེལ་ཏེ་གོ་རྒྱུ་ཆེན་པོ་ཡོད་དོ།། དཔེར་བརྗོད་ནི་རིམ་བཞིན། གཡས་སུ་རྒྱུགས། ཡོན་ཏན་ལ་འབད། མདུན་ན་འདུག བརྟན་པར་བྱས། སྔ་དྲོ་རུ་སླེབས། ཞེས་པ་ལྟ་བུས་རིགས་བསྒྲེའོ།། ཁ མཐའ་དཔྱད་པ། ༡ གཞན་གྱི་ལུགས་ལ་དོགས་པ་སློང་བ། ལ་དོན་གྱི་དཔེར་བརྗོད་སྐབས་མཁས་པ་སོ་སོའི་བཞེད་པ་མི་འདྲ་བ་མང་དུ་མཆིས་པ་རྣམས་རང་རང་གི་གཞུང་ལ་བལྟས་ནས་ངེས་པར་བྱ་བ་ལས་མཐའ་དག་པ་འདིར་བརྗོད་དུ་མི་ལང་ལ། སི་ཏུས་བཀོད་པའི་དཔེར་བརྗོད་རྣམས་སུ་དོགས་པ་འགའ་མཆིས་པ་འདི་ལྟར། མུ་ཏིག་ཕྲེང་མཛེས་སུ་སྔ་ཕྱིར་རང་གིས་བཀོད་པ་དང་གཞན་གྱིས་བཀོད་པ་འཐད་པའི་དཔེར་བརྗོད་ལ་རྣམ་དབྱེ་གཉིས་པའི་དཔེར་བརྗོད་བཅོ་བརྒྱད། རྣམ་དབྱེ་བཞི་བའི་དཔེར་བརྗོད་བཅུ་བདུན། རྣམ་དབྱེ་བདུན་པའི་དཔེར་བརྗོད་ཉེར་དྲུག དེ་ཉིད་ཀྱི་དཔེར་བརྗོད་བཅུ་དགུ་བཀོད་པ་ལས། ཀུན་ལ་དགའ་གཉིས་པར་བཞག་པ་འཐད་པ་དང་། བདུད་རྩི་ལ་མོས་བཞི་བར་བཞག་འདུག་སྟེ་དེ་གཉིས་མི་འདྲ་བའི་ཁྱད་པར་ཅི། བདུད་རྩིའི་དོན་དུ་མོས་ཞེས་བཙན་སྦྱོར་ཇི་ལྟར་བྱས་ཀྱང་སྣ་འཐེན་ནས་ཁ་ནང་དུ་སླེབ་དཀའོ།། དེ་བཞིན་དུ་བདུད་རྩིར་བསྒྱུར་གཉིས་པ་དང་། བདུད་རྩི་རུ་བསྒྲུབ་བཞི་བ་ཡིན་དོན་ཅི། ཀུན་ལ་དགའ་གཉིས་པ་དང་། སྡིག་པ་ལ་འཇིགས་བདུན་པ་ཡིན་དོན་ཅི། ཀུན་ལ་དགའ་གཉིས་པ་དང་། སེང་གེ་ལ་སྐྲག་བདུན་པ་ཡིན་དོན་ཅི། ཀུན་ལ་དགའ་གཉིས་པ་དང་། དམན་པར་བརྩེ་བཞི་བ་ཡིན་དོན་ཅི། དེ་རུ་སྐྱིད་གཉིས་པར་བཞག་པ་འཐད་པ་དང་། ས་ལ་ཉལ་བདུན་པ་ཡིན་དོན་ཅི། རྡོ་བར་གཟུགས་བརྙན་བྱེད་གཉིས་པ་དང་། བུམ་པར་ཆུ་བླུགས་བདུན་པ་ཡིན་དོན་ཅི། རྒྱབ་ཏུ་ཕྱོགས་གཉིས་པ་དང་། ཁུང་དུ་འཛུལ་བདུན་པ་ཡིན་དོན་ཅི། རྒྱ་གར་དུ་འགྲོ་གཉིས་པ་དང་། ཆུ་ལ་ཞུགས་བདུན་པ་ཡིན་དོན་ཅི། རྡོ་བར་གཟུགས་བརྙན་བྱེད་གཉིས་པ་དང་། ལྕགས་ལ་གསེར་འབྱུག་བདུན་པ་ཡིན་དོན་ཅི། ཞིང་ལ་ཆུ་འདྲེན་གཉིས་པ་དང་། གཡུལ་དུ་གོ་བགོས་བདུན་པ་ཡིན་དོན་ཅི། མཐའ་རུ་འཁྱོལ་གཉིས་པ་དང་། མཚོན་ཁར་བསད་བདུན་པ་ཡིན་དོན་ཅི། མདུན་ན་རྒྱུ་གཉིས་པ་དང་། ཆུ་ལ་ཞུགས་བདུན་པ་ཡིན་དོན་ཅི། ཚོགས་ན་ནོར་འགྱེད་བཞི་བ་དང་། གཡུལ་དུ་གོ་བགོས་བདུན་པ་ཡིན་དོན་ཅི། སྒྲ་མདོར། རྣམ་དབྱེ་བདུན་པའི་འཇུག་ཡུལ་ལ་དབྱེ་བ་དྲུག་ཡོད་པའི་ལྔ་བ་ལུགས་སྲོལ་ཅན་གྱི་དཔེར་བརྗོད་ལ། དཔའ་བོ་གཡུལ་དུ་གོ་ཆ་གྱོན་པར་བྱེད། ཅེས་པ་བོད་ཀྱི་རྣམ་དབྱེ་བདུན་པ་ལ་ཇི་མ་ཇི་བཞིན་དུ་འགྲིག་དཀའོ་སྙམ་མོ།། ཡང་སི་ཏུས་དེ་ཉིད་ཀྱི་དཔེར་བརྗོད་ལ། མཆོག་གསུམ་ལ་སྐྱབས་སུ་ཤེས། ཞེས་པ་འདི་བཀོད་ནས་འགྲེལ་རྒྱག་དུས་མཆོག་གསུམ་ལས་ཀྱི་རྣམ་དབྱེ་འཇུག་ཡུལ་གཙོ་བོ་དང་། སྐྱབས་ནི་ལས་ཀྱི་རྣམ་དབྱེ་འཇུག་ཡུལ་ཕལ་བ་ཡིན་ཞེས་བཤད་ནས་ལ་སྒྲ་རྣམ་དབྱེ་གཉིས་པ་དངོས་དང་། སུ་སྒྲ་དེ་ཉིད་ཡིན་ཞེས་བཙན་སྦྱོར་ཅི་ཙམ་བྱས་ན་ཡང་། མཐར་གཏུགས་ན་དཔེར་བརྗོད་དེའི་ལ་དང་སུ་གཉིས་ཀ་དེ་ཉིད་ཀྱི་དཔེར་བརྗོད་དུ་རང་ཤུགས་ཀྱིས་སོང་བ་ལ་བསྙོན་དུ་མེད་དོ། །དེ་ལྟར་ན། འོག་དེ་མ་ཐག་ལ་དང་ན་གཉིས་དེ་ཉིད་ལ་ནམ་ཡང་མི་འཇུག་ཅེས་པའི་དམ་བཅའ་རྡོ་རྗེའི་བྲག་རི་དེ་ཡང་རང་ཞིག་ཏུ་སོང་འདུག་གོ ། ཡང་སི་ཏུས། འཕགས་ཡུལ་བའི་བརྡ་སྤྲོད་པ་དག་གིས་ལས་ཀྱི་དོན་གཙོ་བོ་མ་ཡིན་པའམ་ཕལ་བ་ཞེས་ཟེར་རོ། །ཞེས་དེ་ཉིད་ནི་རྣམ་དབྱེ་གཉིས་པ་ཕལ་བར་བཤད་པ་དང་། དེ་ཉིད་རྣམ་དབྱེ་གཉིས་པའི་ཁོངས་གཏོགས་དང་། ཚེ་སྐབས་རྣམ་དབྱེ་བདུན་པའི་ཁོངས་གཏོགས་ཡིན་ཞེས་བཤད་པ་རྣམས་ལ་ཡང་དཔྱད་པར་བྱ་བ་འདི་ཡོད་དེ། རྩ་བར་ལ་དོན་གྱི་འཇུག་ཡུལ་ལྔ་ཡོད་པར་གསུངས་པ་ལས། གཅིག་གཅིག་གི་ཁོངས་སུ་བསྡུ་རྒྱུ་དང་། ལེགས་སྦྱར་དང་འདྲ་བར་གཙོ་བོ་དང་ཕལ་བ་ཡིན་པར་དངོས་ཤུགས་གང་དུ་ཡང་མ་གསུངས་པས་དོན་ཇེ་དཀའ་རུ་བཏང་བ་ལ་དགོས་པ་མེད་དོ།། ཁྱད་པར་དུ་ཚེ་སྐབས་རྣམ་དབྱེ་བདུན་པའི་ཁོངས་སུ་བསྡུ་ཞེས་པ་ནི་བཞད་གད་ཀྱི་གནས་ཏེ། ཁོངས་སུ་བསྡུ་ཞེས་པའི་གོ་དོན་ནི་ཁོངས་སུ་བསྡུ་རྒྱུ་དང་གང་དུ་བསྡུ་སའི་ཁོངས་གཉིས་གང་ས་གང་གི་སྒོ་ནས་ཧ་ལམ་ཕྱོགས་འདྲ་བ་ཞིག་ཡིན་ན་ཐ་སྙད་དེ་སྦྱོར་རིགས་ཀྱི། གནས་གཞི་དང་ཚེ་སྐབས་གཉིས་ཁོངས་གཅིག་ཏུ་བསྡུ་ཞེ་ན་ནི་གཟུགས་ཀྱི་ཁོངས་སུ་ལྡན་མིན་འདུ་བྱེད་བསྡུ་ཞེས་པར་འགྱུར་བའི་ཕྱིར་རོ། །ད་དུང་ཨུ་ཚུགས་མི་གཏོང་ན། གཟུགས་དང་ལྡན་མིན་འདུ་བྱེད་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ་ལོ།། གཞན་ཡང་། སི་ཏུའི་ལ་དོན་གྱི་ཐད་དུ། སྐྱབས་དང་ཤེས་པ་གཉིས་སྤྱིར་ཐ་དད་ཡིན་ཡང་། ཞེས་དང་། ཤེས་པ་ཉིད་སྐྱབས་ཡིན་ནོ་སྙམ་པའི་ངོ་བོར་སྐྱེས། ཞེས་དང་། སྐྱབས་དང་ཤེས་པ་བསྡོམས་པའི་ཚིག་ནུས་ཀྱིས་ཡུལ་ཅན་གྱི་ངོ་བོ་གཅིག་ཏུ་སྟོན་པ་ཡིན་ནོ། །ཞེས་པའི་ལུང་ཚན་གསུམ་གྱི་ངོ་གདོང་ལ་དཔགས་ན། སྐྱབས་དང་ཤེས་པ་གཉིས་གཅིག་ཏུ་འགྱུར་བའི་སྐབས་ཤིག་ཡོད་པ་དང་། ཤེས་པ་དང་སྐྱབས་གཉིས་ངོ་བོ་ཐ་མི་དད་དུ་བསྒོམ་དགོས་པ་དང་། སྐྱབས་དང་ཤེས་པ་གཉིས་ཀ་ཡུལ་ཅན་དུ་ཁས་ལེན་དགོས་པར་བཤད་པ་འདི་དག་གཞན་ཕར་ཟད་བསྡུས་ཆུང་ལ་བསླབས་པ་དག་གི་ཡང་རྣ་བར་ཅུང་ཟད་གཟན་ནོ།། གསེར་ཏོག་འགྲེལ་བར། དེ་ཉིད་ཀྱི་དོན་བཤད་སྐབས་ཆོས་དེའི་རང་བཞིན་ནམ་དེ་ཁོ་ན་ཉིད་ཀྱི་ཚུལ་སྒྲོ་སྐུར་མེད་པར་བརྗོད་པ་ཞིག་ལ་ངོས་འཛིན་ཅིང་། ལས་དང་བྱ་བ་སོ་སོར་འབྱེད་ཀྱང་དེའི་རང་བཞིན་ནམ་གཤིས་ལུགས་སུ་གྲུབ་པ་ཐ་མི་དད་པ་ཞིག་སྟོན་དགོས་པར་འདོད་པ་ནི་ཧ་ཅང་གུ་དོག་པའི་ལམ་དུ་ཞུགས་སོ།། ལ་དོན་གྱི་རྣམ་གཞག་འགར། རབ་ཏུ། ཤིན་ཏུ། རྣམ་པར། ངེས་པར་སོགས་དེ་ཉིད་དུ་མི་འདོད་ཟེར་བ་ལ། ཚིག་གི་མགོ་རྔ་མི་ཚང་བ་དེ་ཙམ་དེ་ཉིད་མ་ཡིན་པ་བདེན་ཡང་། རབ་ཏུ་གྲུབ། ཤིན་ཏུ་མཛེས། རྣམ་པར་གྱུར། ངེས་པར་ཟབ། ཅེས་སྦྱར་ན་ཡང་དེ་ཉིད་དུ་མི་འདོད་ཟེར་ན་ནི་རབ་ཏུ་སྟོན་སོགས་ལ་དོན་གྱི་གང་ཡིན་པ་སབ་སིབ་ཏུ་མ་གྱུར་པའི་ལན་སྨོས་ཤིག རབ་ཏུ་གྲུབ་དང་། ལེགས་པར་གྲུབ་ཅེས་པས་གྲུབ་པའི་ཚུལ་ལམ་ཐབས་ཙམ་བསྟན་པ་ལས་དེ་ཉིད་མིན་ཟེར་ན་ནི་ལེགས་པའི་ལམ་ལས་རིང་དུ་འཕྱན་པར་གྱུར་ཏོ།། སྤྱིར་མཆོག་གསུམ་སྐྱབས་སུ་ཤེས་ཟེར་ན་མ་གཏོགས་མཆོག་གསུམ་ལ་ཞེས་ལ་སྒྲ་སྦྱར་བ་ལ་དགོས་པ་མེད་པར་མ་ཟད་བརྗོད་པ་ཡང་མི་བདེ་སྟེ། དཔེར་ན། དོན་གྲུབ་དབང་རྒྱལ་ཕ་རུ་ཤེས། ཡིད་བཞིན་མཚོ་རྒྱལ་མ་རུ་ཤེས། ཞེས་སྦྱར་ན་བརྗོད་བདེ་བ་ཡིན་གྱི། དོན་གྲུབ་དབང་རྒྱལ་ལ་ཕ་རུ་ཤེས། ཡིད་བཞིན་མཚོ་རྒྱལ་ལ་མ་རུ་ཤེས། ཞེས་སྦྱར་ན་བརྗོད་མི་བདེ་བ་བཞིན་ནོ།། གཞུང་ལུགས་སྤྱིའི་འགྲེལ་ཚུལ་ལྟར་ན། ཤེས་སོ། །ཞེས་དྲང་ངོ་། །གང་ཤེས་ན་སྐྱབས་སུ་ཤེས་སོ། །སུ་སྐྱབས་སུ་ཤེས་ཤེ་ན། མཆོག་གསུམ་སྐྱབས་སུ་ཤེས་སོ། །ཞེས་འགྲེལ་དགོས་པས། མཆོག་གསུམ་ལ་ཞེས་པའི་ལ་སྒྲ་དེར་དགོས་པ་ཅི་བྱུང་བརྟག་པའི་གནས་སོ།། སི་ཏུས། བདུན་པའི་དཔེར་བརྗོད་དུ། ལྕགས་ལ་གསེར་འབྱུག་ཅེས་བཀོད་པ་ལ་ཁམས་པ་ཆོས་གྲུབ་སེང་གེའི་བློ་ལ་མ་བདེ་ནས་བླ་མ་གངས་དཀར་ཚང་ལ་དྲི་བ་བྱེད་དོན་ལ་བལྟས་ན། ཁམས་ཕྱོགས་ན་ཡང་མི་འདོད་མཁན་ཡོད་པ་གསལ། གངས་དཀར་གྱིས་འབྱུག་པའི་བྱ་བའི་རྟེན་ལྕགས་ཡིན་པའི་རྒྱུ་མཚན་གྱིས་བདུན་པ་ཞེས་ལན་བཏབ་པ་ནི། མཁས་པས་བཤད་ན་ཅི་ཡང་བདེན། ཞེས་པའི་སྣང་ཚུལ་ཁོ་ན་སྟེ། དེ་ལྟར་ན་སི་ཏུས་གཉིས་པར་བཞག་པའི་དཔེར་བརྗོད་ཀྱི་རྡོ་བར་གཟུགས་བརྙན་བྱེད། ཅེས་པ་ལ་ཡང་གཟུགས་བརྙན་བྱེད་པའི་རྟེན་རྡོ་ཡིན་པའི་རྒྱུ་མཚན་གྱིས་བདུན་པ་ཡིན་ཞེས་སྨྲས་ན་རྣམ་པ་ཀུན་ཏུ་མཚུངས་སོ།། ཡང་སི་ཏུས་དེ་ཉིད་དུ་བཞག་པའི་སྒྲོལ་མ་ཚེའི་ལྷ་རུ་བསྟེན་ཞེས་པ་ལ་ཀརྨ་སྨོན་ལམ་འོད་ཟེར་གྱི་སུམ་འགྲེལ་དུ། དེ་བཞི་བ་དགོས་ཆེད་དུ་འགྲོ་བ་འདྲ། ཞེས་བཤད་པ་ཡང་དོན་དང་ལྡན་པའི་གཏམ་མོ།། ཡང་སི་ཏུའི་རྟགས་འཇུག་གི་རྣམ་དབྱེ་ནང་གསེས་འཇུག་ཚུལ་གྱི་འཕྲོས་དོན་སྐབས། བུམ་པར་ཆུ་བླུགས། ཞེས་པ་རྣམ་དབྱེ་གཉིས་པ་དང་བདུན་པ་གཉིས་ཀ་ཡིན་པའི་ཁུལ་དུ་བཤད་པའང་བློ་ངོར་འབྱོར་དཀའོ། །དེ་བཞིན་དུ་གསེར་ཏོག་འགྲེལ་བར་ཡང་། དཔེར་བརྗོད་གཅིག་ལ་ཚིག་ཟུར་གྱིས་དོན་ལྔར་འགྱུར་ཏེ། ཞེས་རྣམ་ཐར་དུ་འཁྲུངས་རབས་བརྗོད། ཅེས་པ་རྣམ་དབྱེ་གཉིས་པ་དང་བཞི་བ་གཉིས་ཀར་བཞག་པ་ཡང་། སྒྲ་ནི་བརྗོད་འདོད་རྗེས་འབྲང་ལ་དགོངས་པ་ཡིན་ན་ཡང་སྐབས་འདིར་རབ་རིབ་སབ་སིབ་ཀྱི་དཔེར་བརྗོད་བཀོད་པས་བློ་ལྡན་ལ་བློ་སྐྱེད་ཐོན་དཀའོ་སྙམ་མོ།། ཡང་སི་ཏུས་ཚེ་སྐབས་ཀྱི་དཔེར་བརྗོད་བཀོད་པའི་ནང་དུ། ཚེས་གཉིས་སུ་ཉི་མ་ལྡོག འཆར་ཁ་རུ་དུས་གདབ། ཅེས་པ་གཉིས་ལ་དཔྱད་པར་བྱ་བ་འདི་ཡོད་དེ། དབྱར་དགུན་གྱི་ཉི་ལྡོག་གཉིས་ནི་རིམ་བཞིན་ཧོར་ཟླ་ལྔ་བ་དང་བཅུ་གཅིག་པའི་སྒང་ཡིན་ལ། སྒང་ནི་སྤྱིར་བཏང་ཟླ་བ་དེའི་མར་ངོ་ལ་འཆར་བ་ཤུགས་ཆེ་བས་ཚེས་གཉིས་ལ་ཉི་མ་ལྡོག་ཅེས་པ་འདི་སྐར་རྩིས་པ་རྣམས་ཀྱི་བློ་ངོར་བདེ་འབོལ་ལེ་བ་ཞིག་ཏུ་མི་སྣང་ཞིང་ལྡོག་ལ་ཟ་ཟློག་བྱས་པ་ནི་དྲུང་ཡིག་པའི་སྐྱོན་དུ་མངོན། ཨ་ལ་ཤས། ཚེས་གསུམ་དུ་ཉི་མ་ལྡོག ཅེས་བྲིས་པ་ཡང་དེ་དང་འདྲའོ། །འཆར་ཁ་རུ་དུས་གདབ་ཅེས་པ། སྙན་ངག་མེ་ལོང་གི་འགྲེལ་བ་རྣམས་སུ་དུས་བཏབ་སྟེ་མ་ཚོགས་པ་ཞེས་པའི་ལད་མོ་མཛད་པ་གཞིར་བྱས་ལ། འདོད་པའི་དུས་གདབ་ཀྱི་དུས་ཚོད་ཉི་མ་འཆར་ཁའི་དུས་སུ་མི་འཚམ་པ་ནི་བླུན་པོ་གནག་རྫིས་ཀྱང་ཤེས་པས་འདི་དག་ནི་པཎྚི་ཏས་ཐུགས་མཉམ་མ་བཞག་པའི་སྐྱོན་དུ་ཤོར་བ་གོར་མ་ཆག ༢ རང་བློར་འཚམ་པའི་རང་ལུགས་གཞག་པ། ལས་དང་དགོས་ཆེད་ལ་དུས་གསུམ་གའི་དཔེར་བརྗོད་ཡོད་དགོས་པ། སི་ཏུ་ལྟར་ན། རྣམ་དབྱེ་གཉིས་པར། ཕ་རོལ་ཏུ་ཕྱིན(འདས་པ)། རྡོ་བར་གཟུགས་བརྙན་བྱེད(ད་ལྟ་བ)། རྒྱ་གར་དུ་འགྲོ (མ་འོངས་པ)། རྣམ་དབྱེ་བཞི་བར། གསོད་པའི་ཕྱིར་དུ་མཚོན་བསྣུན(འདས་པ)། ཞིང་ལ་ཆུ་འདྲེན(ད་ལྟ་བ)། ནོར་འཚོང་དུ་འགྲོ(མ་འོངས་པ)། ཞེས་པ་ལྟ་བུའོ།། དེས་ན་ལས་སུ་བྱ་བའི་ངོ་བོ་བཤད་སྐབས། སི་ཏུ་དང་། སི་ཏུའི་ཞལ་ལུང་རྣམས་སུ་བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་ཀྱི་དོན་ཅན། ཞེས་འདས་པ་དང་མ་འོངས་པ་མ་བཤད་པར་ད་ལྟ་བ་ཁོ་ན་ལ་སྦྱར་བ་ནི་མཚོན་བྱེད་ཡིན་པར་ཤེས་དགོས། དེ་བཞིན་དུ་ཨ་ལ་ཤས། བྱེད་པ་པོས་ལས་བྱེད་བཞིན་པ། ཞེས་དང་། མི་ཕམ་ཟླ་བས། བྱ་བ་ཉིད་བྱས་པ་དང་བྱེད་པ་ཅི་རིགས། ཞེས་དང་། མཁས་དབང་གསུང་རབ་རྒྱ་མཚོས། བྱ་བའི་ཡུལ་ཞིག་གཞིར་བཟུང་ནས།། དེ་ལ་བྱ་བ་བྱས་པ་རུ།། གཙོ་བོར་སྟོན་པ་ཞེས་དང་། བདག་གིས་སྔོན་ཆད་བྲིས་པ་ཞིག་ཏུ། བྱ་བའི་གཞི་གང་ཡང་རུང་བ་ལ་བྱ་བ་ཅི་ཞིག་བྱེད་པའམ་བྱས་པ་གསལ་བར་སྟོན་པའི་ཚིག ཅེས་པ་རྣམས་ནི་རྣམ་དབྱེ་གཉིས་པའི་ངོ་བོ་ངོས་འཛིན་སྤྱད་ཡིན་པས་མཚོན་བྱེད་ཙམ་ཡིན་གྱི། མཚན་ཉིད་ཀྱི་ཚུལ་དུ་འཇོག་ན་ད་དུང་དེ་ཙམ་གྱིས་མི་ཆོག་གོ །ཨ་ལ་ཤའི་བཞེད་པའང་དུས་ད་ལྟ་བ་ཁོ་ན་མ་ཡིན་ཏེ། དེའི་སུམ་འགྲེལ་དུ། འགྲོ་འོང་སོང་བསྡད་ཟོས་འཐུང་གཟུང་འཆིང་ལྟ་བུ་བྱེད་པ་པོས་ལས་བྱེད་བཞིན་པ་སྟོན། ཞེས་པའི་ནང་གི་འགྲོ་འོང་སོང་བསྡད་ཟོས་རྣམས་ད་ལྟ་བ་ཁོ་ནར་ག་ལ་འཇུག ཚ་སྤྲུལ་གྱིས། གཉིས་པ་ལས་སུ་བྱ་བ་ཞེས་པ་དེ་དུས་མ་འོངས་པ་དང་། བྱ་ལས་དང་འབྲེལ་བ་ཞིག་དགོས་ཟེར་ནས་དཔེར་བརྗོད་དུ། རང་ཤག་ཏུ་ལོག ཤོད་དུ་བབས། སོགས་འདས་པ་སྟོན་པའི་དཔེར་བརྗོད་མང་བོ་བཞག དེས་གཙོ་བོར་མ་འོངས་པ་དགོས་ཞེས་པ་ནི། རྟགས་འཇུག་སྐབས་ཀྱི་བྱ་བའི་ལས་མ་འོངས་པ་དང་། བྱེད་པའི་ལས་ད་ལྟ་བ། ཞེས་པ་གཉིས་བསྲེས་པའི་སྐྱོན་ནོ། །དེས་ན་རྣམ་དབྱེ་སྐབས་ཀྱི་བྱ་བའི་ཡུལ་དང་ལས་སམ་བྱ་བ་ནི་རྟགས་འཇུག་སྐབས་ཀྱི་བྱ་བྱེད་ལས་གསུམ་དང་བསྲེ་མི་རུང་ངོ་།། མཁས་པ་གཞན་གྱི་ལེགས་ཆ་ལེན་པའི་ཕྱོགས་ནས་བཤད་ན། ཨ་ལ་ཤས། གཉིས་པར་ཁྱིམ་དུ་འཛུལ། ཁོག་ཏུ་ཞུགས། ཞེས་དང་། རྭ་རྒྱས། སྣོད་དུ་བཅུག ཅེས་པ་དང་། སི་ཏུས། བདུན་པར། ལྕགས་ལ་གསེར་འབྱུག ཆུ་ལ་ཞུགས། ཁུང་དུ་འཛུལ། གཡུལ་དུ་བསད། ཟེར་བ་རྣམས་ལས་ཨ་ལ་ཤ་དང་རྭ་རྒྱ་ལྟར་བྱས་ན་བཟང་སྟེ། སི་ཏུའི། ལྕགས་ལ་གསེར་འབྱུག་(བདུན་པ)དང་། རྡོ་བར་གཟུགས་བརྙན་བྱེད་(གཉིས་པ)གཉིས་འདྲ། ཆུ་ལ་ཞུགས་(བདུན་པ)དང་། ཕ་རོལ་ཏུ་ཕྱིན་(གཉིས་པ)གཉིས་འདྲ། ཁུང་དུ་འཛུལ་(བདུན་པ)དང་། མདུན་དུ་རྒྱུ་(གཉིས་པ)གཉིས་འདྲ། གཡུལ་དུ་གོ་བགོས་(བདུན་པ)དང་། ཤིང་གཅོད་དུ་སྟ་རེ་དགོས་(བཞི་བ)གཉིས་འདྲ། གཡུལ་དུ་བསད་(བདུན་པ)དང་། རྒྱབ་ཏུ་ཕྱོགས་(གཉིས་པ)གཉིས་འདྲ་སྙམ། མི་ཕམ་ཟླ་བས། ནམ་མཁའ་ཀུན་ལ་ཁྱབ། ཅེས་པ་དེ་ཉིད་དུ་བཞག་པ་དང་། སི་ཏུས། ཀུན་ལ་དགའ། ཞེས་པ་ལས་སུ་བྱ་བ་དངོས་སུ་བཞག་པ་གཉིས་ལས་གང་ཁས་བླང་བར་བྱ་ཞེ་ན། བདག་གི་བསམ་ཚོད་ལྟར་ན། ཚིག་རྒྱན་གྱི་མི་ཟད་པ་གང་དང་གང་གི་མཐར་སུ་སོགས་ལ་དོན་སྦྱར་ན་དེ་ཉིད་དུ་འགྲོ་སྟེ། དཔེར་ན། ཡོངས་སུ་གསལ། ཉེ་བར་ཤར། རབ་ཏུ་དཀར། མཆོག་ཏུ་མཛེས། ཀུནད་ཏུ་བྲིས། ཞེས་སོགས་ཀྱི་ལས་དང་བྱ་བ་ཐ་མི་དད་པ་ཡིན་པའི་ཕྱིར་རོ། །ན་ལ་གཉིས་ལ་དེ་ལྟར་སྦྱར་ན་དེ་ཉིད་དུ་མི་འགྲོ་སྟེ། དཔེར་ན། ཡོངས་ལ་གསལ། ཡོངས་ལ་ཁྱབ། ཀུན་ན་གྲགས། ཀུན་ལ་ཁྱབ། ཅེས་བརྗོད་པའི་སྐབས་སུ། ཡོངས་དང་ཀུན་ཞེས་པ་དེ་གང་ཡིན་ས་ཞེས་པ་དང་། ག་ས་ག་ལ་ཞེས་པའི་དོན་དུ་འགྲོ་བ་དང་། ལས་དང་བྱ་བ་ཐ་དད་དུ་གྱུར་པས་དེ་ཉིད་དུ་མི་འགྲོ་སྙམ་མོ། །མི་ཟད་པ་ཞེས་པ་ནི་སྒྲ་མདོའི་ཐ་སྙད་ཅིག་ཡིན་པས་ཚིག་རྒྱན་ཡོད་ཚད་ལ་སྦྱོར་འོས་པ་ཡིན་པས་ན་མི་ཟད་པ་ཞེས་བརྗོད་དོ།། ཡང་སི་ཏུས། བདུན་པར། གདན་ལ་འདུག ས་ལ་ཉལ། ཞེས་དང་། པྲ་སྟིས་གཉིས་པར། གཡས་སུ་ཉལ། ཕྱི་རོལ་ཏུ་བསྡད། ཅེས་དང་། ཨ་ལ་ཤས། གཉིས་པར་གནས་ཁང་དུ་ཉལ། གཡས་ན་སྡོད། ཅེས་དང་། གཙོས་གསེར་ཁྲིས། གཉིས་པར། གཡས་ལ་བདེ་བར་ཉལ། ཞེས་དང་། གསེར་ཏོག་གིས། གཉིས་པར། མལ་ན་ཉལ། ཁྲི་ལ་བཞུགས། ཞེས་པ་རྣམས་ལས་ཉལ་གཉིས་པ་དང་། བསྡད་འདུག་བཞུགས་རྣམས་བདུན་པར་བྱས་ན་བདེའོ།། ཡང་། ལ་དོན་གྱི་མཐར་གསལ་ཞེས་པའི་སྒྲ་ཡོད་ཚད་ལས་སུ་བྱ་བ་དངོས་སུ་མི་འགྲོ་སྟེ། ཆོས་ཉིད་དུ་གསལ། ཡིན་པར་གསལ། ཞེས་པའི་གསལ་ནི་མངོན་པའམ་ལྷང་ལ་བུད་པའི་དོན་ཡིན་པས་དེ་ཉིད་ཡིན། དེ་ཉིད་ཀྱི་དཔེར་བརྗོད་དུ། དེ་ག་རང་ན་འདུག་ཅེས་པ་སི་ཏུ་དང་གཙོས་གསེར་ཁྲིས་བཀག་ཀྱང་དེ་ལྟར་དུ་དོན་ལ་གནས་ཞེས་པ་དང་འདྲ་བས་དེ་ཉིད་ལས་མ་འདས། གསེར་ཏོག་གིས་གཉིས་པར། ཁྲི་ལ་བཞུགས། ཞེས་དང་། བདུན་པར། དབུས་སུ་བླ་མ་བཞུགས། ཞེས་པ་གཉིས་ལ་ཁྱད་པར་ཅི་ཡང་མེད་པས་གཉིས་ཀའང་བདུན་པ་ཡིན། སྤྱིར་གསེར་ཏོག་ཚང་གི་དཔེར་བརྗོད་དུ། གདམས་ངག་སྟོནད་ཏུ་བསྐུལ། ཆོས་བསྒྱུརད་ཏུ་གདའ། རྗོད་ངག་ཏུ་སྔགས་ཟློ། ཞེས་པ་རྣམས་ཚིག་སྦྱོར་དེ་ཙམ་མི་བདེ་བར་སྣང་སྟེ། འདི་འདྲ་གོང་འོག་ཀུན་ཏུ་མང་ངོ་།། རྣམ་དབྱེ་གཉིས་པ། བཞི་བ། བདུན་པ་གསུམ་དང་། དེ་ཉིད་དེ་བཞིའི་ཁྱད་པར་རང་བློར་འཚམ་པ་ཞིག་གསལ་བར་བཤད་ན་འདི་ལྟར། རྣམ་དབྱེ་གཉིས་པ་ལ་གཞི་གང་ཡང་རུང་བ་ཞིག་ཏུ་བྱ་བ་ཞིག་བྱེད་པར་སྟོན་པའི་ལས་ཚིག་ཡོད་པ་ཙམ་གྱིས་ཆོག་སྟེ། ནགས་སུ་ཤིང་སྡོང་བཅད། ཆུ་ལ་ཟམ་པ་བཙུགས། ཞེས་པ་ལྟ་བུའི་སྐབས་སུ། གཞིའམ་ཡུལ་ནི་ནགས་དང་ཆུ། ལས་དང་བྱ་བ་སོ་སོར་བཀར་བའི་དབང་དུ་བཏང་ན་ཤིང་སྡོང་དང་ཟམ་པ་ནི་ལས། བཅད་པ་དང་བཙུགས་པ་ནི་ཁ་སྐད་ལ་ཡང་། ཁྱོད་ལ་ལས་སུ་བྱ་བ་ཅི་ཡོད་ཅེས་དྲིས་པ་ན། གཞན་ཅང་མེད། འོན་ཀྱང་དེ་རིང་བྲིས་པའི་དཔེར་བརྗོད་ལ་ཞུས་དག་ཅིག་གཏོང་དགོས་ཞེས་ལན་བཏབ་པ་ལ་ལྟོས་དང་། ཞུས་དག་གཏོང་བ་དེ་ཉིད་ལས་སུ་བྱ་བ་ཡིན་པར་བསྟན་པས་ན་དེ་གཉིས་སོ་སོར་མ་ཕྱེ་བ་ཉིད་བློ་ངོར་བདེའོ།། རྣམ་དབྱེ་བཞི་བ་ལ་གཞི་གང་ཡང་རུང་བ་ཞིག་ལ་བྱ་བ་ཞིག་བྱེད་པ་ཙམ་སྟོན་པས་མི་ཆོག་པར་དེ་ལས་འདས་ཏེ། དེའི་ཆེད་དུའམ་དེའི་དོན་དུ་ཞེས་གཞི་དེ་ལ་ཕན་འདོགས་པའི་ཚིག་གི་ནུས་པ་ཞིག་དངོས་ཤུགས་ཅི་རིགས་ལ་ཐོན་དགོས། དཔེར་ན། གོས་སུ་ཉོས་ཀྱང་ཤ་རུ་བཙོངས། ཞེས་པ་དང་། ཞིང་ལ་ཆུ་འདྲེན། ཐུག་པ་ལ་ཚྭ་ཁུ་འདེབས། ཞེས་པ་ལྟ་བུའི་སྐབས་སུ་གོས་བཟོ་བའི་དོན་དུ་ཉོས་ན་ཡང་ལུག་ཤ་ཚོན་པོ་ཞིག་མཐོང་བ་ན་གོས་གོན་པ་ལས་ཤ་ཟ་བ་གལ་ཆེར་བལྟས་ནས་ཤའི་དོན་དུ་བརྗེས་པར་སྟོན་པ་དང་། ཞིང་གི་ལོ་ཏོག་རྒྱས་པའི་དོན་དུ། ཞེས་པ་དང་། ཐུག་པ་ལ་བྲོ་བ་ཕུད་པའི་ཆེད་དུ། ཞེས་ཆེད་དུའམ་ཕྱིར་དུའི་དོན་ཚིག་དངོས་ལ་མེད་ཀྱང་ཚིག་གི་ཤུགས་ལ་ཐོན་ཡོད་པ་འདི་འདྲ་ཞིག་ཡིན་དགོས། དེའི་ཕྱིར་ནགས་སུ་ཤིང་བཅད་ཅེས་པས་གཞི་དེར་བྱ་བ་བྱས་པ་ཙམ་ལས་གང་གི་ཆེད་དུ་བཅད་པ་ཚིག་ཤུགས་ལ་གཏན་ནས་ཐོན་མེད་པར་མ་ཟད་ཤིང་བཅད་པས་ནགས་ལ་ཕན་ཐོགས་རྒྱུ་ཅི་ཡང་མེད་དོ། །དེ་ཤེས་པའི་རྗེས་སུ་ཟམ་པ་རུ་ཤིང་བཅད་དང་། ནགས་སུ་ཤིང་བཅད་ཅེས་པ་གཉིས་རིམ་བཞིན་བཞི་བ་དང་གཉིས་པ་ཡིན་པ་ཤིན་ཏུ་གསལ་བ་རང་ཤུགས་ཀྱིས་ཤེས་པར་འགྱུར་རོ།། རྣམ་དབྱེ་བདུན་པ་ལ་རྟེན་དང་གཞི་གང་ཡང་རུང་བར་ཆོས་ཤིག་གནས་པའམ་བརྟེན་པའི་ཚུལ་དུ་ཡོད་པ་ཙམ་སྟོན་པ་ལས་བྱ་བ་བྱས་པ་ཞིག་སྟོན་མི་དགོས་པ་ཡིན་ནོ། །དཔེར་ན། ནགས་གསེང་ན་སྤྲེའུ་མང་། ཆུ་ཀླུང་དུ་ཉ་མོ་གནས། ཞེས་པ་ལྟ་བུ་ལ་མང་དང་གནས་ཞེས་པས་བྱ་བ་དེ་དང་འདི་བྱས་ཅི་ཡང་མི་སྟོན་པར་གང་མང་ཡོད་པ་ཙམ་སྟོན་པ་འདི་ལ་ཟེར་རོ། །ནགས་གསེང་ན་སྤྲེའུ་མཆོངས། ཆུ་ནང་དུ་ཉ་མོ་འཁྱུགས། ཞེས་པ་ལྟ་བུའི་མཆོངས་དང་འཁྱུགས་ནི་རྟེན་ལ་བརྟེན་པའི་དོན་ལས་འདས་ཏེ་བྱ་བ་བྱེད་པ་ཞིག་སྟོན་པས་ན་གཉིས་པར་འགྱུར་རོ།། དེ་ཉིད་ནི། ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་སྟོན་པ་དཔེར་ན། ཇེ་བཟང་དུ་སོང་། དགའ་བར་གྱུར། མེད་དུ་ཟད། ཤིན་ཏུ་སྐྱིད། ཅེས་པ་ལྟ་བུ་ལ་གཞི་འདིའོ་ཞེས་ཀྱང་སྟོན་རྒྱུ་མེད། ལས་དང་བྱ་བ་སོ་སོར་ཕྱེ་ནས་འདིའོ་ཞེས་ཀྱང་སྟོན་རྒྱུ་མེད་པའི་བྱ་ཚིག་ལ་དོན་ཅན་འདི་འདྲའི་རིགས་ལ་དེ་ཉིད་ཅེས་བཏགས་པ་ཡིན་པས་འདི་སྐོར་ལ་མཁས་པ་སྔ་མ་རྣམས་ཀྱི་བཞེད་པ་འདྲ་མིན་མང་དུ་འདུག་པ་ལ་ཞིབ་ཏུ་སྦྱངས་ནས་འདོར་ལེན་གང་འོས་ལ་བརྩོན་པར་བྱའོ།། རྣམ་དབྱེ་གཉིས་པ་དང་། བཞི་བ། དེ་ཉིད་གསུམ་རང་གི་བློ་ངོར་བདེ་བའི་དཔེར་བརྗོད་འགའ་དགོད་པར་བྱ་སྟེ། ཐོག་མར་གཉིས་པ་ལས་སུ་བྱ་བ་ལ། ས་མཚམས་སུ་རྡོ་རིང་བསླངས། སྟོད་ཕྱོགས་སུ་དངོས་རྫས་བཀྲམ། བོད་ལྗོངས་སུ་སྣམ་བུ་འཐག རྒྱ་མཚོ་རུ་གྲུ་གཏོང་། སའི་ལྟེ་བ་རུ་ཁང་ཆེན་བརྩིགས། མགོ་བོ་རུ་ཝ་ཞྭ་གྱོན། རྒྱབ་ཏུ་ཤིག་འཕྲུག བྲག་ཏུ་གནའ་བ་བཟུང་། ཕ་རོལ་ཏུ་བེའུ་འཚོ། གནས་ཁང་དུ་གློག་སྒྲོན་སྤྲད། གཡོན་དུ་དཔེ་ཆ་བརྩིགས། སྒམ་དུ་བསྡུ་སྐྱོག་བྱེད། སྒོ་ན་བྱིས་པ་རྩེ། རི་འདབས་ན་རྩྭ་འཐུ། བར་སྣང་ན་གློག་འཁྱུགས། ཐག་རིང་ན་མཚོ་རྩེ། ཐང་བདེར་བྲོ་འཆམ། རི་རྩེར་མདའ་འཕེན། མིག་སྔར་གསོལ་སྟོན་བཤམས། ཐང་ལ་རྟ་རྒྱུགས། ཉལ་ཁྲི་ལ་བྱིས་པ་བསྙལ། ཐང་ག་ལ་ཚོན་རྩི་བྱུགས་ཞེས་པ་ལྟ་བུས་རྒྱ་ཆེར་མཚོན་ནོ།། རྣམ་དབྱེ་བཞི་བ་དགོས་ཆེད་ཀྱི་དཔེར་བརྗོད་ལ། དཔེར་ན། གྲང་སྐྱོབ་ཏུ་གོས་གོན། བཀྲེས་སེལ་དུ་ཟས་བཟའ། ནད་ལ་སྨན་འཐུང་། ཤེར་ཕྱིན་ལ་ཕྱག་འཚལ། ཕ་མ་ལ་བསྙེན་བཀུར། སློང་མོར་ལྟོ་སྦྱིན། ཞེས་པ་ལྟ་བུས་གཞན་ལ་རིགས་བསྒྲེའོ།། མཆོད་བརྗོད་སྐབས་ཀྱི་དཀོན་མཆོག་ལ་ཕྱག་འཚལ་ཞེས་པ་འགྲེལ་བྱེད་མཛད་མཁན་ཕལ་མོ་ཆེས་རྣམ་དབྱེ་བཞི་བར་བཤད་པ་ལ། མཁས་པ་ཁ་ཅིག དེ་ལ་ལེགས་སྦྱར་ཤེས་རློམ་གྱིས་ཞྭ་དཔེ་ལྷམ་ལ་བཀབ་པར་ཟད། ཅེས་དང་། ཡུལ་ཁྱད་པར་ཅན་ལ་ཕྱག་བྱེད་པ་ནི་ཕྱག་བྱེད་པོ་ཉིད་དམ་དེ་དང་འབྲེལ་བའི་དོན་ལས་ཕྱག་ཡུལ་དེའི་ཆེད་དུ་མིན་པ་ནི་གནག་རྫིས་ཀྱང་རྟོགས་པར་སླ་བའི་ཕྱིར་ཕྱག་གི་ཡུལ་ལ་རྣམ་དབྱེ་གཉིས་པ་འཇུག་པ་ལས་འོས་མེད་དོ་ཞེས་བཀའ་བཀྱོན་མཛད་ནའང་། ཕྱག་ཡུལ་དུ་གྱུར་པའི་དཀོན་མཆོག་ལ་ཕན་པའི་ཆེད་དུ་དཀོན་མཆོག་ལ་ཕྱག་འཚལ་ཞེས་སུ་ཞིག་གིས་སྨྲ་སྟེ། སྒྲ་ཀ་ལཱ་པ་དང་དབྱངས་ཅན་མ་གཉིས་ཀར། བྱེད་ཅན་གྱི་སྐབས་སུ། ན་མསྲ། སྭ་སྟི། སཱ་ཧཱ། སཱ་དྷཱ། ཨ་ལཾ། པ་ཥ་ཊ་རྣམས་དང་སྦྱོར་བ་ལ་བཞི་བའོ། །ཞེས་སྤྱིར་བཏང་དམིགས་བསལ་མ་ཕྱེ་བར་སྤྱི་ལ་སྦྱར་བའི་དཔེར་བརྗོད་དུ་མ་བཀོད་པ་དང་། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶཾ་གྷཱ་ཡ། ཞེས་མཆོག་གསུམ་གྱི་སྐྱབས་འགྲོ་དང་། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སོགས་ལ་བཞི་བའི་གཅིག་ཚིག་དེ་དང་། ཨཀྲ་ཨཱ་ག་མ། འདྲ་འདུག ཡ་སྲོག་མེད་ཨ་ལ་དྲངས་པ་ཤ་སྟག་ཅན་རླུང་ལྟར་གྲགས་པ་རྣམས་དང་། དེ་བཞིན་དུ། ན་མོ་གུ་ར་ཝེ་དང་། ན་མོ་མལྗུ་ཤི་ཡེ་སོགས་ཀྱང་བཞི་བའི་དེ་བྱིན་པ་ཤ་སྟག་ཡིན་པ་ལས། ལེགས་སྦྱར་གྱི་རྣམ་དབྱེ་གཉིས་པའི་ཨཾ་ཨཽ་ཤས྄། ཞེས་པ་ཕྱག་འཚལ་བའི་དོན་ལ་སྦྱར་བ་གཅིག་ཀྱང་མཐོང་རྒྱུ་མེད་དོ། །ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་གིས་མཛད་པའམ་བསྒྱུར་པའི་གནས་བརྒྱད་ཆེན་མོར། ཤིང་ལ་ཆུ་འདྲེན་ཞེས་པས་ཤིང་ཉིད་རྒྱས་པ་དང་སྨིན་པའི་ཕྱིར་སྦྱོར་ཡང་དོན་གྱིས་ཆུ་འདྲེན་པའི་བྱེད་པ་པོའི་ཆེད་དང་། མཆོད་རྟེན་ལ་ཕྱག་འཚལ་བའང་མཆོད་རྟེན་ཉིད་ཕྱག་གི་ཡུལ་དུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བ་པོའི་ཆེད་ཡིན་པས་བཞི་བ་དྲང་ངོ་། །ཞེས་གསུངས་པ་འདི་ལས་ལྷག་པའི་རྒྱབ་བརྟེན་གྱི་ཁུངས་འཚོལ་བའི་ངལ་བ་བྱེད་མི་དགོས་སོ། །རང་གི་ཞེ་འདོད་དང་མ་མཐུན་པ་ཙམ་གྱིས་གནས་བརྒྱད་རྩ་འགྲེལ་དུ་བསྒྲུབ་བྱ་ལས་སྒྲུབ་བྱེད་དུ་མི་འགྲོ་བ་ཡོད་ཅེས་ཟུར་ཟ་མཛད་པ་དེས་ཅི་ཡང་གོ་མི་ཆོད་དོ།། གཞན་ཡང་། ཤན་པས་རང་ལ་ཕྱུགས་གསོད། ཚོང་བས་ཁྱིམ་ལ་ནོར་སྒྲུབ་ལྟ་བུ་མ་བཀོད་པར། ཤན་པས་ཕྱུགས་གསོད། ཚོང་བས་ནོར་སྒྲུབ། ཅེས་རྣམ་དབྱེ་གསུམ་པའི་དཔེར་བརྗོད་ཡིན་ཤག་གཉིས་བཀོད་ནས་རིམ་པར་གསོད་པ་པོ་དང་སྒྲུབ་པ་པོའི་ཆེད་ཡིན་པས་ཕྱུགས་དང་ནོར་ལ་བཞི་བ་འཇུག་པར་ཐལ་བ་དང་། ཞེས་པ་ནི་ཕག་གི་ཡ་མགལ་ཁྱིའི་མ་མགལ་ལ་སྦྱོར་བའི་དཔེ་ཁོ་ན་ལས་ཕྱག་འཚལ་བའི་དོན་ལ་བཞི་བ་འཇུག་པར་འདོད་མཁན་ལ་ཁབ་རྩེ་ཙམ་གྱི་གནོད་པའང་འབྱུང་དོན་མ་མཆིས་སོ། །སྤྱིར་བོད་རང་གི་སྐད་ལ་མི་འགྲིག་བཞིན་དུ་ལེགས་སྦྱར་གྱི་ཁུངས་བཙལ་བ་ལ་དགོས་པ་མེད་ཀྱང་། ལེགས་སྦྱར་དང་བསྟུན་ན་དོན་དང་ལྡན་པ་ལ་དགག་པ་བྱེད་དོན་མེད་དོ།། གལ་ཏེ་སྐབས་དེར་སྤྱིར་བཏང་དང་དམིགས་བསལ་གཉིས་སུ་འབྱེད་ནའང་། སྤྱིར་བཏང་ལས་དམིགས་བསལ་གཙོ་ཆེ་ཞེས་བཟུང་ན་ཡང་བསྒུལ་མི་ཐུབ་སྟེ། སྒྲ་གཞུང་ལས། སྤྱིར་བཏང་བསྟན་བཅོས་ངེས་པ་ལ།། བྱེ་བྲག་སྟོབས་དང་ལྡན་པར་འགྱུར།། ཞེས་མ་གསུངས་སམ། དེར་མ་ཟད། པྲ་སྟིས་དཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། །ཞེས་གསུངས་པའི་དེ་སྒྲ་བསྙེག་ས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་གོ་བ་ཟབ་མོ་ལེན་རྒྱུ་ཡོད་པར་སྣང་སྟེ། ལས་དང་བོ་བས་རྟོགས་པར་དཀའོ།། རྣམ་དབྱེ་བདུན་པ་གནས་གཞིའི་དཔེར་བརྗོད་ལ། ནགས་སུ་རྨ་བྱ་ཡོད། ལྟག་སྒོ་རུ་བཟའ་ཤིང་རྒྱས། ཕྱོགས་ཀུན་ཏུ་བདེ་སྐྱིད་ལྡན། གྲོང་ཁྱེར་དུ་ཚོང་རྫས་མང་། ཤར་ཕྱོགས་ན་ཉི་མ་ཤར། རིའི་ཕང་བར་སྡེ་གྲོང་ཆགས། མཁའ་ལ་སྤྲིན་དཀྲིགས། མཚོ་ལ་དར་ཆགས་ཞེས་པ་ལྟ་བུ་རྣམས་སོ།། གནས་གཞི་རྗེས་མཐུན་པ་ནི། གནམ་ན་སྤྲིན་མེད། ས་ལ་རྡུལ་མེད། འདི་རུ་མི་གནས་སོགས་ལྟ་བུ་སྟེ་དགག་སྒྲ་སྦྱར་བ་རྣམས་སོ།། ལས་དང་བྱ་བ་སོ་སོར་འབྱེད་དུ་མེད་པའི་རིགས་ལ་ལ་དོན་སྦྱར་བའི་དེ་ཉིད་ནི། རྣམ་དབྱེ་གཉིས་པ་དང་བཞི་བ་གཉིས་དང་མི་འདྲ་བའི་ཁྱད་པར་བྱ་ལས་ངོ་བོ་ཐ་དད་ཡིན་པ་དང་མ་ཡིན་པའི་སྟེང་ནས་གོ་དགོས། དབུ་མའི་གཞུང་རྣམས་སུ་དེ་ཉིད་ཅེས་པ་དེ་ཁོ་ན་ཉིད་དེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་སྟོང་ཉིད་ཀྱི་མིང་དུ་གོ་དགོས་ཀྱང་འདིར་དེ་འདྲ་བའི་གོ་བ་ཟབ་མོ་ལེན་མི་དགོས་སོ། །འོ་ན་དེ་ཉིད་ཅེས་པའི་དོན་གང་ཡིན་ཞེ་ན། དཔེར་ན་ཐོབ་པར་གྱུར་ཅེས་པ་ལ་མཚོན་ན། ཐོབ་རྒྱུའི་དངོས་པོ་དེ་ནི་ལས་དང་། གྱུར་ནི་བྱ་བ་ཡིན་ཡང་ཐོབ་པར་གྱུར་ཅེས་པ་ཐོབ་སོང་ཞེས་པ་དང་འདྲ་བས་བྱ་བ་དང་ལས་སོ་སོར་བསྟན་དུ་མེད་པ་འདི་འདྲ་ཞིག་ལ་དེ་ཉིད་ཀྱི་མིང་གིས་བཏགས་པའོ། །དེའི་ཕྱིར་རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱིས། དེ་ཉིད་འཇུག་ཡུལ་གྱི་གཙོ་བོ་ཟབ་མོ་སྟོང་བ་ཉིད་ཡིན། ཞེས་བཤད་པ་ནི་ཧ་ཅང་ཐལ་ལོ།། འདིར་དཔེར་བརྗོད་ཅུང་ཟད་རྒྱས་ཙམ་འགོད་ན། སི་ཏུས་བཀོད་པའི་དཔེར་བརྗོད་དུ། སྲ་བར་བྱེད། ལྟ་བར་བྱེད། བརྟན་པར་གྱུར། གཅིག་ཏུ་གྱུར། སྐྱབས་སུ་ཤེས། འོག་མིན་དུ་ཤེས། སྟོད་དུ་རིག་(མིག་གིས་རིག་དང་མི་འདྲ)རྣམས་དང་མཚུངས་པར། བསམ་པར་བྱ། གུས་པར་བྱ། བལྟ་བར་བྱ། མངོན་དུ་བྱས། བརྟན་པར་བྱས། ཐོབ་པར་གྱུར། ལྐོག་ཏུ་གྱུར། གནས་སུ་གྱུར། རྟོགས་པར་འགྱུར། མེད་པར་འགྱུར། ལྷུང་བར་འགྱུར། རྙེད་དུ་ཟིན། མེད་དུ་ཟད། ཇེ་དགའ་རུ་སོང་། སྡུག་ཏུ་སོང(འགྲོ་བའི་སོང་དང་མི་འདྲ)། ལོག་པར་གོ་(རྣ་བས་གོ་དང་མི་འདྲ) སྙམ་དུ་བསམས། མེད་པར་ངེས། ཉམས་སུ་མྱོང་། གསལ་བར་ཤེས། ཆོས་ཉིད་དུ་གསལ(མེ་ལོང་གསལ་དང་མི་འདྲ)། ཡིན་པར་གསལ། ཡིན་དུ་ངེས། རྣམ་འདྲེན་དུ་མཐོང(མིག་གིས་མཐོང་དང་མི་འདྲ)། རྣམས་དང་། པྲ་སྟིས། རབ་ཏུ་གྲུབ། ཤིན་ཏུ་བདེན་དེ་ཉིད་ཀྱི་དཔེར་བརྗོད་དུ་བཀོད་པ་དང་ཚུལ་མཚུངས་པར། ཡོངས་སུ། ཀུན་ཏུ། མཆོག་ཏུ། ངེས་པར། ཉེ་བར། མངོན་པར། ལྷག་པར། ལེགས་པར་སོགས་སྦྱར་བས། མཆོག་ཏུ་འཆར། ཀུན་ཏུ་སྤངས། ཤིན་ཏུ་ཆུང་། ངེས་པར་ལེགས། རབ་ཏུ་འགྲོ། ལེགས་པར་བཟོས། ཡོངས་སུ་བཀང་། ཤིན་ཏུ་སྐྱོ་རྣམས་དང་། ཡང་། ཤེས་སུ་བཅུག ཡོད་དུ་འཇུག དོར་དུ་ཆུག (འདི་གསུམ་ནང་དུ་བཅུག་དང་མི་འདྲ) ཡང་དཔལ་དུ་འདུག ཡིན་པར་འདུག ངོ་མཚར་དུ་འདུག (འདི་གསུམ་སྤྱོད་ལམ་གྱི་འདུག་དང་མི་འདྲ) ཡང་། མིང་གི་ཆ་ཤས་ཀྱི་བར་དུ་ལ་དོན་སྦྱར་བ་དཔེར་ན། རྣམ་པར་ཤེས་པ། ལེགས་པར་བཤད་པ། རབ་ཏུ་བྱུང་བ། རྣམ་པར་དག་པ། བདེན་པར་གྲུབ་པ། བདེན་པར་མེད་པ། རྣམ་པར་འབྱེད་པ། རྣམ་པར་རྟོག་པ། ལོག་པར་གཡེམ་པ། ལོག་པར་རྟོག་པ། ལོག་པར་འགྲེལ་བ། ཡིད་དུ་འོང་བ། ཡིད་དུ་འཐད་པ་རྣམས་དང་། ཡང་། ཁྱད་པར་དུ། ལྷག་པར་དུ། ངེས་པར་དུ། ལྟ་བུའི་ལ་དོན་སྔ་མ་ནི་དེ་ཉིད་ཡིན་ཡང་། ལ་དོན་ཕྱི་མ་ཅི་འགྱུར་ཚིག་གྲོགས་ལ་བལྟ་དགོས་སོ།། པྲ་སྟི་དང་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། བསམ་དུ་མེད། ཅེས་པ་དེ་ཉིད་ཡིན་པར་གསུངས་པ་ལྟར་ན། སྤྱད་དུ་མེད། དྲན་དུ་མེད། བཟོད་དུ་མེད། དགག་ཏུ་མེད་རྣམས་ཀྱང་དེ་ཉིད་དུ་བཞག་ན་འོས་སོ།། སི་ཏུས་དེ་ཉིད་སྟོན་པའི་སྐབས་སུ་འདི་ཉིད་རྟོགས་དཀའ་བས་ཅུང་ཟད་བཤད་ན། ཞེས་གསུངས་པའི་དགོངས་པ་བསྐང་སླད་འདིར་དཔེར་བརྗོད་སྣ་སྒོར་མོ་ནས་བཞག་སྟེ་སྐབས་དོན་གསལ་བར་བྱས་ཡོད་དོ།། ཡང་སི་ཏུས། ན་ལ་དག་ནི་དོན་འདི་འདྲ་ལ་ནམ་ཡང་མི་འཇུག་ཅེས་སྨྲ་སྒོའི་བཞེད་པ་ལྟར་འདོད་པ་གོང་དུ་ཡང་བརྗོད་ཟིན་ལ། འོན་ཀྱང་ཁ་སྐད་དང་ཡིག་སྐད་གང་ཡིན་ཡང་། སོ་ན་གནས། བདེ་ཐོག་ན་ཡོད། བཞག་ས་ན་ཡོད། ཇེ་སྡུག་ལ་སོང་། ཁུ་བྱུག་ཁྲ་ལ་ལོག ལྕགས་གསེར་ལ་བསྒྱུར། ཞེས་པ་རྣམས་དེ་ཉིད་ལས་གཞན་དུ་མི་སེམས་སོ།། རྡོ་རིང་བའི་སུམ་འགྲེལ་དུ། ངེས་དོན་ལྟར་ན་སྟོང་། སྣང་སྟོང་གཉིས་ཀ་དོན་ལ་རང་བཞིན་མེད། ཅེས་པ་དང་། རྭ་རྒྱའི་སུམ་རྟགས་དོན་འགྲེལ་དུ། མཁས་ཁྱོད་ཡོན་ཏན་ལ་བཟང་། ཞེས་པ་དེ་ཉིད་ཀྱི་དཔེར་བརྗོད་དུ་བཀོད་པ་རྣམས་ལ་ཞིབ་ཏུ་དཔྱད་ན་བློ་གྲོས་ཀྱི་སྒོ་མོ་འབྱེད་པ་ལ་ཕན་ཆེའོ།། སྨྲ་སྒོ་ལས་བཤད་པའི་ན་དང་ལའི་འཇུག་པ་རྣམས་ནི་གཞུང་གཞན་དུ་བལྟ་བར་བྱ་སྟེ། འདིར་ཧ་ཅང་མང་དོགས་སོ།། བཅུ་བ། ཨི་ལྡན་གྱི་རྣམ་དབྱེ། རྗེས་འཇུག་ཡི་གེ་བཅུ་བོ་ལ།། ཨི་དང་མཐུན་ལུགས་འདི་ཞེས་བྱ།། དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།། དེ་དག་ཨི་སྦྱར་འབྲེལ་བའི་ས།། རྗེས་འཇུ༷ག་གི་ཡི༷་གེ༷་བཅུ༷་བོ༷་རྣམས་རྗེས་སུ་ཞུགས་པའི་མིང་རྣམས་ལ༷། ཨི༷་སྟེ་གི་གུ་ད༷ང་སྦྱར་བའི་འབྲེལ་སྒྲ་ཇི་ལྟར་མཐུ༷ན་པར་སྦྱོར་ལུག༷ས་ནི་འདི༷་ལྟ་བུ་ཡིན་ནོ་ཞེ༷ས་བསྟན་པར་བྱ༷་སྟེ། ཞེས་མདོར་བསྟན་ནས། རྗེས་འཇུག་གི་ད༷ང་པོ༷་ག་དང་གཉི༷ས་པ་ང་ལ༷་རྗེས་འཇུག་གི་ད༷ང་པོ༷་ག་མཐུ༷ན་པ་དང་། རྗེས་འཇུག་གསུ༷མ་པ་ད་དང་ལྔ༷་བ་བ་བཅུ༷་བ་ས་གསུ༷མ་ལ་ཀ་ཡེད་ཡ་སྟ་སྦྱར་བས་ཀྱ༷་ད༷ང་སྦྱར་བར་བྱ་ཞིང་། རྗེས་འཇུག་བདུ༷ན་པ༷་འ་མཐའ་ཅན་ཉིད༷་ལ༷་འ་མཐའ་དངོས་སུ་ཡོད་དམ་མེད་ཀྱང་རུང་སྟེ་བདུ༷ན་པ༷་འ་རང་ཉིད་སྦྱོར་བ་དངོས་སུ་བསྟན་ནས། ཤུགས་ལ་རྐང་བ་ཁ་སྐོང་བའི་ཚེ་ཡ་ཡིག་སྦྱོར་དགོས་པ་ནི་སློབ་དཔོན་གྱི་དགོངས་པ་སྟེ༷་འདི་རྣམ་པ་ཀུན་ཏུ་བརྗེད་མི་རུང་ངོ་། །དེ་དག་ལས་གཞན་པའི་རྗེས་འཇུག་ལྷ༷ག་མ༷་ན་མ་ར་ལའི་མཐའ་ཅན་རྣམ༷ས་ལ༷་ག་ཟླུམ་ཡ་སྟ་སྦྱར་བས་གྱ༷་སྦྱ༷ར་བ༷ར་བྱས་པ་དེ༷་དག༷་ཐམས་ཅད་ལ་ཨི༷་སྟེ་གི་གུ་སྦྱར་བས་རྣམ་དབྱེ་དྲུག་པ་འབྲེ༷ལ་བ༷འི་ས༷་སྟེ་འབྲེལ་བའི་གནས་སམ་འབྲེལ་སྒྲའོ།། སི་ཏུས་རྗེས་འཇུག་བཅུའི་དང་པོ་གཉིས་ཏེ་ག་ང་ཞེས་འགྲེལ་ཡང་དཀྱུས་ལྟར་འགྲེལ་ན་ལྷོད་ཆགས་སོ་སྙམ་མོ། །རྩ་བར་དངོས་སུ་མ་བསྟན་པའི་ད་དྲག་གི་རྗེས་སུ་འབྲེལ་སྒྲ་གང་ཐོབ་ཅེ་ན། སི་ཏུའི་བཞེད་པ་ལྟར་ན། དེང་སང་ད་དྲག་བསྡུས་པས་ད་དྲག་དངོས་སུ་མེད་ཀྱང་འབྲེལ་སྒྲ་ཀ་ཡེད་ཀྱི་སྦྱར་ན་བརྗོད་བདེ་ཞིང་ལེགས་པར་སེམས། ཞེས་བཤད་ནའང་ཁོང་རང་གིས་ཞུས་དག་མཛད་པའི་སྡེ་དགེ་བཀའ་འགྱུར་རྣམས་སུའང་དེ་ལྟར་སྦྱར་བ་ཤིན་ཏུ་ཉུང་ངོ་།། སྐབས་འདིའི་འབྲེལ་བ་ཞེས་པའི་གོ་དོན་ནི། ཁྱད་གཞི་དང་ཁྱད་ཆོས་བར་གྱི་འབྲེལ་བ་སྟོན་པ་གོས་ཀྱི་ཚོན་མདངས། ཞེས་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ཁྱོད་ཀྱི་ལག་པ། ཞེས་དང་། རྟེན་དང་བརྟེན་པའི་འབྲེལ་བ་དཀར་ཡོལ་ནང་གི་འོ་མ། འཁར་གཞོང་གི་ཞོ། ཞེས་དང་། རྒྱུ་དང་འབྲས་བུའི་འབྲེལ་བ་མ་ཡི་བུ་དང་གྲོ་ནས་ཀྱི་མྱུ་གུ། ཞེས་པ་ལ་སོགས་པས་མཚོན་པར་བྱའོ།། ཡང་ཀྱི་དང་གི་སོགས་མིང་ཚིག་གི་བར་ན་ཡོད་ཚད་འབྲེལ་སྒྲ་ཡིན་པའི་ངེས་པ་མེད་དེ། དཔེར་ན་འདི་ནི་བདེན་གྱི་གཞན་ནི་རྫུན་ནོ། །ཞེས་དང་། འདིར་མ་བྲིས་པ་ཡིན་གྱི་མ་ཤེས་པ་ག་ན་ཡིན། ཞེས་དང་། བློ་གྲོས་གསལ་བ་ཅན་ལ་བསྟན་པར་བྱ་ཡི་གཞན་དག་ལ་ནི་མ་ཡིན་ནོ། །ཞེས་པ་ལྟ་བུ་ནི་ཚིག་གི་རྒྱན་དང་ཕྲད་ལས་འབྲེལ་སྒྲ་ནི་མིན་ནོ།། ཡང་། གཞུང་ཆེན་མོ་རྣམས་སུ། ཁྱོད་ཀྱིར་གྱུར་གྱིས། ཅི་བདེར་ལོངས་སྤྱོད། ཅེས་པའི་ཚིག་འདི་འདྲ་ཡང་འབྱུང་སྟེ། དོན་ནི་ཁ་ཟས་འདི་ཁྱོད་ཀྱི་ཡིན་པར་གྱུར་ཟིན་པས་ཟོ་ཞིག ཅེས་པ་ཡིན་ཡང་སུམ་རྟགས་ཀྱི་དགོངས་པ་དང་མི་འགལ་བའི་འགྲེལ་ཇི་ལྟར་བྱེད་དཔྱད་པར་བྱ་སྟེ། འདི་འདྲ་བ་གཞན་ཡང་ཡོད་དོ།། དཔེ་བརྗོད་ནི། རབ་མཐོ༷འི་བྲག་གི༷་གངས་ཀྱི༷་སུལ་གྱི༷་བར།། ལྷོ་ཡི༷་ལམ་གྱི༷་སྟོད་ཀྱི༷་མདུན་ཐད་དེ༷འི།། རྩྭ་ཡི༷་ཐང་གི༷་འགབ་ཀྱི༷་གཡོན་གྱི༷་ཆར།། རྩིག་གསེབ་བར་གྱི༷་དངོས་དེ་ཁྱོད་མཐོང་ངམ།། ཞེས་པ་ལྟ་བུའོ།། བཅུ་གཅིག་པ། བྱེད་པའི་སྒྲ། དེ་ཉིད་ལ་ནི་བཅུ་བ་སྦྱར།། བྱེད་པ་པོ་རུ་ཤེས་པར་བྱ།། གོང་དུ་བཤད་པའི་རྣམ་དབྱེ་དྲུག་པ་ལ་སྦྱོར་རྒྱུའི་གི་སོགས་ལྔ་པོ་དེ༷་དག་ཉི༷ད་ལ༷་རྗེས་འཇུག་བཅུ༷་བ༷་ས་ཡིག་སྦྱར་བ་ནི་རྣམ་དབྱེ་གསུམ་པ་བྱེ༷ད་པ༷་པོ༷འི་སྒྲ་རུ༷་ཤེ༷ས་པ༷ར་བྱ༷འོ། །ནི་སྒྲ་ནི་ཚིག་གི་ཁ་སྐོང་ངོ་།། རྣམ་དབྱེ་གསུམ་པ་བྱེད་པའི་གོ་དོན་ནི། བྱེད་པ་པོ་གང་ཡང་རུང་བས་བྱ་བ་ཞིག་བྱས་པའམ། བྱེད་པའམ་བྱེད་པར་འགྱུར་བ་སྟོན་ཏེ། དཔེར་ན། ཁྱོད་ཀྱི༷ས་གང་གསུངས་བདག་གི༷ས་རྣ་བས་ཉན།། ལེགས་བཤད་སྒྲོན་མེ༷ས་མ་རིག་མུན་པ་སེལ།། གཞན་གྱི༷ས་བཤད་ཚད་ཡང་དག་ཆ་མ་འཚལ།། རབ་གསལ་བློ་ཡི༷ས་ལན་བརྒྱར་བརྟག་དཔྱད་གཅེས།། ཞེས་པ་ལྟ་བུའོ།། འདིར་བཀོད་པའི་དཔེར་བརྗོད་དུ་བདག་དང་རྣ་བ་གཉིས་ཀ་ལ་བྱེད་སྒྲ་སྦྱར་བ་ནི་སྔ་མ་བྱེད་པ་གཙོ་བོ་དང་ཕྱི་མ་བྱེད་པ་ཕལ་བ་ཞེས་མིང་འདོགས་པར་བྱེད་དོ། །སྒྲོན་མེས་མུན་པ་སེལ། ཞེས་པའི་བྱེད་སྒྲ་དེ་འབྱུང་ཚུལ་ཇི་ལྟར་ཡིན་ཞེ་ན། འདི་ནི་སི་ཏུས་བཤད་པ་ལྟར། ཆོས་རྒྱལ་མེས་དབོན་དུས་ཀྱི་རྡོ་རིང་རྣམས་སུ་འ་མཐར་འིས་ཞེས་འབྱུང་བ་ལྟར་དུ་སྔོན་གྱི་འབྲི་སྟངས་ལྟར་ན་མེའའིས། ཞེས་པའམ། མེའིས་ཞེས་པ་ཅི་རིགས་ཐོབ་ཀྱང་། ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པའི་ཤུགས་ཀྱིས་འིས་ཞེས་པའི་འི་ཡང་བསྡུས་ནས་ས་གཅིག་པུ་ལས་མི་མཐོང་བར་ཟད་ཀྱི་ཐོབ་ཐང་ལ་ནི་མེད་པ་མ་ཡིན་ནོ།། ཡང་། ག་ཟླུམ་གྱིས་ཞེས་པའི་ཡི་གེ་ཡིན་ཚད་རྣམ་དབྱེ་གསུམ་པར་འདོད་མི་རུང་སྟེ། རྟགས་འཇུག་སྐབས་ལས་འབྱུང་བའི་བགྱི་བྱ་བགྱིད་བྱེད་བགྱིས་གྱིས་ཤིག ཅེས་པའི་སྐུལ་ཚིག་ལ། དཔེར་ན། ཁྲུས་གྱིས། འགྲོ་གྲབས་གྱིས། བག་ཡོད་གྱིས། ཞེས་པ་རྣམས་ནི་ཐོབ་ཐང་ལ་མི་ལྟ་བའི་སྐུལ་ཚིག་ཡིན་ནོ།། བཅུ་གཉིས་པ། ཚིག་རྒྱན་དང་སྡུད་པ། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།། ཀ དངོས་ཀྱི་དོན། གོང་དུ་བཤད་པའི་འབྲེལ་སྒྲ་ལས་ཀ་ཡེད་ཀྱི་དང་འི་དང་། ཤུགས་ལ་བསྟན་པའི་ཡི་གསུམ་གྱི་ཨཱ༷་ལི༷་སྟེ་གི་གུ་ཕྱི༷ས་ན༷ས་རྗེས་འཇུག་གཉི༷ས་པ༷་ང་སྦྱར་བས་ཀྱང་འང་ཡང་གསུམ་གྲུབ་པ་དེ་ནི་མཐུན་པ་དང་མི་མཐུན་པའི་ཚི༷ག་རྒྱ༷ན་གཉི༷ས་ད༷ང་། སྡུ༷ད་པ༷་རྣམས་སུ་འགྱུ༷ར་རོ། །རིམ་པར་དཔེར་བརྗོད་པ་ལ། གཟུགས་ཀྱང་མཛེས་ལ་འགྲོས་ཀྱང་ལེགས།། བང་ཡང་མྱུར་ལ་ཤ་ཡང་རྒྱས།། གོང་ཡང་མཐོ་སྟེ་འོས་ཀྱང་འོས།། ཞེས་པ་ལྟ་བུ་ནི་གཞི་གཅིག་གི་སྟེང་མཐུན་པའི་ཆོས་གཉིས་སྡུད་ཅིང་། ཚིག་མཛེས་པར་བྱེད་པའོ།། སེར་སྣ་ཆེ་ཡང་གཉེན་ལ་སྟེར།། མཛའ་གྲོགས་ཟེར་ཀྱང་ལྐོག་ནས་སླུ།། ཁ་བཤད་འཇམ་ཡང་ཁོག་པ་རྩུབ།། ཅེས་པ་ལྟ་བུ་ནི་གཞི་གཅིག་གི་སྟེང་མི་མཐུན་པའི་ཆོས་གཉིས་སྡུད་ཅིང་། ཚིག་མཛེས་པར་བྱེད་པའོ།། འདི་ནི་ལུག་ཤའང་ཡིན་ལ་འཚོ་བཅུད་ཀྱང་བཟང་ངོ་།། ཟོས་ན་ཡང་འདོད་དེ་ཁོག་པ་ལའང་འཕྲོད་དོ།། གདུས་ཀྱང་གདུས་ཏེ་ནུར་ཡང་ནུར་རོ།། ཞེས་པ་ལྟ་བུ་ནི་ཁྱད་གཞི་དང་ཁྱད་ཆོས་སམ། རྒྱུ་དང་འབྲས་བུའམ་ཡོན་ཏན་དང་ཡོན་ཏན་ཅན་སོགས་ཚིག་གོང་འོག་གཉིས་ཀར་ཕན་ཚུན་སྡུད་པའོ།། གཞན་ཡང་། བསྐྱར་བའམ་བལྡབས་པའི་དོན་ལ། ཡང་ནས་ཡང་དུ་དང་། ཡང་དང་ཡང་དུ། སླར་ཡང་། ཞེས་པ་རྣམས་དང་། ཚིག་སྟེགས་ཀྱི་དོན་ལ། དེ་ཡང་ཇི་སྐད་དུ་དང་། སྙིང་བོའི་ཡང་སྙིང་བོ་ལ། ཡང་སྙིང་དང་། ཆེས་ཆེར་དག་པ་ལ། ཡང་དག ཅེས་པ་ལ་སོགས་པ་སྐབས་ཐོབ་ཀྱིས་སྦྱོར་ཤེས་པར་བྱ་སྟེ། འདི་དག་ནི་ཡང་སྒྲའི་ཐོབ་ཚུལ་ཐུན་མོང་མ་ཡིན་པ་ཡིན་གྱི། ཀྱང་འང་སོགས་ལ་སྦྱོར་མི་རིགས་སོ།། སི་ཏུ་རྗེས་འབྲང་དང་བཅས་པས་མཐུན་པའི་ཚིག་རྒྱན་ལ་མཛེས་ཀྱང་མཛེས་ལ་གསལ་ཡང་གསལ་ཞེས་སྒྲ་རྒྱན་ལྟ་བུ་ཤ་སྟག་བཞག་པ་ནི་ཁྱབ་ཆུང་བར་སེམས་ཤིང་། མེར་གེན་མཁན་པོས་ཀྱང་འགོག་པའི་ཁུལ་བྱས་སྣང་ངོ་།། ཁ མཐའ་དཔྱད་པ། པྲ་སྟིས། མོན་པ་འབྲས་ཟའོ། །རྒྱ་གར་བ་ཡང་ཁྲུས་བྱེད་དོ། །ལྟ་བུ་ཁྱད་པར་མི་མཐུན་པ་དེ་གཞི་མི་མཐུན་པ་ལ་སྦྱོར་བ་ལ་སྡུད་ཚིག་སྦྱར་མི་རུང་ངོ་། །ཞེས་གསུངས་པ་ལ་གཙོས་སུམ་འགྲེལ་དུ། དེ་རུང་བའི་མཚན་གཞི་ལ། ལྷ་རྣམས་ཀྱིས་ཁྲུས་བྱེད་དོ། །དྲི་ཟ་རྣམས་ཀྱིས་ཀྱང་གླུ་དབྱངས་ལེན་ནོ། །ཞེས་བཀོད་པ་ལ་དགོས་པ་ཅི་ཡང་མ་བྱུང་སྟེ། དཔེར་བརྗོད་དེ་གཉིས་གང་ཡིན་ཡང་འབྲེལ་མེད་དོན་གཞན་གྱི་ཚིག་ཏུ་གྱུར་པས་གཞི་གཅིག་ལ་ཇི་ལྟར་སྡུད་རུང་སྟེ། ཚིག་གི་སྦྱོར་ཡང་མི་བདེ་བ་མངོན་སུམ་དུ་གྲུབ་པ་དེ་ལྟའོ། །དེའི་ཕྱིར་ལྡེ་ཚ་དགོན་པའི་པར་མ་ཀུན་བཟང་དགོངས་རྒྱན་དུ། མོན་པ་འབྲས་ཟའོ། །རྒྱ་གར་བ་ཁྲུས་བྱེད་དོ། །ཞེས་པའི་བར་གྱི་ཡང་སྒྲ་ཆད་པ་ནི་ཞུས་དག་པའི་བློ་ངོར་ཚིག་སྦྱོར་མ་བདེ་བར་བསམ་བཞིན་བླངས་པ་ཡིན་འདྲ་ཡང་། ཡང་སྒྲ་མ་སྦྱར་ན་སྐབས་ཀྱི་དོན་མི་སྟོན་པས། རྒྱ་གར་བ་ཡང་ཁྲུས་བྱེད་དོ། །ཞེས་ཚིག་མི་བདེ་ཡང་ངེས་ཅན་དུ་སྦྱོར་དགོས་པ་ནི་པྲ་སྟིའི་དགོངས་པ་ཡིན་ཞིང་གཙོས་ཀྱི་འགྲེལ་བར་དྲངས་པ་དེ་དག་གོ ། ཞྭ་ལུ་ལོ་ཆེན་གྱི་སུམ་འགྲེལ་ལས། ཀྱི་དང་འི་དང་ཡི་རྣམས་ཀྱི་ཨཱ་ལི་སྟེ་དབྱངས་དང་ཨི་ཡིག་ཕྱིས་ནས། ཀྱ། འ། ཡ། ཞེས་པར་སོང་། ཞེས་གསུངས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཀྱི་ཡིག་སོགས་ཀྱི་དབྱངས་དང་ཨི་ཡིག་ཕྱིས་པ་ན། ཀྱ་ཡིག་སོགས་སྲོག་མེད་དུ་འགྱུར་བ་ནི་བཟློག་ཏུ་མེད་པའི་ཐ་སྙད་ཡིན་པས་བོད་ཡིག་ལ་དེ་འདྲའི་ཐ་སྙད་སྦྱོར་མི་རུང་ངོ་། །དེ་ནི་ལེགས་སྦྱར་གྱི་ཐ་སྙད་ལ་ཧ་ཅང་བྱང་ཐལ་ཆེ་བའི་འཇིག་རྟེན་མིག་གི་ཡོན་ཏན་ལས་སྐྱོན་དུ་བརྩི་བར་མི་རིགས་སོ། །འདི་འདྲ་བ་སུམ་འགྲེལ་དེའི་མགོ་མཇུག་རྣམས་སུ་མང་དུ་སྣང་ངོ་།། གསེར་ཏོག་སུམ་འགྲེལ་དུ། མཐུན་པའི་ཚིག་རྒྱན་གྱི་དཔེ་ལ། མིག་ཀྱང་གསལ་ལ་རྣོ། ཞེས་བཀོད་པ་ལྟར་ན། དེའི་ཟླ་ལ་སྐྲ་ཡང་གནག་ལ་སྟུག ཅེས་པ་ལྟ་བུ་འདྲེན་པའི་ཚིག་གི་བཟོ་ལྟ་སྟོན་པ་ཙམ་ལས་ཚིག་རྒྱན་གྱི་ཡོན་ཏན་འདིའོ་ཞེས་ངོས་འཛིན་རྒྱུ་མི་སྣང་ངོ་། །དེ་བཞིན་དུ་རི་རབ་ཀྱང་མཐོ་ལ་ལྷུན་ཆགས། ཞེས་སོགས་ཀྱང་དེ་འདྲར་སྣང་ངོ་། །ཉི་མ་ཤར་ཡང་མུན་ནག་གདའ། ཞེས་པའི་དཔེར་བརྗོད་ལའང་དཔྱད་དགོས་ཏེ། མི་མཐུན་པའི་ཚིག་རྒྱན་ཞེས་པ་གཞི་གཅིག་ལ་མི་མཐུན་པའི་ཆོས་གཉིས་ཚང་བ་ཞིག་དགོས་པར་མཁས་པ་རྣམས་ཞལ་མཚུངས་ལ། འདི་ལྟར་ན་གཞི་གཅིག་ལ་སྣང་མུན་གཉིས་འདུ་མི་རུང་བར་འགྱུར་ཏེ། ཉི་མ་ཤར་བའི་གཞི་དེར་མུན་ནག་གནས་མི་ཐུབ་པ་ནི་སུ་ལ་ཡང་བརྡ་སྤྲོད་མི་དགོས་སོ།། བཅུ་གསུམ་པ། ལྷག་བཅས། ལ་དོན་སུ་ལ་ཨུ་ཕྱིས་ནས།། དེ་ལ་གསུམ་པའི་དང་པོ་སྦྱར།། དེ་ལ་ཨཱ་ལི་གསུམ་པ་སྦྱར།། དེ་ནི་ལྷག་མ་དང་བཅས་པའོ།། ཀ དངོས་ཀྱི་དོན། གོང་དུ་བཤད་པའི་ལ༷་དོ༷ན་གྱི་ནང་གི་སུ༷་ཡིག་ལ༷་སྟེ་དེའི་དབྱངས་ཨུ༷འི་མིང་ཅན་གྱི་ཞབས་ཀྱུ་ཕྱི༷ས་ནས༷་དེ༷་ལ༷་སྡེ་བ་གསུ༷མ་པའི་ད༷ང་པོ༷་ཏ་སྟིའམ་ཏ་སྒུར་སྦྱར་བར་བྱས་པ་དེ་ལ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས་སྟེ་ཞེས་གྲུབ་པ༷་དེ༷་ནི༷་ལྷ༷ག་མ་ད༷ང་བཅ༷ས་པ༷་སྟོན་པའི་སྒྲའོ།། སུམ་ཅུ་བའི་གཞུང་ལས་སྟེ་ཡིག་དངོས་སུ་བསྟན་པའི་ཤུགས་ལ། དེ་ཏེ་གཉིས་ཀྱང་ལྷག་བཅས་སུ་འཇུག་པ་སྟོན་ཏེ། ཡི་གེ་རྣམས་ཟུར་ཕྱིན་པར་ཀློག་པའི་གདངས་དང་བརྗོད་བདེའི་དབང་དུ་བཏང་ནས་རྗེས་འཇུག་བཅུ་བོའི་རྗེས་སུ་ཐོབ་ཐང་ལྟར་སྦྱོར་དགོས་སོ། །དཔེར་བརྗོད་མཚོན་ཙམ་ནི་འདི་ལྟར། འདི་ན་ཡོད་དེ་བསྟན་ཏེ་བཅུག་སྟེ་བཞག ། གཅིག་མིན་མང་སྟེ་བཀབ་སྟེ་བསལ་ཏེ་བསྐུངས།། བསྣུར་ཏེ་གཤགས་ཏེ་ས་ལ་འཕེན་འདོད་པར།། སྙམ་སྟེ་རེ་ཞིག་དགའ་སྟེ་སྤྲོ་སྟེ་བརྗེད།། ཅེས་པ་ལྟ་བུའོ།། གཞན་ཡང་། སྨྲ་སྒོ་མཚོན་ཆ་ལས་མཚམས་སྦྱོར་བའི་ལྷག་བཅས་དང་། དམ་བཅའ་བའི་ལྷག་བཅས། གཞན་འདྲེན་པའི་ལྷག་བཅས་སོགས་བཤད་པའི་དཔེར་བརྗོད་རྣམས་གཞུང་གཞན་ལས་བླང་བར་བྱའོ།། ཁ མཐའ་དཔྱད་པ། མེར་གེན་མཁན་པོ་ན་རེ། ལྷག་བཅས་ཀྱི་སྟེ་ཞེས་པའི་ས་མགོ་ནི་ཡང་འཇུག་གི་དོན་ཡིན་པས། ག་ང་བ་མ་འ་རྣམས་ཀྱི་མཐར་སའི་ཡང་འཇུག་ཐོབ་རུང་བས་ན། སྟེ་ཞེས་སྦྱོར་བ་དང་། ན་ར་ལ་གསུམ་གྱི་མཐར་ད་དྲག་ཐོབ་པའི་དབང་གིས། ཏེ་རྐྱང་སྦྱོར་བ་དང་། ད་ས་གཉིས་ལ་ཡང་འཇུག་མི་འཐོབ་པས་སྒྲ་མཐུན་དེ་དང་ཏེ་སྦྱར་བ་ཡིན་ནོ། །ཞེས་དང་། འ་མཐར་ཡང་འཇུག་ས་ཐོབ་ཚུལ་ནི། སྐུའས་གྱིའས་སོགས་སུ་འབྲི་དགོས་པ་ལ། ཡི་གེ་བ་བླུན་པོས་མ་བྲིས་པའམ། ལོ་ཙཱ་བས་བསྡུས་པ་ཡིན་སྲིད། སོགས་སྔར་མེད་གསར་བཤད་དུ་མ་བྱས་སྣང་ངོ་། །ཐོན་མིས། ལྷག་བཅས་ཀྱི་སྟེ་ནི་ལ་དོན་གྱི་སུ་ཡིག་གི་ཨུ་ཕྱིས་ནས་སྒྲུབ་པར་གསུངས་ཀྱི། སུམ་རྟགས་ཀྱི་དངོས་བསྟན་དུ་མ་བྱུང་བའི་སའི་ཡང་འཇུག་ལས་སྒྲུབ་པར་མ་གསུངས་པའི་ཕྱིར་ན་ཐོན་མིའི་དགོངས་པ་ལས་ཆེས་ཆེར་རིང་དུ་བརྒལ་བར་གྱུར་ཏོ། །དེ་བས་ན་འགོག་བྱེད་ཀྱི་ཚིག་གི་སྤྲོས་པ་མ་བྱས་སོ།། བཅུ་བཞི་བ། འབྱེད་སྡུད། རྗེས་འཇུག་ཡི་གེ་བཅུ་པོ་ལ།། དྲུག་པ་སྦྱར་ན་འབྱེད་སྡུད་ཡིན།། ཀ དངོས་ཀྱི་དོན། གོང་སྨོས་རྗེ༷ས་འཇུ༷ག་གི་ཡི༷་གེ༷་བཅུ༷་པོ༷་སོ་སོ་ལ༷། རྗེས་འཇུག་གི་དྲུ༷ག་པ༷་མ་ཡིག་སྦྱ༷ར་བ་ན༷་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་སྟེ་བཅུ། ཤུགས་ལ་ཐོབ་པ་ད་དྲག་གི་དབང་གིས་ཏམ་བཅས་བཅུ་གཅིག་ཡོད་པ་དེ་ནི་དོན་སོ་སོར་འབྱེ༷ད་པ་དང་སྡུ༷ད་པ་ལ་འཇུག་པའི་ཚིག་གི་ཕྲད་ཡི༷ན་ནོ།། དེ་ཡང་འབྱེད་པ་ཞེས་པ་དབྱེ་བའི་གཞི་གཅིག་ལས། རྣམ་གྲངས་ཐ་དད་པ་མང་བོར་འབྱེད་པ་སྟེ། དཔེར་ན། གཟའ་ནི་བདུན་ཏེ། ཉི་མའམ། ཟླ་བའམ། མིག་དམར་རམ། ལྷག་པའམ། ཕུར་བུའམ། པ་སངས་སམ། སྤེན་པའོ། །ལྟ་བུ་དང་། སྡུད་པ་ཞེས་པ་དེ་ལས་ལྡོག་སྟེ་རྣམ་གྲངས་དུ་མ་དེ་དབྱེ་གཞི་གཅིག་ཏུ་སྡུད་པ་སྟེ། དཔེར་ན། གདུགས་སམ། ཉའམ། བུམ་པའམ། པདྨའམ། དུང་དཀར་རམ། དཔལ་བེའུའམ། རྒྱལ་མཚན་ནམ། འཁོར་ལོ་ནི་བཀྲ་ཤིས་པའི་རྟགས་སམ་མཚན་མ་བརྒྱད་དོ། །ཞེས་པ་ལྟ་བུའོ།། གཞན་ཡང་ཉིན་མོའམ་མཚན་མོ་དང་། ཤར་ན་ཡོད་དམ་ནུབ་ན་ཡོད། ཅེས་པ་ལྟ་བུ་ནི་དྲི་བའི་སྒོ་ནས་རྣམ་གྲངས་གཞན་དང་འབྱེད་པ་དང་། འོ་མ་འཐུང་ངམ། ཞོ་འཐུང་། ཞེས་པ་ལྟ་བུ་ནི་གདམ་ངའི་སྒོ་ནས་འབྱེད་པ་དང་། འདིའམ་གཞན་དག་ཀྱང་རུང་སྟེ་འདི་ཀུན་ཁྱོད་ལ་དབང་། ཞེས་པ་ལྟ་བུའང་སྡུད་པའི་བྱེ་བྲག་ཅིག་ཡིན་ནོ།། ཁ མཐའ་དཔྱད་པ། ཨ་ལ་ཤའི་སུམ་འགྲེལ་དུ། རྗེས་འཇུག་ཡི་གེ་བཅུ་པོ་ལ་མ་ཡིག་སྦྱར་བ་ཉིད་སྤྱིར་བཏང་དང་། ད་དྲག་ཅན་རྣམས་ཀྱི་མཐར་ཏམ་ཐོབ་པ་ནི་དམིགས་བསལ་ཏོ། །ཞེས་སྐབས་འདིར་སྤྱིར་བཏང་དམིགས་བསལ་གྱི་བརྡ་སྦྱར་བ་ནི་འཐད་པར་མ་མཐོང་སྟེ། ད་དྲག་གི་མཐར་ཏམ་གཅིག་པུར་མ་ཟད། སླར་བསྡུ་དང་། བྱེད་འབྲེལ། ཚིག་རྒྱན་གང་གི་སྐབས་སུ་ཡང་ད་དྲག་གི་མཐར་ཏོ་དང་། ཀྱི། ཀྱིས། ཀྱང་སོགས་སྦྱོར་བ་ནི་ཤུགས་བསྟན་ལས་བྱུང་བའི་ད་དྲག་གི་དབང་གིས་ཡིན་པ་ལས་དེ་ལ་དམིགས་ཀྱིས་བསལ་བའི་དོན་ཅི་ཡང་མེད་དོ། །དེ་ལྟ་མ་ཡིན་ན་ག་ང་གཉིས་ཀྱི་མཐར་གི་ཐོབ་པ་ཡང་དམིགས་བསལ་ཡིན་ཞེས་ཁས་བླངས་ན་ཅིར་ཡང་བྱར་མེད་དོ།། སྤྱིར་བཏང་དང་དམིགས་བསལ་ཞེས་པ་ནི། དཔེར་ན། དབྱངས་ཅན་སྒྲ་མདོར། ཨ་མཱི་ལས་མ་ཡིན་ནོ་ཞེས་པའི་སྐབས་སུ། འདི་རྣམས་ཀྱི་སྐད་དོད་ཨ་མཱི་དང་། ཉི་མའི་སྐད་དོད་ཨ་དི་ཏྱ་ལ་སྤྱིར་བཏང་ལྟར་ན་དབྱངས་མཚམས་སྦྱོར་གྱི་དབྱངས་ལ་ཨི་ཡྲའོ་ཞེས་པའི་མཚམས་སྤྱོར་ཐོབ་ན་ཡང་། ཨ་མཱ་ཞེས་པའི་ཕ་རོལ་ཏུ་དབྱངས་ཨ་ཡོད་ཀྱང་མཚམས་མི་སྦྱོར་བར་རང་སོར་བཞག་པ་འདི་འདྲ་ལ་དམིགས་བསལ་ཞེས་ཐ་སྙད་སྦྱོར་བས་ན་སྦྱོར་བཏང་དང་དམིགས་བསལ་གྱི་དོན་ནི་འདི་འདྲའི་སྟེང་ནས་གོ་བ་ལེན་དགོས་སོ།། བཅོ་ལྔ་བ། འབྱུང་ཁུངས། རྗེས་འཇུག་ཡི་གེ་བཅུ་བོ་ཡི།། བཞི་བ་དགུ་བ་ལ་བཅུ་བ།། སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།། དགར་དང་སྡུད་པའང་དེ་བཞིན་ནོ།། ཀ དངོས་ཀྱི་དོན། རྗེ༷ས་འཇུ༷ག་གི་ཡི༷་གེ༷་བཅུ༷་པོ༷་སྟེ་བཅུ་ཕྲག་གཅིག་ཡོད་པ་དེ་ཡི༷་བཞི༷་བ༷་ན་དང་དགུ༷་བ༷་ལ༷་ཡིག་གཉིས་ལ་རྗེས་འཇུག་བཅུ༷་བ༷་ས་ཡིག་སྦྱ༷ར་བ༷ར་བྱས་པ་ནི་རྣམ་དབྱེ་ལྔ་བ་འབྱུ༷ང་ཁུ༷ངས་སྟོན་པའི་སའ༷མ་གནས་ཡི༷ན་ཞིང་། ཏེ༷་ཞེས་པ་ལྷག་མ་འདྲེན་པའི་ཕྲད་དེ། གང་འདྲེན་ན། ནས་ལས་གཉིས་དག༷ར་བ་ད༷ང་སྡུ༷ད་པ༷་ལའ༷ང་འབྱུང་ཁུངས་ལ་ཇི་ལྟར་འཇུག་པ་དེ༷་བཞི༷ན་དུ་འཇུག་པ་ཡིན་ནོ༷། །ཞེས་སོ།། འབྱུང་ཁུངས་ཞེས་པའི་དོན་ནི་དངོས་པོ་གང་ཞིག་གང་ལས་བྱུང་བའམ། གང་ཞིག་གང་ལས་བྲལ་ཏེ་བྱེ་བའམ་གང་ཞིག་གང་ལས་ལྷུང་བའམ། གང་ཞིག་གང་ལས་བབས་པ་ལྟ་བུ་སྟོན་པའི་སླད་དུ་ནས་ལས་གཉིས་ཀྱི་ཚིག་ཕྲད་སྦྱར་བས་དོན་དེ་འགྲུབ་པ་ཞིག་ལ་ཟེར། དཔེར་ན། མཁས་པའི་ངག་ལས་ལེགས་བཤད་ལེན།། དཔག་བསམ་ཤིང་ལས་འབྲས་བུ་འཐོག ། ཅེས་དང་། བྲག་ཁ་ནས་ལྷུང་། བར་སྣང་ནས་བབས། ཞེས་པ་ལྟ་བུས་མཚོན་ནོ།། དགར་བ་ནི་རིགས་དང་བྱ་བ་ཡོན་ཏན་རྫས་བཞི་ཅི་རིགས་ལས་ཁྱད་པར་དུ་ཕྱེ་ནས་བཀར་བ་སྟོན་པ་ལ་དཔེར་ན། རང་རེའི་མི་རིགས་ཐམས་ཅད་ཀྱི་ནང་ནས་ཤ་མར་འོ་ཞོའི་འཚོ་བ་ལ་དགའ་མཁན་ནི་བོད་དང་སོག་པོ་རྣམས་ཡིན་ནོ་ཞེས་པ་ནི་རིགས་དགར་བ་དང་། བྱ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཡི་གེ་སློབ་པ་གལ་ཆེའོ་ཞེས་པ་ནི་བྱ་བ་དགར་བ་དང་། ཤིང་བལ་དང་བཟོས་བལ་ལས་ལུག་བལ་དྲོད་དང་ལྡན་ནོ་ཞེས་པ་ནི་ཡོན་ཏན་དགར་བ་དང་། ཁང་བཟང་མང་བོ་ལས་གསེར་ཏོག་ཅན་དེ་ནི་དཔེ་མཛོད་ཁང་ཡིན་ནོ་ཞེས་པ་ནི་རྫས་དགར་བའོ།། སྡུད་པ་ནི་ལམ་གྱི་བར་འགྱང་ངམ་གྲངས་ཀྱི་ཚད་དམ་མཐོ་དམའི་ཁྱད་པར་སོགས་སྡུད་པའི་དོན་དུ་ནས་སྒྲ་འཇུག་སྟེ། དཔེར་ན། ཤར་མཐའི་རྒྱ་མཚོའི་འགྲམ་ནས་ནུབ་མཐའི་རྒྱ་མཚོའི་བར། ཞེས་པ་དང་། གཅིག་ནས་དགུ་བཅུ་རྩ་དགུའི་བར། ཞེས་པ་དང་། རྒྱ་མཚོའི་ངོས་ནས་ཟླ་བའི་དཀྱིལ་འཁོར་གྱི་བར། ཞེས་པ་ལྟ་བུས་མཚོན་ནོ།། གཞན་ཡང་། ནས་སྒྲ་མཚམས་སྦྱོར་གྱི་ཚིག་ཕྲད་ལ་འཇུག་པ་དཔེར་ན། གྲེ་བ་བསངས་ནས་གླུ་དབྱངས་ལེན།། མིག་གཉིས་ཕྱེ་ནས་གར་ལ་ལྟ།། ཞེས་དང་། ལས་སྒྲ་འབྱུང་ཁུངས་དང་ཕྱོགས་འདྲ་བར་འཇུག་པ་དཔེར་ན། ས་བོན་ལས་མྱུ་གུ། འོ་མ་ལས་ཞོ། ཞེས་པ་ལྟ་བུ་དང་། ལས་སྒྲ་འབྱུང་ཁུངས་ཀྱི་ཕྱོགས་གཏོགས་རྒྱུ་མཚན་ལ་འཇུག་པ། དཔེར་ན། དུ་བ་ལས་མེར་ཤེས། ཆུ་བྱ་ལས་ཆུར་ཤེས། མི་དེའི་སྤྱོད་ལམ་ལས་མི་དེའི་མཆོག་དམན་ཤེས། ཞེས་པ་ལྟ་བུའོ།། འབྱུང་ཁུངས་དངོས་དང་ཕྱོགས་འདྲའི་ཁྱད་པར་ནི། བཟའ་ཤིང་ལས་ཤིང་ཏོག་བླངས་པ་ལྟ་བུ་ནི་འབྱུང་ཁུངས་བཟའ་ཤིང་དང་ཤིང་ཏོག་དེ་ལས་ལོགས་སུ་ལེན་རྒྱུ་ཡོད་པ་དེ་འདྲ་ནི་འབྱུང་ཁུངས་དངོས་ཡིན་ལ། འོ་མ་ལས་ཞོ་ལྟ་བུ་ནི་འོ་མ་དེ་ཞོའི་ངོ་བོར་གྱུར་ཟིན་པ་ན་ཟུར་དུ་འོ་མ་འདིའོ་ཞེས་སྟོན་རྒྱུ་མེད་པ་དེ་འདྲ་ནི་འབྱུང་ཁུངས་ཕྱོགས་འདྲ་ཞེས་སྨོས་པ་ཡིན་ནོ།། ཁ མཐའ་དཔྱད་པ། རྩ་བའི་དངོས་བསྟན་ལྟར་ན། ལས་སྒྲའང་སྡུད་པ་ལ་འཇུག་དགོས་པས་ན་སྔོན་བྱོན་མཁས་པ་ཚོས་ཐུགས་དཔྱད་མཛད་པའི་མཐར། ལ་སོགས་ཞེས་བྱ་བ་རྩོད་པ་ཅན་གཅིག་པུ་ལས་མ་རྙེད་པ་ལ་མཁས་པ་ལ་ལ་མི་འདོད་བཞིན་དུ་དེའི་རྗེས་སུ་འབྲང་། མཁས་པ་ལ་ལས་དེ་ལ་སྐྱོན་མང་བོ་སྟོན། གསེར་ཏོག་ཚང་གིས་གྲོང་ལས་དགོན་པའི་བར། ཐང་ལས་སྒང་གི་བར། ཞེས་པ་རང་གིས་དཔེར་བརྗོད་དུ་བཀོད་པའི་མཐར་རང་གིས་ཀྱང་ཐུགས་ལ་མ་བབས་པར་རྟོག་དཔྱོད་མཁན་རྣམས་ནས་འདི་ལ་བརྟག་དཔྱད་བྱེད་དགོས་ཞེས་བསླབ་བྱ་གནང་བ་དང་། མེར་གེན་མཁན་པོའི་སུམ་འགྲེལ་ལས། འགའ་ཞིག་གིས་ལས་སྒྲ་སྡུད་པ་ལ་འཇུག་པ་ཡོད་ན། ལྷ་ཧ་ལས་པ། མི་ཡིད་ཆེས་པ། འདྲེ་ཁོ་ཐག་ཆོད་པའི་དཔེར་བརྗོད་ཅིག་འཇོག་དགོས་ཟེར། ཞེས་དང་། རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱི་སུམ་འགྲེལ་དུ་ཡང་ལས་སྒྲ་སྡུད་པར་འཇོག་ན་ལྷ་ཡིད་ཆེས་ཤིང་། འདྲེ་ཁོ་ཐག་ཆོད་པའི་ལས་སྒྲས་སྡུད་ཚིག་གི་དཔེ་བརྗོད་ཡོང་བ་ཞིག་མཁས་པ་ཡོད་ན་མཛད་པར་ཞུ། ཞེས་བྲིས་འདུག ཀུན་བཟང་དགོངས་རྒྱན་དུ། སྡུད་པའི་དོན་ལ་ལས་ཐོབ་སྟེ། སྔོན་གྱི་ཡི་གེ་རྙིང་བར། ལས་སོགས་དང་། ལས་སྩོགས། ལསྩོགས། ཞེས་འབྱུང་བས་ན་དེའི་ལ་ཡིག་དང་སྩོགས་ཀྱི་བར་ཚེག་མེད་པ་བྱས་ནས་བཀླགས་པས་སྡུད་པ་ལ་ལས་སྒྲ་ཐོབ་པ་ཤེས་པའི་ཕྱིར་རོ། །ཞེས་གསུངས་པ་འདི་ནི་རིན་ཐང་གཞལ་དུ་མེད་པའི་གསུང་དུ་གོ་དགོས་སོ། །སྤྱིར་སྔོན་གྱི་ཡི་གེ་རྙིང་བ་རྣམས་སུ། དྲི་གསུང་ལ་དྲི་བསྩུང་དང་། རྫོགས་སོ་ལ་རྫོགས་སྷོ་དང་། ལ་སོགས་ལ་ལས་སྩོགས་དང་། ལསྩོགས་སམ་ལ་སྲོགས་ཞེས་འབྱུང་བ་རྣམས་ནི་གདངས་དག་མོ་ཐོན་པའི་ཆེད་དུ་ཧ་དང་ཙ་སོགས་འོག་ཏུ་བཏགས་པར་གསལ་ལ། སྐད་གསར་བཅད་ལན་གསུམ་མཛད་པའི་རྗེས་ནས་དེ་དག་མི་འདོགས་པར་བཀས་བཅད་ན་ཡང་། ཡིག་མཁན་ཚོའི་ལག་བྱང་གི་དབང་གིས་ད་ལྟ་ཡང་དེ་ལྟར་བྲིས་པ་ཡོད་པ་ནི་རྙིང་ཞེས་ཙམ་མོ། །ལྷ་སའི་རྡོ་རིང་དང་ཏུན་ཧོང་ནས་ཐོན་པའི་གནའི་ཡི་གེར། བློན་མདོ་གཞེར་ལས་སྩོགས་པས་བསྡུས་ཏེ། ཞེས་ལས་སྒྲ་སོགས་ཀྱི་གོང་དུ་སྦྱར་བ་འདི་འདྲ་ནི་ཡོད་ངེས་པ་ཡིན་ནོ།། དག་ཡིག་ངག་སྒྲོན་དུ་བཤད་པ་ལྟར་ལ་སོགས་ཀྱི་བར་ཚེག་མི་བྱེད་པ་ནི་ནོར་བ་ཡིན་ཞེས་པ་ལ་ཡང་དགོངས་དག་པའི་ཆ་ཞིག་ཡོད་དེ། ད་ལྟའི་དུས་ན་བྱིས་པ་ལ་ཀློག་སློབ་པའི་ཚེ་དེ་ལ་བར་ཚེག་མེད་པར་ཕྲལ་ཀློག་གི་སྒོ་ནས་ཚེག་འདེད་ཇི་ལྟར་བགྱིད། དེས་ན་ད་ལྟའི་དུས་སུ་ལས་སོགས་དང་ལ་སོགས་ཞེས་པའི་ལས་དང་ལ་ནི་སོགས་ཀྱི་ཚིག་གྲོགས་ཡིན་ཞེས་ཁས་བླངས་ན་འོས་ཏེ། དཔེར་ན། སྒྲ་ཚད་བཟོ་གསོ་དང་བཅས་པ་ལ་བསླབས། ཞེས་པའི་དང་བཅས་ཀྱི་དང་ནི་བཅས་ཀྱི་ཚིག་གྲོགས་ཡིན་པས་དེ་མེད་པར་སྒྲ་ཚད་བཟོ་གསོ་བཅས་ལ་བསླབས། ཞེས་སྦྱར་ན་ཡང་རུང་བ་དང་། བོད་པའི་སྐད་དུ། ལ་ལགས་སོ། །ཞེས་པ་ལྟར་ཨ་མདོ་བས་ལ་མ་བརྗོད་པར་ལགས་སོ་གཅིག་པུས་ཀྱང་གོ་ཆོད་པ་དང་། ཀཱ་ལིའི་ཕྲེང་བསྒྲིགས་རྣམས་སུ། ཨ་དི་ཞེས་པ་སོགས་དང་། ལ་སོགས་གཉིས་ཀའི་སྐད་དོད་དུ་བཞག་པས་ཀྱང་ཤེས་སོ། །ཡིག་ཆ་འགར་ལས་སོགས་ཞེས་བྲིས་པ་ནི་གནའི་འབྲི་སྟངས་ཉིད་ལས་གཞུང་ཆེན་མོ་གང་དུ་ཡང་ད་ལྟ་དེ་འདྲའི་འབྲི་སྟངས་ཀྱི་སྲོལ་ཉམས་པར་གྱུར་ཏོ། །སྐབས་འགར་ལ་ཡོད་ཀྱང་ཆོག་མེད་ཀྱང་ཆོག་པའི་ཚུལ་གཉིས་ཤེས་པར་བྱ་སྟེ། དཔེར་ན། བདག་དང་ཁྱོད་ལ་སོགས་པས་ལྷན་ཅིག་ཏུ་ཇ་འཐུང་། ཞེས་པ་དང་། རྟ་ནོར་སོགས་ཕྱུགས་ཟོག་ཡོད་ཚད་རི་མགོར་དེད་སོང་། ཞེས་ཕལ་སྐད་ཀྱིས་གང་ལྟར་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུའོ། །དེའི་ཕྱིར་ལ་སོགས་ཞེས་པའི་སྐབས་ཀྱི་སྡུད་ཚིག་གི་གཙོ་བོ་ནི་དེང་སང་སོགས་སྒྲ་ཡིན་གྱི་ལ་སྒྲ་མིན་པ་ཤིན་ཏུ་གསལ་ལོ། །དེ་ཡིན་པའི་སྒྲུབ་བྱེད་ནི། གསུང་རབ་རྣམས་སུ། གཞན་གཞུང་ལུང་དྲངས་པའི་མཐར། ཞེས་སོགས་དང་། ཞེས་དང་། ཞེས་སོགས་སོ། །ཞེས་དང་། ཞེས་སོགས་ཀྱིས་དོན་འདི་དང་འདི་བསྟན། ཞེས་འབྱུང་བ་ལྟར་མཚམས་དེར་ལ་སོགས་ཞེས་པ་སྦྱོར་མི་རུང་བ་འདིས་ཤེས་སོ། །དེས་ན་པྲ་སྟིས་ལས་སྒྲ་སྡུད་པ་ལ་འཇུག་པའི་མཚན་གཞིར་ལས་སྩོགས་བཀོད་པ་ནི་མཁས་ཆེན་གྱི་གསུང་ཡིན་པས་མི་འཐད་ཅེས་ཇི་ལྟར་འགོག་རིགས། འོན་ཀྱང་བར་ཚེག་མི་བྱེད་ཅེས་པ་ལ་ཞིབ་ཆ་དགོས་སོ། །གང་ལྟར་ལོ་ཙཱ་བ་རྣམས་ནས་བཀས་བཅད་ཀྱི་ཚེ་ལས་ཀྱི་རྗེས་འཇུག་ས་བསྡུས་ནས་ལ་སོགས་སུ་བཅོས་པ་ཐག་གིས་ཆོད། དེ་ལྟ་ན་ལས་སྒྲ་སྡུད་པ་ལ་འཇུག་ཅེས་པའི་དོན་གཞི་ནས་སྟོར་བའི་སྣང་བ་ཤར་ཏེ་བློ་གསལ་རྣམས་ཀྱིས་དཔྱད་པར་འཚལ། ཡང་། ཏུན་ཧོང་ནས་ཐོན་པའི་གནའ་རབས་ཀྱི་ཡི་གེར། གྲི་གུམ་བཙན་པོའི་ལོ་རྒྱུས་བཤད་སྐབས་འདི་ལྟར་འབྱུང་སྟེ། སྲས་གཉིས་ཀྱང་ཁྱི་དང་ཉ་ཁྱིར་བཏག་སྟེ། རྐོང་ཡུལ་དུ་སྤྱུག་སྟེ་བཀྱེའོ། །ཞེས་པར་ཡང་འཇུག་ས་ཡིག་ལྷག་བཅས་ཀྱི་ཏེའི་མགོར་བྲིས་ཡོད་པ་འདི་ལ་དཔགས་ན། ལསྩོགས་ཞེས་པའང་དེ་དང་འདྲ་བར་ལས་ཀྱི་རྗེས་འཇུག་གི་ས་ཡིག་ཚིག་གྲོགས་སོགས་ཀྱི་མགོར་གཉིས་གོ་གཅིག་ཆོད་ཀྱིས་བྲིས་སམ་སྙམ་པ་ཡང་དབང་མེད་དུ་བློ་ལ་འཆར་ཏེ། པྲ་སྟི་དགེ་བཤེས་རིན་པོ་ཆེ་ལ་ཁུངས་མེད་པ་ནི་གཏན་མ་ཡིན་ནོ།། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་སུམ་འགྲེལ་ལས། ནས་སྒྲ་སྡུད་པ་ལ་འཇུག་ཚུལ་བཤད་པའི་མཐར་འདི་ལ་ལས་ཀྱི་སྒྲ་མི་འཇུག་པར་བཤད། འོན་ཀྱང་དེ་ལ་སོགས་པ་ཞེས་པར། དེ་ལས་སོགས་པ་ཞེས་འབྱུང་བ་ནི་སྡུད་པའི་དོན་ནོ། །ཞེས་བདག་གི་སློབ་དཔོན་བཞེད་དོ། །འཐད་པ་ལྟར་སྣང་ཡང་ངག་སྒྲོན་ལས་དེ་མ་དག་པའི་ཕྱོགས་སུ་བཤད་པས་བརྟག་གོ །ཞེས་བཤད་པ་ནི་དཔྱད་པའི་ཁུལ་བྱས་པ་ཙམ་ལས་གཏིང་ཐག་ཆོད་པའི་དཔྱད་པ་ཞིག་མཛད་མི་སྣང་ངོ་།། ངག་སྒྲོན་ལས་བོད་ཀྱི་དབྱངས་ལ་ལྔ་ཞེས་པ་ནོར་བས་ནི་གཞུང་དེས་བཤད་ཚད་ནོར་དགོས་པ་ཡང་ཧ་ཅང་ཐལ་ལོ།། སི་ཏུས། མཚམས་འདིར། ལསྩོགས་ཞེས་བར་ཚེག་མེད་པ་ཡོད་པས་ཀྱང་ལ་སོགས་ཞེས་ཀློག་པ་མི་འཐད་པར་བསྒྲུབ་མི་ནུས་ཏེ། གསུང་རབ་རྙིང་བ་རྣམས་སུ། རལ་གྱི། མྱེ། མྱི། སྩོགས་སོགས་ཡོད་པས་རལ་གྲི་དང་མེ་དང་མི་དང་སོགས་ལ་སོགས་པ་རྣམས་མ་དག་པར་སྒྲུབ་མི་ནུས་པ་ལྟ་བུའི་ཕྱིར་རོ། །ཞེས་བཀོད་པ་ནི་འདྲེ་ཤར་སྒོ་དང་། གླུད་ནུབ་སྒོའི་དཔེར་གྱུར་སྣང་ངོ་།། ཅིའི་ཕྱིར་ཞེ་ན། རལ་གྱི་དང་། མྱེ་དང་། མྱི་སོགས་དཔེར་བཀོད་པས་ལསྩོགས་ལ་བར་ཚེག་ཡོད་མེད་དང་། ཇི་ལྟར་ཀློག་ཚུལ་ལ་ཕན་པ་སྤུ་ཙམ་ཡང་མ་བྱུང་བའི་ཕྱིར་རོ། །གཞན་ཡང་སི་ཏུའི་གསུང་བབ་ལ་བལྟས་ན། ལསྩོགས་ཞེས་བར་ཚེག་མེད་པ་དེ་ཡིག་སྦྱོར་དག་པའི་ཁུལ་བྱས་ན་ཡང་། སྐད་གསར་བཅད་རྗེས་སུ་དེ་ལ་བར་ཚེག་མི་བྱེད་པ་ནི་ནོར་བར་བྱེད་དགོས་པ་གོང་དུ་བཤད་པ་ལྟར་རོ།། སྐབས་འདིར་རྗེ་བསམ་གཏན་དོན་གྲུབ་ཀྱི་སུམ་འགྲེལ་དུ། སི་ཏུའི་འགྲེལ་ཚུལ་གཞིར་བཞག་ནས་བཤད་པའི་མཐར། ཧ་ཅང་ཞིབ་མོར་དཔྱད་ན་ད་དུང་སྒྲོ་འདོགས་ཀྱི་ཁ་སྤུ་མང་དུ་སྐྱེ་བར་མཐོང་ངོ་། །ཞེས་དང་། ལས་སྒྲ་སྡུད་པ་ལ་འཇུག་པར་བཤད་པ་རྩོད་བཅས་སུ་འདུག་པས་དཔེར་བརྗོད་མ་བགྱིས་སོ། །ཞེས་གསུངས་པ་ལ་བལྟས་ན་སྟག་གི་འཕོང་ལ་ལག་པས་རེག་རྒྱུར་ཐུགས་ཧ་ཅང་ཞེད་པའི་ཉམས་ཐོན་འདུག་གོ ། སྐབས་འདིར་མཁས་པའི་དབང་བོ་བསྟན་དར་ལྷ་རམས་པས། རེ་ཞིག་པྲ་སྟི་རིན་པོ་ཆེའི་གསུང་ལྟར་ཁས་བླངས་ན་རྩ་བ་དང་མཐུན་ཤས་ཆེ། ཞེས་བཤད་པའི་རེ་ཞིག་གི་ནུས་པས་ཅི་སྟོན་གསལ་བར་གསུང་འོས་པ་ལ་མ་གསུངས་པ་ཕངས་སོ།། དེས་ན་ལས་སྒྲ་སྡུད་པ་ལ་འཇུག་མི་འཇུག་གི་རང་ལུགས་ནི་འདི་ལྟར། ཐོན་མིའི་སྐུ་དུས་སུ་ལས་སྒྲ་སྡུད་པར་འཇུག་པ་ནི་སུམ་ཅུ་བའི་རྩ་བ་ལས་དངོས་སུ་བསྟན། ཇི་ལྟར་འཇུག་པའི་ཚུལ་ནི། གོང་དུ་སྨོས་པ་ལྟར་རྡོ་རིང་རྣམས་སུ་ལས་སོགས་ཞེས་འབྱུང་བ་འདི་ག་རང་ཡིན། ལསྩོགས་ཞེས་པ་ནི་སྔོན་གྱི་ཡི་གེའི་འབྲི་སྟངས་ཏེ། སྐུང་ཡིག་གི་ཚུལ་དུ་ལས་ཀྱི་རྗེས་འཇུག་ས་ཡིག་སྩོགས་ཀྱི་ས་མགོས་གོ་ཆོད་པར་བྱས་པའི་ཚུལ་འདི་བློ་ལ་འཇགས་པ་ན། ལ་སྩོགས་ཀྱི་བར་ཚེག་དགོས་མི་དགོས་ཀྱི་རྩོད་པ་རང་ཞིར་སོང་འདུག་གང་ལྟར་བཀས་བཅད་རྣམ་གསུམ་མཛད་པ་ནས་བཟུང་ཕྱི་དར་གྱི་རྗེས་སུ་ལས་སོགས་ཞེས་པ་བསྡུ་པར་འབྲི་བའི་རྒྱུན་རིམ་གྱིས་ཉམས་ནས་ལ་སོགས་སུ་བསྒྱུར། དེའི་ཕྱིར་ཕྱི་དར་རྗེས་ནས་བསྒྱུར་བའི་བཀའ་བསྟན་གྱི་གཞུང་དང་མཁས་པ་སོ་སོའི་བརྩམས་ཆོས་རྣམས་སུའང་ལ་སོགས་ཞེས་པ་མ་གཏོགས་ལས་སོགས་ཞེས་བྲིས་པ་མཐོང་རྒྱུ་མེད་པའི་གནད་ཀ་ནི་དེ་ཡིན་ནོ། །དེས་ན་ལས་སྒྲ་སྡུད་པར་འཇུག་མི་འཇུག་བཤད་པའི་མཚམས་སུ་འགྲེལ་བྱེད་སྔོན་མ་རྣམས་ཀྱིས་གསལ་ཁ་མ་མཛད་པ་དང་། ལ་ལས་སྨྲ་སྒོའི། ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་པ་དམ་དུ་བཟུང་ནས་ལས་སྒྲ་སྡུད་པར་གཏན་མི་འཇུག་པར་འདོད་པ་དང་། ལ་ལས་བཤད་པའི་ཁུལ་བྱས་ཀྱང་དོན་དངོས་ལ་མ་རེག་པའི་སྐོར་ལ་འདིར་ནི་ལྷ་ཧ་ལས་པ་དང་། མི་ཡིད་ཆེས་པ། འདྲེ་ཁོ་ཐག་ཆོད་པའི་ཚུལ་གྱིས་ཕྱིན་ཅི་མ་ལོག་པར་བཤད་ཡོད་པས་བློ་ལྡན་རྣམས་དགྱེས་པར་མཛོད་ཅིག མཁས་པ་ཁ་ཅིག སྐབས་འདིར་དགར་བ་ལ་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་རྣམས་སུ་རིགས་དང་བྱ་བ་ཡོན་ཏན་གསུམ་ལས་རྫས་དགར་བ་མ་བཤད་པ་དང་། རྫས་རྐྱང་དགར་བ་མི་སྲིད། ཅེས་པ་དང་། གཞན་གྱིས་རྫས་དགར་བའི་དཔེར་བརྗོད་ལ། ལྷའི་ནང་ནས་རྡོ་རྗེ་རྩེ་བརྒྱ་འཛིན་པ་ནི་བརྒྱ་བྱིན་ནོ། །ཞེས་བཀོད་པ་རྣམས་ཤིན་ཏུ་མི་འཐད། ཅེས་བཤད་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། སྒྲ་གཞུང་རྣམས་སུ་དགར་བ་བཤད་པའི་སྐབས་རིགས་དང་བྱ་བ་ཡོན་ཏན་གསུམ་ལས་རྫས་དགར་བ་མ་བཤད་པ་ནི་ཐུགས་མད་ཀྱང་། དེ་ནི་དཔེར་བརྗོད་ཀྱི་མཚོན་བྱེད་ཙམ་ལས་རྫས་དགར་བ་མི་འདོད་པ་ག་ལ་ཡིན་ཏེ། སྙན་ངག་མེ་ལོང་ལས། མགྲིན་སྔོན་ལག་ན་ཐོད་པ་ནི།། གནས་པ་ཟླ་བའི་ཅོད་པན་དང་།། སྣུམ་ཞིང་དམར་བའི་རལ་པ་ཅན།། ཁྱུ་མཆོག་རྒྱལ་མཚན་གསལ་བར་གྱུར།། ཅེས་ལྷ་དབང་ཕྱུག་གཞན་ལས་ཁྱད་པར་འབྱེད་བྱེད་མགྲིན་པ་སྔོན་པོ་དང་། དུར་ཁྲོད་ཀྱི་མི་ཐོད་ལག་ན་ཐོགས་པ་དང་། ཟླ་ཕྱེད་ཀྱི་ཅོད་པན་དང་། རལ་བ་དམར་པོ་དང་། ཁྱུ་མཆོག་གི་རྒྱལ་མཚན་ཏེ་དབང་ཕྱུག་གི་རྫས་རྣམས་བགྲངས་ནས་རྫས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་བཞག་ཡོད་པ་འདི་བཞིན་སུམ་ཅུ་བའི་སྐབས་འདིར་ཡང་རྫས་དགར་བའི་དཔེར་བརྗོད་ཤིན་ཏུ་ནས་ཀྱང་འཇོག་འོས་སོ། །དེ་ལྟར་ཡང་སྙན་ངག་མེ་ལོང་ལས། རིགས་དང་བྱ་བ་ཡོན་ཏན་རྫས།། རང་བཞིན་བརྗོད་པ་འདི་འདྲ་ནི།། བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད།། སྙན་ངག་ལ་ཡང་འདི་འདོད་དོ།། ཞེས་པ་ལྟར་རིགས་དང་བྱ་བ་ཡོན་ཏན་རྫས་བཞི་བོ་བརྗོད་བྱར་བྱེད་པ་འདི་སྒྲ་དང་ཚད་མ་སོགས་བསྟན་བཅོས་ཆེན་པོ་ཀུན་ཏུ་རྒྱལ་བོའི་རྒྱལ་སྲིད་དང་འདྲ་བར་ཁྱབ་ཆེ་ཞིང་དབང་བཙན་པ་ཡིན་ན། སུམ་ཅུ་བའི་སྐབས་འདིར་རྫས་གཅིག་པུ་ཡལ་བར་འདོར་དགོས་དོན་ཅི་ལ་ཡོད། ཁྱེད་ཀྱི་དགོངས་པར་རྫས་དེ་དང་དེ་ལྡན་པའི་གང་ཟག་ཅིག་ལ་སྦྱར་ཚེ། ཡང་ན་རིགས་དགར་བ་དང་ཡང་ན་བྱ་བ་དགར་བར་འགྲོ་དོགས་ནས་རྫས་རྐྱང་བ་དགར་བ་མི་སྲིད་ཅེས་གསུངས་པ་ཡིན་ལས་ཆེ། དེ་ལྟར་ན་གོང་གི་དཔེར་བརྗོད་ཁང་བཟང་ལྟ་བུ་ལ་སྦྱར་བས་ནི་དེའི་དོགས་པ་རང་ཡལ་དུ་འགྲོ་བ་གདོན་མི་ཟའོ། །དེས་ན་ཐོག་མར་རིགས་སོགས་བཞི་བོ་དེ་ཅི་ལ་ཟེར་མནོ་བསམ་ཞིབ་མོར་མ་བཏང་བ་མ་ལགས་ཀྱི། ཞིབ་མོར་བཏང་ནས་དཔེར་བརྗོད་བཞག་པ་ལགས་སོ།། བཅུ་དྲུག་པ། རྣམ་དབྱེ་བརྒྱད་པ་བོད་པ། གང་མིང་བརྗོད་པའི་དང་པོ་རུ།། ཀྱེ་སྦྱར་བ་ནི་བོད་པ་ཡིན།། ཀ དངོས་ཀྱི་དོན། གང་ཟ༷ག་གང་ཡང་རུང་བའི་མི༷ང་དང་། ཞེ་ས་ཐོབ་འོས་ཀྱི་མཚན་བརྗོ༷ད་པ༷འི་ཐོག་མའམ་ད༷ང་པོ༷་རུ༷། ཀྱེ༷་ཞེས་སྦྱ༷ར་བ༷་ནི༷་རྣམ་དབྱེ་བརྒྱ༷ད་པ་བོ༷ད་པ་གས༷ལ་བྱེད་ཀྱི་སྒྲ་ཡི༷ན་ནོ། །འདིའི་ཞར་ལ་བསྟན་པའི་བོད་པ་གསལ་བྱེད་ཀྱི་སྒྲ་ཀྭ་ཡེ་དང་། ཝ་ཡེ། ཝེ། ཨེ་སོགས་ཀྱང་ཅི་རིགས་པར་སྦྱར་ཆོག་སྟེ། དཔེར་ན། ཀྱེ་གྲོགས་པོ་དམ་པ། ཀྭ་ཡེ་གཏམ་འདི་ཉོན་དང་། ཝ་ཡེ་ངོ་མཚར་ཆེའོ། །ཞེས་པ་ལྟ་བུ་དང་། ཚིགས་བཅད་ཀྱི་སྡེབ་སྦྱོར་དང་དོ་གལ་ཆེ་བ་ལ་ཀྱེ་ཀྱེ་ཞེས་ཟློས་ཚིག་གི་སྒོ་ནས་ཀྱང་སྦྱར་དུ་རུང་ཞིང་། རྐང་བའི་མཐའ་ལ་ཀྱེ་སྒྲ་སྦྱར་བའང་ཡོད་དོ། །རྩིས་ཟུར་རྒྱ་མཚོའི་སུམ་ཅུ་བའི་སྙིང་པོར། སྐྱེས་པ་ལ་ཝ་ཡེ་དང་། བུད་མེད་ལ་མ་ཡེ་ཞེས་སྦྱོར་བར་ཚ་སྤྲུལ་གྱིས་བཀོད་ཡོད་དོ།། ཁ མཐའ་དཔྱད་པ། ཞྭ་ལུ་ལོ་ཆེན་དང་པྲ་སྟིས། ཀྱེའི་སྒྲ་ནི་རྣམ་དབྱེ་བརྒྱད་པ་བོད་པ་ཡིན་པར་གསུངས་པ་ལ་སི་ཏུ་སོགས་ཀྱིས། རྣམ་དབྱེ་མིང་གི་ཐོག་མར་སྦྱར་བ་ཞིག་མེད་ཅེས་བཀག་པ་ཕལ་ཆེར་དོན་ལ་གནས་ནའང་། འདྲེན་པའི་ཚེ་རྣམ་དབྱེ་བརྒྱད་པ་བོད་པ་ཞེས་བགྲངས་ནས། དཔེར་བརྗོད་ཀྱི་ཚེ་ཀྱེ་སྒྲ་སྦྱར་བ་རྣམ་དབྱེ་བརྒྱད་པ་གསལ་བྱེད་ཀྱི་སྒྲ་ཡིན་ཞེས་སྨྲས་པས་ནི། རྩ་བར། ཀྱེ་སྦྱར་བ་ནི་བོད་པ་ཡིན། །ཞེས་པའི་དངོས་ཟིན་དང་འགལ་བར་མི་འགྱུར་བའི་ཞིབ་ཆ་ད་དུང་འདོན་དགོས་སོ།། ཨ་ལ་ཤ་དང་གསེར་ཏོག་གིས། ཀྭ་དག ཅེས་པའི་དཔེར་བརྗོད་བཞག་པ་ལ། སྤྱིར་ཝ་ཟུར་མེད་པའི་ཀ་དག་ཅེས་པ་ནི་ཀ་ནས་དག་པ་སྟེ་ཡེ་ནས་དག་པ་དང་གདོད་མ་ནས་དག་པའི་དོན་དུ་སུ་ལ་ཡང་རྩོད་པ་མེད་ན་ཡང་དེ་ལ་བོད་པའི་དོན་མི་ཚང་བ་དང་། ཀྭ་དག་ཅེས་ཝ་ཟུར་ཅན་གཞུང་ཚད་ལྡན་རྣམས་སུ་མི་མཐོང་ངོ་། །མ་དག་པའི་བསྡུས་གྲྭ་པར་མ་འགར། ཀ་བ་དང་བུམ་པ། ཞེས་པའི་ཀ་བ་ལ་ཡང་ཝ་ཟུར་བཏགས་པ་ཡོད་དེ། དེ་དག་ནི་མ་དག་པར་ཟད་ཀྱི། གལ་ཏེ་དཔེ་མ་དག་པ་འགར་ཀྭ་དག་ཅེས་པ་ཡོད་ན་ཡང་དེའི་རང་བཞིན་ནོ། །པྲ་སྟིས་ཀྭ་ཡེ་གྲོགས་པོ་དག ཅེས་བཀོད་པའི་ཚིག་བསྡུས་ནས་ཀྭ་དག་ཟེར་བ་ཡིན་ན་ནི་ཆེས་ཆེར་འཁྱམས་པའོ། །འབོད་པའི་ཀྭ་ནི་ཁང་བའི་ཀ་དང་མི་ནོར་བའི་ཆེད་ཝ་ཟུར་བཏགས་པ་དང་། ཀ་དག་གི་དོན་ནི་ཐོག་མ་ནས་སམ་གདོད་མ་ནས་དག་པའི་དོན་གྱིས་ཀ་ནི་ཀཱ་ལིའི་ཐོག་མའི་མིང་ལས་དྲས་པ་སྟེ། འདི་དག་ཀྱང་དཔྱིས་ཕྱིན་པར་ཤེས་ན་ལེགས་སོ།། མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་ན་རེ། བསྟན་པ་སྔ་དར་དུས་སུ་ཡི་གེ་ལ་སྔོན་རྗེས་ཅི་ཙམ་བརྩེགས་ཀྱང་སྒྲ་ཟུར་ཐོན་ཙམ་དུ་མྱུར་བར་འདོན་དགོས་ལ། ཕྱིས་སུ་སྐད་ཀྱི་ཟུར་མི་ཐོན་པ་རྣམས་ཀྱིས་ཀྱེ་ཞེས་པའི་སྒྲའི་ཀ་དང་ཡ་མྱུར་བོར་མི་ཐོན་པས་ཀ་ཡེ་ཞེས་བཀླགས་ནས་བོད་པའི་སྒྲ་བྱུང་བ་ཡིན་ཞེས་བཤད་པ་ནི་ལེགས་བཤད་ལྟ་བུར་སྣང་ངོ་།། གཞན་ཡང་། ཀྱེ་ཞེས་པ་ཡོད་ཚད་བོད་པའི་དོན་མ་ཡིན་ཏེ། ངོ་མཚར་བ་དང་མྱ་ངན་གྱི་བརྡ་སྟོན་པའི་ཀྱེ་མ་དང་། ཀྱེ་ཧུད་སོགས་ནི་བོད་པའི་ཕྱོགས་ནའང་མེད་དོ།། ཡང་། བྲིས་པར་གྱི་དཔེ་ཆ་མང་བོར། བོད་པའི་ཀྱེ་ལ་འགྲེང་བུ་ཉིས་བརྩེགས་ཅན་ཀྱེ་ཞེས་པ་མང་དུ་སྣང་བ་འདི་དག་གམ་མ་དག་ཅེ་ན། ལེགས་སྦྱར་གྱི་ཧེ་བཛྲ་བསྒྱུར་བས་ཀྱེ་རྡོ་རྗེ་ལ་འགྲེང་བུ་ཀེ་ཤ་ཅན་བྱེད་ན་ནི་མ་དག་པར་གསལ་ཏེ། བོད་ཀྱི་དབྱངས་ལ་ཀེ་ཤ་ཅན་འབྲི་སྲོལ་མ་བྱུང་བའི་ཕྱིར་རོ། །བོད་པའི་སྐབས་སུ་ཀྱེ་ཞེས་བྲིས་པ་ནི་སྐབས་འགར་ཀྱེ་ཀྱེ་ཞེས་པ་བསྐུངས་པའི་ཚུལ་གྱིས་དེ་ལྟར་བྲིས་པའང་སྣང་སྟེ་བློ་གྲོས་ཞིབ་མོས་ངེས་དགོས་པའི་གནས་འབའ་ཞིག་གོ ། བཅུ་བདུན། རྗེས་འཇུག་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་གྱི་སྐོར། ནི་སྒྲ་བཤད་པ། གང་མི་མཐའ་དང་མཐུན་པ་ཡི།། བཞི་བ་ལ་ནི་ཨི་སྦྱར་བ།། དགར་དང་བརྣན་པའི་ཚིག་ཏུ་འགྱུར།། ཀ དངོས་ཀྱི་དོན། ག༷ང་ཡང་རུང་བའི་མི༷ང་ཚིག་གི་མཐར་མཐ༷འ་དེ་ད༷ང་མཐུ༷ན་པ༷་སྟེ་འོས་ཤིང་འཚམ་པ་ཡི༷་སྒོ་ནས་རྗེས་འཇུག་བཞི༷་བ༷་ན་ཡིག་ལ༷་ནི༷་སྟེ་ན་ལ་ཨི༷འི་མིང་ཅན་གི་གུ་སྦྱ༷ར་བ༷་ལོགས་སུ་དག༷ར་བ་ད༷ང་། ནན་ཏན་དུ་བརྣ༷ན་པ༷འི་དོན་ལ་འཇུག་པའི་ཚི༷ག་ཏུ༷་འགྱུ༷ར་རོ། །དགར་བ་ལ་མཆོག་ཏུ་དགར་བ། དམན་པར་དགར་བ། ཐ་དད་ཙམ་དུ་དགར་བ། རིགས་མཐུན་པ་ལས་དགར་བ། རིགས་མི་མཐུན་པ་ལས་དགར་བ་སོགས་མང་དུ་ཡོད་པ་ལས། དཔེར་བརྗོད་ན། མི་ཐམས་ཅད་ཀྱི་ནང་ནས་སྣ་ཆེ་བ་ནི་ཡོ་རུབ་གླིང་གི་མི་དཀར་གྱི་རྒྱུད་དག་ཡིན་ནོ། །རྒྱ་མཚོ་ཐམས་ཅད་ཀྱི་ནང་ནས་གཏིང་ཟབ་པ་ནི་ཞི་བདེ་རྒྱ་མཚོ་ནུབ་མའི་མ་ལིས་ཡ་ནའོ། །(སྤྱི་ཁྲེ་ཁྲི་དང་སྟོང་གཉིས་ལྷག)བགྲོད་བྱེད་ཀུན་གྱི་ནང་ནས་འགྲོས་མྱུར་བ་ནི་གནམ་གྲུ་ཡིན་ནོ། །ཞེས་སོགས་ལྟ་བུའོ།། བརྣན་པ་ནི་གཞི་གཅིག་ལ་ནན་ཏན་དུ་དམིགས་འཛིན་པའི་དོན་ཏེ། དཔེར་ན་ལམ་ཆས་ཀྱི་བྱ་བའི་གཞི་གཅིག་པུར་མཚོན་ན། ག་རེ་སྟོད་གོས་དང་སྨད་གོས་ནི་ལེགས་པར་གྱོན། ལག་གདུབ་ཆུ་ཚོད་ནི་མཁྲིག་མར་གྱོན། དོང་ཚེ་འདང་ཚོད་ཅིག་ནི་བཟུང་། ཐག་རིང་མཐོང་བའི་མིག་ཤེལ་ནི་ཐོགས། ཞེས་པ་ལྟ་བུའོ།། ངེས་བཟུང་གི་དོན་ལའང་འཇུག་སྟེ། དཔེར་ན། དཀར་པོ་ནི་རྩ་བའི་ཁ་དོག་བཞིའི་ནང་གི་གཅིག་ཡིན་ནོ། །གླང་ཆེན་ནི་སྐམ་ལ་གནས་པའི་སྲོག་ཆགས་ཀུན་ལས་ལུས་བོངས་ཆེ་ཤོས་ཅན་ནོ། །དགེ་རྒན་དང་ཕ་མ་ལ་བཀུར་བ་ནི་འཇིག་རྟེན་ནའང་སྲོལ་བཟང་པོར་རྩིའོ། །ཞེས་པ་ལྟ་བུའོ།། ཁ མཐའ་དཔྱད་པ། སི་ཏུས། སྐབས་འདིར། སྤང་བར་བྱ་བ་ནི་སྤངས། ཆུབ་པར་བྱ་བ་ནི་ཆུབ། ཅེས་པའི་དཔེར་བརྗོད་བཀོད་པ་ལ་གསེར་ཏོག་གིས། དེ་ནི་ཚིག་རྒྱན་གསལ་བྱེད་ལས་ནན་ཏན་དུ་བརྣན་པའི་དོན་དུ་མི་འགྱུར་ཏེ། འདིར་བསྟན་བརྣན་པ་ནི་བརྗོད་དོན་དུ་མས་ཆོས་གཅིག་ལ་ནན་ཏན་དུ་ངེས་པར་བཟུང་བ་ཞིག་དགོས་ཞེས་བཤད་དོ། །དེ་མི་འཐད་དེ། གསེར་ཏོག་གི་བཞེད་པ་གཞིར་བཞག་ན་ཡང་། སྤང་བར་བྱ་བ་ནི་སྤངས། ཆུབ་པར་བྱ་བ་ནི་ཆུབ། ཅེས་པའི་ངེས་བཟུང་བྱ་སའི་གཞི་ནི་ཐེག་ཆེན་དགྲ་བཅོམ་པ་ཉིད་ཡིན་པས་བརྣན་པའི་དོན་ལས་གཞན་དུ་མི་སེམས་སོ། །ཁྱེད་ལྟར་ན་བརྣན་པའི་དཔེར་བརྗོད་དུ། བསྟུད་མར་ཁྱོད་གསུམ་དང་བདག་གསུམ་ཚང་བ་ཞིག་དགོས་ན་ནི་ཧ་ཅང་འཕྲང་དོག་པའི་ལམ་དུ་ཞུགས་པ་ཉིད་དུ་ཤེས་པར་བྱའོ།། ཡང་གསེར་ཏོག་གིས། ནི་སྒྲ་གཏན་ཚིགས་འདྲེན་པ། ངེས་ཚིག་འདྲེན་པ། དབྱེ་བ་འདྲེན་པ། རྒྱས་བཤད་འདྲེན་པ་སོགས་དབྱེ་སྒོ་དུ་མར་ཕྱེ་བ་ནི་མང་དུ་སྤེལ་བ་ཙམ་སྟེ། བྱ་བརྒྱ་འདེད་པ་ལ་འུར་རྡོ་བརྒྱ་འཕེན་པ་ནི་ངལ་བའི་རྒྱུ་མིན་ནམ། འདི་འདྲ་བ་གོང་འོག་ཀུན་ཏུ་མང་ངོ་།། ཡང་སི་ཏུས། རིགས་རྣམས་ལས་ནི་གདོལ་བའི་རིགས་ཐ་ཆད། མཐིང་ག་ནི་སྔོ་སངས་ལས་གཞན། ལྷ་རྣམས་ལས་གདོང་བཞི་དང་ལྡན་པ་ནི་ཚངས་པ། ཞེས་བཀོད་པ་དང་། པྲ་སྟིས། ཉན་ཐོས་ལས་ནི་སངས་རྒྱས་མཆོག་ཏུ་འཕགས། གསེར་བུམ་ནི་ཟངས་བུམ་ལས་རྒྱུ་བཟང་། ལྷ་ནི་མི་ལས་མཛེས། ཞེས་བཀོད་པ་གཉིས་ལ་མེར་གེན་མཁན་པོ་ན་རེ། དེ་ནི་མ་གོ་བ་ཆེན་པོ་སྟེ། དེ་དག་ནི་ལས་སྒྲ་ཁོ་ནའི་ནུས་པས་བཀར་བའི་ཕྱིར། མ་གྲུབ་ན། དེ་དག་ལ་ལས་སྒྲ་མ་སྦྱར་ན་འབྲེལ་མེད་ཅིང་། ནི་བསུབས་ཚེ་བརྗོད་བདེ་བའི་ཕྱིར་རོ། །ཞེས་བཤད་དེ་བདེན་པ་ལྟར་སྣང་ངོ་།། བརྣན་པ་ཞེས་པ་ལ་ཞྭ་ལུ་ལོ་ཆེན་གྱིས་ས་མགོ་ལྟར་དུ་བསྐྱར་བསྣན་གྱི་འགྲེལ་མཛད་ན་ཡང་། ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ར་མགོ་བྱས་ཏེ་ངེས་བཟུང་གི་དོན་དུ་བཀྲལ་བ་ལྟར་གཟུང་ངོ་།། བཅོ་བརྒྱད་པ། དང་སྒྲ། མིང་གང་རུང་བའི་བར་མཚམས་སུ།། གསུམ་པ་ལ་ནི་གཉིས་པ་སྦྱར།། དེ་ནི་སྡུད་དང་འབྱེད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། ཀ དངོས་ཀྱི་དོན། མི༷ང་དང་ཚིག་ག༷ང་ཡང་རུ༷ང་བ༷འི་བ༷ར་དང་མཚ༷མས་རྣམས་སུ༷་རྗེས་འཇུག་གསུ༷མ་པ༷་ད་སྐྱ་ལ༷་རྗེས་འཇུག་གཉི༷ས་པ༷་ང་ཡིག་སྦྱ༷ར་བས་དང་ཞེས་གྲུབ་པ་དེ༷་ནི༷་ཕྱོགས་གཅིག་ཏུ་སྡུ༷ད་པ་ད༷ང་། སོ་སོར་རམ་ཐ་དད་དུ་འབྱེ༷ད་པ༷་ད༷ང་། རྒྱུ༷་མཚ༷ན་ཏེ་གཏན་ཚིགས་དང་། ཚེ༷་སྐབ༷ས་ཏེ་དུས་དང་། གཞན་ལ་ཕན་པར་སྐུལ་མ་གཏོང བའི་གད༷མས་ང༷ག་སྟེ་དོན་ལྔ༷་ལ་འཇུག་པ༷འོ། །རྐང་བ་གཉིས་པའི་ནི་སྒྲ་ནི་ཁ་སྐོང་བའི་ཕྲད་དོ།། རིམ་བཞིན་དཔེར་བརྗོད་ན། ཛཱ་ཏི་དང་ཅུ་གང་དང་གུར་ཀུམ་དང་ལི་ཤི་དང་སུག་སྨེལ་དང་ཀ་ཀོ་ལ་རྣམས་ནི་བཟང་པོ་དྲུག་གོ །ཞེས་དང་། རྒྱུ་མ་དང་ལོང་ག་དང་ཕོ་བ་དང་གཉེ་མ་དང་ལྒང་བ་དང་མཁྲིས་པ་རྣམས་ནི་སྣོད་དྲུག་གོ །ཞེས་པ་ལྟ་བུ་སྟེ་དབྱེ་བ་ཐ་དད་པ་རྣམས་དབྱེ་གཞི་གཅིག་ཏུ་སྡུད་པ་དང་། བཟང་པོ་དྲུག་ནི། ཏི་སྙིང་གི་བཟང་པོ་དང་། ཅུ་གང་གློ་བའི་བཟང་པོ་དང་། གུར་ཀུམ་མཆིན་པའི་བཟང་པོ་དང་། ལི་ཤི་སྲོག་རྩའི་བཟང་པོ་དང་། སུག་སྨེལ་མཁལ་མའི་བཟང་པོ་དང་། ཀ་ཀོ་ལ་མཚེར་བའི་བཟང་པོ་རྣམས་སོ། །ཞེས་དང་། མདོ་ཁམས་སྒང་དྲུག་ནི། སྤོ་འབོར་སྒང་དང་། ཚ་བ་སྒང་དང་། དམར་ཁམས་སྒང་དང་། ཟལ་མོ་སྒང་དང་། མི་ཉག་རབ་སྒང་དང་། ཤར་སྨད་བླ་སྒང་རྣམས་སོ། །ཞེས་པ་ལྟ་བུ་སྟེ་དབྱེ་གཞི་གཅིག་ལས་རྣམ་གྲངས་དུ་མར་འབྱེད་པ་དང་། (སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ལྔ་བའི་མཆོད་སྡོང་དཀར་ཆག་ཏུ། རྡུལ་རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོར་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་། ཞེས་བརྩིས་ཡོད།) མིག་གིས་མཐོང་བ་དང་ངོ་ཤེས་སོ། །ཞེས་དང་། ཁ་གྲག་པ་དང་དོན་རྟོགས་སོ། །ཞེས་པ་ལྟ་བུ་སྟེ་རྒྱུ་མཚན་ནམ་གཏན་ཚིགས་སྟོན་པ་དང་། སྐྱ་རེངས་ཤར་བ་དང་མལ་ལས་ལྡང་། ཞེས་དང་། རྒས་རྟགས་ཐོན་པ་དང་འཆི་བ་ལ་ཉེ། ཞེས་པ་ལྟ་བུ་སྟེ་དུས་དང་ཚེ་སྐབས་ལ་འཇུག་པ་དང་། ལེགས་པར་སློབས་དང་མཁས་པར་འགྱུར། ཞེས་དང་། རྩལ་སྦྱོང་གྱིས་དང་ལུས་ཟོར་ཡང་། ཞེས་པ་ལྟ་བུ་སྟེ་ཕན་པའི་གདམས་ངག་གམ་བསླབ་བྱ་སྟོན་པ་བཅས་ལ་འཇུག་གོ ། ཁ མཐའ་དཔྱད་པ། སྐབས་འདིར་ཨ་ལ་ཤས། གདམས་ངག་ལ་འཇུག་པ་ནི་སྐུལ་ཚིག་དང་སྒྲ་ཅན་རྣམས་ཡིན་ནོ། །ཞེས་བཤད་པ་ནི་མ་ངེས་ཏེ། གདམས་ངག་ཅེས་པ་ཕ་རོལ་པོ་ལ་ཕན་པའི་ངག་ཡིན་གྱི། སྐུལ་ཚིག་དང་སྒྲ་ཅན་ཡིན་ཚད་གདམས་ངག་ལ་འཇུག་ན། ཟུངས་དང་། ཁྱིགས་དང་། རྡུངས་དང་། གཏུབས་དང་། སོད་དང་ཞེས་སོགས་ཀྱང་དེར་འགྱུར་དགོས་ན་རྩ་བའི་དགོངས་པ་ལས་རིང་དུ་བརྒལ་ཏོ།། པྲ་སྟིས། རྒྱུ་མཚན་དང་ཚེ་སྐབས་ཀྱི་འཇུག་པ་མི་འགལ་བའི་མཚན་གཞི་ལ་དབུ་མ་ཚིག་གསལ་གྱི། འདིར་སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དེའི་ཚེ་ཞེས་པ་ལ་ལམ་རིམ་ཆེན་མོར། དེའི་ཚེ་སྟེ་དེའི་ཕྱིར་ཞེས་པ་ཁུངས་སུ་འདྲེན་ན་ཡང་། རྗེ་ཙོང་ཁ་བ་ཆེན་པོའི་དགོངས་པར། དེའི་ཕྱིར་ཞེས་བསྒྱུར་དགོས་པ་ལ་དེའི་ཚེ་ཞེས་པ་འགྱུར་གྱིས་མ་ཐོན་པའི་གསུང་དུ་གོ་བ་ལེན་དགོས་སམ་སྙམ་མོ། །དེ་བཞིན་དུ་ཨ་ལ་ཤའི་མཁས་པའི་ཁ་རྒྱན་ལས་ཀྱང་། རྩ་ཤེའི་ཊཱིཀ་ཆེན་གྱི་གང་གི་ཚེ་སྟེ་གང་གི་ཕྱིར་ན་ཞེས་པས་གང་གི་ཚེ་ཞེས་པ་རྒྱུ་མཚན་ལ་འཇུག་པར་བཤད་པའང་དེ་དང་འདྲའོ་སྙམ་མོ།། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ལས། ཕ་རོལ་པོའི་འདོད་པ་འགོད་པའི་སྐབས་སུ། རྒྱུ་མཚན་ཚེ་སྐབས་གདམ་ལྔའོ། །ཞེས་རྩ་བའི་ཚིག་ལ་འདི་ལྟར་འདོད་མཁན་ཡང་ཡོད་པར་གསུངས་ཏེ་མི་འཐད་པའི་ཚུལ་ནི་དགག་ལན་དེར་གསལ་བས་འདིར་མ་སྨོས་སོ།། སྐབས་འདིར་མེར་གེན་མཁན་པོས་བཀོད་པའི་དཔེར་བརྗོད་ལ་འཁྲུལ་བ་ཤིན་ཏུ་མང་ཡང་དཔྱད་པ་བྱས་ན་ནི་སྣག་ཤོག་གྲོན་པའི་རྒྱུ་རུ་ཟད་དོ།། བཅུ་དགུ་བ། དེ་སྒྲ། གང་མིང་གི་ནི་ཡ་མཐའ་རུ།། གསུམ་པ་ལ་ནི་ཨེ་སྦྱར་བ།། ཐ་སྙད་དབང་དུ་གསུམ་ཡིན་ཏེ།། དངོས་པོའི་དབང་དུ་བཞི་རུ་འགྱུར།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།། ཀ དངོས་ཀྱི་དོན། ག༷ང་ཡང་རུང་བའི་མི༷ང་གི༷་ཡ༷་མཐ༷འ་རུ༷་རྗེས་འཇུག་གསུ༷མ་པ༷་ད་ལ༷་ཨེ༷་སྟེ་འགྲེང་བུ་སྦྱ༷ར་བ༷ས་དེ་ཞེས་གྲུབ་པ་ནི། ཐ༷་སྙ༷ད་ཀྱི་དབ༷ང་དུ༷་བྱས་ན་རྣམ་གྲངས་གཞན་ལ་སྦྱོར་བ་དང་། ལྷག་བཅས་དང་། དུས་འདས་པ་སྟེ་གསུ༷མ་ལ་འཇུག་པ་ཡི༷ན་ཞིང་། དངོ༷ས་པོ༷འི་དབ༷ང་དུ༷་བྱས་ན་བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པོའི་དངོས་པོ་སྟེ་བཞི༷་ལ༷་དུས་གསུམ་གར་འཇུག་པར་འགྱུ༷ར་པ་གཉི༷ས་ལ་འཇུག་པ་ཡི༷ན་ནོ༷། །ནི་གཉིས་དང་ཏེ་ནི་ཚིག་གི་ཁ་སྐོང་བའི་ཕྲད་དོ། །མིང་གི་ཡ་མཐའ་གསུངས་པ་ནི་གཙོ་ཆེ་བ་ལ་དགོངས་ཀྱི། དེ་མ་ཡིན་པ་ལའང་སྦྱོར་བའི་སྐབས་མང་དུ་ཡོད་དོ།། མིང་ཚིག་གི་ཐ་སྙད་ལ་གཙོ་བོར་འཇུག་པའི་སྒོ་ནས་བཞག་པའི་ཐ་སྙད་ཀྱི་དབང་དུ་བྱས་པ་ནི། སྨྲ་སྒོ་མཚོན་ཆ་ལས། དེ་ཞེས་བྱ་བའི་ཚིག་གི་དོན།། ཐ་སྙད་དངོས་དང་དུས་འཇུག་གསུམ།། འདས་དང་རྣམ་གྲངས་གཞན་ཅན་དང་།། ལྷག་མ་དག་དང་བཅས་པ་འོ།། ཞེས་པ་ལྟར་སོ་སོའི་དཔེར་བརྗོད་ལ། འདས་པའི་ཐ་སྙད་ཅེས་པ་ནི་སྐབས་ཐོག་དེར་འཆད་བཞིན་པའི་སྔོན་དེ་མ་ཐག་སོང་ཟིན་པའི་མིང་ཚིག་གི་ཐ་སྙད་དེ། དཔེར་ན་མདུན་གྱི་ཁང་བརྩེགས་འདི་ཧ་ཅང་མཐོའོ། །ཞེས་པའི་རྗེས་སུ། དེ་བརྟན་ཅིང་བརྗིད་ཆགས་སོ། །དེ་གནམ་ལ་ཟུག་པ་འདྲའོ། །དེ་ལྟ་བས་མི་ངོམས་པ་ཞིག་ཡིན་ནོ། །ཞེས་པ་ལྟ་བུ་སྟེ། ཕྱི་མ་རྣམས་ཀྱི་སྐབས་སུ་ཁང་བརྩེགས་ཞེས་མ་སྨོས་ཀྱང་དེ་སྒྲས་འདས་མ་ཐག་པའི་ཁང་བརྩེགས་དེ་གོ་ཐུབ་པ་བཞིན་ནོ།། རྣམ་གྲངས་གཞན་བརྗོད་པ་ཞེས་པ་ནི། བརྗོད་པར་བྱ་རྒྱུའི་རང་མིང་དངོས་སུ་མ་སྨོས་པར་སྤྱི་ལ་ཁྱབ་པའི་སྒྲ་ཞིག་བརྗོད་ནས། ཕྱིས་སུ་དེ་སྒྲ་ལན་འགའ་བརྩེགས་ནས་རྣམ་གྲངས་ཀྱི་དབྱེ་བ་སྟོན་པ་ཞིག་ལ་ཟེར་ཏེ། དཔེར་ན། སྲ་ཞིང་འཐས་པ་གང་ཡིན་པ་དེ་དང་དེ་ནི་ས་ཡིན་ནོ། །རླན་ཞིང་གཤེར་བ་གང་ཡིན་པ་དེ་དང་དེ་ནི་ཆུ་ཡིན་ནོ། །ཞེས་དང་། འདི་ནི་ས་གཞི་སྟེ། ནོར་འཛིན་ཟེར་བ་ཡང་དེ་ཡིན། རྒྱ་མཚོའི་གོས་ཅན་ཞེས་པ་ཡང་དེ་ཡིན། བརྟན་པ་སྣོད་ཀྱི་འཇིག་རྟེན་ཞེས་པ་ཡང་དེ་ཡིན་ནོ། །ཞེས་པ་ལྟ་བུ་སྟེ་རྣམ་གྲངས་ཀྱི་དབྱེ་སྒོ་མི་འདྲ་བ་དུ་མ་སྟོན་ཅིང་གསལ་བར་བྱེད་དོ།། ལྷག་བཅས་ལ་འཇུག་ཚུལ་ནི་གོང་དུ་བཤད་པ་དང་འདྲའོ།། གཉིས་པ་དངོས་པོ་ལ་འཇུག་ཚུལ་རྣམ་པ་བཞི་སྟེ། སྨྲ་སྒོ་ལས། བདེན་པ་དག་དང་གསང་བ་དང་།། བདག་གི་བ་དང་ཕ་རོལ་པོ།། དངོས་པོ་དག་ལ་འཇུག་པ་བཞི།། ཞེས་པ་ལྟར་བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པོ་རྣམས་སོ། །བདེན་པའི་དངོས་པོ་སྟེ་བདེན་པའི་ཆོས་སམ་དོན་ལ་འཇུག་པ་ནི། ཆོས་སམ་དངོས་པོ་རྣམས་ཀྱི་དོན་དྲང་བོར་སྟོན་པ་ཞིག་སྟེ། དཔེར་ན། དེ་དེ་བཞིན་ནོ། །དེ་ཁོ་ན་ཉིད་དོ། །དེ་ཀ་རང་ཡིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་དོ། །ཞེས་པ་ལྟ་བུའོ།། གསང་བའི་དོན་ལ་འཇུག་པ་ནི། མི་གཞན་ལ་གསང་ནས་ཤེས་སུ་མི་འཇུག་པའི་ཐབས་སུ་རང་དང་ཐུན་མོང་བའི་སྤྱོད་ཡུལ་ཅན་གྱི་མི་དེ་ལ་གཏམ་སྨྲ་བའི་ཚེ་དེ་ཞེས་བརྗོད་པས་དོན་དེ་གོ་ནུས་པ་ཞིག་སྟེ། དཔེར་ན། ད་ཅིས་དེ་བསྟན་པར་མི་བྱ། མདང་གི་དེ་གཞན་ལ་མ་བསྒྲག གྲོས་བྱས་པ་དེ་ཟུར་ཙམ་ཡང་མ་སྨྲ། ཞེས་པ་ལྟ་བུའོ།། བདག་གི་བ་ལ་འཇུག་པ་ནི། སྨྲ་བ་པོ་རང་ཉིད་དང་འབྲེལ་བའི་ཆོས་ལ་འཇུག་པ་སྟེ། བདག་གི་བ་ཞེས་པ་ནི་གཞུང་ཆེན་མོ་རྣམས་སུ་ང་ཡི་བ་ཞེས་གསུངས་པ་དང་འདྲ་ཞིང་། ང་ཡི་བའི་མཚན་གཞི་ལ་རང་གི་མིག་དང་རྣ་བ་སོགས་ལ་ངོས་འཛིན་པ་ལྟར་འདིར་ཡང་རང་ངམ་བདག་གི་དངོས་པོ་ཞིག་ལ་སྦྱར་ནས་དཔེར་བརྗོད་པ་ནི། འདི་ལྟར། བདག་གི་དེ། ངའི་དེ། ང་རང་གི་དེ་ཞེས་པའམ། བདག་གིས་རྙེད་པ་དེ། ངས་འབད་ནས་བཅོས་པ་དེ། ང་རང་གིས་གང་བཤད་པ་དེ། ཞེས་པ་ལྟ་བུའོ།། ཕ་རོལ་པོའི་དངོས་པོའམ་ཆོས་ལ་འཇུག་པ་ནི། རང་ལས་རྒྱུད་ཐ་དད་པའི་གང་ཟག་ཕ་རོལ་པོའམ། དེ་དང་འབྲེལ་བའི་དངོས་པོ་གཉིས་གང་ཡང་རུང་བ་སྟོན་པ་ལ་འཇུག་སྟེ། དཔེར་ན། བོད་པ་དེ། རྒྱ་མི་དེ། ཕྱི་གླིང་བ་དེ་ཞེས་པའམ། བོད་ཀྱི་ཆ་ལུགས་དེ། རྒྱ་མིའི་སྤྱོད་ལམ་དེ། ཕྱི་གླིང་བའི་བྱད་བཞིན་དེ། ཞེས་པ་ལྟ་བུའོ།། གསུམ་པ་དུས་ཀྱི་འཇུག་ཚུལ་ལ་གཉིས་ཏེ། སྨྲ་སྒོར། འདས་པ་དང་ནི་མ་འོངས་པའི།། དུས་ཉིད་ལ་ནི་འཇུག་པ་གཉིས།། ཞེས་པ་ལྟར། འདས་པའི་དུས་དང་མ་འོངས་པའི་དུས་གཉིས་ལ་འཇུག་གོ །ད་ལྟ་བའི་དུས་ལ་མི་འཇུག་སྟེ། དེ་ལ་ཉེ་ཚིག་འདི་ཞེས་པ་མ་གཏོགས་རིང་ཚིག་གི་དེ་ཐོབ་ཚུལ་མེད་དོ། །འདས་པའི་དུས་ལ་འཇུག་པ་དཔེར་ན། ད་ནངས་ནམ་ལངས་པའི་དུས་དེ། ཁ་སང་གི་ཉི་མ་ནུབ་པའི་དུས་དེ། ཞེས་པ་ལྟ་བུ་དང་། མ་འོངས་པའི་དུས་ལ་འཇུག་པ། དཔེར་ན། དོ་ནུབ་སྲོད་ཀྱི་དུས་དེ། སང་ཉིན་ཉི་མ་གུང་གི་དུས་དེ། ཞེས་པ་ལྟ་བུས་མཚོན་ནོ།། ཁ མཐའ་དཔྱད་པ། མུ་ཏིག་ཕྲེང་མཛེས་ལས། དེ་བཞིན་གཤེགས་པ་དེ་བཞིན་ནོ། །ཞེས་པ་རྣམ་གྲངས་གཞན་སྦྱོར་དང་། དེ་ཁོ་ན་ཉིད་དོ། །དེ་དེ་བཞིན་ནོ། །ཞེས་པ་བདེན་པའི་དངོས་པོ་དང་། དེ་ལེགས་པར་གྲུབ་བམ་ཞེས་པ་གསང་བའི་དངོས་པོ་སྟོན་པར་བཤད་པ་ལ། མེར་གེན་མཁན་པོ་ན་རེ། དེ་དག་འགལ་འདུའི་ཕུང་པོ་ཡིན་ཏེ། དེ་དག་སྔར་བརྡ་མ་བསྟན་པ་ལ་གསང་བའི་ཚིག་ཉིད་དུ་མཚུངས་པའི་ཕྱིར་རོ། །ཞེས་དང་། ཕྱིར་བཀྱེད་དེ་འགྲོ། ཤིང་བཅད་དེ་འབུད། ཅེས་པ་འདས་པའི་དཔེར་བརྗོད་དུ་བཞག་པ་ལྷག་བཅས་དང་ཟློས། ཞེས་དང་། ཡ་མཐའ་ཞེས་པ་གཙོ་ཆེ་བའི་དོན་ཡིན་ཞེས་བཤད་པའང་ཤིན་ཏུ་མི་འཐད་དེ། ཁྱེད་ཅག་ལྟར་ན་དོན་དགུའི་དཔེ་བརྗོད་ཕན་ཚུན་འགལ་དགོས་ན། མ་མཐའ་མིང་གི་ཡ་མཐར་སྦྱར་བའི་དཔེ་བརྗོད་གཙོ་ཆེ་བ་དགུ་ཚན་གཅིག་ཀྱང་འཇོག་མ་ཐུབ་བོ། །ཞེས་དགག་པ་བཏང་བ་ལས་ཕལ་ཆེར་དོན་ལ་གནས་སོ།། ཡང་། སྐབས་འདིའི་ལྷག་བཅས་ཀྱི་དཔེར་བརྗོད་དུ། བདེན་གྲུབ་ཏུ་ཡོད་དེ། རྟག་པའི་ཕྱིར། ཞེས་བཤད་པ་ལ་རྟག་པ་ཡིན་ན་བདེན་གྲུབ་ཏུ་ཡོད་དགོས་པར་ཐལ། འདོད་ན། སྤྱིར་ཆོས་ཅན། བདེན་གྲུབ་ཏུ་ཡོད་པར་ཐལ། རྟག་པ་ཡིན་པའི་ཕྱིར། འདོད་ན། བདེན་པར་གྲུབ་པར་ཐལ། དེའི་ཕྱིར། འདོད་ན། གང་དྲན་དྲན་ཡིན་པར་ཐལ། དེའི་ཕྱིར། ཁྱབ་སྟེ། གྲུབ་མཐའ་སྨྲ་བ་ཀུན་གྱི་ཡང་རྩེ་དབུ་མ་ཐལ་འགྱུར་བ་ལྟར་ན་བདེན་པར་གྲུབ་ན་གང་དྲན་དྲན་ལས་མ་འདས་པ་ཉིད་དོ། །གང་ཉིད་གཞན་སྟོང་དབུ་མ་ཆེན་མོའི་ལྟ་བ་འཛིན་པས་ན། འགྱུར་མེད་ཡོངས་གྲུབ་དེ་ངོ་བོ་མི་འགྱུར་བའི་རྟག་པ་དང་། རིགས་པས་དཔྱད་བཟོད་པའི་བདེན་གྲུབ་ཏུ་འདོད་ན་ནི་ཐུགས་ཁག་མེད་དོ།། ཡང་། མངོན་བརྗོད་ཀྱི་བསྟན་བཅོས་འགའི་ཚིག་ཟིན་ལ་བརྟེན་ནས་རྣམ་གྲངས་དང་རྣམ་པ་དོན་གཅིག་ཟེར་བ་དེ་མི་འཐད་དེ། གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཐ་སྙད་རྒྱུགས་ཆེ་བ་ལྟར་ན་རྣམ་གྲངས་དང་རྣམ་པ་གཉིས་དོན་ཐ་དད་པ་ཡིན་ནོ། །འདི་དག་གི་དོན་ལ་དབུ་ཕར་སོགས་ཀྱི་བཤད་ཡམས་རྒྱས་པས་ནི་གང་དུའང་མི་འགྱུར་རོ། །ཞེས་བཀའ་བཀྱོན་ཕབ་པས་ཅི་ཡང་མི་ཕན་ཏེ། ཁྱེད་ལྟར་ན་རྣམ་གྲངས་དང་སྤྲུལ་པ་གཉིས་ཀྱང་དོན་གཅིག་ཏུ་ཁས་ལེན་དགོས་ན། དེ་བས་བཞད་གད་དུ་ཆེ་བ་ཅི་ཞིག་ཡོད། ཡང་འགྲེལ་བྱེད་ཕྱི་མ་སྟེ་ཀུན་བཟང་དགོངས་རྒྱན་ལས། སྤྱིར་ཐ་སྙད་ལ་བློའི་ཐ་སྙད་དང་། མིང་ཚིག་གི་ཐ་སྙད་གཉིས་ཡོད། ཅེས་གསུངས་པ་ནི། དབུ་ཕར་གྱི་གཞུང་མར་ཁུ་ལྟ་བུ་རྣམས་ཀྱི་གསུང་ཚུལ་ཏེ་འདི་ལྟར། ཤིང་རྟ་ལ་ཤིང་རྟ་ཞེས་བརྗོད་པ་དེ་མིང་དང་། མིང་དང་དོན་བློ་ཡི་ངོ་ན་འབྲེལ་བ་དེ་བརྡ་དང་། མིང་དོན་གྱི་འབྲེལ་བ་ལ་བརྟེན་ནས་འདི་ཤིང་རྟའོ་སྙམ་པའི་བློ་དེ་ཐ་སྙད་ཡིན། ཞེས་གསུངས་པ་འདི་ལ་དགོངས་པ་ཡིན་ནོ། །དེའི་ཕྱིར་མིང་ཚིག་ལ་མ་བརྟེན་པར་བློ་ཁོ་ནས་ཐ་སྙད་བྱར་མི་རུང་བ་དང་། བློ་ལ་མ་བརྟེན་པར་ཡང་མིང་ཚིག་ཁོ་ནས་ཐ་སྙད་གདགས་སུ་མེད་པས་དེ་གཉིས་ཀྱི་དབྱེ་བ་འཁྲུལ། ཞེས་ཟེར་རྐྱང་ཡིན་མིན་ལ་ཐུགས་རྟོག་འཇུག་པར་འཚལ་ལོ།། སུམ་ཅུ་བའི་རྩ་བའི་དཔེ་འགར། དེ་སྒྲ་སྟོན་པའི་གཞུང་འདི་མཚམས་འདིར་མེད་པར་ཚིག་ཕྲད་ཀུན་གྱི་མཐར་བཀོད་པའང་ཡོད་དོ།། ཉི་ཤུ་བ། གང་སྒྲ། གང་མིང་བརྗོད་པའི་དང་པོ་རུ།། དང་པོ་ལ་ནི་གཉིས་པ་སྦྱར།། སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།། ག༷ང་ཡང་རུང་བའི་མི༷ང་བརྗོ༷ད་པ༷འི་ད༷ང་པོ༷་སྟེ་ཐོག་མ་རུ༷། རྗེས་འཇུག་ད༷ང་པོ༷་ག༷་ལ༷་རྗེས་འཇུག་གཉི༷ས་པ༷་ང་ཡིག་སྦྱར་བ་ནི། དོན་གྱི་བྱེ་བྲག་དམིགས་སུ་བཟུང་ནས་མི་སྟོན་པར་སྤྱི༷་ལ༷་ཁྱ༷བ་པ༷་སྟེ་སྤྱི་ཙམ་ཞིག་སྟོན་པའི་ངག་ཉི༷ད་དུ༷་འགྱུ༷ར་རོ། །ནི་སྒྲ་ནི་ཚིགས་བཅད་ཀྱི་ཁ་སྐོང་བའི་ཕྲད་དོ། །དེའི་ཤུགས་ལ་ཅི་དང་ཇི་དང་སུ་རྣམས་ཀྱང་བསྟན་པར་གཟུང་ངོ་།། གང་སྒྲ་སྤྱི་ལ་འཇུག་པའི་དཔེར་བརྗོད་ནི། གང་ནས་འོངས། གང་དུ་འགྲོ། གང་གི་དོན་དུ་ཡིན། ཞེས་རྩ་བ་ལས་དངོས་བསྟན་དུ་བྱུང་བའི་མིང་གི་ཐོག་མར་སྦྱར་བ་དང་། རིན་པོ་ཆེ་ལས་རིན་ཐང་ཆེ་བ་ནི་གང་ཡིན། ཚོགས་པ་འདི་དག་གི་ནང་ནས་མཁས་པའི་ཡོན་ཏན་དང་ལྡན་པ་དེ་གང་ཡིན། ཞེས་པ་ལྟ་བུ་དྲི་བའི་ཚིག་གི་སྤྱི་སྒྲ་ལ་ཚིག་མཐར་སྦྱོར་བ་དང་། མཁྱེན་སྤྱན་ཨུཏྤལ་འདབ་ལྟར་རིང་བ་གང་།། དེ་ནི་བདག་གི་སློབ་དཔོན་དམ་པ་ལགས།། ཞེས་པ་ལྟ་བུ་ཚིགས་བཅད་ཀྱི་རྐང་བའི་མཐར་ཡང་དམིགས་འཛིན་པའི་སྤྱི་སྒྲ་ཐོབ་པར་རུང་ངོ་།། ཡང་། དྲི་བའི་དོན་དུ་ཅི་དང་། དཔེ་ལ་ཇི་དང་། གང་ཟག་ལ་སུ་ཐོབ་པ་རྣམས་ཀྱི་དཔེར་བརྗོད་ནི། ཁྱོད་གྲོང་ཁྱེར་ལ་ཅིའི་ཕྱིར་དུ་འགྲོ། ཁྱོད་ཀྱི་ཆ་བྱད་ཇི་ལྟ་བ་ཞིག་སྔར་ཡང་མཐོང་། རྫུན་གྱི་ཚིག་ནི་ངས་སུ་ལ་ཡང་བཤད་མ་མྱོང་། ཞེས་པ་ལྟ་བུས་མཚོན་ནོ།། གཞན་ཡང་། ཅི་ཞིག ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར་སོགས་ལ་ཅ་རིལ་གྱི་ཅི་དང་། ཇི་སྙེད། ཇི་སྲིད། ཇི་སྐད་ལྟ་བུ་དཔེ་མིན་ན་ཡང་ཇ་ཟེད་ཀྱི་ཇི་ཐོབ་པ་དང་། ཅི་ལྟར་དང་ཇི་ལྟར་གྱི་ཁྱད་ནི་སྔ་མ་ཅི་བྱས་ནས་ཞེས་པ་དང་། ཕྱི་མ་དཔེ་རང་མཚན་པ་ཡིན་པའི་ཁྱད་པར་སོགས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་ཕྱེད་པ་གལ་ཆེ་སྟེ། དེ་ལྟ་མ་ཡིན་ན་དཔེ་མ་དག་པ་རྣམས་སུ་ཅི་དང་ཇིའི་ཁྱད་པར་མ་ཕྱེད་པ་ཤིན་ཏུ་མང་པོ་དག་མཐོང་རྒྱུ་ཡོད་པའི་ཕྱིར་རོ།། ཅི་ནས་ཀྱང་ཞེས་པ་ཚིག་བསྡུས་པས་ཅིས་ཀྱང་ནི་སི་ཏུས་སྤྱི་སྒྲར་བཞག་པའི་དགོས་པ་མ་མཐོང་སྟེ། བཟློག་ཏུ་མེད་པའི་དོན་ལ་འཇུག་པ་ལས་སྤྱི་སྒྲ་མིན་ནོ།། ཉེར་གཅིག་པ། བདག་སྒྲ། གང་མིང་གི་ནི་མ་མཐའ་ན།། པུ་ལིངྒ་ཡི་སྒྲ་མེད་པ།། དེ་ལ་པུ་ལིངྒ་སྦྱར་ན།། བདག་པོའི་སར་ནི་ཤེས་པར་བྱ།། ཀ དངོས་ཀྱི་དོན། ག༷ང་ཡང་རུང་བའི་མི༷ང་གི༷་མ༷་མཐ༷འ་སྟེ་མིང་གི་མཐའ་མ་པུ༷་རུ་ཥ་སྐྱེས་པ་དང་། ལིངྒ༷་རྟགས་ཏེ་སྐྱེས་བའི་རྟགས་སམ་ཕོ་རྟགས་ཀྱི་ཡི་གེ་ཡི༷་སྒྲ༷་པ་བ་མ་པོ་བོ་མོ་སོགས་སྐྱེས་པའི་མིང་གི་བཏགས་པའི་བདག་སྒྲ་མེ༷ད་པ༷་དེ༷་ལ༷། གསར་དུ་པུ༷་ལིངྒ༷་སྟེ་སྐྱེས་པའི་རྟགས་ཅན་གྱི་བདག་སྒྲ་སྦྱ༷ར་བ་ན༷། བད༷ག་པོ༷་གང་ལ་དབང་བའམ་གང་ལ་ལྡན་པའི་ས༷་སྟེ་གཞི་ཡིན་པ༷ར་ཤེ༷ས་པ༷ར་བྱ༷འོ། །ནི་སྒྲ་གཉིས་ནི་ཁ་སྐོང་བའི་ཚིག་ཕྲད་དོ། །སྐབས་འདིར་བསྟན་པའི་བདག་སྒྲ་ལ་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་དུ་མ་ཞིག་ཡོད་ན་ཡང་། འདིར་མཁས་པ་སོ་སོའི་ལེགས་བཤད་ཀྱི་སྙིང་པོ་བསྡུས། ཁ་སྐད་ཀྱི་འཇུག་པ་དང་མཐུན་པར་བྱས་པའི་རང་ལུགས་ནི། པ་པོ་བ་བོ་མ་མོ་སྟེ་བདག་སྒྲ་དངོས་ཀྱི་དབང་དུ་བཏང་བའི་དྲུག་དང་། བདག་སྒྲ་དང་ཕྱོགས་མཚུངས་པའི་རིགས་སུ་གྱུར་པ། ཅན་དང་། ལྡན། མཁན་རྣམས་ཏེ་དེ་དག་གི་དཔེར་བརྗོད་འཇོག་པའི་ཞར་ལ་པ་པོ་སོགས་ཡིན་ཚད་བདག་སྒྲ་ལ་མི་འཇུག་པའི་དཔེར་བརྗོད་ཀྱང་བཞག་ན་ཕན་ཆ་ཆེ་བས་འདི་ལྟར། པ་ཡིག་བདག་སྒྲ་ལ་འཇུག་པ་ནི། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། ཞེས་པའི་ཐོབ་ཐང་ལྟར། འབྲོག་པ། ལས་བྱེད་པ། གསོལ་ཐབ་པ། ཤིང་བརྐོས་པ། ཡོན་ཏན་པ། ལམ་པ། ཞེས་དང་། མིང་མཐའི་པ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། ཐག་པ། སྐུད་པ། བཅིབ་པ། རུས་པ། མུན་པ། ནོམ་པ། ཞེས་པ་ལྟ་བུའོ།། པོ་ཡིག་བདག་སྒྲ་ལ་འཇུག་པ་ནི། ཕྱུག་པོ། མེད་པོ། རྩུབ་པོ། གྲོགས་པོ། བཙན་པོ། གཏུམ་པོ། འཁུར་བ་པོ། སྨྲ་བ་པོ། ཞེས་དང་། མིང་མཐའི་པོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། འཐུག་པོ། སྐུད་པོ། ཁྲེས་པོ། སྔོན་པོ། སྐམ་པོ། ཞེས་པ་ལྟ་བུའོ།། བ་ཡིག་བདག་སྒྲ་ལ་འཇུག་པ་ནི། རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ། ཞེས་དང་། མིང་མཐའི་བ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། རྐང་བ། བཅའ་བ། དར་བ། འོལ་བ། ཀ་བ། ཞེས་པ་ལྟ་བུའོ།། བོ་ཡིག་བདག་སྒྲ་ལ་འཇུག་པ་ནི། སྤྱང་བོ། མཛའ་བོ། རྟུལ་བོ། དམེ་བོ། ཞེས་དང་། མིང་མཐའི་བོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། མང་བོ། ཁྲ་བོ། ཁུར་བོ། རིལ་བོ། ཞེས་པ་ལྟ་བུའོ།། མ་ཡིག་བདག་སྒྲ་ལ་འཇུག་པ་ནི། ཇ་མ། ཆང་མ། ཤོར་མ། ཉུལ་མ། བཙོན་མ། གསར་མ། རྙིང་མ། ཞེས་དང་། མ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། ཨ་མ། བག་མ། རྒོད་མ། ཆེན་མ། ཆུན་མ། ལྟ་བུ་ནི་ཕོ་མོ་གཉིས་སུ་དབྱེ་བའི་མོ་ལ་འཇུག་པ་དང་། ཟ་མ། རིལ་མ། ཟངས་མ། མཁལ་མ། གཡེར་མ། ལྟ་བུ་ནི་མིང་གི་ཆ་ཤས་སུ་གྱུར་པ་རྣམས་སོ།། མོ་ཡིག་བདག་སྒྲ་ལ་འཇུག་པ་ནི། སྲུན་མོ། གཡུང་མོ། དམར་མོ། འབྱོར་མོ། ཞེས་དང་། མོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། ཇོ་མོ། བཙུན་མོ། བུ་མོ་ལྟ་བུ་ནི་ཕོ་མོ་གཉིས་སུ་དབྱེ་བའི་མོ་ལ་འཇུག་པ་དང་། ཕྲ་མོ། བ་མོ། སོར་མོ་ལྟ་བུ་ནི་མིང་གི་ཆ་ཤས་སུ་གྱུར་པ་རྣམས་སོ།། བདག་སྒྲ་དང་ཕྱོགས་མཚུངས་པ་ཅན་དང་ལྡན་མཁན་རྣམས་བདག་སྒྲར་འཇུག་པ་ནི། དཔེར་ན། ཤེས་རབ་ཅན། ཡོན་ཏན་ཅན། ལུས་རྩལ་ཅན། སེམས་ཅན། གཟུགས་ཅན། ཞེས་དང་། འབྱོར་ལྡན། དཔལ་ལྡན། སྟོབས་ལྡན། ཞེས་དང་། ཡིག་འབྲི་མཁན། པར་རྐོ་མཁན། རྩོམ་མཁན་ཞེས་པ་ལ་སོགས་པ་ལྟ་བུའོ།། སྐབས་འདིར་གསེར་ཏོག་གི་སུམ་འགྲེལ་དུ་གསལ་བ་ལྟར། པ་པོ་བ་རྣམས་ཀྱི་ཐོབ་ཐང་ལ་སྟོང་པ། རྐང་པ། ལྔ་པ། བཅུ་པ་སོགས་ལ་པ་ཡེད་དང་། བཟང་བ། དཀར་བ་སོགས་ལ་བ་ཟླུམ་དང་། བཟང་པོ། དཀར་པོ། སྙིང་པོ། དང་པོ་སོགས་ལ་པ་ཡེད་ཐོབ་པ་ནི་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་མི་འདྲ་བར་གྱུར་པ་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་དུ་བྲིས་ན་ལེགས་སོ།། ཁ མཐའ་དཔྱད་པ། འོ་ན་འདིར་བདག་སྒྲར་མ་དང་མོ་སོགས་བཞག་པ་ལ་ཁུངས་ཡོད་དམ་ཞེས་འདྲི་ན། ཡོད་དེ། མཁས་པའི་དབང་བོ་དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སུམ་རྟགས་ཀྱི་འགྲེལ་བ་སི་ཏུའི་ཞལ་ལུང་དང་། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ཞེས་པ་གཉིས་སུ་གསལ་བ་ལྟར་རྗེ་ཀརྨ་བ་ཞྭ་དམར་བས་འགྲེལ་ཚུལ་ལྟར་དངུལ་ཆུ་རིན་པོ་ཆེས་གསལ་བར་མཛད་པ་དེ་ནི་བདག་གིས་བརྟེན་སའི་ཁུངས་སོ། །དེར་ཇི་ལྟར་འགྲེལ་ཞེ་ན། སྒྲ་པཱ་ཎི་དང་ཙནྡྲ་པ་གཉིས་ཀར། ཨུཏྲའི་སྡེ་དང་བཅས་པའོ། །ཞེས་དང་། སྒྲ་དབྱངས་ཅན་མར། ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། །ཞེས་པ་ལྟར་པུ་ནི་པ་སྡེ་ལ་གོ་དགོས་པས་དེའི་ནང་གི་པ་བ་མ་གསུམ་དང་། དེའི་ཤུགས་ལ་བསྟན་པའི་པོ་བོ་མོ་གསུམ་སྟེ་དེ་དྲུག་ཀ་བདག་སྒྲར་འདོད་དོ། །འོ་ན་གོང་དུ་འགྲེལ་ཚེ་པུ་རུ་ཥ་སྐྱེས་པ་དང་། ལིངྒ་རྟགས་ཞེས་འགྲེལ་བ་མ་ཡིན་ནམ། འདིར་པུ་ཞེས་པ་པ་སྡེ་ལ་ཇི་ལྟར་དུ་འགྲེལ་ཞེ་ན། མིང་བརྡ་གཅིག་ལ་དོན་ཐ་དད་པ་དུ་མར་འགྲེལ་བ་ནི་མཁས་པའི་ཁྱད་ཆོས་དང་། མཁས་པས་བཤད་ན་ཅི་ཡང་བདེན། ཞེས་པའི་དོན་ལྟར་དངུལ་ཆུ་རིན་པོ་ཆེས་འགྲེལ་ཚུལ་འདི་ནི་བོད་སྐྱེ་བོ་དམངས་ཀྱི་ཁ་སྐད་དང་ཤིན་ཏུ་མཐུན་པས་ན་འདིའི་རྗེས་སུ་འབྲངས་ནས་བཀྲལ་བ་ཡིན་ནོ། །བསྟན་བཅོས་ཀྱི་མིང་ལ་སི་ཏུའི་ཞལ་ལུང་ཞེས་བཏགས་ནས་གཞུང་བྱིངས་རྣམས་སི་ཏུའི་རྗེས་སུ་འབྲངས་ན་ཡང་། བདག་སྒྲའི་སྐབས་སུ་དེ་དང་མ་བསྟུན་པར་བཀྲལ་བ་ལ་དགོས་པ་ཆེན་པོ་ཡོད་པ་བློ་ལྡན་རྣམས་ཀྱིས་ཁོང་དུ་ཆུབ་པར་བྱའོ།། ལུགས་འདི་ལྟར་ཁས་བླངས་པས་ནི་སི་ཏུས། བདག་སྒྲ་འདི་རྗེས་འཇུག་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་ཡིན་ཞེས་གསུངས་པའི་དམ་བཅའ་ཡང་ངང་ངམ་ཤུགས་ཀྱིས་རང་ཡལ་དུ་སོང་བ་ཤེས་པར་མཛོད་ཅིག ཁོ་ན་རེ། སི་ཏུ་ལྟར་ན་ཇ་མ་ཆང་མ་སོགས་བདག་སྒྲར་གཏན་མི་བཞེད་ཟེར། དེ་མ་ཡིན་པར་ཐལ། སི་ཏུས་ཀྱང་། ཇ་མ་ཆང་མ་སོགས། ཞེས་པ་ནས། དེ་འདྲ་དེས་བདག་པོའི་དོན་བསྟན་དུ་ཆུག་ཀྱང་། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་དེས་མ་ཡིག་བདག་སྒྲར་བཞེད་པ་ཆེས་གསལ་བའི་ཕྱིར། ཞེས་འཕངས་ན་ཅི་ཟེར། འོན་ཀྱང་མུ་ཏིག་ཕྲེང་མཛེས་ལས། ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་བའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས། ཞེས་བཤད་པ་འཐད་པར་མ་མཐོང་སྟེ། ཆོས་སྐད་དང་ཡིག་སྐད་གང་ཡིན་ཡང་ཐོག་མར་སྐྱེ་བོ་དམངས་ཀྱི་ཁ་སྐད་དང་མཐུན་པར་བཟོས་པའི་གནད་འགག་འདི་དོར་ན་ནི་རང་གིས་གང་བཤད་མཐའ་དག་ཡིད་རྟོན་མེད་པའི་འཆལ་ཚིག་ཏུ་འགྱུར་ཉེན་ཆེའོ།། ཡང་དེར། པུ་ལིངྒའི་ཟློག་ཕྱོགས་སྟྲཱི་ལིངྒའི་སྒྲ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ནི་གད་མོ་འཆོར་བའི་གཏམ་སྟེ། དེ་ལྟ་ན་ཨ་ཕའི་ལྡོག་ཕྱོགས་ཨ་མ་དང་། ཁྱོ་གའི་ལྡོག་ཕྱོགས་ཁྱོ་མོ་དང་། ཁའི་ལྡོག་ཕྱོགས་རྐུབ་དང་། གནམ་གྱི་ལྡོག་ཕྱོགས་ས་གཞི་ཡིན་ཟེར་དགོས་པར་འགྱུར་བས། དེ་ལས་དགོད་བྲོ་བ་ཞིག་ག་ན་ཡོད། ངེས་པར་པཎྜི་ཏས་ཐུགས་མཉམ་མ་བཞག་པའི་གཏམ་དུ་སྣང་ངོ་།། སྤྱིར་ལྡོག་ཕྱོགས་དང་ཟློག་ཕྱོགས་གཉིས་ལས་སྔ་མ་དག་པར་སེམས་ཏེ། ཟློག་ཅེས་པ་བྱེད་པ་པོ་དངོས་ཡོད་ལ་སྦྱར་དགོས་པའི་ཕྱིར་རོ། །ལྡོག་ཕྱོགས་ཀྱི་གོ་དོན་ནི། ལུས་ཀྱི་རྒྱབ་དེ་ལུས་ཀྱི་མདུན་ལ་ལྟོས་ཏེ་ལྡོག་ཕྱོགས་དང་། འབབ་ཆུ་ཐུར་ནས་གྱེན་དུ་བཞུར་བ་ལ་ལྡོག་ཕྱོགས་སུ་འབབ་ཅེས་པ་ལྟ་བུའི་སྒོ་ནས་འཇོག་པ་ལས། པུ་ལིངྒའི་མཐུན་ཕྱོགས་སྟྲཱི་ལིངྒ་ལ་ལྡོག་ཕྱོགས་ཞེས་འགྲེལ་ན་གོ་བ་ཕྱིན་ཅི་ལོག་ཏུ་གྱུར་སྣང་ངོ་།། སྤྱིར་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་འདི་རྣམ་པ་ཀུན་ཏུ་གཙིགས་ཆེར་འཛིན་དགོས་ཏེ། དེ་ལྟ་མ་ཡིན་ན་དངུལ་ཆུའི་ཚངས་པའི་ཐིག་གི་སྤུན་ཟླའི་དགག་ཡུལ་ངག་དབང་དབྱངས་ཅན་དགའ་བའི་སུམ་འགྲེལ་དུ། ཀུན་མཁྱེན་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་ཆེན་དེ་ཉིད་ཟབ་པ་དང་། རྒྱ་ཆེ་བ། ཁུངས་བཙུན་པ། རྩོད་པའི་ཡུལ་གྱིས་དབེན་པ། ཚད་མ་གསུམ་དང་། ཤེས་རབ་གསུམ་གྱིས་ངེས་པར་གཏན་ལ་ཕེབས་པ། དབང་བོ་གསུམ་གང་དང་ཡང་འཚམ་ཞིང་དོན་གསལ་བར་སྟོན་པས་བློ་ཡི་མུན་པ་ངེས་པར་སེལ་ནུས་པའི་ནོར་བུ་དབང་གི་རྒྱལ་བོ་ལྟ་བུ། ཞེས་སོགས་ཀྱི་ཆེ་བརྗོད་ཀྱིས་ཚིམས་ཤིང་ར་རོ་བར་གྱུར་ནས་འདི་ཁོ་ན་བདེན་གྱི། གཞན་ནི་གཏི་མུག་པའོ། །ཞེས་བཟུང་ན་བློ་གྲོས་ཀྱི་རྟ་ཕོའི་སུག་པ་ཕྱོགས་ལྷུང་གི་སྒྲོག་གིས་བཅིངས་པ་ལས་གཞན་དུ་ཅི། མདོ་སྟུག་པོ་བཀོད་པའི་རྒྱན་ལས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པའི་ཕྱིར་ན་སྣང་ཚོད་འཕགས་པ་མ་ཡིན་པའི་གསུང་ལ་དཔྱད་པ་ཞིབ་ཏུ་བྱེད་དགོས་པ་ནི་ལྟ་ཅི་སྨོས་སོ།། པྲ་སྟི་རིན་པོ་ཆེས་དགག་སྒྲ་གསུངས་པའི་སྐབས་སུ། ཇ་མ་ཆང་མ་ཞེས་པའི་མ་ཡིག་མོ་བརྗོད་པ་ལ་སྦྱར་བ་འདྲ་ཞིག་གསུངས་པ་ནི་ཕྱོགས་གཅིག་ལ་དགོངས་པ་ཡིན་གྱི། ཇ་མ་དང་ཆང་མ་ཡིན་ན་བུད་མེད་ཡིན་དགོས་པའི་ངེས་པ་གཏན་མེད་དོ།། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་བའི་སྙིང་པོ་ལེགས་བཤད་ལྗོན་དབང་ལས། བདག་སྒྲ་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། ཞེས་གསུངས་པའང་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་དུ་སྣང་ཡང་། ལག་ལེན་གྱི་ཚེ་ན་བརྟེན་ཁུངས་རྩོད་མེད་ཅིག་རྙེད་དཀའོ། །དཔེར་བརྗོད་ཀྱི་སྒོ་ནས་ཤེས་འདོད་ན་ཚ་སྤྲུལ་གྱིས་བཀོད་པའི་དཔེར་བརྗོད་ལ་བལྟ་བར་བྱའོ།། ཉེར་གཉིས་པ། དགག་སྒྲ། གང་མིང་བརྗོད་པའི་ཡ་མཐའ་ན།། སྟྲཱི་ལིངྒ་ཡི་སྒྲ་མེད་པ།། དེ་ལ་སྟྲཱི་ལིངྒ་སྦྱར་ན།། དགག་པའི་གནས་སུ་ཤེས་པར་བྱ།། ཀ དངོས་ཀྱི་དོན། ག༷ང་ཡང་རུང་བའི་མི༷ང་བརྗོ༷ད་པ༷འི་ཡ༷་མཐ༷འ་སྟེ་ཐོག་མ་ན༷། སྟྲཱི་ཞེས་པ་བུད་མེད་དང་། ལི༷ངྒ༷་རྟགས་ཏེ་མོ་རྟགས་ཀྱི་ཡི་གེ་གཙོ་བོ་མ་ཡིག་དང་། ཞར་ལ་བསྟན་པའི་མི་མེད་མིན་སོགས་ཀྱི་ཡི་གེ་ཡི༷་སྒྲ༷་མེ༷ད་པ༷་དེ༷་ལ༷། སྟྲཱི་ལིངྒ་སྟེ་མོ་རྟགས་ཀྱི་ཡི་གེ་སྦྱ༷ར་ན༷་དག༷ག་པ༷འི་གན༷ས་སུ༷་ཤེ༷ས་པ༷ར་བྱ༷འོ། །རྣམ་གསལ་གྱི་དཔེར་བརྗོད་ནི། མ་བསླབས་མ་སྦྱངས་ཤེས་རབ་ཇི་ལྟར་འཕེལ།། མི་ཤེས་ཤེས་བརྫུས་རང་ཉིད་རྣམ་ཀུན་ཕོངས།། ལྟ་རྒྱ་ཐོས་རྒྱར་ཚིམ་པ་མེད་པ་དེ།། ནམ་ཞིག་མཁས་པར་མི་འགྱུར་སྲིད་པ་མིན།། ཞེས་པ་ལྟ་བུས་མཚོན་ནོ།། ཁ མཐའ་དཔྱད་པ། སུམ་འགྲེལ་འགར། དེ་ལ་སྟྲཱི་ལིངྒའི་སྒྲ་དངོས་ནི། མ་དང་མོ་གཉིས་ཁོ་ན་ཡིན། ཞེས་དང་། དེ་དང་འབྲེལ་བའི་མི་ཡིག་ཀྱང་ཞར་གྱིས་ཐོབ། ཅེས་དང་། མེད་དང་མིན་དག་ནི་མ་ཡིག་དང་འབྲེལ་བའི་དགག་སྒྲར་གྱུར་པ་དང་། དོན་དང་ལྡན་པའི་ཕྲད་ཀྱང་ཡིན་པས་རྟགས་འཇུག་གི་སྐབས་སུ་འཆད་འགྱུར་ལྟར་སྟྲཱི་ལིངྒའི་སྒྲའི་ཆ་ཤས་སུ་གཏོགས་མོད་ཀྱི་འདི་དག་མིང་གི་ཐོག་མར་མི་འཇུག་པས་སྐབས་འདིའི་བསྟན་བྱ་མ་ཡིན། ཞེས་གསུངས་པ་རྣམས་ལ་དཔྱད་པར་བྱ་བ་འདི་ཡོད་དེ། མ་ཡིག་དང་འབྲེལ་བའི་དགག་སྒྲ་ཡིན་ན་དགག་སྒྲ་དངོས་ཡིན་ནམ་མིན། ཡིན་ན་མེད་དང་མིན་གཉིས་ཀྱང་མི་ཡིག་དང་འདྲ་བར་ཞར་ལ་བསྟན་པའི་དགག་སྒྲ་ཡིན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །མིན་ཟེར་ན་མི་ཡིག་མ་ཡིག་དང་འབྲེལ་བའི་དགག་སྒྲ་ཡིན་ཡང་དགག་སྒྲ་དངོས་མིན་ཟེར་དགོས་པས་དེའི་རྒྱུ་མཚན་གང་ལ་ཐུག་མེད་དང་མིན་སོགས་མིང་གི་ཐོག་མར་མི་འཇུག་པས་སྐབས་འདིའི་བསྟན་བྱ་མ་ཡིན་ཞེས་པ་ནི། རྩ་བར་མིང་གི་ཡ་མཐའ་ཞེས་གསུངས་པ་ལ་གཙིགས་འཛིན་བྱས་པ་ལགས་མོད། དེ་ལྟ་ན་རྩ་བར་རྣམ་དབྱེ་བརྒྱད་པ་བོད་པའི་སྐབས་སུ་མིང་གི་དང་པོར་ཀྱེ་སྦྱོར་བར་གསུངས་པ་འདི་ཡང་ཅི་ལ་གཙིགས་འཛིན་མི་བྱེད། སྐབས་དེར་ཁྱེད་རང་གིས་རྩ་བའི་དངོས་བསྟན་ལས་བརྒལ་ཏེ། བདག་ལ་དགོངས་ཤིག་མགོན་པོ་ཀྱེ། །ཞེས་པ་ལྟ་བུ་མཐར་སྦྱར་བའང་ཡོད་དོ། །ཞེས་བཤད་པ་མཚམས་འདིར་སླེབས་ཚེ་ཐུགས་ཀྱིས་བསྙེལ་བ་མིན་ལས་ཆེ། སུམ་ཅུ་བའི་རྩ་བར་དངོས་སུ་མ་བསྟན་པའི་ཕྲད། འདི། ད་ནི། ཁོ་ན། ཉིད་སོགས་མང་དུ་ཡོད་པ་རྣམས་ཨ་ལ་ཤ་དང་གསེར་ཏོག་གི་འགྲེལ་བ་རྣམས་སུ་གསལ་བས་དེ་དག་ཏུ་བལྟ་བར་བྱའོ།། དེ་དག་ཏུ་མ་བཤད་པ། དཔེར་ན། ཞེས་དང་། ཞེས་པ་དང་། ཞེས་སོགས་དང་། ཞེས་པ་ལྟར། ཞེས་གསུངས་པ་ལྟར། ཞེས་སོ། །ཞེས་སོགས་སོ། །ཞེས་སྨྲའོ། །ཞེས་ཟེར་རོ། །ཞེས་སོགས་ཞེས་དང་ཅེས་ཀྱི་སྒྲ་ནི་དོན་དུ་མ་ལ་འཇུག་སྟེ། དེ་དག་གི་འཇུག་ཡུལ་སོ་སོའི་དཔེར་བརྗོད་བྲིས་ན་མངས་དོགས་ལ། འོན་ཀྱང་གོ་དོན་ཆེ་ལོང་ཞིག་བརྗོད་ན་འདི་ལྟར། གཞན་གཞུང་ལུང་དུ་དྲངས་ཚེ་དེའི་དུམ་བུ་ཞིག་ཚར་ཡོད་ན། ཞེས་དང་། ཞེས་པ་འཐོབ་པར་མ་ཟད། དེའི་མུ་འཐུད་ནས་ད་དུང་ལུང་ཚན་ཕྱི་མ་འདྲེན་པའི་བརྡ་རུ་གོ་དགོས། ཚར་མེད་ན། ཞེས་སོགས་ཞེས་སྦྱོར་བ་དང་། ཞེས་པ་ལྟར་དང་། ཞེས་གསུངས་པ་ལྟར་ཞེས་པ་ཡོད་ཚེ་ལུང་དེ་དང་མཐུན་པའི་འགྲེལ་བཤད་བྱེད་རྒྱུའི་བརྡ་རུ་གོ་དགོས། ཞེས་སོ། །ཞེས་སོགས་སོ། །ཞེས་རྫོགས་ཚིག་སྦྱར་ཚེ་ལུང་དྲངས་པ་དེ་གས་ཆོག་པར་བྱས་ནས་འགྲེལ་བཤད་མི་བྱེད་པའི་བརྡ་རུ་གོ་དགོས་པ་སོགས་འདི་དག་ཕྲ་ཞིང་ཞིབ་པར་ནི་སློབ་དཔོན་མཁས་པའི་ངག་དང་། ལྟ་རྒྱ་ཆེ་བ་ཉིད་ལས་ཤེས་དགོས་ཀྱི། ཚིག་འབྲུར་བྲིས་པས་མི་ལང་ངོ་།། དེ་ལྟར་ན་ཐོན་མིའིཞལ་ལུང་ལས་སུམ་ཅུ་བའི་གཞུང་གི་རྒྱ་ཆེར་འགྲེལ་བ་རེ་ཞིག་བསྟན་ཟིན་ཏོ།། སུམ་ཅུ་བའི་མཇུག་གི་ཚིགས་བཅད་འགྲོལ་ཚུལ་དང་། ཉན་པ་པོ་ལ་སྤྲོ་བ་བསྐྱེད་པ། བསླབ་ཚུལ་གྱི་གོ་རིམ། སྣོད་རུང་ལ་གདམས་ངག་བསྟན་དགོས་པ་རྣམས་སྔོན་བྱོན་དྲན་དབང་རྣམས་ཀྱིས་རྒྱས་པར་བཀྲལ་པ་དང་། བདག་གིས་ཀྱང་སུམ་རྟགས་རིག་པའི་མེ་ལོང་དུ་ཕྱོགས་ཙམ་བཀྲལ་ཟིན་པས་འདིར་མངས་ཀྱིས་དོགས་ནས་བསྐྱར་བྲིས་མ་བྱས་སོ།། འདིར་སྨྲས་པ། སྔོན་བྱོན་མཁས་པའི་མཁྱེན་རྩལ་ལས་འཁྲུངས་པའི།། ལེགས་བཤད་པདྨོའི་ཟིལ་དངར་བསུང་ཞིམ་གྱིས།། བོས་པའི་དཔྱོད་ལྡན་ར་ཡིག་གཉིས་པའི་ཁྱུ།། རིག་པའི་གཤོག་རླབས་སྐྱོད་པའི་མཐའ་མ་རིག ། འདི་ན་དགག་སྒྲུབ་གསེར་སྦྱངས་བཅད་བརྡར་གྱིས།། མཁས་པའི་གསུང་ལ་གང་སྤོབས་དཔྱད་པ་འདི།། བློ་གསལ་ཚུལ་འདིར་འཇུག་པའི་ཐབས་མཁས་ལས།། མ་གུས་ཕྱོགས་ལྷུང་དྲི་མས་སྦགས་པ་མིན།། རྒྱ་ཆེན་གཏིང་ཟབ་བརྡ་སྤྲོད་རིག་པའི་གཞུང་།། གོ་སླའི་ངག་གིས་འགྲེལ་བའི་དགེ་བ་དེས།། བློ་གསལ་དོན་གཉེར་ལྡན་པའི་སྐྱེ་བོ་ཀུན།། གངས་ཅན་བརྡ་ལ་ཐོགས་པ་མེད་པར་སྨོན།། ཅེས་བྱ་བ་ནི་སུམ་རྟགས་རྒྱས་འགྲེལ་ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བའི་འགྲེལ་བ་ལེགས་པར་བརྩམས་གྲུབ་པ་ན་རེ་ཞིག་ངལ་གསོའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། སུམ་ཅུ་བའི་ས་བཅད་གསུམ་པ་བལྟ་བདེ་སླད་མཇུག་མཐའ་འདིར་བཀོད་པ། གསུམ་པ། སུམ་རྟགས་ཀྱི་འགྲེལ་བ་གསར་རྙིང་གྲགས་ཆེན་འགའ་ཞིག ༡ སྔོན་གྱི་འགྲེལ་བ་རྙིང་མའི་སྐོར། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་(སྤྱི་ལོ༡༡༨༢ལ་འཁྲུངས་ནས༡༢༥༡ལ་འདས)གྱིས་མཛད་པའི་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ་ཞེས་བྱ་བ་སོགས་ལེ་ཚན་ཁ་ཤས། བཅོམ་ལྡན་རིགས་པའི་རལ་གྲིའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་(རབ་བྱུང་བཞི་པའི་ནང་བྱོན། དུས་རབས་བཅུ་གཉིས་པ)ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ། ལོ་ཆེན་བྱང་ཆུབ་རྩེ་མོའི་བུ་ཆེན་ལོ་ཆེན་ནམ་མཁའ་བཟང་པོས་(རབ་བྱུང་དྲུག་པའི་ནང་བྱོན། དུས་རབས་བཅུ་བཞི་བ)མཛད་པའི་སུམ་རྟགས་འགྲེལ་བ་བསྟན་པའི་སྒྲོན་མེ། སྣར་ཐང་བ་སཾ་གྷ་ཤྲཱིས་(རབ་བྱུང་བདུན་པའི་ནང་བྱོན། དུས་རབས་བཅུ་བཞི་བ)མཛད་པའི་སུམ་རྟགས་མཆན་འགྲེལ། ཡར་འབྲོག་པ་རིན་ཆེན་ཏོག་(རབ་བྱུང་ལྔ་བའི་ནང་བྱོན། དུས་རབས་བཅུ་གསུམ་པ)གིས་མཛད་པའི་སུམ་རྟགས་འགྲེལ་བ་རིན་པོ་ཆེའི་ཟ་མ་ཏོག གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་(༡༤༢༩_༡༤༨༩)མཛད་པའི་སུམ་རྟགས་འགྲེལ་བ། དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི་སུམ་རྟགས་འགྲེལ་བ་ཉི་མའི་འོད་ཟེར། པཎ་ཆེན་ཤཱཀྱ་མཆོག་ལྡན་(༡༤༢༨-༡༥༠༧)གྱིས་མཛད་པའི་སུམ་རྟགས་འགྲེལ་བ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་(༡༤༤༡-༡༥༢༧)སྐུ་ཚེ་སྟོད་ལ་བརྩམས་པའི་སུམ་རྟགས་འགྲེལ་བ་རྣམ་པར་གསལ་བའི་ལེགས་བཤད། པཎ་ཆེན་གསེར་མདོག་ཅན་པས་མཛད་པའི་སུམ་རྟགས་འགྲེལ་བ། དཔའ་པོ་གཙུག་ལག་ཕྲེང་བས་(༡༥༠༤-༡༥༦༦)མཛད་པའི་སུམ་རྟགས་འགྲེལ་བ་གསལ་བྱེད་སྒྲོན་མེ། ཟུར་མཁར་བ་བློ་གྲོས་རྒྱལ་བོས་(༡༥༠༩-x)མཛད་པའི་སུམ་རྟགས་འགྲེལ་བ་མཁས་པའི་དགའ་སྟོན། རབ་འབྱམས་སྨྲ་བ་ཆོས་རྒྱལ་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་བློ་གསལ་མགུལ་རྒྱན། འོལ་ཕྲུག་ཀརྨ་རབ་རྒྱས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་མཁས་པའི་རྒྱན། སྨན་ལུང་བ་བློ་མཆོག་རྡོ་རྗེས་(༡༥༩༥-༡༦༧༡)མཛད་པའི་སུམ་རྟགས་འགྲེལ་བ་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ། ཞྭ་ལུ་བ་ཆོས་ལེགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་མཁས་པའི་ཡིད་འཕྲོག གཏིང་སྐྱེས་ཚོགས་གསོག་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་གསལ་བའི་སྒྲོན་མེ། དེ་དག་ནི་སུམ་རྟགས་གཉིས་ཀའི་འགྲེལ་བ་ཡིན། ཐོན་མིའི་གདུང་བརྒྱུད་ལས་འཁྲུངས་པ་པཎ་ཆེན་བྱམས་པ་གླིང་(༡༤༠༠-༡༤༧༥)བས་མཛད་པའི་སུམ་ཅུ་བའི་འགྲེལ་བ་ཞིབ་མོ་རྣམ་འཐག་སོགས་མཐའ་ཡས་པ་ཡོད་པ་ལས། དེང་སང་འགའ་རེ་མ་གཏོགས་པ་ཕལ་ཆེ་བའི་དཔེ་རྒྱུན་ཡང་དཀོན་པར་སྣང་ངོ་།། ༢ ཕྱིས་ཀྱི་འགྲེལ་བ་གསར་མའི་སྐོར། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ། (༡༦༨༣ལོར་བརྩམས) པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་བའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན་དང་། རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ། (རབ་བྱུང་བཅུ་གཉིས་པའི་སྟོད་ཙམ་ལ་བརྩམས) ཅོ་ནེ་གྲགས་པ་བཤད་སྒྲུབ་(༡༦༧༥-༡༧༤༨)ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ཚིག་དོན་གསལ་བྱེད་སྣང་བ། ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་(༡༧༠༠-༡༧༧༤)མཛད་པའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས(རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལོར་བརྩམས)། ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན་(༡༧༠༨-༡༧༦༨)གྱིས་མཛད་པའི་སུམ་རྟགས་འགྲེལ་བ་བློ་གྲོས་པདྨོ་འབྱེད་པའི་སྣང་བ(རབ་ཉི་མེ་སྦྲུལ་ལོར་བརྩམས)། ལྕང་སྐྱ་རོལ་པའི་རྡོ་རྗེས་(༡༧༡༧-༡༧༨༦)མཛད་པའི་སུམ་རྟགས་འགྲེལ་བ་བློ་ལྡན་དགའ་སྐྱེད། ཀརྨ་སྨོན་ལམ་འོད་ཟེར་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བ། བསམ་གཏན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་བའི་འགྲེལ་བ་དགོངས་གསལ་ནོར་བུའི་མེ་ལོང་། མཛོད་དགེ་བློ་བཟང་དཀོན་མཆོག་(༡༧༤༢- x)གིས་མཛད་པའི་རྟགས་འཇུག་འགྲེལ་བ་དགོངས་གསལ་མེ་ལོང་། རྔ་རྒོད་ནམ་མཁའ་སེང་གེས་(༡༧༡༢-༡༧༨༠)མཛད་པའི་སུམ་རྟགས་འགྲེལ་བ་བློ་ལྡན་དགའ་སྐྱེད། ཟན་ཁྲོན་ལཱ་ཀྱ་ནས་འཁྲུངས་པའི་ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་རྟགས་འཇུག་འགྲེལ་བ་རབ་གསལ་སྣང་བ་དང་། རྣམ་དབྱེ་བྱ་བྱེད་སོགས་ཀྱི་དཀའ་གནད་གསལ་བའི་མེ་ལོང་། བདག་གཞན་བྱ་བྱེད་ལས་གསུམ་ཉུང་གསལ་འཕྲུལ་གྱི་ལྡེ་མིག (རབ་བྱུང་བཅུ་བཞི་བའི་སྟོད་ཙམ་ལ་བརྩམས) རྭ་རྒྱ་དགེ་འདུན་ཤེས་རབ་ཀྱིས་མཛད་པའི་སུམ་རྟགས་དོན་འགྲེལ་མེ་ཏོག་ཕྲེང་མཛེས་དང་། དེའི་ཟུར་འདེབས(༡༨༡༨ལོར་བརྩམས)། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སུམ་རྟགས་འགྲེལ་བ་སི་ཏུའི་ཞལ་ལུང་(༡༨༦༦ལོར་བརྩམས)། དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་བའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང་། རྟགས་འཇུག་གི་དཀའ་གནད་གསལ་བའི་མེ་ལོང་། (སྔ་མ་༡༩༠༡ལོ་དང་། ཕྱི་མ་༡༩༠༣ལོར་བརྩམས) གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་ (༡༧༥༧-༡༨༤༩) མཛད་པའི་སུམ་ཅུ་བའི་འགྲེལ་བ་ཉིན་མོའི་སྣང་བ་དང་། རྟགས་འཇུག་འགྲེལ་བ་ནོར་བུའི་རྒྱན་ཕྲེང་(སྔ་མ་༡༨༣༦ལོ་དང་། ཕྱི་མ༡༨༣༥ལོར་བརྩམས)། བདེ་ཐང་མཁན་པོ་བློ་བཟང་འཇམ་དབྱངས་ཀྱི་སུམ་རྟགས་འགྲེལ་བ་ཏམྦུ་རའི་སྒྲ་དབྱངས། ཨ་ལ་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛོད། དགའ་བཞི་བ་རྡོ་རིང་བསོད་ནམས་བསྟན་འཛིན་དཔལ་འབྱོར་ཚེ་རིང་གིས་བརྩམས་པའི་སུམ་རྟགས་འགྲེལ་བ་ཨུཏྤ་ལའི་རྣ་རྒྱན(༡༨༡༠ལོར་བརྩམས)། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ (༡༨༤༥-༡༩༡༥) མཛད་པའི་སུམ་རྟགས་འགྲེལ་བ་ངོ་མཚར་འཕྲུལ་གྱི་ལྡེ་མིག (༡༨༩༡ལོར་བརྩམས) མེར་གེན་མཁན་པོ་སེ་ར་བ་ཡེ་ཤེས་རྣམ་རྒྱལ་གྱིས་མཛད་པའི་སུམ་ཅུ་བའི་འགྲེལ་བ་ལེགས་བཤད་རིན་ཆེན་རྒྱུད་མངས(༡༩༢༨ལོར་བརྩམས)། ངག་དབང་ཐུབ་བསྟན་གྱིས་མཛད་པའི་སུམ་ཅུ་བའི་འགྲེལ་བ་མུ་ཏིག་ཕྲེང་བ། མེར་གེན་ཆོས་རྗེས་མཛད་པའི་པྲ་སྟིའི་ཀུན་བཟང་དགོངས་རྒྱན་གྱི་དགོངས་པ་གསལ་བྱེད་སྒྲོན་མེ། རྔ་རྒོད་ནམ་སེང་གིས་མཛད་པའི་སུམ་རྟགས་འགྲེལ་བ་བློ་ལྡན་དགའ་སྐྱེད། ཞར་ཤུལ་ཚང་གིས་མཛད་པའི་སུམ་ཅུ་བའི་འགྲེལ་བ་རིན་ཆེན་ལྡེ་མིག དམེ་ཤུལ་ཆོས་འཕེལ་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་རྨོངས་མུན་འཇོམས་པའི་ཉི་འོད། ངག་དབང་མཁས་བཙུན་གྱིས་མཛད་པའི་རྟགས་འཇུག་འགྲེལ་བ་བདུད་རྩིའི་འོ་རྒྱུན། བསོད་ནམས་རྒྱ་མཚོས་མཛད་པའི་རྟགས་འཇུག་འགྲེལ་བ་མཐོང་བ་དོན་ལྡན། སྤངས་ལུང་བ་ཀུན་བཟང་འཇིགས་མེད་རྒྱ་མཚོས་མཛད་པའི་སུམ་རྟགས་འགྲེལ་བ་འཕྲུལ་ལྡེ་སོགས་བགྲང་གིས་མི་ལང་བ་ཡོད་དོ།། ༣ སུམ་རྟགས་དང་འབྲེལ་བའི་དག་ཡིག་དང་ཡི་གེའི་བཤད་པ་གྲགས་ཅན་སྐོར། ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)ཀྱིས་མཛད་པའི་དག་ཡིག་མདོར་བསྡུས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་མ་སྙེ་ཐང་བ་གྲགས་པ་སེང་གེས་མཛད་པའི་དག་ཡིག་གངྒཱ། འདིས་རབ་བྱུང་བཞི་བའི་ཆུ་སྟག་ལོར་(༡༢༤༢)བསྟན་རྩིས་མཛད་པའི་ལོ་ཚིགས་ལ་དཔགས་ན་དུས་རགས་པ་ཤེས་ཐུབ། གཙང་ནག་པ་ཐུགས་རྗེ་སེང་གེས་མཛད་པའི་དག་ཡིག་བདུད་རྩིའི་ཆུ་རྒྱུན། སྟག་སྟོན་གཞོན་ནུ་དཔལ་གྱིས་མཛད་པའི་དག་ཡིག་འོད་ཟེར་བརྒྱ་བ། འདི་དབུས་པ་བློ་གསལ་དང་ཆོས་གྲོགས་ཡིན་པས་རབ་བྱུང་བཞི་བའི་ནང་བྱོན། བུ་སྟོན་སེང་གེ་འོད་ཀྱིས་མཛད་པའི་དག་ཡིག་སྒྲ་དོན་རྒྱ་མཚོའི་མེ་ལོང་། བསམ་སྡིངས་པ་ཀུན་བསམ་གྱིས་མཛད་པའི་དག་ཡིག་འཁྲུལ་སྤོང་སྟེ་ཚན་པ་ལྔ་བོ་འདི་དག་ཡིག་ཟ་མ་ཏོག་གི་མཇུག་ཏུ་མཚན་ཙམ་བཀོད་པ་མཐོང་རྒྱུ་ཡོད་པ་ལས་ད་ལྟ་དཔེ་རྒྱུན་ཤིན་ཏུ་དཀོན་ནོ།། པཎ་ཆེན་བྱམས་པ་གླིང་བས་(༡༤༠༠-༡༤༧༥) མཛད་པའི་དག་ཡིག་སྨྲ་བའི་རྒྱན(༡༤༣༥ལོར་བརྩམས)། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་དག་ཡིག་ཟ་མ་ཏོག (༡༥༡༤ལོར་བརྩམས) ཞྭ་ལུ་ལོ་ཙཱ་བའི་བུ་ཆེན་སྐྱོགས་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་བརྡ་གསར་རྙིང་ལི་ཤིའི་གུར་ཁང་(༡༥༣༦ལོར་བརྩམས) ཞྭ་ལུ་ལོ་ཆེན་ཡབ་སྲས་ཀྱི་སློབ་མ་དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་མཛད་པའི་དག་ཡིག་ངག་གི་སྒྲོན་མ(༡༥༣༨ལོར་བརྩམས)། ཞྭ་ལུའི་དངོས་སློབ་འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་(༡༥༡༦--༡༥༧༢)གྱིས་མཛད་པའི་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མེ(འདི་སི་ཏུས་ཞུས་དག་བཏང་ནས་དཔེ་རྒྱུན་འཕེལ་སླད་རང་གི་གསུང་འབུམ་གྲས་སུ་བཞག་ཡོད)། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་དག་ཡིག་གཞོན་ནུ་དགའ་སྐྱེད། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་(༡༥༩༧-X)ཀྱིས་མཛད་པའི་དག་ཡིག་མིག་དབང་རབ་གསལ་སྣང་བ། (༡༦༣༨ལོར་བརྩམས) ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས(༡༧༤༢ལོ་སྔ་ཕྱིར་བརྩམས)། སུམ་པ་ཡེ་ཤེས་དཔལ་འབྱོར་(༡༧༠༤-༡༧༨༨)གྱིས་མཛད་པའི་དག་ཡིག་རབ་གསལ་མེ་ལོང་། པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་དག་ཡིག་སྨྲ་བའི་སྒྲོན་མེ་དང་། སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན། མདོ་མཁར་བ་ཚེ་རིང་དབང་རྒྱལ་(༡༦༩༧-༡༧༦༣)གྱིས་བརྩམས་པའི་འཕགས་བོད་ཡིག་རིགས་ཀྱི་བྱུང་བ་བརྗོད་པ་དཔྱོད་ལྡན་འདྲེན་བྱེད་བདུད་རྩི(༡༧༤༦ལོར་བརྩམས)། རོང་བོ་བདེ་ཆེན་སྤྲུལ་སྐུ་ངག་དབང་འཇམ་དབྱངས་དཔལ་ལྡན་གྱིས་མཛད་པའི་བོད་ཀྱི་བརྡ་དང་ཡི་གེའི་རྣམ་གཞག་གཞན་ཕན་ནོར་བུ(༡༧༤༩ལོར་བརྩམས)། དཔའ་རིས་དམ་ཆོས་ཀྱིས་མཛད་པའི་དག་ཡིག་ཤེས་བྱ་རབ་གསལ། ཨ་ལ་ཤ་བསྟན་དར་ལྷ་རམས་པས་མཛད་པའི་བརྡ་ཡིག་མིང་དོན་གསལ་བྱེད་ཟླ་བའི་འོད་སྣང་བོད་སོག་སྐད་གཉིས་ཤན་སྦྱར་མ་དང་། བརྡ་གསར་རྙིང་བློ་གསལ་མགྲིན་རྒྱན། དག་ཡིག་སྐྱ་རེངས་གསར་བ། ཡིག་བཤད་མཁས་པའི་ཁ་རྒྱན་སོགས་ལེ་ཚན་འགའ། རྭ་རྒྱའི་དགེ་འདུན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཟུར་འདེབས་བདུད་རྩིའི་མཆོད་སྤྲིན་རྭ་རྒྱའི་དག་ལྷབ་ཏུ་གྲགས་པ(༡༨༡༧ལོར་བརྩམས)། དབལ་མང་པཎྜི་ཏའི་སློབ་མ་བདེ་ཐང་ཞབས་དྲུང་གི་མཛད་པའི་དག་ཡིག་ངག་སྒྲོན་ཟིན་བྲིས་སྐལ་བཟང་སྙིང་གི་མུན་པ་སེལ་བའི་ཉིན་བྱེད་སྣང་བ། སྡེ་དགེ་བླ་མ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་སའི་ཡང་འཇུག་དོར་བའི་དག་ཡིག་ལེ་ཚན་ལྔ(༡༨༩༥ལོར་བརྩམས)། དག་ཡིག་འདི་མཛད་པ་པོ་ལ་ས་ཕུད་བླ་མ་དང་ས་གཅོད་བླ་མ་ཞེས་གངས་ཅན་བརྡ་སྤྲོད་སྨྲ་པའི་མཁས་པ་རྣམས་ཀྱིས་མིང་འདོགས་དེ་ལྟར་མཛད་དོ།། ཁམས་འཇུ་མི་ཕམ་(༡༨༤༦-༡༩༡༡)གྱིས་མཛད་པའི་ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར(༡༩༠༥ལོར་བརྩམས)། བློ་བཟང་ཡོན་ཏན་གྱིས་མཛད་པའི་དག་ཡིག་ངག་སྒྲོན་འགྲེལ་བ་བདུད་རྩིའི་དགའ་སྟོན། བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་དག་ཡིག་ངག་སྒྲོན་འགྲེལ་བ་ཚིག་གསལ། དགེ་བའི་བཤེས་གཉེན་དཔྱི་ས་བློ་གྲོས་རྒྱ་མཚོས་(༡༨༩༠-༡༩༥༩)མཛད་པའི་དག་ཡིག་ཁྱད་དུ་འཕགས་པ་སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་(༡༩༥༥ལོར་བརྩམས)སོགས་སྔོན་དང་ཕྱིས་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་བ། དག་ཡིག་གི་རྣམ་གཞག དེ་སྐོར་ལས་འཕྲོས་པའི་དྲི་བ་དང་དྲིས་ལན། དོགས་སློང་དང་དགག་ཡིག་སོགས་མཐའ་དག་པར་བརྩིས་པས་མི་ལང་བས་འདིར་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ།། །། ཐོན་མིའི་ཞལ་ལུང་ལས་རྟགས་ཀྱི་འཇུག་པ་བཤད་པ། ༄༅།།དཔལ་ལྡན་མཁྱེན་རབ་ཉིན་མོར་བྱེད་པའི་གཟིས།། དུས་གསུམ་ལས་ཚིག་འདབ་སྟོང་བརྩེགས་པའི་སྦུབས།། ཅི་དགར་ཕྱེ་བས་རྟགས་འཇུག་ཟིལ་དངར་བཅུད།། འགྲེམ་མཛད་ཐོན་མིར་སླར་ཡང་དྲན་པས་འདུད།། ཤིན་ཏུ་རྟོགས་དཀའི་གནས་སུ་མངོན་འཕགས་པའི།། རྟགས་ཀྱི་འཇུག་པ་རིག་གཞུང་རིན་ཆེན་གཏེར།། འདི་ན་གོ་སླའི་ངག་གིས་ལེགས་འགྲེལ་བ།། བློ་མུན་སེལ་བའི་གསོས་སུ་ད་ལོངས་ཤིག ། དེ་ལ་འདིར་ཡི་གེ་བྲིས་པའི་གཟུགས་གཙོ་བོར་བྱས་ནས་རྣམ་དབྱེ་དང་ཚིག་ཕྲད་ཇི་ལྟར་སྦྱོར་ཚུལ་རྒྱ་ཆེར་སྟོན་པའི་གཞུང་སུམ་ཅུ་བ་བློ་ཡུལ་དུ་ལེགས་པར་ངེས་པའི་རྗེས་སུ། ད་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཀྱི་གདངས་ལ་དྲག་ཞན་བར་མའི་ཁྱད་པར་ཕྱེ་ནས་དུས་གསུམ་དང་བདག་གཞན་བྱ་བྱེད་ལས་གསུམ་བྱེད་པ་པོ་དངོས་ཡོད་དང་དངོས་མེད་བྱ་བྱེད་ཐ་དད་པ་དང་ཐ་མི་དད་སོགས་ཀྱི་དབྱེ་བ་གཙོ་བོར་སྟོན་པའི་གཞུང་རྟགས་འཇུག་གི་རྣམ་གཞག་ཅི་ཐུབ་ཐུབ་ཀྱིས་གོ་སླ་བའི་ངག་གིས་རྣམ་པར་འགྲེལ་བར་འདོད་དོ།། དེ་ལ་ཐོག་མར་བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་རྟགས་གཉིས་ཀྱི་རྣམ་གཞག་འདི་ལེགས་སྦྱར་གྱི་སྒྲ་གཞུང་དང་ཇི་ལྟར་མཐུན་ཞེས་འདྲི་ན་ལན་དུ་འདི་ལྟར། རྗེས་འཇུག་གི་ནུས་པས་རྣམ་དབྱེ་དང་ཚིག་ཕྲད་སོགས་འདྲེན་པ་ནི་སྒྲ་གཞུང་གི་དབྱངས་གསལ་མཚམས་སྦྱོར་བའི་ཚུལ་དང་འདྲ། རྗེས་འཇུག་སྦྱར་བ་ནི་སྒྲ་གཞུང་གི་དབྱངས་སྲོག་ཞུགས་དང་འདྲ། དེ་བཞིན་དུ་མིང་གཞི་རྣམས་ལ་རྗེས་འཇུག་སྦྱར་བ་ལེགས་སྦྱར་གྱི་བྱིངས་དང་འདྲ། སྔོན་འཇུག་གིས་བྱ་བྱེད་སོགས་ཀྱི་ཁྱད་འབྱེད་པ་སྒྲའི་རྐྱེན་དང་མཐུན། བརྗོད་བདེ་དང་རྟགས་མཚུངས་དབང་གིས་མིང་མཐུན་ལྷན་ཅིག་ཏུ་སྦྱོར་བ་ཀྲྀཏ྄་དང་མཐུན། ཚིག་ཕྲད་ནི་ཉེར་བསྒྱུར་དང་དེ་ཕན་ཅི་རིགས་དང་མཐུན། རྣམ་དབྱེ་བརྒྱད་ནི་མིང་ལེ་དང་། བྱེད་ཅན་གཉིས་དང་མཐུན་ཚུལ་རྣམས་སྒྲ་ལ་སྦྱངས་པ་ཞིག་ཡིན་ན་དེའི་གོ་བ་བདེ་བླག་ཏུ་རྙེད་པར་འགྱུར་བས་རིས་སུ་མ་ཆད་པའི་རིག་གནས་ཀྱི་གཞུང་ཆེ་ཆུང་ལ་ཚིམ་མེད་དུ་སྦྱོང་བ་གལ་ཆེའོ།། རྟགས་འཇུག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། གཙོ་བོ་བོད་སྐད་རང་དང་མཐུན་པའི་ཡི་གེ་སོ་སོའི་གདངས་ཀྱི་དྲག་ཞན་དང་བྱ་བྱེད་ལས་གསུམ་གྱི་སྒྲ་དང་། དུས་གསུམ་གྱི་ཁྱད་པར་སྐད་གདངས་མ་འདྲེས་པར་ཐོན་པ་དང་། བྱེད་པ་པོ་དངོས་སུ་ཡོད་པ་དང་མེད་པའི་ཁྱད་པར་ལས་ཡིག་གཟུགས་མི་འདྲ་བ་དང་། སྐུལ་ཚིག་དང་དགག་སྒྲ་སྦྱར་བའི་བྱ་བྱེད་སྟོན་པའི་མིང་ཚིག་རྣམས་ཡིན་ལ། དེ་དག་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་ཤེས་འདོད་པ་དག་གིས་ངེས་པར་རྟགས་འཇུག་ལ་སྦྱང་དགོས་སོ།། དང་པོ། ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ། ཕོ་ཡི་ཡི་གེ་འབའ་ཞིག་ལ།། སྡེ་བ་ཕྱེད་དང་བརྒྱད་གནས་པའང་།། སྡེ་ཚན་ལྔ་རུ་དྲིལ་བྱས་ནས།། ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་བཞི་རུ།། སྡེ་བ་བཞི་བ་ཡན་ཆད་དབྱེ།། ལྷག་མ་བཅུ་བཞི་གནས་པ་ལ།། ཙ་སོགས་གསུམ་ནི་ཅ་སོགས་སྦྱོར།། ཝ་ནི་བ་དང་སྦྱར་བར་བྱ།། ལྷག་མ་དྲུག་ནི་མོ་རུ་སྦྱར།། ར་ལ་ཧ་ནི་མོ་གཤམ་སྟེ།། མ་ནིང་མཚན་མེད་ཅེས་ཀྱང་བྱ།། ཀ དངོས་ཀྱི་དོན། སྤྱིར་བོད་ཀྱི་ཡི་གེ་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བཏང་ན། དབྱངས་ཡིག་བཞི་མོ་དང་། གསལ་བྱེད་སུམ་ཅུ་ཕོ་ཡིན་ལ། དེས་ན་ཕོའི་ཡི་གེ་འབའ་ཞིག་སྟེ་གསལ་བྱེད་སུམ་ཅུ་བོ་ཁོ་ན་ལ། སྡེ་བ་ཕྱེད་དང་བརྒྱད་གནས་པ་སྟེ། དེ་ཡང་སྡེ་བ་དང་པོ་ཀ་ཁ་ག་ང་། གཉིས་པ་ཅ་ཆ་ཇ་ཉ། གསུམ་པ་ཏ་ཐ་ད་ན། བཞི་བ་པ་ཕ་བ་མ། ལྔ་བ་ཙ་ཚ་ཛ་ཝ། དྲུག་པ་ཞ་ཟ་འ་ཡ། བདུན་པ་ར་ལ་ཤ་ས། ཕྱེད་པ་ཧ་ཨ་རྣམས་སོ། །དེ་རྣམས་སྡེ་ཚན་ལྔ་རུ་དྲིལ་བ་ནི། གང་ཟག་ཕོ་མོ་མ་ནིང་གི་སྐད་དང་མཐུན་པར་སྒྲ་དྲག་པ་ཕོ་དང་། རན་པ་མ་ནིང་དང་། ཅུང་ཟད་ཞན་པ་མོ་དང་། དེ་ལས་ཀྱང་ཅུང་ཟད་ཞན་པ་ཤིན་ཏུ་མོ་དང་། ཤིན་ཏུ་ཞན་པ་མོ་གཤམ་སྟེ་རྣམ་པ་ལྔའོ། །དེ་ཡང་སྡེ་བ་སྔ་མ་བཞི་པོ་རྣམས་ཀྱི་དང་པོ་ཀ་ཅ་ཏ་པ་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་མ་ནིང་དང་། གསུམ་པ་ག་ཇ་ད་བ་མོ་དང་། བཞི་བ་ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེ་དག་གི་ལྷག་མ་ཙ་སྡེའི་མན་དུ་ཡི་གེ་བཅུ་བཞི་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི། རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ། ཚ་མ་ནིང་། ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོའི་ཡི་གེར་སྦྱར་བར་བྱའོ། །ར་ལ་ཧ་གསུམ་ནི་མོ་གཤམ་གྱི་ཡི་གེ་སྟེ་མིང་གཞན་མ་ནིང་མཚན་མེད་ཅེས་ཀྱང་བརྗོད་ལ། ཨ་ནི་ཕྱོགས་སུ་མ་ལྷུང་བའི་རྟགས་མེད་པའོ། །ཞེས་པ་ནི་ཡོངས་གྲགས་རྒྱུགས་ཆེ་བའི་འགྲེལ་ཚུལ་དང་། ཨ་ཡིག་ནི་མོ་གཤམ་དུ་མ་ཟད། ར་ལ་ཧ་གསུམ་ལས་ཀྱང་རྩོལ་བ་ཤིན་ཏུ་ཞན་པའི་ཕྱིར་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་པ་ནི་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་འགྲེལ་ཚུལ་ལོ།། ཁ མཐའ་དཔྱད་པ། ཕུན་གླིང་པར་མའི་རྟགས་འཇུག་རྩ་བར། སྡེ་ཚན་ལྔ་རུ་དྲིལ་བྱས་ནས།། ཞེས་པའི་འཕྲོར། ཡི་གེ་སུམ་ཅུ་ཐམ་པ་ལ།། ཕོ་མོ་མ་ནིང་གསུམ་དུ་དབྱེ།། ཞེས་བཀོད་ཡོད་པ་ལྟར་དུ་ཅོ་ནེ་གྲགས་པ་བཤད་སྒྲུབ་སོགས་ཀྱི་འགྲེལ་བར་ཡང་དེ་ལྟར་བཀོད་པ་ནི་མཆན་དཀྱུས་ལ་ཤོར་བའི་ཚིག་ཡིན་ན་མ་གཏོགས་ཐོན་མིའི་རང་གཞུང་མིན་པར་སེམས་སོ།། རྡོ་རིང་བའི་རྟགས་འགྲེལ་སོགས་འགྲེལ་བཤད་སྔ་མ་འགར། སྐད་གདངས་དྲག་ཞན་བར་མའི་དབང་གིས་ཡི་གེ་ལ་ཕོ་མོ་མ་ནིང་གི་ཐ་སྙད་བཏགས་པ་འགྲེལ་སྐབས་ཐུན་མོང་བའི་རིག་གནས་ཀྱི་བརྡ་ཆད་དང་མི་འཚམ་པའི་ཕྱི་ནང་གསང་བའི་མིང་བརྡ་སྦྱར་བ་ནི་སྐབས་འདིར་འབྲེལ་ཆུང་ཞིང་འཐད་པར་མ་མཐོང་ངོ་།། གཙོས་རྟགས་འཇུག་ཏུ། སྐབས་འདིར་མཁས་པ་འགའ་ཞིག་གིས་ཕྱི་ནང་གསང་གསུམ་གྱི་བཤད་པ་མཛད་པ་སྤྱིར་བཏང་མི་འཐད་པ་མ་ཡིན་མོད། འོན་ཀྱང་སྐབས་འདིར་དེ་འདྲའི་རྣམ་གཞག་སྨོས་མ་དགོས་ཤིང་སྙིང་པོ་ཅི་ཡང་མེད་དོ། །ཞེས་གསུངས་པའང་རྡོ་རིང་བའི་འགྲེལ་བ་ལ་གཟས་པ་གོར་མ་ཆག་གོ ། སྐབས་འདིར་བསྟན་གྱི་སྡེ་ཚན་ལྔ་ནི། ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་སྟེ་ལྔ་པོ་འདི་ལ་ངོས་འཛིན་པ་ནི་རྩ་བར་གསལ་བས་འགྲེལ་མཛད་རྣམས་ཞལ་འཆམ་ལ། འོན་ཀྱང་རྩ་བའི་མཇུག་གི་རྐང་བ་གཅིག་ཡོད་པ་དེ་ལ་བཀླག་ཚུལ་དང་འགྲེལ་ཚུལ་གཏན་མི་འདྲ་བ་འདི་ལྟར། སི་ཏུས་མ་ནིང་དང་ཨ་ནི་ཞེས་པའི་ཡིག་གཟུགས་ནོར་སོ་བྱུང་ཞེས་ཡིག་སྡེབ་བཅོས་ནས་ཨ་ནི་མཚན་མེད་ཅེས་ཟེར། བསྟན་འགྱུར་གྲས་སུ་བཞུགས་པའི་རྟགས་འཇུག་དང་། འགྲེལ་མཛད་སྔ་ཕྱི་ཕལ་ཆེ་བས་མ་ནིང་མཚན་མེད་ཅེས་བཀླགས་ནས་འགྲེལ་སྐབས་རང་རང་གི་བཞེད་པ་ལྟར་ཚིག་གི་འབྲུ་སྣོན་བྱེད་དོ།། སི་ཏུས། འགྲེལ་བྱེད་སྔ་མ་ཁ་ཅིག་ཨ་ཡིག་རྟགས་མེད་དུ་འདོད་པ་དེ་བཀག་པ་ནི་ད་དུང་ཞིབ་འཇུག་བྱེད་དགོས་པའི་གནས་སུ་སྣང་སྟེ། རྒྱུ་མཚན་ནི། ལོ་ཆེན་བྱང་ཆུབ་རྩེ་མོའི་བུ་ཆེན་ལོ་ཙཱ་བ་ནམ་མཁའ་བཟང་པོའི་སུམ་རྟགས་འགྲེལ་བ་བསྟན་པའི་སྒྲོན་མེར། ཨ་ཡིག་རྟགས་མེད་པའོ། །ཞེས་དང་། ཞྭ་ལུ་ལོ་ཆེན་དགུང་ལོ་བགྲེས་པའི་སྐབས་སུ་མཛད་པའི་དག་ཡིག་ཟ་མ་ཏོག་ལས། ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ།། སུམ་ཅུ་བ་ལ་ཕྱོགས་ལྷུང་མེད།། ཅེས་གསུངས་པ་འདི་དག་ནི་རང་དགར་ཡལ་བར་འདོར་དུ་མི་རུང་བའི་རྡོ་རྗེའི་ཚིག་ཡིན་ཞིང་། མཐར་གཏུགས་ན་ཕྱོགས་ལྷུང་མེད་ཅེས་པ་ནི་རྟགས་མེད་པའི་དོན་ནོ། །གཞན་ཉེར་དགུ་བོ་ཕྱོགས་ལྷུང་ཅན་ཡིན་པའི་དོན་ནི། མིང་གཞི་དང་སྔོན་འཇུག་དང་རྗེས་འཇུག་གི་རྟགས་ཀྱི་སྐབས་འགྱུར་འགྲོ་བ་སྟེ། མིང་གཞིའི་སྐབས་ག་ད་གཉིས་མོ་ཡིག་ཡིན་པ་དེ་སྔོན་འཇུག་གི་དུས་སུ་མ་ནིང་དང་རྗེས་འཇུག་གི་སྐབས་ཕོ་ཡིག་ཏུ་འགྱུར་བ་ལྟ་བུའི་སྒོ་ནས་ཤེས་དགོས་པའི་དོན་ནོ།། གཙོས་སུམ་ཅུ་བའི་འགྲེལ་བར་སྤྱིར་སི་ཏུའི་རྗེས་སུ་འབྲང་ཅི་ཐུབ་མཛད་ན་ཡང་། སྐབས་འདིར་ཨ་ཡིག་མ་ནིང་མཚན་མེད་དུ་རྩ་བས་ཤུགས་ལ་བསྟན་ཅེས་རང་ལུགས་བཞག་ནས། ཨ་ནིའི་ཡི་གེ་ལ་མ་ནིང་ཞེས་ཡིག་ནོར་བྱུང་ཟེར་བ་དང་། མོ་ནི་བདག་ད་མ་འོངས་ཞེས་བཅོས་པ་རྣམས་ལ་ཧ་ཅང་ཐལ་བའི་སྐྱོན་འཕེན་ནོ།། གསེར་ཏོག་འགྲེལ་བར་ཡང་། ཨ་ཡིག་མཚན་མེད་དུ་འདོད་ཕྱིན་རྟགས་མེད་དུ་དོན་གྱིས་ཁས་བླངས་སོང་བས་སྡེ་ཚན་ལྔར་མི་གཏོགས་པའི་ཨ་ཡིག་ཐོན་མིའི་བཞེད་པ་ལས་མི་འདའ་སྙམ་མོ། །ཞེས་གསུངས་པའི་རིགས་པ་འདི་སི་ཏུ་ལ་ཤིན་ཏུ་རྣོའོ། །སྤྱིར་ན་རྟགས་དང་མཚན་མ་གཉིས་མིང་གི་རྣམ་གྲངས་མ་ཡིན་པར་སུ་ཞིག་གིས་སྨྲ། སི་ཏུའི་ལུགས་གཞིར་བཞག་ནའང་ཚིག་ལ་སྐྱོན་འདི་འཇུག་སྟེ། མུ་ཏིག་ཕྲེང་མཛེས་ལས། ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད། མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་དང་། གཞུང་དེ་ལྟར་བཀླགས་པས་སྐྱོན་དུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། མོ་གཤམ་དང་མ་ནིང་གི་གཞི་མཐུན་ཁས་ལེན་དགོས་པའི་སྐྱོན་དེ་ཉིད་དང་། ཞེས་དང་། མཚན་མེད་ཅེས་པས་དེ་མོ་གཤམ་ཡིན་ཡང་། ཞེས་དང་། དེ་ལྟ་ནའང་མཚན་མེད་ཅེས་པས་མ་ནིང་མཚན་མེད་ཉིད་བསྟན་པར་སོང་བས་སྔར་སྨོས་པའི་སྐྱོན་མི་ཁེགས་སོ་སྙམ་ན་དོགས་པ་དེ་སྐྱེ་མི་དགོས་ཏེ། མ་ནིང་ལ་འགྱུར་བ་དང་། མཚན་གཉིས་དང་། མཚན་མེད་གསུམ་དུ་དབྱེ་བ་རྗེས་འཇུག་གི་སྐབས་སུ་ཡིན་གྱི། འདིར་མི་འགྲིག་བཞིན་དུ་དེ་ལྟར་ཚེགས་ཀྱིས་སྦྱོར་བ་ལ་དགོས་པ་མེད་པའི་ཕྱིར་རོ། །ཞེས་བཤད་པ་རྣམས་ལ་ནང་འགལ་ཡོད་དེ། ཨ་ཡིག་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་བཤད་པ་དེས་མོ་གཤམ་དང་མཚན་མེད་ཀྱི་གཞི་མཐུན་ཡོད་པར་བསྟན། མཚན་མེད་ལ་མ་ནིང་མ་ཡིན་པ་ཞིག་ག་ན་སྲིད་དེ། སྐྱེས་བུ་གང་ཞིག ཆུ་སྒོ་ཙམ་ལས་མངོན་གསལ་གྱི་ཕོ་མོའི་མཚན་མ་མེད་ན་མ་ནིང་ཡིན་པས་ཁྱབ་པའི་ཕྱིར་རོ། །མ་གྲུབ་ན་གསོ་བ་རིག་པའི་ལུས་ཀྱི་ཆགས་ཚུལ་ལ་གཟིགས་ཤིག་དེས་ན་ཨ་ཡིག་མ་ནིང་མཚན་མེད་ཡིན་པར་རང་གིས་བསྟན་ཟིན་པས་མོ་གཤམ་དང་མ་ནིང་གི་གཞི་མཐུན་མེད་པ་བུད། གཞན་ཡང་། འཇིག་རྟེན་གྱི་གྲགས་པ་དང་བསྟུན་ན། འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་པོ་གང་རུང་ཡིན་ན་མོ་གཤམ་ཡིན་པས་ཁྱབ་ཀྱང་། མོ་གཤམ་ཡིན་ན་དེ་གསུམ་གང་རུང་ཡིན་པས་མ་ཁྱབ་ཅེས་སྨྲས་ན་ལན་ཇི་ལྟར་གདབ། དེའི་ཕྱིར་བྱེད་རྩོལ་མཉམ་པ་ཅན་དང་ཤིན་ཏུ་ལྷོད་ཅིང་ཞན་པ་གཉིས་དབྱེ་སྒོ་གཅིག་ལ་འདུ་རུང་སྟེ། མཚན་མེད་མ་ནིང་ཡང་ཡིན་མོ་གཤམ་ཡང་ཡིན་པའི་གཞི་མཐུན་པ་འཇིག་རྟེན་ན་སྲིད་པ་བཞིན་ནོ། །ཡང་རྗེས་འཇུག་སྐབས་ལྟར་མ་ནིང་མཚན་མེད་ཀྱི་བརྡ་དེ་འདིར་མི་སྦྱོར་གསུངས་ན། མཚན་མེད་ཅེས་པ་རྟགས་མེད་དང་དོན་གཅིག་པས་ཨ་ཡིག་རྟགས་མེད་ཅན་དུ་མི་འདོད་བཞིན་དུ་ཁས་བླངས་པར་གྱུར་ཏོ། །སྤྱིར་སི་ཏུའི་སུམ་རྟགས་ཀྱི་གཞུང་འདི་སྦྱར་བྱང་དུ་གསལ་བ་ལྟར། ལོ་བཅོ་ལྔའི་རིང་ལ་བསྒྲིགས་པ་ལས་རྟགས་འཇུག་གི་གཞུང་ལ་ཆེས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཤིན་ཏུ་མང་བ་སྨོས་མ་དགོས་སོ།། མཁས་དབང་པྲ་སྟིའི་བཤད་སྦྱར་དུ། ར་ལ་ཧ་ནི་མོ་གཤམ་སྟེ།། མ་ནིང་མཚན་མེད་ཅེས་ཀྱང་བྱ།། ཞེས་དང་། ཨ་ལ་ཤས། ར་ལ་ཧ་ནི་མོ་གཤམ་སྟེ།། ཨ་ཡིག་ཀུན་གྱི་སྲོག་ཏུ་ཞུགས།། ཞེས་པའི་དགོངས་པ་དང་མཐུན་པར་ཨ་ཀྱ་ཡོངས་འཛིན་དང་གསེར་ཏོག་འགྲེལ་བ་རྣམས་སུ་ཡང་ཏང་དེ་ལྟར་འཆད་དེ། ཨ་ཀྱ་ཡོངས་འཛིན་གྱིས་བཀོད་པའི་སྡོམ་ཚིག་ཏུ། ར་ལ་ཧ་གསུམ་མོ་གཤམ་སྟེ།། མིང་གཞན་མ་ནིང་མཚན་མེད་ཟེར།། ཨ་ཡིག་འདིར་ནི་རྟགས་མེད་ཡིན།། ཞེས་པ་ལྟར་བཟུང་ན་ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ་ཡིན་པའི་ཕྱོགས་སུ་འགྲོ་བར་སྣང་ངོ་།། རྡོ་རིང་བསོད་ནམས་བསྟན་འཛིན་གྱི་རྟགས་འཇུག་འགྲེལ་བར། ཟ་མ་ཏོག་གི་ཕྱོགས་ལྷུང་ཡི་གེ་ཉེར་དགུ་བཤད་སྐབས། མིང་གཞིའི་སྐབས་ཕོ་ཡིག་ཡིན་བཞིན་དུ་སྔོན་འཇུག་གི་དུས་མོ་ཡིག་ཏུ་འགྱུར་བ་ཞིག་ཡོད་པར་བཤད་པ་ནི་འཐད་པར་མ་མཐོང་སྟེ། མིང་གཞིའི་ཕོ་ཡིག་ལ་ཀ་ཅ་ཏ་པ་ཙ་ལྔ་ལས་སྟོན་རྒྱུ་མེད་ལ། དེ་ལྔ་ལས་ཡི་གེ་གང་ཡང་སྔོན་འཇུག་ཏུ་འགྲོར་མི་སྲིད་དོ། །རགས་པའི་གནས་འདི་ཙམ་ཡང་བློས་མ་འཆུན་པར་འགྲེལ་བཤད་གང་ཞིབ་བྱེད་པ་ནི་ངལ་བའི་རྒྱུ་མ་ཡིན་ནམ། གཉིས་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ། ༡ མིང་གཞི་ལས་སྔོན་རྗེས་ཀྱི་ཡི་གེ་དབྱུང་ཚུལ། མོ་ཡི་ཡི་གེའི་ནང་ནས་ནི།། འཇུག་པའི་ཡི་གེ་བཅུ་དབྱུང་བྱ།། འཇུག་པ་བཅུ་ཡི་ནང་ནས་ནི།། སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།། མོའི་ཡི་གེ་ལ་བཤད་མ་ཐག་པ་ལྟར་མོ་ཙམ་དང་། ཤིན་ཏུ་མོ་དང་། མོ་གཤམ་སྟེ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བའི་ནང་ནས་རྗེས་སུ་འཇུག་པའི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་བོ་རྣམས་དབྱུང་བ་སྟེ་བླང་བར་བྱ་ཞིང་། རྗེས་སུ་འཇུག་པ་བཅུ་བོ་དེ་ཡི་ནང་ནས་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་ལྔ་པོ་དབྱུང་བར་བྱའོ།། ༢ སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། སྔོན་འཇུག་ཡི་གེ་ལྔ་བོ་ལ།། ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་རུ་དབྱེ།། བཤད་མ་ཐག་གི་སྔོན་འཇུག་གི་ཡི་གེ་ལྔ་བོ་དེ་ལ། མིང་གཞི་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དྲག་ཞན་དུ་འགྱུར་བའི་སྒོ་ནས་བ་ཡིག་ཕོ་དང་། ག་ད་གཉིས་མ་ནིང་དང་། འ་མོ་དང་མ་ཤིན་ཏུ་མོ་སྟེ་བཞིར་དབྱེ་བར་བྱའོ།། ༣ སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ། ཀ མིང་གི་སྒོ་ནས་མདོར་བསྟན་པ། དེ་དག་རེ་རེའང་བཞི་བྱེད་དེ།། གང་ལ་འཇུག་བྱེད་གང་གིས་བྱེད།། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།། སྔོན་འཇུག་གི་ཡི་གེ་དེ་དག་རེ་རེའི་འཇུག་ཚུལ་ལའང་བྱེད་པ་བཞི་བཞིའི་སྒོ་ནས་ཤེས་དགོས་ཏེ། འཇུག་ཡུལ་མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གི་ཡི་གེ་གང་གིས་འཇུག་པར་བྱེད་པ་དང་། སྒྲའི་གདངས་ཇི་ལྟར་དུ་འཇུག་པར་བྱེད་པ་དང་། དགོས་པ་ཅི་ཞིག་གི་ཕྱིར་འཇུག་པར་བྱེད་པའོ།། ཁ གང་ལ་འཇུག་པ་དང་གང་གིས་འཇུག་པ་ལྷན་དུ་བཤད་པ། གང་ལ་འཇུག་པར་བྱེད་ཅེ་ན།། ཕོ་ནི་ཕོ་དང་མོ་ལ་འཇུག ། མོ་ནི་མོ་དང་མ་ནིང་ལ།། མ་ནིང་ཡང་ནི་ཕོ་མོ་ལའོ།། ཤིན་ཏུ་མོ་ནི་མ་ནིང་དང་།། མོ་དང་ཤིན་ཏུ་མོ་ཉིད་ལའོ།། དེ་ལ་གང་གིས་འཇུག་པར་བྱེད་པ་ཕོའི་ཡི་གེ་བ་ནི། རྐྱང་འདོགས་མགོ་ཅན་ཅི་རིགས་ལ་འཇུག་པའི་ཆ་ནས་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་(བཀག བཅད། བཏབ། བཙལ)དང་། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་(བགམ། བརྔ། བརྗོད། བརྙེས། བདའ། བརྣན། བརྫི། བཞག བཟེད། བརླ། བཤལ། བསལ།) སྟེ་བཅུ་དྲུག་ལ་འཇུག་གོ ། དེ་བཞིན་དུ་སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་(འགག འཇག འདར། འབད། འཛག) དང་། མ་ནིང་ཁ་ཆ་ཐ་ཕ་ཚ་ (འཁར། འཆག འཐམ། འཕངས། འཚང་།)སྟེ་བཅུ་ལ་འཇུག་གོ ། སྔོན་འཇུག་གི་མ་ནིང་དང་པོ་ག་ཡིག་ཀྱང་མིང་གཞིའི་ཕོ་ཡིག་ཅ་ཏ་ཙ(གཅམ། གཏན། གཙགས།)དང་། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་(གཉེར། གདམས། གནག གཞི། གཟིག གཡག གཤང་། གསད།) སྟེ་བཅུ་གཅིག་ལ་འཇུག་གོ ། མ་ནིང་གཉིས་པ་ད་ཡིག་ནི། མིང་གཞིའི་ཕོ་ཡིག་ཀ་པ་(དཀུ དཔག)དང་། མོ་ཡིག་ག་ང་བ་མ(དགོ དངགས། དབོ། དམག)སྟེ་དྲུག་ལ་འཇུག་གོ ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ(མཁར། མཆེ། མཐའ། མཚམས།)དང་། མོ་ཡིག་ག་ཇ་ད་ཛ(མགོ །མཇིང་། མདངས། མཛོད།)དང་། ཤིན་ཏུ་མོ་ང་ཉ་ན(མངར། མཉེན། མནོ།)སྟེ་བཅུ་གཅིག་ལ་འཇུག་གོ ། སྡེ་དགེའི་པར་རྙིང་བ་དང་། ད་ལྟའི་ཞན་པར་དུ། བ་ཡིག་གི་འཕུལ་ཙ་ད་གཉིས་ལ་རྐྱང་བརྩེགས་གཉིས་ཀར་དང་། ཞེས་དང་། ཅ་ཤ་གཉིས་ལ་རྐྱང་བ་ཁོ་ནར་དང་། ཞེས་བཤད་པའི་ནང་དུ་ཆད་སྐྱོན་ཡོད་དེ། ཏ་ཡིག་ལ་རྐྱང་བརྩེགས་གཉིས་ཀ་ཡོད་པ་རང་གི་དཔེར་བརྗོད་དུ། བཏགས། བརྟས། བལྟ། བསྟོད། ཅེས་དང་། ཞ་ཡིག་རྐྱང་བ་ལ་བཞེད་ཅེས་པའི་དཔེར་བརྗོད་བཞག་པས་ཤེས་སོ།། ཡང་། འདོགས་འཕུལ་གྱི་དབང་གིས་ཕོ་ལ་ཞེས་པའི་དཔེར་བརྗོད་ནང་། བརྐྱང་། བསྐྱེད། བསྐྲུན། དང་། མོ་ལ་བརྒྱད། བསྒྱིངས། བསྒྲགས། རྣམས་བཀོད་པས་ནི་རང་ཚིག་ལ་ཞིབ་ཆ་མ་ཐོན་པའི་ཉམས་ཡོད་དེ། དེ་དག་ནི་འདོགས་སུ་མ་ཟད་མགོ་ཅན་དུ་ཡང་གྱུར་པའི་གནད་ཀྱིས་སོ།། ཡང་། མོ་འ་ཡིག་གི་འཕུལ་ག་བ་ཁ་ཕ་རྣམས་ལ་འདོགས་འཕུལ་དུའང་འཇུག་གོ །ཞེས་པའི་ནང་དུ་ད་ཡིག་ཆད་པར་མ་ཟད་དཔེར་བརྗོད་ཀྱང་མ་བྱུང་བ་ལ་བལྟས་ན། འདྲེ། འདྲེན། འདྲེས། འདྲོངས་སོགས་རྩོམ་པ་པོའི་ཐུགས་ལ་མ་དྲན་པ་ཉིད་དུ་གོར་མ་ཆག་གོ ། ཡང་། མ་ནིང་ད་ཡིག་མིང་གཞིའི་མོ་ཡིག་ང་མ་གཉིས་ལ་རྐྱང་འཕུལ་ཁོ་ནར་འཇུག་གོ་ཞེས་པ་ལ་ཚིག་ཐག་གཅོད་སྔ་བའི་སྐྱོན་ཡོད་དེ། དམྱལ་བ་དང་། དམྱུགས་ཞེས་པའི་ཡི་གེས་གཤགས་པས་གསལ་བར་འགྱུར་ཞིང་འདི་ཡང་པཌྞི་ཏས་ཐུགས་མཉམ་མ་བཞག་པའི་སྐྱོན་དུ་ཆེའོ། །འདིའི་རྗེས་སུ་འབྲངས་པའི་སྟབས་ཀྱིས་ཕྱིས་ཀྱི་མཁས་པ་ཚོའི་རྟགས་འཇུག་ཏུ་ཡང་སྐྱོན་འདི་དག་ཕལ་ཆེར་སོ་ན་གནས་པས་བློ་གསལ་རྣམས་ཀྱིས་གཟབ་པར་འཚལ། དེ་དག་གི་ཡིད་ལ་འཛིན་བདེ་བའི་སྡོམ་ནི་འདི་ལྟར། ག་ད་བ་མ་འ་སྔོན་འཇུག ། བ་ཕོ་ག་ད་གཉིས་མ་ནིང་།། འ་མོ་མ་ནི་ཤིན་ཏུ་མོ།། ཕོ་ཡིག་སྔོན་འཇུག་བ་ཡིག་ནི།། ཕོ་ཡིག་ཀ་ཅ་ཏ་ཙ་དང་།། མོ་ཡིག་ག་ང་ཇ་ཉ་ད།། ན་ཛ་ཞ་ཟ་ར་ཤ་དང་།། ས་བཅས་བཅུ་དྲུག་སྔོན་དུ་འཇུག ། མོ་ཡིག་སྔོན་འཇུག་འ་ཡིག་ནི།། མོ་ཡིག་ག་ཇ་ད་བ་ཛ།། མ་ནིང་ཁ་ཆ་ཐ་ཕ་ཚ།། བཅུ་པོ་ཁོ་ནའི་སྔོན་དུ་འཇུག ། སྔོན་འཇུག་མ་ནིང་ག་ཡིག་ནི།། ཕོ་ཡིག་ཅ་ཏ་ཙ་གསུམ་དང་།། མོ་ཡི་ཡི་གེ་ཉ་ད་ན།། ཞ་ཟ་ཡ་དང་ཤ་ས་སྟེ།། བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག ། སྔོན་འཇུག་མ་ནིང་ད་ཡིག་ནི།། ཕོ་ཡི་ཡི་གེ་ཀ་དང་པ།། མོ་ཡིག་ག་ང་བ་མ་སྟེ།། དྲུག་པོ་ཁོ་ནའི་སྔོན་དུ་འཇུག ། སྔོན་འཇུག་ཤིན་ཏུ་མོ་མ་ནི།། མ་ནིང་ཁ་ཆ་ཐ་ཚ་དང་།། མོ་ཡིག་ག་ཇ་ད་དང་ཛ།། ཤིན་ཏུ་མོ་ཡིག་ང་དང་ཉ།། ན་བཅས་བཅུ་གཅིག་ཁོ་ན་ལའོ།། བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས།། དེ་ཡང་མིང་གཞི་ང་ཉ་ན།། ཇ་དང་ཛ་བཅས་ལྔ་པོ་ལ།། ར་མགོ་བྱུང་ཚེ་ལྔ་ག་དང་།། ས་མགོ་བྱུང་ན་ང་ཉ་ན།། གསུམ་པོ་ཁོ་ནའི་སྔོན་དུ་འབྱུང་།། ཞེས་པའོ།། མཚམས་འདིར་ཨ་ཀྱ་ཡོངས་འཛིན་གྱིས་བཀོད་པའི་སྡོམ་ཚིག་ཏུ། ལ་མགོ་ལྡན་ལ་འཕུལ་ཡིག་སྤང་།། ཞེས་བཀོད་པ་ལ་གསེར་ཏོག་འགྲེལ་བར་ལ་མགོ་ཅན་གྱི་ང་དང་ཇ་ལ་བས་འཕུལ་མི་འཐོབ་པའི་དོན་ཡིན་ཞེས་དགོངས་པ་བཞག་ནའང་། ངོ་གདོང་གི་འབབ་ཚོད་ལྟར་ན། བལྟས་དང་བལྡད་གཉིས་ལ་བས་འཕུལ་ཐོབ་པའི་ཞིབ་ཆ་མ་ཐོན་པའི་ཉམས་ཤིག་འདུག་གོ ། ག ཞར་བྱུང་མི་འཇུག་པའི་ཚུལ་བསྟན་པ། ཕོ་ནི་མ་ནིང་ལ་མི་འཇུག ། མོ་ནི་ཕོ་ལ་འཇུག་པ་མིན།། མ་ནིང་རང་ལ་རང་མི་འཇུག ། རང་གི་སྡེ་དང་ཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡིག་དང་དེའི་ཤུགས་བསྟན་ཤིན་ཏུ་མོ་མ་ཡིག་གཉིས་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་མི་འཇུག་པ་དང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། མིང་གཞིའི་ཡང་རང་དང་རྟགས་མཐུན་པའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་རང་ཉིད་མི་འཇུག་གོ ། ཡང་སྔར། ཕོ་ནི་ཕོ་དང་མོ་ལ་འཇུག ། ཅེས་སོགས་བསྟན་པའི་དམིགས་བསལ་ལ། སྔོན་འཇུག་རྣམས་རང་རང་གི་སྡེ་བའི་མིང་གཞི་རྣམས་དང་ཕྲད་པའི་ཚེ་སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མོ་བ་མ་དག་ལ་མི་འཇུག་ཅིང་། ཡང་སྒྲས་ཕོ་ཡིག་པ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་སྟེ། ག་ཡིག་རང་སྡེའི་ཀ་ག་ང་རྣམས་དང་། ད་ཡིག་རང་སྡེའི་མིང་གཞི་ཏ་ད་ན་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་ཡིག་འ་ནི། རང་སྡེའི་མིང་གཞིའི་མོ་ཞ་ཟ་འ་ཡ་རྣམས་ལ་མི་འཇུག་པ་དང་། ཡང་སྒྲས་བསྟན་པའི་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། རང་སྡེའི་མིང་གཞིའི་མ་ནིང་ཕ་དང་། མོ་བ་དང་ཤིན་ཏུ་མོ་མ་རྣམས་ལ་འཇུག་པ་མ་ཡིན་ནོ།། སྟག་ཚང་ལྷ་མོའི་པར་མ་སི་ཏུའི་འགྲེལ་ཆེན་དང་། ཞན་པར་གྱི་དཔེ་འགར་སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞིའི་མོ་འ་ཡ་གཉིས་དང་། མ་ནིང་ཟ་ཡིག་ལ་མི་འཇུག་པ་དང་། ཞེས་པ་ནི་བར་ལམ་རྐེད་ལམ་ནས་ནོར་བའི་ཡི་གེ་སྟེ། དེ་ལྟར་ན་ཟ་ཡིག་མིང་གཞིའི་མ་ནིང་དུ་བཞག་པ་དང་། ཞ་ཡིག་ཆད་པའི་སྐྱོན་ཡོད་དོ། །འོན་ཀྱང་སྡེ་དགེའི་པར་མར། སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞིའི་མོ་ཞ་ཟ་འ་ཡ་རྣམས་ལ་མི་འཇུག་པ་དང་། ཞེས་འབྱུང་བས་འདི་ལྟར་བཀླགས་ན་དག་གོ ། ང སྒྲ་གདངས་ཇི་ལྟར་དུ་འཇུག་པ། ཇི་ལྟར་འཇུག་པར་བྱེད་ཅེ་ན།། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།། མ་ནིང་རན་པར་འཇུག་པ་ཡིན།། མོ་ནི་ཞན་པའི་ཚུལ་གྱིས་ཏེ།། ཤིན་ཏུ་མོ་ནི་མཉམ་པས་སོ།། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པོའི་སྒོ་ནས་འཇུག་པ་དང་། མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པར་འཇུག་པ་དང་། མོ་ཡིག་འ་ནི་སྒྲ་རྩོལ་ཞན་པས་འཇུག་པ་དང་། ཤིན་ཏུ་མོ་མ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་ཅིང་ཉམ་ཆུང་བའི་ཚུལ་གྱིས་འཇུག་པར་བྱེད་དོ།། འདིར་ཤིན་ཏུ་མོ་མ་ཡིག་ནི་སྒྲ་རྩོལ་ཉམ་ཆུང་བའི་སྒོ་ནས་འཇུག་པར་སྟོན་པས་ན་མཉམ་ཞེས་པའི་སྔོན་འཇུག་མ་ཡིག་དེ་མེད་ན་ཅི་འདྲ་ཞེས་གསུང་མཁན་གྱི་རྩོད་མེད་མཁས་པའང་ཡོད་དོ།། གསུམ་པ། ཡི་གེའི་སྒྲ་གདངས་ཀྱི་རྣམ་གཞག ཀ དངོས་ཀྱི་དོན། སུམ་ཅུ་བའི་མཇུག་ཏུ། བསླབ་ལ་བརྩོན་པའི་གང་ཟག་གིས།། དང་པོར་ང་རོ་རྣམས་ལ་སྦྱང་།། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།། ཀློག་གི་ཆེད་དུ་བསླབ་པ་ཡིན།། རྗེས་འཇུག་བཞི་ཡི་སྦྱོར་བ་ནི།། ཉན་བསམ་བསྟན་པའི་དོན་དུ་སྦྱར།། ཞེས་གསུངས་པ་ལྟར་ཡི་གེའི་ང་རོ་དང་ཕྲལ་སྦྱར་གྱི་ཀློག་དང་། རྗེས་འཇུག་བཞི་ཞེས་པ་ནི་གཞི་གང་ལ། ཡི་གེ་གང་གིས། ཚུལ་ཇི་ལྟར། དགོས་པ་ཅིའི་སླད་དུ་འཇུག་པ་སྟེ་འདི་དག་རིམ་བཞིན་སློབ་དགོས་པར་གསུངས་པ་དང་། རྟགས་འཇུག་གི་སྐབས་སུ་སྒྲ་གདངས་དྲག་ཞན་རན་པ་མཉམ་པ་བཞིའི་སྒོ་ནས་མིང་གཞི་ལ་སྔོན་འཇུག་སྦྱོར་ཚུལ་གསུངས་པའི་ཕྱིར་ན་འདིར་ཡི་གེ་རྣམས་ཀྱི་སྐྱེ་གནས་དང་བྱེད་པ་རྩོལ་བ་རྣམས་ས་བཅད་མ་སྟོང་ཙམ་འགོད་ན་འདི་ལྟར། ཐོག་མར་བོད་ཡིག་གང་ལས་བྱུང་བའི་ཁུངས་ལེགས་སྦྱར་གྱི་ཡི་གེའི་སྐྱེ་གནས་སོགས་ཤེས་ན་རང་རེ་བོད་ཡིག་གི་སྐྱེ་གནས་སོགས་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །ལེགས་སྦྱར་གྱི་ཨ་ཨཱ་ཀ་ཁ་ག་གྷ་ང་ཧ་ྈྐ་རྣམས་ནི་མགྲིན་པའི་གནས་ལས་སྐྱེ་སྟེ། ཁ་དང་སོ་དང་ལྕེ་གང་ལ་ཡང་མ་རེག་པར་མགྲིན་པའི་སྦུབས་ནས་སྐད་གདངས་སངས་སངས་ཀྱི་ཚུལ་དུ་བཀླག ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ་རྣམས་ནི་སོ་ལྕེ་རྐན་གསུམ་སྦྱར་ལ་ལྕེ་ནི་ཡང་ཞིང་གཡོ་བས་ལྕེ་དབུས་དང་རྐན་ལས་འབྱུང་བའི་ཚུལ་དུ་བཀླག རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ་རྣམས་ནི་ལྕེ་རྩེ་སྟེང་དུ་བཀུག་སྟེ་རྐན་གྱི་མཐའ་ལ་སྦྱར་བའི་སྦུབས་ལས་འབྱུང་བའི་ཚུལ་དུ་བཀླག ལྀ་ལཱྀ་ཏ་ཐ་ད་དྷ་ན་ལ་ས་རྣམས་ནི་ལྕེ་རྩེ་སོ་ལ་འཐས་པའི་ཚུལ་ལམ་རྐན་ངོས་དང་འབྲེལ་ལྕེ་རྩེ་ལས་འབྱུང་བའི་ཚུལ་གྱིས་བཀླག ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་ྉྥ་རྣམས་ནི་ཡས་མཆུ་མས་མཆུ་གཉིས་སྦྱར་བ་ལས་འབྱུང་བའི་ཚུལ་དུ་བཀླག ཨེ་ཨེ་གཉིས་དང་ཀྵ་ནི་རྐན་དང་། ཨོ་ཨཽ་གཉིས་ནི་མགྲིན་པའི་སྦུབས་ནས་འབྱུང་བའི་ཚུལ་དུ་བཀླག་གོ །ྈྐ་ྈྑ་ཡི་གེ་འདི་གཉིས་ལ་ལྕེ་རྩ་ཅན་གྱི་ཡི་གེའམ་ཌ་མ་རུའི་དབྱིབས་ཅན་གྱི་ཡི་གེ་ཟེར་ཏེ། ཀོཝ་ཁོཝ་ཞེས་པའི་གདངས་ཀྱིས་བཀླག་ལ། ྉྥ་ྉྥ་ཡི་གེ་འདི་གཉིས་ལ་མཆུ་ཅན་གྱི་ཡི་གེའམ་གླང་བོ་ཆེའི་མྱོས་བུམ་དབྱིབས་ཅན་གྱི་ཡི་གེ་ཟེར་ཏེ། པོཝ་ཕོཝ་ཞེས་པའི་གདངས་ཀྱིས་བཀླག་གོ །གླང་བོ་ཆེའི་མྱོས་བུམ་ཞེས་པ་གླང་ཆེན་གྱི་མགོའི་འབུར་བོ་གཉིས་ནུ་མའི་དབྱིབས་དང་མཚུངས་པ་དེའི་ཆ་ནས་བཏགས་པའོ།། བོད་ཀྱི་ཡི་གེ་ལ་སྦྱོར་བའི་ཚེ་སི་ཏུ་ལྟར་ན་ཀ་སྡེ་དང་འ་ཧ་ཨ་རྣམས་ནི་མགྲིན་པ་ལས་སྐྱེ། ཅ་སྡེ་དང་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་ནི་རྐན་དང་། ཏ་སྡེ་དང་ཟ་ལ་ས་རྣམས་ནི་སོ་དང་། པ་སྡེ་དང་ཝ་ཨུ་ཨོ་རྣམས་ནི་མཆུ་དང་། ར་ནི་ལྕེ་རྩེ་དང་ཉེ་བའི་སྟེང་ཕྱོགས་དང་། ང་ཉ་ན་མ་རྣམས་རང་རང་གི་སྐྱེ་གནས་སུ་མ་ཟད་སྣ་དང་བཅས་པའོ།། དེ་ལྟར་ཡི་གེའི་སྐྱེ་གནས་རྣམས་ངེས་པར་བྱས་ནས་ཡི་གེའི་ང་རོ་དག་པར་ཐོན་པ་ནི་ཤིན་ཏུ་གལ་ཆེ་སྟེ། ཡི་གེའི་གདངས་མ་དག་པས་སྐད་ཡིག་གཉིས་ཀར་གནོད་པ་འབྱུང་ཞིང་། ལྷག་པར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གང་བྱེད་ཀྱང་སྐད་དང་ཡི་གེ་དག་པ་ལ་བརྟེན་པ་ནི་སྨོས་མ་དགོས་སོ། །དེ་སྐད་དུ་ཡང་རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱི་སུམ་རྟགས་འགྲེལ་བ་ལས། ཡང་ཏིག་འདིའི་དོན་ཧྲིལ་གྱིས་བསྒྲིལ་ན། མཁས་པ་རྣམས་འཆད་རྩོད་རྩོམ་གསུམ་ལ་འཇུག་སྐབས་དང་། བླུན་པོ་རྣམས་མིང་ཚིག་དོན་གསུམ་གྱི་བྱ་བ་བྱེད་དུས་བརྗོད་བྱའི་དོན་ལ་བསམས་ཏེ་རྗོད་བྱེད་ཀྱི་སྒྲ་དག་པར་སྨྲ་དགོས་ཀྱང་། དེང་སང་ནི་མཁས་བླུན་བར་མ་ཕལ་ཆེར་ཡུལ་སྐད་ཁོ་ནའི་གཞན་དབང་དུ་གྱུར་ཏེ། གཙང་བ་རྣམས་སྲས་པོ་ལ་ཧྲས་འོ་ཟེར་བ་དང་། དབུས་པ་རྣམས་ནས་བཀྲས་པོ་ཟེར་བ་དང་། དེ་མཚུངས་དབུས་གཙང་ཚང་མས་མིག་ལ་སྨིག་ཟེར་བ་སོགས་སྒྲ་མ་དག་པ་མང་བོ་འདུག་པས། དེ་ལྟར་བྱས་ན་ཚིག་སྐྱོན་ཤོར་བས་དོན་ལ་གནོད་པ་འབྱུང་ངེས་ན་སྒྲ་དག་ཅིང་རྗོད་པ་གསལ་བ་གལ་ཆེའོ། །ཞེས་ལོ་བརྒྱ་དང་བདུན་ཅུའི་སྔོན་ནས་འདི་ལྟར་བཤད་དེ་ད་ལྟ་དེ་བས་ཀྱང་ངེས་པར་སེམས་ལ་བཅང་དགོས་པའི་གདམས་པ་རྣམ་པར་དག་པའོ།། དེས་ན་སྦྱོར་ཀློག་གི་སྐབས་སུ་འཕུལ་རྟེན་དང་མགོ་འདོགས་ཀྱི་ཡི་གེ་རྣམས་ལ་སོ་སོའི་སྒྲ་དག་པར་ཐོན་དགོས་པ་ལ། ས་སྐྱ་བསོད་ནམས་རྩེ་མོའི་གསུང་ལས། གང་དང་གང་ལ་གང་བཏགས་པས།། གོ་རིམ་བཞིན་དུ་གནས་ནས་དབྱུང་།། དེ་ལ་ར་མགོ་ལྕེ་རྩེ་འདར།། ལ་མགོ་ལྕེ་གློད་རྒྱ་ཡང་བསྐྱེད།། ས་མགོ་སོ་ཡི་བར་ནས་དབྱུང་།། ལྷག་མ་རྣམས་ཀྱང་དེ་བཞིན་ཤེས།། གལ་ཏེ་མ་ཕྱིན་གྱུར་ན་ནི།། ཡི་གེ་ཕྲལ་ཞིང་བརྗོད་པར་བྱ།། དཔེར་ན་གྲ་ལ་ག་ར་འམ།། སྒྲ་ལ་སྒ་ར་ཇི་བཞིན་དུ།། དེ་ནས་འཕུལ་ལ་བསླབ་པར་བྱ།། གས་འཕུལ་ཐོག་མར་རྐན་ནས་དབྱུང་།། དས་འཕུལ་ལྕེ་རྩེ་གློད་པ་ལས།། བ་མས་འཕུལ་བ་ཐོག་མར་ནི།། མཆུ་བཙུམས་པ་ལས་ཁྱད་པར་སྣ།། འས་འཕུལ་གྲེ་བའི་ཕུག་ནས་དབྱུང་།། འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་།། གོ་རིམ་བཞིན་དབྱུང་མ་ཕྱིན་ན།། འདི་ཡང་ཕྲལ་ཞིང་བཀླག་པ་སྟེ།། མཁྲ་ལ་མཁའ་ར་ཇི་བཞིན་ནོ།། ཞེས་གསུངས་པ་འདིའི་སྟེང་ནས་ཀློག་དག་མོ་ཡོང་ཅི་ཐུབ་ལ་འབད་པར་བྱའོ།། ཁ མཐའ་དཔྱད་པ། འོན་ཀྱང་ཏ་སྡེ་དང་ཟ་ལ་ས་སོ་དང་ཨི་ཨེ་རྐན་དང་ཨུ་ཨོ་མཐུ་ལས་སྐྱེ་ཞེས་པ་ནི་རང་གི་མྱོང་བ་དང་སྦྱར་ནས་བཤད་ན་ལེགས་སྦྱར་སྐབས་སུ་བཤད་པ་ལྟར་ཏ་སྡེ་ལྕེ་རྩེ་ལས་བྱུང་། ཨི་ཨེ་ནི་ལྕེ་དབུས་དང་རྐན་ལས་བྱུང་། ཨུ་ནི་མཆུ་ལས་བྱུང་། ཨོ་ནི་མགྲིན་པའི་སྦུབས་ནས་བྱུང་ཞེས་པ་ལྟར་བཟུང་ན་བདེའམ་སྙམ་མོ། །ཟ་དང་ས་སོ་ལས་སྐྱེ་ཞེས་པ་ནི་ངེས་པར་ཐུགས་མད་དོ། །དེའི་ཕྱིར་སྣར་ཐང་སཾ་གྷ་ཤྲཱིའི་སྔགས་བཀླག་ཐབས་ཀྱི་རྩ་བར། ལྀ་ཏུ་ལ་ས་ས་ཡི་ཁམས།། ལྕེ་རྩེ་སོ་ལས་སྐྱེ་བ་ཡིན།། ཞེས་པ་ལྟར་སོ་འབའ་ཞིག་ལས་སྐྱེས་པ་མ་ཡིན་པར་ལྕེ་རྩེ་ནི་གཙོ་བོ་ཡིན་པ་གོ་རིམ་བསྒྲིགས་པས་ཀྱང་ཤེས་སམ་སྙམ་མོ།། གཞན་ཡང་། སྔོན་གྱི་མཁས་པ་བཅོམ་ལྡན་རིགས་རལ་དང་། ནེའུ་པཎྜི་ཏ་དང་། ཆོས་རྗེ་བསོད་ནམས་རྣམ་རྒྱལ་སོགས་ཀྱི་གསུང་གི་ལེགས་ཆ་བསྡུས་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་རོང་བོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་མཛད་པའི་སྔགས་བཀླག་ཐབས་ལས་ཀྱང་། ལྀ་ལཱྀ་ཏ་ཐ་ད་དྷ་ན་ལ་ས།། ས་ཡི་ཁམས་ཡིན་ལྕེ་ཡི་རྩེ་མོ་དང་།། སོ་ལ་ལྕེ་འཐས་ཚུལ་གྱིས་བཀླག་པའམ།། རྐན་གདོང་ལྕེ་རྩེ་ལས་བྱུང་ཚུལ་གྱིས་བཀླག ། ཅེས་གསུངས་པ་ལྟར་དེ་དག་སོ་རྐྱང་བ་ལས་སྐྱེས་པ་མ་ཡིན་པའི་ཚུལ་ཤིན་ཏུ་གསལ་ལོ།། སྐབས་འདིར་གསེར་ཏོག་འགྲེལ་བར་ང་རོ་འཇུག་ཚུལ་སྐོར་བཤད་པ་ཕྲ་ཞིང་ཞིབ་པས་ན་ངེས་པར་ལེགས་པའི་ཆ་མང་དུ་སྣང་ངོ་། །འོན་ཀྱང་ང་རོ་མི་འཇུག་པའི་ཡི་གེའི་དཔེར་བརྗོད་བཀོད་པའི་ནང་མི་འཐད་པ་འགའ་ཞིག་མཆིས་པ་འདི་ལྟར། ཕ་ལ་གི་གུ་མི་འཐོབ་པ་ནི་འབིག་གིས་ཕིབས་དང་རྒྱ་ཕིབས་ཀྱིས་མ་ངེས། ཧ་ལ་གི་གུ་མི་འཐོབ་པ་ནི་སྐད་དགངས་ཀྱི་བྱེ་བྲག་ཧིག་གི་མ་ངེས། སྩ་ལ་ཞབས་ཀྱུ་མི་འཐོབ་པ་ནི་བརྡ་རྙིང་གི་དྲི་བསྩུང་གིས་མ་ངེས། ཨ་ལ་འགྲེང་བུ་མི་འཐོབ་པ་ནི་ཉུང་ངུའི་བརྡ་ཨེན་ཙམ་སོགས་ཀྱི་མ་ངེས། ཝ་ལ་ན་རོ་མི་འཐོབ་པ་ནི་རྗེའི་གསུང་ཐོར་བུར་གསལ་བ་ལྟར་དཀའ་ཚེགས་ཀྱི་དོན་ཝོ་བརྒྱལ་གྱིས་མ་ངེས། ལྦ་ལ་ན་རོ་མི་འཐོབ་པ་ནི་རྔོག་ལོའི་དག་ཡིག་བསྡུས་པར་བཀོད་པ་ལྟར་ལྟོ་བ་ལྦོས་ཀྱིས་མ་ངེས། ཝ་བཏགས་ཅན་ལ་དབྱངས་བཞི་མི་སྲིད་ཅེས་པ་ལ་སྡེ་དགེའི་པར་མ་སོགས་སུ་བསམ་བཞིན་བྲིས་པའི་ཐེ་ཚོམ་གྱི་དྭོགས་པས་མ་ངེས། ཞེས་སྨྲས་ན་དཔྱོད་ལྡན་རྣམས་ལ་བློ་གྲོས་གསར་བའི་སྒོ་མོ་འབྱེད་པའི་རྐྱེན་དུ་ཡང་ཅུང་ཟད་འགྱུར་རམ་སྙམ་མོ།། གཞན་ཡང་ཙཱནྡྲ་བའི་སྒྲ་མདོར། གནས་དང་བྱེད་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ། །ཞེས་གསུངས་པ་ལྟར་ཡི་གེ་སྐྱེ་བའི་གནས་ཙམ་དུ་མ་ཟད། ལྕེ་རྐན་གྱི་བྱེད་པ་དང་། ཕྱི་དང་ནང་གི་རྩོལ་བ། སྒྲ་ལྡན་དང་སྒྲ་མེད། སྲོག་ཆེན་དང་སྲོག་ཆུང་། དྲོ་བའི་ཡི་གེ་འབྱིན་ཚུལ་ལ་སོགས་པ་འདིར་བཀོད་ན་ཧ་ཅང་མངས་དོགས་པས་གཞན་དུ་བལྟ་བར་བྱའོ།། མདོར་ན་མུ་ཏིག་ཕྲེང་མཛེས་ལས། རང་ཉིད་ཀྱིས་སྒྲ་དག་པར་བཀླག་མ་ཤེས་པའམ་མ་ནུས་ནའང་། ཀློག་ཚུལ་དག་པ་མེད་དོ་ཞེས་བརྗོད་པར་མི་བྱའོ། །ཞེས་གསུངས་པ་འདི་རྣམ་པ་ཀུན་ཏུ་གཙིགས་ཆེར་འཛིན་དགོས་ཀྱི། ཡལ་བར་འདོར་དུ་མི་རུང་ངོ་།། བཞི་བ། སྔོན་འཇུག་ལྔ་དགོས་པ་ཅིའི་ཕྱིར་འཇུག་པ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན།། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནིང་གཉིས་ཀ་ད་ལྟར་ཆེད།། མོ་ནི་བདག་དང་མ་འོངས་ཕྱིར།། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།། ཀ དངོས་ཀྱི་དོན། སྔོན་འཇུག་གི་ཕོ་ཡིག་བ་ནི། དགོས་པ་དུས་གསུམ་ལས་འདས་པ་ལ་འཇུག་པ། དཔེར་ན། ཁང་བ་བརྩིགས་ནགས་ཚལ་བསྐྱེད། བསམ་བློ་བཏང་ལྟ་བུ་སྟེ། བྱེད་པ་པོ་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་སྟོན་ཏོ། །གཞན་ཞེས་པ་དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ། དཔེར་ན། བཀླག་བྱའི་དཔེ་ཆ། བསྒྲུབ་བྱའི་བྱ་བ། བཙོ་བྱའི་ཤ་ལྟ་བུ་སྟེ་བྱེད་པ་པོ་དང་དངོས་སུ་འབྲེལ་བ་བྱ་བའི་ཡུལ་བསྒྲུབ་པའི་ཕྱིར་འཇུག་གོ ། བ་ཡིག་འདས་པ་དང་གཞན་བསྒྲུབ་མ་འོངས་པ་ལ་འཇུག་པར་རྩ་བས་དངོས་སུ་བསྟན་པ་ནི་གཙོ་ཆེ་བ་ལ་དགོངས་ཀྱི། ཤུགས་བསྟན་དུ་དུས་ད་ལྟ་བ་དང་སྐུལ་ཚིག་ལ་སྦྱོར་དགོས་པ་ཡང་དུ་མ་ཡོད་དེ། གཟུགས་མི་འགྱུར་བའི་ལས་ཚིག་ལས། བསྟོད་པ། བསྔགས་པ། བརྩོན་པ་སོགས་དང་། གཟུགས་འགྱུར་གྱི་ལས་ཚིག་ལས་ད་ལྟ་བ་ལ་འཇུག་པ་སྨན་བཀུ་བྱེད། འདམས་པའི་བཀྲབ་བྱེད། བྱ་བའི་བགྱིད་བྱེད། གྲངས་ཀའི་བགྲང་བྱེད། རྙོགས་མ་བགྲུང་བྱེད་སོགས་དང་། སྐུལ་ཚིག་ལའང་བསྟོད་ཅིག་བརྩོན་ཅིག གཞུ་བདུངས་ཤིག་ལ་སོགས་པ་དུ་མ་ཡོད་པ་འདིས་མཚོན་ནོ།། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། བདག་གི་དངོས་པོ་སྟེ་བྱེད་པ་པོའི་དངོས་པོ་དང་། བྱེད་པ་པོ་རང་དང་དངོས་སུ་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་ལ་འཇུག་པ། དཔེར་ན་ཤིང་སྡོང་གཅོད་པ་པོ། གཅོད་བྱེད། གཅོད་བྱེད་ཀྱི་སྟ་རེ། སྐུད་པ་དཀྲི་བ་པོ། དཀྲི་བྱེད། དཀྲི་བྱེད་ཀྱི་ལག་པ་ལྟ་བུ་སྟེ་བྱེད་པ་པོའི་དངོས་པོ་དང་། གཅོད་པར་བྱེད། གཅོད་དོ། །དཀྲི་བར་བྱེད། དཀྲིའོ་ལྟ་བུ་ནི་བྱེད་པ་པོ་རང་དང་དངོས་སུ་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་གཉིས་ནི་བདག་གི་ཕྱོགས་ལ་འཇུག་གོ །འདིས་ནི་རྩ་བའི་ཚིག་ཟིན་མ་ནིང་གཉིས་ཀ་ཞེས་པའི་ཡ་གྱལ་ག་ད་གཉིས་བདག་ལ་འཇུག་པའི་དོན་བསྟན་ཏོ།། བྱེད་པ་པོ་རང་དང་དངོས་སུ་མ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་། བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་ལ་འཇུག་པ། དཔེར་ན། གཅད་བྱ། གཅད་པར་བྱ་བ། གཅད་བྱའི་ཤིང་། དཀྲི་བྱ། དཀྲི་བར་བྱ་བ། དཀྲི་བྱའི་སྐུད་པ་ལྟ་བུ་ནི་བྱེད་པ་པོ་རང་དང་དངོས་སུ་མ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་། གཅད་པར་བྱ། གཅད་དོ། །དཀྲི་བར་བྱ། དཀྲིའོ་ལྟ་བུ་ནི་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་གཉིས་ནི་གཞན་གྱི་ཕྱོགས་ལ་འཇུག་གོ །འདིས་ནི་རྩ་བའི་མ་ནིང་གཉིས་ཀ་ཞེས་པའི་ཡ་གྱལ་ག་ད་གཉིས་གཞན་ལ་འཇུག་པའི་དོན་བསྟན་ཏོ། །བདག་གཞན་གཉིས་པོ་དེར་མ་གཏོགས་པའི་དུས་གསུམ་ལས། གཅོད་ཀྱིན་འདུག གཅོག་བཞིན་པའོ། །དཀྲི་གིན་འདུག དཀྲི་བཞིན་པའོ་ཞེས་པ་ལྟ་བུ་ནི་དུས་ད་ལྟ་བ་ལ་འཇུག་སྟེ། བྱེད་པ་པོ་རང་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པའི་དུས་སྟོན་ཅིང་། བྱེད་ལས་གསལ་བྱེད་ཀྱི་སྒྲ་ཉིད་ཚིག་གྲོགས་ཀྱིས་བསྒྱུར་པའོ།། སྔོན་འཇུག་གི་མོ་ཡིག་འ་ནི། ལམ་དུ་འཁྲིད་པ་པོ། འཁྲིད་བྱེད། མདུད་པ་འགྲོལ་བ་པོ། འགྲོལ་བྱེད་ལྟ་བུ་བྱ་བྱེད་ཐ་དད་དུ་སྣང་བའི་བྱེད་པ་པོའི་དངོས་པོ་དང་། ལམ་དུ་འཁྲིད་པར་བྱེད་འཁྲིད་དོ། །མདུད་པ་འགྲོལ་བར་བྱེད། འགྲོལ་ལོ་ལྟ་བུ་བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་སྟེ། དེ་རྣམས་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་དང་། ཞར་ལ་བྱ་བྱེད་ཐ་མི་དད་པ་ལྟར་སྣང་བའི་བྱེད་ཚིག་རྣམས་ཀྱང་ཕལ་ཆེར་འས་འཕུལ་ཅན་ཏེ། གདན་ལ་འཁོད་པ་པོ། འཁོད་བྱེད། གྱེན་དུ་འགྲེང་བ་པོ། འགྲེང་བྱེད་ལྟ་བུ་སོགས་ཤིན་ཏུ་མང་ངོ་། །ཤུགས་ལ་བསྟན་པའི་དུས་ད་ལྟ་བ་ལ་འཇུག་པ། དྲི་མ་འཁྲུད་ཀྱིན་སྣང་། མདུད་པ་འགྲོལ་བཞིན་པ། མདའ་འགེངས་པའི་སྐབས་ཞེས་སོགས་དང་། དྲི་མ་འཁྲུ་བར་འགྱུར། རོལ་མོ་འཁྲོལ་བར་འགྱུར། ནད་འགོ་བར་འགྱུར་ལྟ་བུ་བྱེད་པ་པོ་གཞན་མེད་པར་བྱ་བྱེད་ཐ་མི་དད་པ་ལྟ་བུར་སྣང་བའི་བྱ་བ་བྱེད་འགྱུར་མ་འོངས་པའི་དུས་སྟོན་པ་རྣམས་ཀྱི་ཕྱིར་འཇུག་གོ ། ཤུགས་བསྟན་དུ་འ་ཡིག་ད་ལྟ་བ་ལ་འཇུག་པ་འགོག་བྱེད། འགྲུབ་བྱེད། འཆག་བྱེད། འདའ་བྱེད་ལྟ་བུ་སོགས་ཤིན་ཏུ་མང་བ་རྣམས་ཀྱིས་མཚོན་ནོ། །སི་ཏུས་དངོས་བསྟན་གྲས་སུ་བཙུད་པར་བཞེད་ནས་རྩ་བའི་ཚིག་ལ་བཟོ་བཅོས་བརྒྱབ་པ་ནི་སྐུ་ཚེགས་ཀྱི་ལས་སུ་ཆེ་སྟེ་འོག་ཏུ་འཆད་པར་འགྱུར་རོ། །འདིར་འ་ཡིག་ད་ལྟ་བར་འཇུག་པ་ཤུགས་ལ་བསྟན་ཅེས་བཤད་པ་མི་འབྲེལ་བཞིན་དུ་བཙན་བཤད་བྱས་པ་ཞིག་ཏུ་མི་སེམས་ཏེ། རྩ་བར་མོ་འ་ཡིག་བདག་ལ་འཇུག་པ་དངོས་སུ་བསྟན་པ་དེའི་ཤུགས་ལ། བདག་ལ་འཇུག་པའི་ཡི་གེ་དང་ཆ་མཚུངས་པ་ད་ལྟ་བའི་ཡི་གེ་རྣམས་ཤུགས་ལ་བསྟན་ཅེས་བཤད་ན་ཧ་ཅང་འབྲེལ་ཆགས་པར་སྣང་ངོ་། །ཆ་མཚུངས་པའི་ཚུལ་ནི། འཁོར་མཁན་དང་འཁོར་བྱེད། འཆག་པ་པོ་དང་འཆག་བྱེད། འཐབ་མཁན་དང་འཐབ་བྱེད་སོགས་ཀྱི་མཚོན་ནོ།། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མཁས་པ། མཁས་བྱ། མཁས་པར་བྱ། མཁས་བྱེད། མཁས་པར་བྱེད། མཁས་པར་གྱུར། མཁས་བཞིན་པ། མཁས་པར་འགྱུར་ལྟ་བུ་སྔར་བཤད་པའི་བདག་གཞན་དང་། དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ་མཚུངས་པར་འཇུག་གོ ། ཁ མཐའ་དཔྱད་པ། སི་ཏུའི་ཞལ་ལུང་དུ། རྩ་བའི་གཞན་བསྒྲུབ་ཕྱིར་ཞེས་པ་ལ་གཞན་དང་བསྒྲུབ་གཉིས་སོ་སོར་ཕྱེ་ནས་སྔ་མ་ལ་བསྒྲུབ་བྱ། བསྒྲུབ་པར་བྱ་བ་ཞེས་དང་། ཕྱི་མ་ལ་བསྒྲུབ་པར་བྱ། བསྒྲུབ་པོ་ཞེས་སོགས་ཀྱི་དཔེར་བརྗོད་བཞག་པ་སི་ཏུའི་དགོངས་པ་དང་འབྱོར་མིན་བརྟག་དགོས་ཏེ། མུ་ཏིག་ཕྲེང་མཛེས་ལས། རྩ་བའི་ཚིག་ལ་འབྲུ་གཉེར་སྐབས་འདས་པ་བསྒྲུབ་པའི་ཕྱིར་དང་། ཞེས་དང་། བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་ཡིན་ནོ། །ཞེས་བསྒྲུབ་ཕྱིར་གྱི་དོན་ནི་འདས་པ་དང་གཞན་གཉིས་སྟོན་པའི་ཆེད་དམ་གསལ་བའི་ཆེད་ཅེས་པའི་དོན་དུ་གསལ་བའི་ཕྱིར་རོ། །གཞན་དུ་ན་རྩ་བའི་བསྒྲུབ་ཕྱིར་ཞེས་པས་བསྒྲུབ་བྱ་དང་བསྒྲུབ་པར་བྱ། ཞེས་པ་ཙམ་བསྟན་པར་སྨྲས་ན་གཡག་གི་རྭ་ཅོར་འཛུལ་བའི་སྣང་བ་འཆར་རོ།། དེའི་ཕྱིར་གཙོས་འགྲེལ་བར། དུས་གསུམ་ལས་མིང་དོན་དེ་བསྒྲུབས་ཟིན་པའི་འདས་པ་དང་། བདག་གཞན་གཉིས་ལས་གཞན་གྱི་བྱ་བ་བསྒྲུབ་པའི་ཕྱིར་འཇུག་གོ །ཞེས་བཀྲལ་བ་ལྟར་གཟུང་ན་དོན་དང་འབྱོར་རམ་སྙམ་མོ།། པྲ་སྟི་རིན་པོ་ཆེའི་བཤད་སྦྱར་ལེ་ཚན་ཕྱི་མ་ལས། མ་ནིང་ད་ནི་བདག་དངོས་དང་།། བདག་དང་འབྲེལ་བའི་ལས་མི་འཇུག ། ཅེས་གསུངས་པ་ལ་གཙོས་རྟགས་འཇུག་ཏུ། ད་ཡིག་བདག་ལ་མི་འཇུག་པའི་རྒྱུ་མཚན་འདི་ཡིན་ཞེས་གསལ་བར་མ་གསུངས་ཀྱང་། ཕལ་ཆེར་དཔྱོད་པ་པོའི་སྔོན་འཇུག་ད་ཡིག་མེད་ཀྱང་པྱོད་པ་པོ་ལྟ་བུས་བརྗོད་དོན་དེ་སྟོན་ཐུབ་པ་ལ་དགོངས་པ་ཡིན་ན་དེ་ནི་མི་འཐད་པར་མཐོང་སྟེ། གསུང་རབ་ཀྱི་བརྡ་ཆད་གང་དུའང་དེ་འདྲ་མི་འབྱུང་། ཞེས་སོགས་ཞིབ་མོའི་ལུགས་ཀྱིས་བརྟག་པ་མཛད་ནའང་། རྩ་བར་ག་ད་གཉིས་ཁྱད་མེད་པར་བདག་གཞན་གཉིས་ཀར་འཇུག་པ་གསལ་བར་གསུངས་པ་བཞིན་དུ། དཀྲི་བ་པོ། དཀྱུ་བ་པོ། དགར་བ་པོ། དགོད་བྱེད། དཔྱོད་བྱེད། དཔོག་བྱེད་སོགས་བགྲང་གིས་མི་ལང་བས་ད་ཡིག་བདག་གཞན་གཉིས་སུ་ཕྱེ་བའི་བདག་དང་བདག་དེ་དང་འབྲེལ་བའི་ལས་ལ་འཇུག་པའི་དཔེར་བརྗོད་འདི་དག་པྲ་སྟིས་མི་བཞེད་པ་ག་ལ་ཡིན། དེའི་ཕྱིར་ཚིག་དེ་གཉིས་ལ་ཡི་གེ་མ་དག་པའི་ལྷད་སྐྱོན་ཞིག་ཡོད་ངེས་པས་ཁ་ཚོན་གཅོད་མི་སྔ་བར་ཞིབ་ཏུ་དཔྱད་པར་བྱའོ།། རྣམ་གླིང་འགྲེལ་བའི་དཔེར་བརྗོད་གྲས་སུ་རང་ཉིད་གཅིག་པུ། གཅན་གཟན། སྒྲ་གཅན། དུད་འགྲོ་གཉན། ཕངས་པའི་གཅེས་སོགས་མིང་རྐྱང་གི་དཔེར་བརྗོད་གང་མང་བཀོད་པ་རྣམས་མི་འཐད་ཚུལ་མུ་ཏིག་ཕྲེང་མཛེས་སུ་རྒྱས་པར་བཀག་པ་དོན་ལ་གནས་སོ། །གཙོས་འགྲེལ་བར་ཡང་། སྐབས་འདིར་སྔ་མ་ཕལ་ཆེར་གྱིས་བྱ་བྱེད་ལས་གསུམ་དངོས་སུ་འབྲེལ་མ་འབྲེལ་མ་ཤེས་པར། དཔེར་བརྗོད་དུ་མིང་རྐྱང་ཁོ་ན་འགོད་གང་ཐུབ་བྱེད་པ་སོགས་ལ་སྙིང་པོ་ཅི་ཡང་མེད། ཅེས་གསུངས་པའི་གསུང་ཡུལ་ཡང་གཙོ་བོ་རྣམ་གླིང་གི་འགྲེལ་བ་ཡིན་ནོ། །འོན་ཀྱང་མུ་ཏིག་ཕྲེང་མཛེས་སུ། སྐབས་འདིར་ཡང་རྩ་བའི་ཚིག་ལ། མོ་ནི་བདག་དང་མ་འོངས་ཕྱིར།། ཞེས་པ་ལ། མོ་ནི་བདག་ད་མ་འོངས་ཕྱིར།། ཞེས་བཟོ་བཅོས་བྱས་པ་ལ་གཙོས་བློ་བཟང་རྒྱལ་མཚན་སེང་གེས། ཨ་ནི་མཚན་མེད་ཅེས་བཅོས་པ་མི་འཐད་པར་བཤད་པའི་མུ་ལ། དེ་འདྲ་མང་དུ་འབྱུང་སྟེ་གཞུང་འདིར་མོ་འ་ཡིག་ད་ལྟ་བ་ལ་འཇུག་པ་སོགས་དང་། སུམ་ཅུ་བའི་སྐབས་སུ་སླར་བསྡུའི་ཏོ། ལྷག་བཅས་ཀྱི་ཏེ། ཨི་ལྡན་གྱི་ཡི། རྒྱན་སྡུད་ཀྱི་ཡང་། འབྱེད་སྡུད་ཀྱི་ཏམ། ལ་དོན་གྱི་ཏུ་སོགས་མཐའ་ཡས་སོ། །ཞེས་བཤད་པ་ལྟར་དེ་དག་ཀྱང་རྩ་བའི་ཚིག་ཏུ་སྣོན་དགོས་ན། བོད་ཀྱིས་རྒྱུད་རྩོམ་ཞེས་པའི་ཁ་དཔེ་དང་མཐུན་པར་འགྱུར་དོགས་ལ། སྤྱིར་ཐོན་མིའི་གཞུང་གཞན་དྲུག་པོ་ནུབ་པའི་རྐྱེན་གྱིས་སྔོན་བྱོན་མཁས་པ་རྣམས་ལ་འདི་འདྲའི་ལས་ཚེགས་དབུ་ལ་བབས་པར་སྣང་ངོ་། །དེའི་ཕྱིར་སུམ་རྟགས་རྩ་བར་དངོས་སུ་མ་ཐོན་པ་རྣམས་ཤུགས་བསྟན་དུ་བཞག་ན་འབྲེལ་ཆེ་བ་མ་གཏོགས་བཟོ་བཅོས་བརྒྱབ་པ་དེ་ཕྱིས་བྱོན་མཁས་པ་རྣམས་ལས་རེ་གཉིས་ཙམ་མ་གཏོགས་མི་བཞེད་མཁན་མང་ངོ་།། གལ་ཏེ་རྩ་བའི་ཚིག་ལ་བཟོ་བཅོས་བྱེད་པའི་དབང་དུ་བཏང་ན་ད་དུང་ཆད་སྐྱོན་ཡོད་དེ། མོ་འ་ཡིག་བདག་དང་ད་ལྟ་བ་དང་མ་འོངས་པ་ཙམ་དུ་མ་ཟད་འདས་པ་ལ་འཇུག་པ་ཡང་ཤིན་ཏུ་མང་སྟེ། བརྒྱལ་བའི་འཁམས། སྤྲིན་འཁྲིགས། སྐུ་འཁྲུངས། གྱེན་དུ་འཕགས། མདའ་འཕངས། མྱ་ངན་ལས་འདས། སོགས་འ་ཡིག་དུས་འདས་པ་ལ་འཇུག་པ་ཅི་འདྲ་འདུག མུ་ཏིག་ཕྲེང་མཛེས་སུ་ཐུན་མོང་དུ་ནང་གསེས་བརྒྱད་ཀྱི་འཇུག་ཚུལ་གྱི་དཔེར་བརྗོད་བསྟན་པའི་ནང་དུ་ཡང་། འཁྱགས། འཁྲུགས། འཆགས། འཇགས། འཕྱུགས། འཁོབས། འཐིབས། འཚབས། འཁྲུལ་ཏེ་དགུ་བཀོད་པ་འདི་དུས་གསུམ་ལས་འདས་པ་མ་ཡིན་ཞེས་སུ་ཞིག་གིས་སྨྲ་བཏུབ། དེའི་ཕྱིར་མོ་འ་ཡིག་འདས་པ་ལ་འཇུག་པ་ཤུགས་བསྟན་ཡིན་ཞེས་རང་ལུགས་སུ་བཟུང་ན་རྣམ་པར་འཚམ་མོ།། གསེར་ཏོག་འགྲེལ་བར་གསལ་བ་ལྟར་སི་ཏུའི་རྗེས་སུ་ཨ་ལ་ཤ་ཡང་འབྲངས་པ་དང་དེ་གཉིས་ལྟར་ན་རྩ་བ་ལ། ཕོ་ནི་འདས་གཞན་བསྒྲུབ་མ་འོངས།། མ་ནིང་གཉིས་ཀ་ད་མ་འོངས།། མོ་ནི་བདག་གཞན་ད་མ་འོངས།། ཞེས་ཟུར་ཟ་མཛད་པའི་བཟོ་བཅོས་བྱས་པ་ལྟར་ན་གསེར་ཏོག་གི་ཐུགས་ཀྱི་དགོངས་བཞེད་གང་ཡིན་པ་དེ་ཤིན་ཏུ་གསལ་བས་ལེགས་པར་བཤད་པ་འདིའི་ཟིལ་དངར་གྱིས་བདག་ཅག་རྣམས་ཀྱང་ཡིད་རབ་ཏུ་འཕྲོག་པར་མི་འགྱུར་རམ། ཡང་ཨ་ལ་ཤའི་རྟགས་འཇུག་གི་འགྲེལ་བར་བ་ཡིག་ནི་ད་ལྟ་བ་དང་བདག་གཉིས་ཀར་གཏན་ནས་མི་འཕུལ་ལོ། །ཞེས་པ་དང་གཅིག འ་ཡིག་འདས་པ་དང་གཞན་གཉིས་ཀ་མི་འཕུལ་ལོ། །ཞེས་པ་དང་གཉིས། འདས་ཚིག་གི་སྔོན་འཇུག་ཡིན་ན་བ་ཡིག་ཡིན་པས་ཁྱབ། ཅེས་པ་དང་གསུམ། འ་ཡིག་གིས་འདས་ཚིག་གཏན་ནས་མི་འཕུལ་མོད་མྱ་ངན་ལས་འདས་པ་ལྟ་བུའི་འདས་པ་ནི་མིང་ཡིན་པས་སྐྱོན་དུ་ངོས་བཟུང་བར་མཛད་པ་སྟེ་ལྔ་བོ་འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། དང་པོ་ལ། བཀྲ་བཀྲེས་བསྐལ་བགྲེས་བགྲོད་བརྒྱལ་བརྒྱུད་བསྔགས་བསྔལ་བརྗེད་བརྗིད་བརྙས་བརྙེས་བསྙེངས་བསྟོད་བདོ་བརྩོན་བཞད་བཞེངས་བཞེད་བཞེས་བཟི་བཟོད་བཤལ་བཤིགས་ཏེ་ལག་སྣེ་ལས་བཏུས་པའི་ཉེར་ལྔ་པོ་འདི་དག་མིང་རྐྱང་མ་ཡིན་པའི་ལས་ཚིག་དུས་གསུམ་གར་ཁྱད་མེད་དུ་འཇུག་པ་ཤ་སྟག་ཡིན་ལ། ཕྱིས་ཀྱི་མཁས་པ་ཚོས་འདི་སྐོར་ལ་གཟུགས་མི་འགྱུར་བའི་བྱ་ཚིག་གི་མིང་གིས་བརྗོད་དེ། གང་ལྟར་ད་ལྟ་བ་དང་བདག་གཉིས་ཀའི་སྔོན་འཇུག་ལ་བ་ཡིག་ཐོབ་པའི་ལས་ཚིག་གི་མཚན་གཞི་ལ་འདི་འདྲ་མང་བ་ཞིག་ཡོད་ན་གཏན་ནས་མི་འཕུལ་ཞེས་བཤད་པའི་ནུས་པ་ཉམས་པར་མི་འགྱུར་གྲང་། གཉིས་པ་ལ། འ་ཡིག་འདས་པ་ལ་མི་འཕུལ་ཞེས་པ་མུ་ཏིག་ཕྲེང་མཛེས་ཀྱི་རྗེས་སུ་འབྲངས་ཆེས་པ་ལས་བྱུང་བའི་སྐྱོན་ཏེ་གཤམ་དུ་སི་ཏུ་ལ་དོགས་སློང་བྱས་པ་འདིར་ཡང་སྦྱར་རོ། །དེ་བཞིན་དུ་འ་ཡིག་གཞན་ལ་འཕུལ་བ་ལ་ཡང་འཁྱམ་འཁྱུག་འཁྲུག་འཁྲུང་འགྱང་འགྱིང་འགྲང་སོགས་མཐའ་ཡས་པ་ཡོད་དོ།། གསུམ་པ་ལ། འདས་ཚིག་གི་སྔོན་འཇུག་ཡིན་ན་བ་ཡིག་ཡིན་པས་ཁྱབ་ཅེས་ཁྱབ་མཐའ་བཅད་པ་ཡང་སྔ་ཐལ་ཏེ། འ་དང་མ་ཡིག་འདས་ཚིག་ལ་འཇུག་པ་རྣམས་རེ་རེ་ནས་ཐར་ཆགས་སུ་བྲིས་ན་ཚེགས་སུ་ཆེ་ལ། འདིར་ག་ད་གཉིས་འདས་ཚིག་ལ་འཇུག་པ་ཙམ་ཞིག་འབྲི་ན། འདི་ལྟར། དཀྱུས་དཀྲིས་དཀྲིགས་དཀྲོགས་དཔགས་དཔྱངས་དཔྱད་དབང་དབད་དབྱུགས་དམད་དམས་གཅགས་གཏད་གཏོགས་གདངས་གདམས་གདུངས་གདུས་གདེངས་གཙགས་གཙུབས་གཙེས་གཞིགས་གཟིམས་གཟེངས་གཟབས་གཟན་གཡབས་གཡར་གཡུགས་གཡེངས་གཡེམས་གཡོས་གཡོགས་གཤགས་གཤེགས་གསངས་གསོལ་གསོས་ཏེ་ལག་སྣེ་ལས་རྙེད་པའི་བཞི་བཅུ་བོ་འདི་འདས་པ་སྟོན་པའི་འདས་ཚིག་ཡིན་པ་ལ་ཇི་ལྟར་དུ་སྙོན་འདིང་བར་བྱེད། བཞི་བ་ལ། འ་ཡིག་འདས་ཚིག་ཏུ་མི་འགྲོ་བར་མ་ཟད། གཏན་ནས་ངེས་ཅན་གྱི་ཚིག་སྦྱར་བ་ལ་དགོས་པ་མ་བྱུང་ཚུལ་གཤམ་དུ་འཆད་པར་འགྱུར་བས་ཤེས་ལ། མྱ་ངན་ལས་འདས་ཞེས་པའི་འདས་པ་ནི་མིང་ཡིན་པས་སྐྱོན་མེད་ཅེས་པ་ཡི་གེ་ལ་ཆད་སྐྱོན་ཡོད་ངེས་ཏེ། ཁྱེད་ཀྱི་དགོངས་པ་དེ་མིང་རྐྱང་ཡིན་པས་སྐྱོན་མེད་ཅེས་གསུངས་ངེས་པ་ཡིན་ནོ། །གང་ལྟར་མྱ་ངན་ལས་འདས་ཞེས་པའི་འདས་པ་ལས་ཚིག་ལ་མི་འཇུག་པའི་མིང་རྐྱང་ག་ན་ཡིན་ཏེ། དེའི་ཁ་གཏད་མ་འོངས་པ་དང་ད་ལྟ་བ་ལ་འདའ་ཞེས་པ་འཐོབ་པ་དང་དུས་གསུམ་གྱི་ཡ་གྱལ་འདས་པ་ལ་དཔེར་ན་དུས་ལས་འདས་པ་དང་ཚེ་ལས་འདས་པ་ཞེས་བོད་རང་གི་སྐད་ཡིག་གཉིས་ཀར་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་དོ། །དེ་བཞིན་དུ་མངོན་པར་འཚང་རྒྱ་ཞེས་པ་དང་། མངོན་པར་སངས་རྒྱས་ཞེས་པ་གཉིས་ཀྱི་འཚང་དང་སངས་ཞེས་པ་དང་རྒྱ་དང་རྒྱས་ནི་མ་འོངས་པ་དང་འདས་པ་སྟོན་པའི་ལས་ཚིག་ཡིན་གྱི་མིང་རྐྱང་མིན་ཏེ་འདི་འདྲ་བ་གཞན་ཡང་མང་ངོ་།། ལྔ་བ་ལ། བསྟོད་དང་བསྔགས་སོགས་མིང་རྐྱང་ཡིན་ཞེས་བཤད་པ་ཁས་ལེན་མི་བཏུབ་སྟེ། བཀའ་ལུང་གི་བཀའ་དང་། བཅུ་ཐམ་པའི་བཅུ་སོགས་ནི་བས་འཕུལ་ཅན་གྱི་མིང་རྐྱང་ཡིན་ནའང་། བསྟོད་དང་བསྔགས་སོགས་རང་ལྡོག་གི་སྒྲའི་གདངས་ལ་དུས་གསུམ་གྱི་ཁྱད་པར་ཡོད་པར་མ་ཟད། བསྟོད་བྱའི་ཡོན་ཏན་དང་བསྟོད་བྱེད་ཀྱི་སྙན་ཚིག་ལྟ་བུའི་བྱ་བྱེད་ཀྱི་ཁྱད་པར་དང་། ཁྱོད་ཀྱིས་བསྟོད་ཅིག་ཅེས་པའི་སྐུལ་ཚིག་རྣམས་མ་བཅོས་ཤུགས་འབྱུང་གི་ལས་ཚིག་འདི་འདྲ་བ་ལ་མིང་རྐྱང་ཞེས་བརྗོད་ན་ནི་འདིར་བཤད་པའི་བྱ་ཚིག་གམ་ལས་ཚིག་ཡོད་ཚད་མིང་རྐྱང་དུ་ཁས་བླངས་ན་གནོད་བྱེད་སྟོན་མི་ནུས་པར་འགྱུར་རོ། །སྤྲོས་པས་ཆོག་གོ ། ལྔ་བ། བདག་གཞན་དུས་གསུམ་གྱི་གོ་དོན། ཀ དངོས་ཀྱི་དོན། རྟགས་འཇུག་གི་སྐབས་སུ་རྟོགས་དཀའ་བའི་གནས་ལ་རྩི་བ་གང་ཞིག་ཡོད་ཅེ་ན། སྐབས་འདིར་དངོས་ལས་དུས་གསུམ་དང་། བྱ་བྱེད་ལས་གསུམ་དང་། བདག་གཞན་ལས་གསུམ་དང་། འདས་ད་ལྟ་མ་འོངས་དུས་གསུམ་སོགས་སུམ་ཚན་མང་བོ་དང་། བྱེད་པ་པོ་དང་དངོས་སུ་འབྲེལ་མ་འབྲེལ་གྱི་ཁྱད་པར་དང་། གཟུགས་འགྱུར་དང་གཟུགས་མི་འགྱུར་གྱི་བྱེ་བྲག་མང་བོ་དང་། བྱ་བྱེད་ཐ་དད་པ་དང་ཐ་མི་དད་ཀྱི་ལས་ཚིག་གི་ཁྱད་པར་སོགས་དུ་མ་ཞིག་ཡོད་པ་ལས་གཙོ་ཆེ་བ་ནི་འདི་ལྟར། ལས་གང་ཞིག་བྱེད་པ་པོ་དང་དངོས་སུ་འབྲེལ་བའི་དབང་དུ་བཏང་ནས་བྱེད་པ་པོ་ཁོ་རང་དང་དེའི་བྱེད་པ་དང་བཅས་པ་ལ་བདག་ཅེས་བྱ། དཔེར་ན་ཤིང་བཟོ་དང་། དེའི་ལག་པ། ལག་ཆ་སྟ་རེ་སོགས་སོ། །དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་དེ་དང་འབྲེལ་བའི་བྱ་བ་བཅས་ལ་གཞན་ཞེས་པའི་མིང་གིས་བརྗོད། དཔེར་ན་ཤིང་སྡོང་དང་དེ་དུམ་བུར་བཅད་པ་སོགས་སོ། །དེ་བཞིན་དུ་བྱ་བ་དང་ལས་དང་བྱ་རྒྱུ་ཞེས་པ་རྣམས་གཞན་དང་འབྲེལ། བྱེད་པ་པོ་གཙོ་ཕལ་དང་བྱེད་པ་རྣམས་བདག་དང་འབྲེལ། བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པའོ། །དཔེར་ན་གཅད་བྱའི་ཤིང་སྡོང་དེ་ཤིང་བཟོའི་ལག་གིས་བཟུང་བའི་སྟ་རེས་རིང་མིན་གཅོད་རྩིས་བྱེད། ད་ལྟ་གཅོད་ཀྱིན་ཡོད། དེ་མ་ཐག་བཅད་ཚར། ཁྱོད་ཀྱིས་ཀྱང་དེ་ལྟར་ཆོད་ཅིག ཅེས་པ་ལྟ་བུའི་དཔེར་བརྗོད་ཀྱིས་གཞན་ལ་རིགས་བསྒྲེ་བར་བྱའོ། །བྱ་བྱེད་གཉིས་སམ་བདག་གཞན་གཉིས་སུ་འབྱེད་པའི་དབང་དུ་བྱས་ན་བྱེད་པ་གཙོ་བོ་ལག་པ་དང་བྱེད་པ་ཕལ་བ་སྟ་རེ་གཉིས་བདག་བྱེད་པ་པོའི་ཁོངས་སུ་བསྡུ། གཅད་བྱའི་ཤིང་སྡོང་ལས་དང་བཅད་པ་བྱ་བ་གཉིས་གཞན་བྱ་བའི་ཁོངས་སུ་བསྡུས་ནས་ཤིང་བཟོས་བཅད་ཅེས་པ་ལྟ་བུས་མཚོན་ནོ། །དུས་གསུམ་དང་སྦྱར་ན་བྱ་ཚིག་ཅན་ནི་མ་འོངས་པ་དང་། བྱེད་ཚིག་ཅན་ནི་ད་ལྟ་བ། བྱས་ཚིག་ཅན་ནི་འདས་པ། སྐུལ་ཚིག་དང་དགག་སྒྲ་སྦྱར་བའི་སྐུལ་ཚིག་ནི་མ་འོངས་པ་ཡིན་ནོ། །གྲུབ་དང་འགྲུབ། གྱུར་དང་འགྱུར་ལྟ་བུ་ནི་བྱ་བྱེད་ཐ་མི་དད་ལ་སྦྱོར་རྒྱུ་དང་། སྒྲུབ་དང་བསྒྲུབས། སྒྱུར་དང་བསྒྱུར་ལྟ་བུ་ནི་བྱ་བྱེད་ཐ་དད་པ་ལ་སྦྱོར་རྒྱུའི་ལས་ཚིག་དང་། ལྟོགས་པའི་བཀྲེས། ན་བའི་འཁུན། མེ་ཏོག་རྙིད། དགོད་པའི་འཛུམ་སོགས་གཟུགས་མི་འགྱུར་བའི་ལས་ཚིག་རྣམས་ཀྱི་ཁྱད་པར་ཕྲ་ཞིང་ཞིབ་པ་རྩྭ་ཀུ་ཤའི་རྩེ་ལྟར་མ་འདྲེས་པའི་ཚུལ་གྱིས་ཤེས་ན་ནི་རྟགས་འཇུག་ལ་མཁས་པ་ཞེས་བྱ་བའི་གྲལ་དུ་ཆུད་ངེས་པ་ཡིན་ནོ། །ཚུལ་འདི་ལ་སྔོན་དང་ད་ལྟར་བྱོན་པའི་མཁས་པ་ཚོས་སུམ་རྟགས་འགྲེལ་བ་རྣམས་སུ་གོ་དོན་དང་དཔེར་བརྗོད་ཧ་ཅང་མང་བོ་གསུངས་ཤིང་བཀོད་ཡོད་པས་དེ་དག་ཏུ་བལྟས་ནས་རིག་པ་ཇེ་འཕེལ་དུ་བཏང་ན་ལེགས་ཀྱི། འདིར་གསལ་བཤད་བྱེད་པའི་ཁུལ་གྱིས་ཚིག་ཚོགས་ལ་མ་འཛེམ་པར་ཁ་ནས་ཅི་ཐོན་བཤད་པ་ལ་དགོས་པ་ཆེར་མ་མཐོང་ངོ་།། ཁ མཐའ་དཔྱད་པ། དུས་གསུམ་ལ་འཇུག་པའི་དཔེར་བརྗོད་བཀོད་པ་རྣམས་སུ། གཅད་བྱ་གཅོད་བྱེད་བཅད་ཆོད་ཅིག ། བཤད་བྱ་འཆད་བྱེད་བཤད་ཤོད་ཅིག ། གསད་བྱ་གསོད་བྱེད་བསད་སོད་ཅིག ། ཅེས་བཀོད་པ་རྣམས་ཀྱི་ཆོད་དང་ཤོད་དང་སོད་གསུམ་ནི་དུས་མ་འོངས་པར་འཇུག་པའི་སྐུལ་ཚིག་ཡིན་པར་ཡོངས་སུ་གྲགས་པ་ལྟར་དེ་གསུམ་གང་ན་ཡོད་ཀྱང་སྐུལ་ཚིག་ཡིན་ཞེས་འདོད་དམ་ཅི། དེ་འདྲའི་ལས་ཚིག་གསུམ་ལ་དགག་སྒྲ་སྦྱོར་ཚེ་རིམ་བཞིན་མི་གཅོད། མི་འཆད། མི་གསོད་ཅེས་སྦྱར་བས་དུས་མ་འོངས་པ་སྟོན་ཅིང་། མ་བཅད། མ་བཤད། མ་བསད་ཅེས་སྦྱར་བས་དུས་འདས་པ་སྟོན་པ་ལ་སྙོན་དུ་མེད་པས་དེ་ལ་ཁ་མི་འཆམ་པ་ཞིག་མེད་སྙམ་མོ། །འོན་ཀྱང་། གྲི་འདིས་མི་ཆོད། ལྐུགས་པ་འདིས་སྐད་ཆ་མི་ཤོད། ཤིང་ལྕུག་ཕྲ་མོས་སྤྱང་ཀི་མི་སོད་ཅེས་སྦྱར་བའི་ཚེ་ན། དེ་དག་སྐུལ་ཚིག་མ་ཡིན་པར་བྱེད་པ་པོ་དངོས་སུ་མེད་པ་ལྟ་བུའི་མ་འོངས་པའི་ཚིག་ཏུ་གྱུར་པ་འདི་དག་ལ་མིང་འདོགས་ཇི་ལྟར་བྱེད། འདི་ཙམ་དུ་མ་ཟད་ཡོངས་སུ་གྲགས་པའི་བྱ་བ་བྱེད་པ་བྱས་པ་སྐུལ་ཚིག་བཞི་གང་ཡང་མ་ཡིན་པའི་ལས་ཚིག་དགག་སྒྲ་ཅན་གྱི་ཡིག་གཟུགས་གཞན་ཡང་མང་སྟེ། གོས་ལག་མཐིལ་ཙམ་གྱིས་རྒྱབ་མི་ཁེབ། རས་འདི་སྲ་བས་མི་ཤོགས། ཐབས་ཅི་བྱས་ཀྱང་དོང་ནང་ནས་མ་ལོན། གདན་ཞུས་བྱས་ཀྱང་སྤྱན་མ་འདྲོང་། བུད་ཤིང་འདི་ཙམ་གྱིས་ཇ་མི་ཁོལ། སྤར་གང་གི་སས་ཆུ་ལོག་མི་ཁོག འབིག་ཁ་རྡུགས་འདིས་ཀོ་བ་མི་ཕིགས། སྨྱུ་གུ་ཟད་པོ་འདིས་ཡི་གེ་མི་ཕྲིས། ཁང་བ་འདི་བཤིག་འདོད་ཀྱང་མི་ཤིགས། བྱིས་པ་འདིས་སྐད་བརྡ་མི་འཁྲོལ། རྟ་འདི་རྒོད་དྲགས་པས་མི་ཐུལ། ཞེས་བྱ་བ་ལ་སོགས་པ་དུ་མ་སྣང་བ་དང་། རྟ་ལ་སྦྱར་ན་སྤྱིར་བཏང་དུ། གདུལ་བྱ་འདུལ་བྱེད་བཏུལ་ཐུལ་ཅིག ། ཅེས་པའི་སྐབས་སུ་དུས་གསུམ་དང་། བདག་གཞན་གཉིས་དང་། སྐུལ་ཚིག་རྣམས་ཚང་བར་བསྟན་ཟིན་ལ། གོང་སྨོས་ལྟར་རྟ་འདི་རྒོད་དྲགས་པས་མི་ཐུལ། ཞེས་སྨྲས་ཚེ་ད་དྲག་མེད་པའི་ཐུལ་ཡིག་འདི་འབྲི་ན་མ་གཏོགས་གདུལ་དང་འདུལ་དང་བཏུལ་གསུམ་ཁ་སྐད་ལ་སྦྱོར་མི་འོས་པ་བཞིན་དུ་ཡི་གེར་ཡང་འབྲིར་མི་འོས། དེས་ན་དེ་འདྲའི་ཐུལ་སོགས་ནི་མིང་རྐྱང་མ་ཡིན་པའི་ལས་ཚིག་ཡིན་པ་སྨོས་མ་དགོས་ཤིང་། དེ་ལ་དགག་ཚིག་སྦྱར་རམ་མ་སྦྱར་ཀྱང་རུང་། མིང་འདོགས་ཇི་ལྟར་བྱེད་ཚུལ་འདིར་བློ་གྲོས་དྭངས་ཤིང་གསལ་བ་རྣམས་ཀྱིས་དཔྱད་པར་འཚལ། ཨ་ལ་ཤའི་ཡིག་བཤད་མཁས་པའི་ཁ་རྒྱན་ལས། བྱ་ཚིག་བཤད་པའི་སྐབས་སུ་སྒྲུབ་པ་ནི་བྱེད་པ་པོའི་རྩོལ་བ་ལ་ལྟོས་ཏེ་རྗོད་པའི་མིང་ཡིན་པས་འདི་ལ་བྱ་བྱེད་ལས་གསུམ་དང་འདས་མ་འོངས་སོགས་ཀྱི་ཁྱད་པར་སྦྱར་རྒྱུ་ཡོད་ལ། གྲུབ་པ་ནི་རང་གི་ངང་ཤུགས་ཀྱིས་གྲུབ་པའི་མིང་ཡིན་པས་འདི་ལ་དུས་གསུམ་དང་བྱ་བྱེད་སོགས་སྦྱར་རྒྱུ་མེད། ཅེས་གསུངས་པ་ལ་བརྟག་པར་བྱ་བ་འདི་ལྟར། རང་གི་ངང་ཤུགས་ཀྱིས་གྲུབ་པའི་མིང་ཡིན་ན། ཁྱོད་ལ་དུས་གསུམ་དང་བྱ་བྱེད་སོགས་སྦྱར་རྒྱུ་མེད་པས་ཁྱབ་པར་ཐལ། འདོད་ན། འགྲུབ་ཅེས་པའི་ཡི་གེ་ཆོས་ཅན། ཁྱོད་གྲུབ་ཀྱི་ཟླར་གྱུར་པའི་འགྲུབ་པར་འགྱུར་ཞེས་པས་མ་འོངས་པ་དང་། འགྲུབ་པར་བྱེད་ཅེས་པས་ད་ལྟ་བ་དང་། འགྲུབ་པར་གྱིས་ཤིག་ཅེས་པས་སྐུལ་ཚིག་དང་། གྲུབ་པར་གྱུར་དང་གྲུབ་སོང་ཞེས་རང་ཉིད་འདས་པ་ལ་འཇུག་པའི་ཚུལ་འདི་ཁས་མི་ལེན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གྱུར་དང་འགྱུར། འགྲིག་དང་འགྲིགས། ཁྲིད་དང་འཁྲིད། ཐོབ་དང་འཐོབ། བྲལ་དང་འབྲལ། ཤི་བ་དང་འཆི་བ། ལྷུང་བ་དང་ལྟུང་བ་ལ་སོགས་བྱེད་པ་པོ་དངོས་སུ་མེད་པའི་བྱ་ཚིག་མཐའ་ཡས་པ་འདི་དག་ཆོས་ཅན། ཁྱོད་ལ་དུས་གསུམ་དང་བྱ་བྱེད་སོགས་སྦྱར་རྒྱུ་མེད་པར་ཐལ། རང་གི་ངང་ཤུགས་ཀྱིས་གྲུབ་པའི་མིང་ཤ་སྟག་ཡིན་པའི་ཕྱིར། འཁོར་གསུམ། ཁོའི་འདོད་པ་དེ་མིན། གྲུབ་ཅེས་པའི་ཡི་གེ་འདི་ཁོ་ན་ལ་དུས་གསུམ་བྱ་བྱེད་བརྩི་རྒྱུ་མེད་ཅེས་པའི་དོན་ཡིན་ཟེར་ན། དེ་ནི་ཤིན་ཏུ་ནས་ཀྱང་མི་འཐད་དེ། སྒྲུབ་ཅེས་པའི་ཡི་གེ་འདི་ལའང་བསྒྲུབ་དང་བསྒྲུབས་སྒྲུབས་སོགས་ཀྱི་ཟླ་བོ་མེད་པར་སྒྲུབ་གཅིག་པུ་ལ་དུས་གསུམ་བྱ་བྱེད་ཇི་ལྟར་རྩི་ནུས། དེས་ན་རང་ཤུགས་ཀྱིས་གྲུབ་པའི་མིང་དུ་མ་ཞིག་ལ་ལས་ཚིག་དང་དུས་གསུམ་སྦྱར་དགོས་པའི་སྐབས་ཡོད་པ་ཤེས་དགོས་སོ།། ཡང་རྟགས་འཇུག་གི་སྐབས་འདིར་ཤེས་རྒྱུ་གལ་ཆེ་བ་གཅིག་ནི། མ་བཅོས་རང་ཤུགས་ཀྱིས་བོད་སྐད་གདངས་དག་མོ་ལས་ཐོན་པ་ལ། བྱེད་པོ་མེད་པ་དང་ཡོད་པའི་ཁྱད་པར་གྱིས་མཐུན་དང་བསྟུན་ལྟ་བུ་མིང་གཞི་མི་གཅིག་པར་འགྱུར་བ་དང་། འགྲིག་དང་བསྒྲིགས་ལྟ་བུ་མིང་གཞི་མི་འགྱུར་བ་དང་། ཡང་བྱེད་པ་པོ་དངོས་ཡོད་གཞིར་བཞག་གི་སྟེང་ནས་གཞོམ་དང་འཇོམས་ལྟ་བུ་མིང་གཞི་འགྱུར་བ་དང་། ཉུང་དང་བསྙུངས། ཐུང་དང་བསྟུངས། མྱུར་དང་སྨྱུར་ལྟ་བུ་སྐབས་འགར་མིང་གཞི་འགྱུར་ཞིང་སྐབས་འགར་མི་འགྱུར་བ་འདི་དག་གིས་རྒྱ་ཆེར་རིགས་བསྒྲེས་ནས་ཤེས་པར་བྱ་བའི་གནད་དམ་པ་དུ་མ་ཡོད་པ་མཐའ་དག་པར་སུ་ཞིག་གིས་འགོད་ནུས། གང་ལྟར་འདོད་པའི་ཡོན་ཏན་ལ་ཆོག་ཤེས་བསྟེན་དགོས་ཀྱི། ཐོས་པ་ལ་ཆོག་ཤེས་བསྟེན་པར་མི་རིགས་སོ།། དྲུག་པ། སི་ཏུས་བཀོད་པའི་དཔེར་བརྗོད་གལ་ཆེ་བའི་སྐོར་གྱི་འགྲེལ་བཤད། རྟགས་འཇུག་གི་དཔེར་བརྗོད་རྣམས་ལས་སི་ཏུ་པཎ་ཆེན་གྱིས་བཀོད་པ་རྣམས་ཕལ་ཆེ་བ་རྣམ་པར་དག་ཅིང་ཅུང་ཟད་གོ་དཀའ་བ་རྣམས་ལ་མཆན་འགྲེལ་གྱིས་གསལ་བར་བྱས་པ་འདིར་དཀྱུས་གཅིག་ཏུ་བཀོད་ན་དོན་སྒྲིབ་པར་འགྱུར་བས་གཤམ་དུ་བཞག་ཡོད་པ་དེར་བལྟ་བར་བྱ། བདུན་པ། དུས་གསུམ་གྱི་ལས་ཚིག་འདུམ་བདེ་ཕྱིར་སྤྱི་བྱེ་བྲག་ཐོར་བུ་གསུམ་དུ་དབྱེ་བ། སྐབས་འདིར་བདག་གཞན་དང་། བྱ་བྱེད། དུས་གསུམ་སྐུལ་ཚིག་དང་བཅས་པར་འཇུག་པའི་དཔེར་བརྗོད་ནི་འགྲེལ་བྱེད་སྔ་མ་ཚོས་མང་བོ་བཞག་ཡོད་པ་དང་། དེ་ལ་ཡང་མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་དུ་མ་ཡོད་པ་རྣམས་འདིར་ཞིབ་ཏུ་བཤད་ན་ཚིག་ཚོགས་མང་བར་འགྱུར་བའི་ཕྱིར་ན་མ་བཀོད་ལ། ཁམས་ཀྱི་མཁས་པ་བླ་མ་ནོར་བུ་བསྟན་འཛིན་གྱིས་དུས་གསུམ་ལ་སྤྱི་དང་བྱེ་བྲག་ཐོར་བུའི་རིགས་གསུམ་དུ་ཕྱེ་བ་དེ་ཧ་ཅང་བློ་ལ་འཛིན་བདེ་བའི་རྐྱེན་གྱིས་བདག་གིས་སྔོན་ཆད་བརྩམས་པའི་དག་ཡིག་ཐོན་མིའི་དགོངས་རྒྱན་གྱི་ལྷན་ཐབས་མཛེས་པའི་རྒྱན་ལས་སྡོམ་དུ་བསྡུས་པ་འདི་ལྟར། དེ་ཡང་བརྡ་སྤྱོད་རྟགས་ཀྱི་འཇུག་པ་ལས།། ཕོ་ནི་འདས་དང་ཞེས་སོགས་ཚིགས་བཅད་ཀྱིས།། དངོས་བསྟན་དུས་གསུམ་སྤྱི་དང་བྱེ་བྲག་གཉིས།། ཤུགས་ལ་ཐོར་བུའི་སྡེ་ཚན་བསྟན་ཅེས་གྲག ། དང་པོ་སྤྱི་ནི་བྱ་ཚིག(གདགས་དགག་ལྟ་བུ)མ་ནིང་དང་།། བྱེད་པ(འདོགས་ལྟ་བུ)མོས་འཕུལ་བརྗོད་བདེར(གཏོང་ལྟ་བུ)མ་ནིང་སྲིད།། པ་སྡེ་ལས་གཞན་འདས་པར(བཏགས་ལྟ་བུ)ཕོས་འཕུལ་ཞིང་།། མགོ་ཅན་མེད་ངེས་སྒྲ་གདངས་འགྱུར་བའོ།། གཉིས་པ་བྱེ་བྲག་བྱ་འདས(བསྲུང་བསྲུངས)ཕོས་འཕུལ་བ།། བྱེད་པར་(གདལ་དགར་ལྟ་བུ)མ་ནིང(འགོམ་ལྟ་བུ)མོས་འཕུལ(སྲུང་ལྟ་བུ)འཕུལ་མེད་བཞི།། འཕུལ་ཅན་ལ་ལྟོས་མགོ་ཅན་མང་བའི་སྡེ།། འདས་སྐུལ་གཉིས་ལ་(བསྒྲུབས་སྒྲུབས)ཡང་འཇུག་ཐོབ་ངེས་པའོ།། ཐོར་བུའི་རིགས་ནི་ངེས་མེད་སྣ་ཚོགས་ཅན།། དབྱེ་བ་བཞི་སྟེ་(དྲང་ལྟ་བུ)བྱེ་བྲག་ཕྱོགས་མཐུན་དང་།། (བརྩད་ལྟ་བུ)ད་མཐའ་ཅན་དང་(བསྐུ་བསྐུས་ལྟ་བུ)འ་ས་གཉིས་བསྲེས་སྟེ།། (གཏད་གཏོད་གཏད་གཏོད་ལྟ་བུ་རིམ་བཞིན)བྱ་བྱེད་འདས་སྐུལ་ཕར་ཆེར་སྒྲ་མཐུན་པའོ།། ཞེས་པ་འདི་ནི་དུས་གསུམ་སྤྱི་དང་བྱེ་བྲག་ཐོར་བུ་གསུམ་གྱི་འཇོག་བྱེད་དེ། འདི་ཇི་བཞིན་བློ་ལ་བྱང་ཚེ་རྟགས་འཇུག་གི་དོན་ལ་བློ་གྲོས་ཀྱི་སྒོ་མོ་གསར་བ་ཞིག་འབྱེད་ངེས་པ་ཡིན་ནོ།། བརྒྱད་པ། ཨེ་ཁྱབ་སུམ་ཅུའི་དྲི་བའི་སྒོ་ནས་ལས་ཚིག་གི་དོན་ལ་རིག་པའི་རྩལ་སྦྱོང་བ། ཀ སྔོན་འཇུག་གི་ཕོ་ཡིག་ཐོབ་པའི་ལས་ཚིག་ཡིན་ན་དུས་འདས་པ་ཁོ་ན་སྟོན་པས་ཨེ་ཁྱབ། ཁ སྔོན་འཇུག་བ་ཡིག་ཐོབ་པའི་བྱ་བྱེད་ཀྱི་ལས་ཚིག་གང་རུང་ཡིན་ན་བྱ་ཚིག་ཁོ་ནས་ཨེ་ཁྱབ། ག སྔོན་འཇུག་མ་ནིང་གཉིས་ཐོབ་པའི་ལས་ཚིག་གི་དུས་སྟོན་བྱེད་ཡིན་ན་ད་ལྟ་བ་ཁོ་ནས་ཨེ་ཁྱབ། ང སྔོན་འཇུག་འ་ཡིག་ཐོབ་པའི་ལས་ཚིག་ཡིན་ན་གཞན་ལ་སྦྱོར་བའི་བྱ་ཚིག་ལ་མི་འཇུག་པས་ཨེ་ཁྱབ། ཅ སྔོན་འཇུག་མོ་ཡིག་ཐོབ་པའི་དུས་གསུམ་སྟོན་བྱེད་ཀྱི་ལས་ཚིག་ཡིན་ན་མ་འོངས་པ་ཁོ་ནས་ཨེ་ཁྱབ། ཆ མགོ་ཅན་གྱི་འདས་ཚིག་ཡིན་ན་ཁྱོད་ལ་སྔོན་འཇུག་ངེས་ཅན་དུ་ཡོད་པས་ཨེ་ཁྱབ། ཇ སྔོན་འཇུག་ཕོ་ཡིག་ཐོབ་རུང་བའི་བྱ་ཚིག་མ་འོངས་པ་སྟོན་བྱེད་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ། ཉ སྔོན་འཇུག་མ་ནིང་གཉིས་གང་རུང་གི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ། ཏ མགོ་འདོགས་མེད་པའི་མིང་གཞིའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་ཐོབ་པས་ཨེ་ཁྱབ། ཐ ན་ར་ལའི་རྗེས་འཇུག་ཅན་གྱི་ཡི་གེ་ཡིན་ན་ཁྱོད་ལ་ད་དྲག་ཐོབ་པས་ཨེ་ཁྱབ། ད ད་དྲག་ཅན་གྱི་ཡི་གེ་ཡིན་ན་ཁྱོད་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་པས་ཨེ་ཁྱབ། ན ལས་ཚིག་སྟོན་པའི་མིང་གཞི་ཡིན་ན་ཁྱོད་ཀྱི་ཡི་གེ་རང་སྡེ་ལས་གཞན་དུ་མི་འགྱུར་བས་ཨེ་ཁྱབ། པ གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་གྱི་ལས་ཚིག་ཡོད་པས་ཨེ་ཁྱབ། ཕ ཞ་སྡེའི་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་མི་འགྱུར་བས་ཨེ་ཁྱབ། བ སའི་ཡང་འཇུག་ཅན་ཡིན་ན་ད་ལྟ་བ་དང་འདས་ཚིག་དང་སྐུལ་ཚིག་གསུམ་གང་རུང་སྟོན་པས་ཨེ་ཁྱབ། མ ལས་ཚིག་སྟོན་པའི་མིང་གཞི་ཡིན་ན་ཁྱོད་ཀྱི་ཡི་གེ་མི་འདྲ་བ་གཉིས་ལས་ལྷག་མི་འགྱུར་བས་ཨེ་ཁྱབ། ཙ མགོ་འདོགས་མེད་པའི་མིང་གཞིའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་མི་འཐོབ་པས་ཨེ་ཁྱབ། ཚ སྔོན་འཇུག་མ་ནིང་གཉིས་གང་རུང་གི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་མ་ཡིན་པས་ཨེ་ཁྱབ། ཛ ལས་ཚིག་སྟོན་པའི་མིང་གཞི་ཡིན་ན་ཁྱོད་ཀྱི་ཡི་གེ་ལ་མི་འདྲ་བ་བཞི་མི་འཐོབ་པས་ཨེ་ཁྱབ། ཝ གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་གྱི་ལས་ཚིག་མེད་པས་ཨེ་ཁྱབ། ཞ སྔོན་འཇུག་ཕོ་ཡིག་ཐོབ་རུང་བའི་བྱ་ཚིག་མ་འོངས་པ་སྟོན་བྱེད་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པས་ཨེ་ཁྱབ། ཟ དུས་གསུམ་སྟོན་པའི་གཟུགས་འགྱུར་གྱི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་མིང་གཞིའི་ཡི་གེ་འགྱུར་བས་ཨེ་ཁྱབ། འ མིང་རྐྱང་གི་ཡི་གེ་ཡིན་ན་ཁྱོད་ལ་ལས་ཚིག་གི་ཤན་མི་འཇུག་པས་ཨེ་ཁྱབ། ཡ མིང་རྐྱང་གི་ཡི་གེ་ལས་ཚིག་གི་ཤན་ཞུགས་པ་ཅན་ཡིན་ན་ཁྱོད་ལ་བྱེད་ཚིག་གི་མིང་མི་འདོགས་པས་ཨེ་ཁྱབ། ར ལས་ཚིག་གི་ཤན་ཞུགས་པའི་མིང་ཚིག་ཡིན་ན་ཁྱོད་ལ་འདས་ཚིག་མི་སྦྱོར་བས་ཨེ་ཁྱབ། ལ དུས་གསུམ་སྟོན་པའི་གཟུགས་འགྱུར་གྱི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བས་ཨེ་ཁྱབ། ཤ མགོ་ཅན་དུ་གྱུར་པའི་འདས་ཚིག་ཡིན་ན་ཁྱོད་ཀྱི་འཕུལ་ཡིག་བ་ཡིག་ཡིན་པས་ཨེ་ཁྱབ། ས མིང་གཞི་བརྩེགས་མའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་ཐོབ་པས་ཨེ་ཁྱབ། ཧ ན་ར་ལའི་རྗེས་འཇུག་ཅན་གྱི་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་ན་ཁྱོད་ལ་ཡང་འཇུག་ཡོད་པས་ཨེ་ཁྱབ། ཨ ཞ་སྡེའི་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་འགྱུར་བས་ཨེ་ཁྱབ། དེ་ལྟར་ཨེ་ཁྱབ་ཀ་ཁ་སུམ་ཅུའི་དྲི་བ་འདི་ནི་རྟགས་འཇུག་གི་དཀའ་གནས་ཐད་རིག་པ་བྱང་ཞིང་མཉེན་ལ་འབེབས་པའི་ཐབས་ཟབ་མོ་ཞིག་སྟེ། འདིར་ཁྱབ་པ་བཞི་དང་། མ་ཁྱབ་པ་ཉེར་དྲུག་ཡོད་པ་ལས་ཁྱབ་ན་ཇི་ལྟར་ཁྱབ་པའི་རྒྱུ་མཚན་འགོད་པ་དང་། མ་ཁྱབ་ན་མ་ཁྱབ་པའི་སྐྱོན་འཇོག་རྒྱུ་ནི་ཚུལ་འདིར་སྐོམ་པ་ཆུ་འདོད་དང་ལྡན་པའི་དོན་གཉེར་ཅན་རྣམས་ཀྱི་ལས་སྐལ་དུ་བཞག་ཡོད་དོ།། ཞར་ལ་མུ་བཞིའི་སྒོ་ནས་རིག་པའི་རྩལ་སྦྱོང་བ། (༡) སྔོན་འཇུག་ལྔ་བོ་གང་རུང་དང་ཡང་འཇུག་གཉིས་པོ་གང་རུང་ལ་མུ་བཞི། (༢) ཀ་སྡེའི་མགོ་ཅན་གྱི་ལས་ཚིག་དང་གཟུགས་འགྱུར་གྱི་ལས་ཚིག་གཉིས་ལ་མུ་བཞི། (༣) ཅ་སྡེའི་མགོ་ཅན་གྱི་ལས་ཚིག་དང་བྱ་བྱེད་ཐ་མི་དད་པའི་ལས་ཚིག་གཉིས་ལ་མུ་བཞི། (༤) པ་སྡེའི་འདོགས་ཅན་གྱི་ལས་ཚིག་དང་དུས་གསུམ་གར་འཇུག་པའི་ལས་ཚིག་གཉིས་ལ་མུ་བཞི། (༥) མོ་ཡིག་འཕུལ་ཅན་གྱི་ལས་ཚིག་དང་འདས་ཚིག་ལ་འཇུག་པའི་ལས་ཚིག་གཉིས་ལ་མུ་བཞི། (༦) ག་ཡིག་གི་མཐའ་རྟེན་ཅན་དང་དུས་གསུམ་གར་འཇུག་པའི་ལས་ཚིག་གཉིས་ལ་མུ་བཞི། (༧) ཞ་སྡེའི་མིང་གཞིར་གྱུར་པའི་ལས་ཚིག་དང་ཞ་སྡེར་རག་ལས་པའི་འདོགས་ཅན་གྱི་ལས་ཚིག་གཉིས་ལ་མུ་བཞི། གངས་ཅན་ཁ་སྐད་གདངས་ལྟར་རབ་བཀྲལ་བ།། འདས་དང་ད་ལྟ་སླད་མ་བགྲང་ཡས་ངག ། རྣམ་དག་ཐ་སྙད་པདྨར་སྦྲང་ཆགས་པས།། མཐའ་ཀླས་སྐལ་བཟང་དག་ལ་ལྷག་པར་ཕན།། ཞེས་བྱ་བ་ནི་དབྱངས་ཨ་གཅིག་པུར་ངེས་པའི་ཚིགས་བཅད་བྱ་དཀའ་བའི་སྙན་ངག་གི་སྒོ་ནས་དཎྜིའི་གྲེ་འགྱུར་མཚོན་པར་བྱེད་པའི་ངལ་གསོའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། དགུ་བ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ། ༡ རྗེས་འཇུག་གི་རྟགས་ཀྱི་དབྱེ་བ། རྗེས་འཇུག་ཡི་གེ་བཅུ་པོ་ལ།། ཕོ་མོ་མ་ནིང་གསུམ་དུ་དབྱེ།། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། མོ་ལ་མོ་དང་ཤིན་ཏུ་མོ།། མ་ནིང་འགྱུར་དང་མཚན་གཉིས་དང་།། མཚན་མེད་དག་དང་གསུམ་དུ་འདོད།། ཀ དངོས་ཀྱི་དོན། ཐོན་མིའི་བརྩམས་ཆོས་ལས་ཕལ་ཆེར་ནུབ་པའི་དབང་གིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ་མཁས་པ་རྣམས་ཀྱི་བཞེད་པ་ཆེས་ཆེར་མི་མཐུན་པས་ན་བཞེད་སྲོལ་དེ་དག་གི་དགོངས་པ་གཅིག་ཏུ་སྒྲིལ་ཐབས་མེད་དོ། །དེའི་ཕྱིར་རེ་ཞིག་སི་ཏུ་པཎ་ཆེན་གྱིས་བཀྲལ་བ་ཉིད་རང་ལུགས་ཀྱི་རྩ་བར་བཟུང་ན་དགེ་མཚན་ཆེ་བར་མཐོང་བས་འདི་ལྟར། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་བོ་དེ་རྣམས་ལ། ཕོ་ཡིག་ག་ད་བ་ས་བཞི་དང་། མོ་ཡིག་ང་མ་འ་གསུམ་དང་། མ་ནིང་ན་ར་ལ་གསུམ་སྟེ་རྟགས་གསུམ་དུ་དབྱེའོ། །དེ་ལ་ནང་གསེས་ཀྱིས་ཕྱེ་ན་བརྒྱད་དུ་འགྱུར་ཏེ། ཕོ་ཡིག་བཞི་ལ་དཀྲིགས་ལྟ་བུ་ག་མཐའ་སའི་ཡང་འཇུག་ཅན་རྗེས་འཇུག་ནང་ཕྲད་སྒྲ་དྲག་པའི་དྲག་པ་སྐྱེས་བུ་རབ་དང་། སྟོབས་ལྟ་བུ་བ་མཐའ་སའི་ཡང་འཇུག་ཅན་སྒྲ་དྲག་པའི་འབྲིང་སྐྱེས་བུ་འབྲིང་དང་། རྟག་བཀབ་ལྟ་བུ་ག་བའི་རྗེས་སུ་ཡང་འཇུག་མེད་པ་དང་། བཅད། ཅེས་ལྟ་བུ་ཡང་འཇུག་མེད་པར་མ་ཟད་ད་སའི་རྗེས་འཇུག་ཅན་སྒྲ་དྲག་པའི་ཞན་པ་སྐྱེས་བུ་ཐ་མ་སྟེ་གསུམ་དང་། མོ་ཡིག་གསུམ་ལ་གངས། ཉམས་ལྟ་བུ་སའི་ཡང་འཇུག་ཅན་སྒྲ་ཞན་པའི་དྲག་པ་མོ་ཙམ་དང་། གང་། སྙམ། མཁའ་ལྟ་བུ་ང་མའི་མཐར་ཡང་འཇུག་མེད་པ་དང་འ་མཐའ་ཅན་ནི་སྒྲ་ཤིན་ཏུ་ཞན་པ་སྟེ་ཞན་པའི་ཞན་པ་ཤིན་ཏུ་མོ་སྟེ་གཉིས་དང་། མ་ནིང་གསུམ་ལ། བཙན། བསྟནད་ལྟ་བུ་མིང་གཞིའི་ཕོ་ཡིག་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ་དང་། འཇལ་ལྟ་བུ་མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་མེད་པ་ཁོ་ན་སྟེ་གཉིས་ནི་སྒྲ་བར་མའི་དྲག་པ་འགྱུར་བ་མ་ནིང་དང་། འཛིནད་ལྟ་བུ་མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་སྒྲ་བར་མ་ལ་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པ་མཚན་གཉིས་མ་ནིང་དང་། མཁན། ཐརད་ལྟ་བུ་མིང་གཞིའི་མ་ནིང་གི་མཐར་ཡང་འཇུག་ཡོད་མེད་གཉིས་ནི་སྒྲ་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བ་མཚན་མེད་མ་ནིང་སྟེ་གསུམ་དུ་དབྱེ་བར་འདོད་དོ། །ཞེས་པ་ནི་སི་ཏུའི་བཞེད་པ་ཐུན་མོང་མ་ཡིན་པའོ།། ཡང་། སི་ཏུ་ལྟར་ན་རྗེས་འཇུག་ལ་རྟགས་གསུམ་དུ་དབྱེ་བ་ནི་རྗེས་འཇུག་རྣམས་མིང་གཞིའི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་དྲག་ཞན་བར་མར་འགྱུར་བའི་དབང་གིས་དེ་ལྟར་འཇོག་གོ །དེ་ཡིན་པའི་ཤེས་བྱེད་ནི། རྩ་བར། ཕོ་གསུམ་མོ་གཉིས་མ་ནིང་གསུམ།། དྲག་ཞན་བར་མ་གསུམ་དུ་འཇུག ། ཅེས་པས་གྲུབ་བོ། །ཞེས་འདོད་དོ། །དེའི་ཕྱིར་སྐབས་འདིའི་སྤྱི་དང་བྱེ་བྲག་གི་རྟགས་ཀྱི་ངོས་འཛིན་སྒྲའི་འཇུག་ཚུལ་གྱི་སྒོ་ནས་འཇོག་དགོས་པ་དང་། མིང་མཐའ་དང་རྣམ་དབྱེ་འདྲེན་ཚུལ་གྱི་སྒོ་ནས་འཇོག་མི་རུང་བ་དང་། སྔོན་འཇུག་བཞིན་དུ་འདས་དང་གཞན་བསྒྲུབ་སོགས་ཀྱི་དོན་སྟོན་ཚུལ་གྱི་སྒོ་ནས་ཀྱང་འཇོག་མི་རུང་ཞེས་དགག་གཞག་ཆེར་བྱས་པ་རྣམས་ཕལ་ཆེར་དོན་ལ་གནས་པས་དེ་ལྟར་དུ་གཟུང་ངོ་།། འདོད་པ་འདི་དང་མི་འདྲ་བ་རྣམས་ཨ་ལ་ཤའི་སུམ་རྟགས་འགྲེལ་བ་སོགས་སུ་རེའུ་མིག་བཀོད་པ་ལྟར་ཤེས་པར་བྱ་ཡི། འདིར་མཐའ་དག་པར་བཀོད་ན་མང་བར་འགྱུར་རོ།། ཁ མཐའ་དཔྱད་པ། གོང་དུ་བཤད་པ་ལྟར་སྒྲ་གདངས་ཀྱི་སྒོ་ནས་འཇོག་ཚུལ་གཞན་རྣམས་སི་ཏུས་གང་གསུངས་ལེགས་བཤད་དུ་སྣང་ལ། འོན་ཀྱང་རྗེས་འཇུག་བ་ལ་ས་ཡིག་ཞུགས་པ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་བོའོ། །ཞེས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ག་དང་བ་གཉིས་རྗེས་འཇུག་གི་ཕོ་ཡིག་ཡིན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་དང་། མ་ནིང་གསུམ་གྱི་ཐད་མ་གཏོགས་སྐབས་འདིར་མིང་གཞི་མི་འདྲ་བའི་ཁྱད་བཏོད་དགོས་པ་ཡང་བཤད་མེད་པས་ན་དེ་གཉིས་ལ་ཡང་འཇུག་ས་སྦྱར་བས་རྗེས་འཇུག་ནང་ཕྲད་སྟོབས་ལས་ཅིག་ཤོས་སྐྱེས་བུ་རབ་ཡིན་པ་དང་། ཅིག་ཤོས་སྐྱེས་བུ་འབྲིང་ཡིན་དགོས་པའི་གནད་འགག་དེ་སི་ཏུས་མ་བསྟན་འདུག་གོ །དེ་བཞིན་དུ་རྗེས་འཇུག་ནང་ཕྲད་སྟོབས་ལས་ཅིག་ཤོས་སྒྲ་དྲག་པའི་དྲག་པར་འགྱུར་བ་དང་། ཅིག་ཤོས་སྒྲ་དྲག་པའི་འབྲིང་དུ་འགྱུར་དགོས་པའི་གནད་ཀྱི་ཁྱད་པར་ཡང་མ་བསྟན་པས་སྐབས་དོན་ཡོངས་སུ་མ་རྫོགས་པའི་སྐྱོན་ཞིག་ཡོད་སྙམ་མོ།། ༢ རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ། དེ་ཡང་བྱེད་པ་བཞི་བྱེད་དེ།། གང་ལ་འཇུག་བྱེད་གང་གིས་བྱེད།། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།། གང་ལ་ཡི་གེ་ཐམས་ཅད་ལ།། གང་གིས་བཅུ་བོ་དེ་དག་གིས།། ཀ དངོས་ཀྱི་དོན། དེ་ཡང་རྗེས་འཇུག་ཕོ་མོ་མ་ནིང་གསུམ་པོ་རེ་རེ་ལའང་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་ཚུལ་ཤེས་པར་བྱ་སྟེ། འཇུག་ཡུལ་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་ལས། གང་ལ་འཇུག་ན་ཀ་ནས་ཨའི་བར་གྱི་མིང་གཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་གོ །དེ་དག་ལ་རྗེས་འཇུག་གང་ཞིག་གིས་འཇུག་ན་སྔར་བཤད་པའི་རྗེས་འཇུག་ཡི་གེ་བཅུ་བོ་རྣམས་ཀྱིས་འཇུག་པར་བྱེད་དོ།། དེ་ཡང་གཞུང་འདིའི་དངོས་བསྟན་ལྟར་ན། ཀག ཀང་། ཀད། ཀན། ཀབ། ཀམ། ཀའ། ཀར། ཀལ། ཀས། ཞེས་པ་ནས། ཨག ཨང་། ཨད། ཨན། ཨབ། ཨམ། ཨའ། ཨར། ཨལ། ཨས། ཞེས་གསལ་བྱེད་སུམ་ཅུ་བོ་རེ་རེ་ལ་རྗེས་འཇུག་གི་ཡི་གེ་བཅུ་ག་འཇུག་པར་བསྟན་ན་ཡང་། དེ་དག་གིས་དོན་ཅི་སྟོན་ལ་དཔྱད་པའི་དབང་དུ་བཏང་ན། གང་། གད། གབ། གར་སོགས་དང་། ཕག ཕང་། ཕན། ཕབ་ལྟ་བུ་རྣམས་ནི་དོན་དེ་དང་དེ་ལ་དྲང་ཐད་དུ་འཇུག་པ་ལས། ཝག་ཝད། ཝན་ལྟ་བུ་ནི་དོན་འདི་ལ་འཇུག་ཅེས་བསྟན་དུ་མེད་པར་མ་ཟད། དག་ཡིག་ཁུངས་མ་རྣམས་སུའང་མཐོང་རྒྱུ་མེད་དོ།། འོ་ན་རྟགས་འཇུག་གི་གཞུང་དུ། གང་ལ་ཡི་གེ་ཐམས་ཅད་ལ།། གང་གིས་བཅུ་བོ་དེ་དག་གིས།། ཞེས་དམིགས་ཀྱིས་མ་བཀར་བར་སྤྱི་ཁྱབ་ཏུ་གསུངས་པའི་དགོས་པ་དེ་གང་ཡིན་ཞེ་ན། དེ་ནི་གསལ་བྱེད་སུམ་ཅུ་བོ་ལ་རྗེས་འཇུག་བཅུ་ག་ཁྱད་པར་མེད་པར་འཇུག་ཏུ་རུང་བར་བསྟན་པ་དང་གཅིག གལ་ཏེ་བོད་རང་གི་སྐད་དང་མཐུན་པའི་མིང་བརྡ་གསར་བ་བཟོ་དགོས་པའི་གལ་ལ་ཐུག་ཚེ་དེ་དག་ལས་གང་འོས་ཤིག་བཀོལ་ཆོག་པའི་དམིགས་བསལ་ཡོད་པ་དང་གཉིས་ཀྱི་སྒོ་ནས་ཤེས་པར་བྱའོ། །དཔེར་ན་རྗེ་ཙོང་ཁ་བའི་གསུང་ཐོར་བུའི་གྲས་ན་འོ་བརྒྱལ་ལ་ཝོ་བརྒྱལ་ཞེས་བྱ་དཀའ་བའི་ཀ་རྩོམ་འབྲི་གནང་མཛད་ཡོད་པ་བཞིན་ནོ།། ཁ མཐའ་དཔྱད་པ། གསེར་ཏོག་འགྲེལ་བར། མིང་གཞི་གང་ལ་རྗེས་འཇུག་གང་གིས་འཇུག་པ་བཤད་སྐབས་སུ། ཡི་གེ་གང་ལ་འཇུག་པའི་ཚུལ་གཅིག་དང་། མི་འཇུག་པའི་ཚུལ་གཉིས་ཡོད་མོད། འཇུག་པ་ཡིག་ཚོགས་མང་བའི་ཕྱིར་མི་འཇུག་པའི་སྒོ་ནས་མདོ་ཙམ་བཤད་ཅེས་པའི་ནང་ན། རྐྱག ལྡང་། དབད། དབྲད། སྔན། དཀྲབ། ཛམ། སྦམ། བལྟམ། ལར། གདར་རྣམས་ཀྱང་བཀའ་བསྟན་གྱི་གཞུང་ཆེ་ཆུང་རྣམས་སུ་ཡིག་གཟུགས་ཙམ་ཡང་མི་སྣང་། ཞེས་བཤད་པ་མི་འཐད་དེ། ཕྱི་སའི་སྐྱག་པ། མལ་ནས་ལྡང་། བཤེས་སྤྲིངས་ལས་དབད་པ་དང་དབྲད་པ་གཉིས་ཀ་འབྱུང་སྟེ་ཁྱིའི་སྡེར་མོས་དབྲད་པ། སྔོན་ཆད་དམ་སྔན་ཆད་གདམ་ང་ཅན། འཁྲབ་མའི་ནང་དུ་ནས་དཀྲབ་པ། ཛམ་གླིང་ལ་འས་འཕུལ་ཡོད་མེད་གཉིས་ཀ་རུང་བ། གཏོས་ཆེ་བ་ལ་སྦམ་མཐོ་བ། མ་འོངས་པའི་བལྟམ་འགྱུར། ལར་ནི་སྤྱིར་ཞེས་པ་དང་འཇུག་པ་མཚུངས་པ། ཐུད་ཀྱི་གདར་དང་མར་གྱི་གདར། ཞེས་པ་རྣམས་བཀའ་བསྟན་ཕར་ཟད་ཡོངས་གྲགས་ཀྱི་དག་ཡིག་རྣམས་སུའང་ཡོད་པས་ན་ཐུགས་མཉམ་མ་བཞག་པའི་གསུང་དུ་གོར་མ་ཆག་གོ ། ཡང་། དེས་ཞེས་པ་རྣམ་དབྱེ་སྦྱར་བའི་བྱེད་ཚིག་ལས་མིང་དུ་མ་གྲུབ་ཅེས་པ་དང་། བལྟམས་ཞེས་ཡང་འཇུག་ཅན་ལས་བལྟམ་ཞེས་པ་མེད་ཚུལ་འདྲ་བ་ཞིག་བཤད་པ་ལ། བཟང་པོ་སྤྱོད་པའི་མདོ་ལས། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ།། དང་། བསྟོད་སྤྲིན་རྒྱ་མཚོ་ལས། ལ་ལར་བལྟམ་ཞི༷ང་ཞི༷ང་གཞན་དུ་ཡང་། ཞེས་སྒྲ་རྒྱན་སྦྱར་བའི་ལུང་གཉིས་ཀྱིས་གཤགས། དེས་པ་ནི་ཞི་དུལ་གྱི་དོན་ནོ།། བཅུ་བ། ཇི་ལྟར་འཇུག་པ་ལས་སྒྲའི་འཇུག་ཚུལ། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།། ཕོ་གསུམ་མོ་གཉིས་མ་ནིང་གསུམ།། དྲག་ཞན་བར་མ་གསུམ་དུ་འཇུག ། དྲག་པ་གསུམ་ཉིད་ནང་ཕྲད་དམ།། གལ་ཏེ་ཞན་པ་ནང་ཕྲད་ན།། དེ་ལའང་ནང་གི་ཆ་ཤས་ཀྱིས།། དེ་ཡང་དྲག་ཞན་གཉིས་སུ་དབྱེ།། མ་ནིང་གསུམ་དུ་གང་གཏོགས་པ།། དྲག་དང་ཕྲད་ན་དྲག་པར་འགྱུར།། ཞན་དང་ཕྲད་ན་ཞན་པར་འགྱུར།། གཉིས་ཀ་དག་དང་ཕྲད་གྱུར་ན།། དེ་ནི་གཉིས་ཀ་ཅན་དུ་འགྱུར།། གཉིས་ཀ་དག་དང་མ་ཕྲད་ན།། གང་དུ་ཡང་ནི་མི་འགྱུར་རོ།། དེས་ན་འགྱུར་དང་མཚན་གཉིས་དང་།། མཚན་མེད་དག་དང་གསུམ་དུ་འདོད།། དེ་ནི་སྒྲ་ཡི་འཇུག་ཚུལ་ལོ།། ཀ དངོས་ཀྱི་དོན། རྗེས་འཇུག་ཞུགས་ཚུལ་གྱི་དབང་གིས་སྒྲ་དྲག་ཞན་དུ་འགྱུར་བ་ནི་སྒྲའི་འཇུག་ཚུལ་དང་། དེ་ལྟར་ཞུགས་པས་དོན་ཅི་ཞིག་སྟོན་པ་ནི་དོན་གྱི་འཇུག་ཚུལ་ཞེས་བྱའོ། །རྗེས་འཇུག་གི་ཡི་གེ་བཅུ་ལས་ཕོ་སྐྱེས་བུ་རབ་འབྲིང་ཐ་གསུམ་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་རྗོད་པའི་སྒྲ་གདངས་དྲག་པར་དང་། མོ་ཙམ་དང་ཤིན་ཏུ་མོ་གཉིས་ལ་ཞུགས་ན་ཞན་པར་དང་། འགྱུར་བ་མཚན་གཉིས་མཚན་མེད་མ་ནིང་གསུམ་ལ་ཞུགས་ན་བར་མ་སྟེ་རན་པར་འཇུག་པ་ཡིན་ནོ།། ནང་གསེས་ཀྱི་དབྱེ་བས་སྒྲའི་འཇུག་ཚུལ་མི་འདྲ་བ་བརྒྱད་ཡོད་དེ། དྲག་པ་གསུམ་སྟེ་ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་རྗེས་འཇུག་ནང་ཕྲད་ཅེས་པ་ཡང་འཇུག་ཞུགས་པས་སྒྲ་དྲག་པ་གཞིར་བཞག་ལ། དཀྲིགས་དང་སྟོབས་ལྟ་བུ་སྐྱེས་བུ་རབ་འབྲིང་གཉིས་དང་། ཡང་འཇུག་མེད་པ་རྟག་དང་བཅད་ལྟ་བུ་སྐྱེས་བུ་ཐ་མ་སྟེ་གསུམ་དང་། ཞན་པ་མོ་ཡིག་རྣམས་རྗེས་འཇུག་ནང་ཕྲད་ཀྱི་དབང་གིས་ནང་གི་ཆ་ཤས་ཅེས་པ་ནང་གསེས་ལ་དྲག་ཞན་གཉིས་སུ་དབྱེ་སྟེ། ཡང་འཇུག་ཅན་གངས་ལྟ་བུ་མོ་ཙམ་དང་། ཡང་འཇུག་མེད་པ་མཁའ་ལྟ་བུ་ཤིན་ཏུ་མོའོ། །སྐབས་འདིར་མུ་ཏིག་ཕྲེང་མཛེས་སུ། དམ་ཞེས་པ་སྡུད་པའི་ཚིག་ཕྲད་དེ་གཤམ་དུ་དབྱེ་ཞེས་གསུངས་པ་དང་སྦྲེལ་བའི་སླད་དུའོ། །ཞེས་པའི་འབྲུ་གཉེར་ཚུལ་དོན་དང་འབྱོར་མིན་བརྟག་པར་བྱ། དེ་བཞིན་དུ་མ་ནིང་གསུམ་དུ་གཏོགས་པའི་རྗེས་འཇུག་གི་ཡི་གེ་ན་ར་ལ་རྣམས་ནི་སྔ་མ་རྣམས་དང་མི་འདྲ་བར་མིང་གཞི་དང་རྗེས་འཇུག་ནང་ཕྲད་གཉིས་ཀ་ལ་བལྟ་དགོས་པས་ན། མིང་གཞི་ཕོ་ཡིག་དྲག་པ་དང་ཕྲད་ན་ད་དྲག་གི་ཡང་འཇུག་ཡོད་མེད་ཇི་ལྟར་ཡང་བཙན་དང་བསྟནད་ལྟ་བུ་སྒྲ་དྲག་པར་འགྱུར་བ་དང་གཅིག མིང་གཞི་མོ་ཡིག་ཞན་པ་དང་ཕྲད་ཅིང་ད་དྲག་གི་ཡང་འཇུག་མེད་པའི་ཚེ་འཇལ་ལྟ་བུ་སྒྲ་ཞན་པར་འགྱུར་བ་དང་གཉིས། མིང་གཞི་མ་ནིང་བར་མ་དང་ཕྲད་ན་ད་དྲག་གི་ཡང་འཇུག་ཡོད་པ་ཐརད་ལྟ་བུ་དྲག་པར་འགྱུར་བ་དང་གསུམ་ནི་འགྱུར་བ་མ་ནིང་དང་། མིང་གཞི་མོ་ཡིག་ཞན་པ་དང་ཡང་འཇུག་དྲག་པའི་བར་དུ་ཆུད་ནས་དྲག་ཞན་གཉིས་ཀ་དང་ཕྲད་པར་གྱུར་པ་འཛིནད་ལྟ་བུའི་མ་ནིང་དེ་ནི་སྒྲ་དྲག་ཞན་གཉིས་ཀ་ཅན་ནམ་ཆ་མཉམ་དུ་འགྱུར་བ་སྟེ་མཚན་གཉིས་མ་ནིང་དང་། མིང་གཞི་མ་ནིང་གི་ཡི་གེ་རྣམས་ལ་རྗེས་འཇུག་མ་ནིང་ན་ར་ལ་གསུམ་ཞུགས་ཤིང་ཡང་འཇུག་མེད་ཚེ་དྲག་ཞན་གཉིས་ཀ་དང་མ་ཕྲད་པས་སྒྲ་དྲག་ཞན་གང་དུ་ཡང་མི་འགྱུར་བ་མཁན་དང་ཆར་ཕལ་ལྟ་བུ་བར་མ་ཉིད་དུ་གནས་པ་སྟེ་མཚན་མེད་མ་ནིང་ངོ་། །རྒྱུ་མཚན་དེའི་རྐྱེན་གྱིས་མ་ནིང་ལ་འགྱུར་བ་མཚན་གཉིས་མཚན་མེད་གསུམ་དུ་འདོད་དགོས་པ་དེ་ནི་སྒྲའི་འཇུག་ཚུལ་ཡིན་ནོ། །འདི་ནི་དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སི་ཏུའི་ཞལ་ལུང་དང་། དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གཉིས་ཀྱི་དགོངས་པ་ལྟར་བཀྲལ་ཡོད་དོ།། ཁ མཐའ་དཔྱད་པ། གཙོས་རྟགས་འཇུག་ཏུ། བློ་གསར་འགའ་ཞིག་ལ་མཚན་གཉིས་མ་ནིང་གི་སྐབས་སུ། ཡང་འཇུག་ད་ཡིག་ཞུགས་པའི་སྟོབས་ཀྱིས་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པར་འགྱུར་ལ། མཚན་མེད་མ་ནིང་གི་སྐབས་འདིར་ད་དྲག་ཞུགས་ཀྱང་མཚན་གཉིས་མ་ནིང་དུ་མི་འགྱུར་བ་ཅི་ཡིན་སྙམ་པའི་དོགས་པ་འབྱུང་སྲིད་ཀྱང་རྗོད་པ་ལྡབ་ལྡིབ་མ་ཡིན་པར་རྩོལ་བ་ཤུགས་ཆེ་ཆུང་སོགས་ཀྱི་སྒོ་ནས་དག་པར་བརྗོད་ཚེ་སྒྲ་བར་མ་ཙམ་ལས། དྲག་ཞན་གང་དུའང་མི་འགྱུར་བ་མངོན་སུམ་གྱིས་གྲུབ་པས་བློ་འཚུབ་ལང་མི་དགོས་སོ། །ཞེས་གསུངས་པ་འདི་ལ་བརྟེན་ནས་མུ་ཏིག་ཕྲེང་མཛེས་ལ་བརྟག་པར་བྱ་བ་འདི་ཡོད་དེ། མཚན་མེད་མ་ནིང་ལ་ཡང་འཇུག་ཡོད་པ་ཅན་ཞིག་བཤད་པ་དང་མཚན་མེད་མ་ནིང་གི་སྒོས་ཆོས་དྲག་ཞན་གཉིས་ཀ་དང་མ་ཕྲད་པ་ཞེས་བཤད་པ་གཉིས་ལ་འགལ་བ་ཡོད་པས་ན་དངུལ་ཆུ་དྷརྨ་བྷ་དྲས་དེའི་སྐྱོན་བཏོན་ནས་རང་ལུགས་བཞག་པ་དེ་འཐད་ལྡན་དུ་གྲུབ་བོ། །དེ་ཡང་གསལ་བར་བཤད་ན། སི་ཏུས་མཚན་མེད་མ་ནིང་ལ་ཡང་འཇུག་ཡོད་མེད་ཇི་ལྟར་རུང་ཞེས་པས་མིང་གཞིའི་མ་ནིང་ལྔ་བོ་གང་རུང་ལ་ད་དྲག་ཞུགས་པ་ཅན་ཞིག་ཡོད་པར་བཤད་པ་འདི་ཡིན་ལ། དེ་ལྟར་ན་དེའི་སྒོས་ཆོས་སུ་དྲག་ཞན་གཉིས་ཀ་དང་མ་ཕྲད་པ་ཞེས་བཤད་པ་དང་དངོས་སུ་འགལ་ལོ། །དེའི་ཕྱིར་གཙོས་ཀྱིས་བློ་གསར་འགའ་ལ་བློ་འཚུབ་མ་ལང་ཞེས་པའི་བསླབ་བྱ་ལའང་སྙིང་པོ་བྱུང་མིན་བསམ་པར་རིགས་སོ། །སི་ཏུ་ལྟར་ན། ཕྱིནད། ཐརད། འཕྲུལད་ལྟ་བུ་མིང་གཞི་མ་ནིང་གི་མཐར་ད་དྲག་ཞུགས་པ་ཅན་མཚན་མེད་མ་ནིང་དུ་བཞག་པ་དང་། སི་ཏུའི་ཞལ་ལུང་ལྟར་ན་དཔེར་བརྗོད་དེ་འགྱུར་བ་མ་ནིང་གི་དཔེར་བརྗོད་དུ་བཞག་ནས་མཚན་མེད་མ་ནིང་ལ་ཡང་འཇུག་མེད་པ་ཅན་དུ་བྱས་པ་གཉིས་ལས་ཕྱི་མ་ལྟར་ཁས་བླངས་ན་ལེགས་སམ་སྙམ་མོ།། གཞན་ཡང་སྐབས་འདིའི་རྩ་བའི་གཞུང་། དྲག་པ་གསུམ་ནི། ཞེས་པ་ནས། གཉིས་སུ་དབྱེ། ཞེས་པའི་ངོ་གདོང་གི་འབབ་ཚོད་ལྟར་ན་སི་ཏུའི་འགྲེལ་ཚུལ་དེ་ལ་ཅུང་ཟད་བཙན་ཚུགས་ཀྱི་བཟོ་ལྟ་ཡོད་པ་དང་། རྗེ་ཞྭ་ལུ་བ་དང་དེའི་རྗེས་འབྲང་རྣམས་ཀྱི་འགྲེལ་ཚུལ་ལྟར་ན་ངོ་གདོང་དང་ཇི་མ་ཇི་བཞིན་པར་མཐུན་པའི་བཟོ་ལྟ་ཞིག་འདུག་པས་ལྟ་རྒྱ་ཆེ་ཞིང་བློ་གྲོས་ཞིབ་པའི་མཁས་དབང་རྣམས་ཀྱི་གསལ་བཤད་མཛད་པའི་རེ་བ་ཞུ་ཞིང་། འདིར་རྗེ་ཞྭ་ལུ་བ་སོགས་ཀྱི་འགྲེལ་ཚུལ་རྣམས་བཀོད་ན་མང་བར་འགྱུར་བས་ཤེས་འདོད་པ་རྣམས་ཀྱིས་དེ་དག་གི་གཞུང་ལ་བལྟའོ།། དོན་གྱི་འཇུག་ཚུལ་མདོར་བསྟན་པ། དོན་ནི་རྣམ་པ་གཉིས་ཡིན་ཏེ།། སྔ་མ་གང་ལྟར་འགྱུར་བ་དང་།། ཕྱི་མ་གང་ལྟར་འགྱུར་བའོ།། དོན་གྱི་འཇུག་ཚུལ་ལ་རྣམ་པ་གཉིས་ལས། མིང་མཐའ་ལ་ལྟོས་པའི་སྔ་མ་ནི་རྗེས་འཇུག་ལ་གོ་དགོས་པས་དེ་ཞུགས་པའི་མིང་དེའི་དོན་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དང་། རྗེས་འཇུག་ལ་ལྟོས་པའི་ཕྱི་མ་ནི་མིང་མཐའ་ལ་གོ་དགོས་པས་དེ་རྗེས་འཇུག་གིས་ཇི་ལྟར་འདྲེན་པ་དང་དོན་གང་ལྟར་འགྱུར་བ་བཤད་པ་གཉིས་ལས། སྔ་མ་ནི་གོང་དུ་བཤད་པ་ལྟར་སྔོན་འཇུག་ལྔ་དུས་གསུམ་དང་བདག་གཞན་ལ་ཇི་ལྟར་འཇུག་པ་བཞིན་དུ་འདིར་ཡང་སྦྱར་ནས་ཤེས་དགོས་སོ།། སྐབས་འདིར་འགྲེལ་བ་འགར། སྔ་མ་ལ་གྱུར་པ་ཞེས་འས་འཕུལ་མེད་པ་དང་། ཕྱི་མ་ལ་འགྱུར་བ་ཞེས་འས་འཕུལ་ཡོད་པའི་ཁྱད་ཕྱེ་ནས་འགྲེལ་བཤད་བྱེད་པ་ནི། སྔ་མ་ཞེས་པའི་ཚིག་གིས་འདས་པ་བསྟན་སྙམ་ནས་གྱུར་གྱི་འས་འཕུལ་དོར་བ་ཡིན་ན་ཡང་དེ་ལྟར་བྲིས་ན་གཞུང་དོན་ལ་མ་རེག་གོ་སྙམ་མོ། །དེའི་ཕྱིར་ཨ་ལ་ཤས་གཉིས་ཀའང་འགྱུར་ཞེས་འབྲུ་མནན་པ་ནི་ཡང་དག་པའོ།། རྒྱས་པར་བཤད་པ་ལས་སྔ་མ་གང་ལྟར་འགྱུར་ཚུལ་བཤད་པ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཀ དངོས་ཀྱི་དོན། སྔོན་འཇུག་བཞིན་དུ་སྦྱོར་བའི་དོན་ཡང་། བསྒྲུབས་དང་བསྟབས་ལྟ་བུ་ལ་མཚོན་ན་གཙོ་བོ་སྔོན་འཇུག་བ་ཡིག་གི་ནུས་པས་དུས་འདས་པ་སྟོན་ཅིང་། དེའི་རམ་འདེགས་སམ་གཞོགས་འདེགས་སུ་རྗེས་འཇུག་དང་ཡང་འཇུག་གཉིས་ཀྱིས་ཀྱང་སྔོན་འཇུག་གི་ནུས་པ་ལ་ཤུགས་ཕུད་པའི་ཚུལ་གྱིས་དུས་འདས་པ་སྟོན་པར་འདྲ་ཡང་། ཁྱད་པར་དུ་དེ་འདྲ་བ་ལ་ཡང་འཇུག་གི་ནུས་པ་འབུར་དུ་ཐོན་ཡོད་དོ། །བཀབ། བཅད། བཟོས་ལྟ་བུ་ནི་སྔོན་འཇུག་གཙོ་བོ་དང་རྗེས་འཇུག་གིས་རམ་འདེགས་པར་བྱེད་དོ། །ཉོས་དང་ཟོས་ལྟ་བུའི་འདས་པ་དང་། ཆོད་དང་རོལད་ལྟ་བུའི་སྐུལ་ཚིག་རྣམས་ནི་སྔོན་འཇུག་མེད་པའི་ཕྱིར་སྐབས་འདིའི་བསྟན་བྱ་གཙོ་བོ་མ་ཡིན་ནོ།། ཁ མཐའ་དཔྱད་པ། སྐབས་འདིར་མུ་ཏིག་ཕྲེང་མཛེས་ལས། སྐུལ་ཚིག་གི་འཇུག་ཚུལ་རྟགས་འཇུག་རྩ་བར་དངོས་ཤུགས་གང་དུའང་མ་བསྟན་པར་བཤད་པ་དེ་མི་འཐད་དེ། དངོས་སུ་མ་བསྟན་པ་བདེན་ཡང་། ཕོ་ནི་འདས་དང་གཞན་བསྒྲུབ་ཅེས་སོགས་ཀྱིས་ཤུགས་ལ་བསྟན་པར་འདོད་དགོས་པའི་ཕྱིར་ཏེ། བྱ་བྱེད་བྱས་གསུམ་སྟེ་དུས་གསུམ་གྱི་ལས་ཚིག་དངོས་སུ་བསྟན་པ་གང་ཞིག་དེའི་ཤུགས་ལ་མ་འོངས་པའི་ཁོངས་གཏོགས་གྱིས་ཤིག་ཅེས་པའི་སྐུལ་ཚིག་བསྟན་པར་འདོད་དགོས་པའི་ཕྱིར། དེ་བཞིན་དུ་མིང་རྐྱང་རྣམས་ཀྱང་དངོས་སུ་མ་བསྟན་ཀྱང་རྣམ་དབྱེ་དང་པོ་སྟོན་པའི་ཤུགས་ལ་བསྟན་པར་འདོད་དགོས་པ་སུམ་ཅུ་བའི་སྐབས་སུ་བཤད་ཟིན་པ་ལྟར་རོ།། སི་ཏུས་སྐུལ་ཚིག་གི་དཔེར་བརྗོད་མང་ཙམ་ཞིག་བཀོད་པའི་གྲས་ན། དགག་ཚིག་གི་དཔེར་བརྗོད་ལ། མ་སྨྲ་ཞིག་མ་ལྟ་ཞིག མ་ཟློ་ཞིག མ་འགྲོ་ཞིག མ་འཚེ་ཞིག ཅེས་པ་ནི་འ་མཐའ་དང་ལྡན་པའི་རྗེས་འཇུག་གི་དགག་སྒྲའི་སྐུལ་ཚིག་ཙམ་བཀོད་པར་ཟད་ཀྱི། འཕུལ་རྟེན་གཉིས་ཀ་དང་ལྡན་པའི་དགག་སྒྲའི་སྐུལ་ཚིག་གཞན་མེད་པ་མ་ཡིན་ཏེ། འདི་ལྟར། ཤིང་སྡོང་དེ་མ་གཅོད་ཅིག རྡོ་བ་དེ་མ་འཕེན་ཞིག ལུ་གུ་དེ་མ་འཛིན་ཅིག གྲོག་སྦུར་དེ་མ་གསོད་ཅིག གད་ཁ་ནས་མ་མཆོང་ཞིག ཅེས་སོགས་དུ་མ་སྣང་ཞིང་འཛིན་ཅེས་པ་ལ་ངོ་བོ་ཉིད་ཀྱིས་ད་དྲག་ཐོབ་པ་དང་། གཞན་རྣམས་ལ་དགག་སྒྲ་སྦྱར་ནའང་ད་ལྟ་བ་བྱེད་པའི་ཚིག་ཤ་སྟག་སྦྱོར་དགོས་པ་འདི་ཁ་སྐད་དང་ཤིན་ཏུ་མཐུན་པས་འདི་དག་གི་གནད་ཀྱང་ཤེས་དགོས་སོ།། དབྱངས་ཅན་གྲུབ་པའི་རྡོ་རྗེའི་དཀའ་གནད་གསལ་བའི་མེ་ལོང་ལས། མོ་ཡིག་ད་ལྟ་བ་དང་མ་འོངས་པ་ལ་འཇུག་པར་བཤད་པའི་མཐར། འོན་ཀྱང་བྱེད་པོ་གཞན་དངོས་དང་།། འབྲེལ་བའི་འདས་ལ་འའི་སྔོན་འཇུག ། མེད་པར་ངེས་ཤིང་ག་ད་ཉུང་།། ཞེས་བཤད་པ་ལ་དོགས་པ་འདི་ཡོད་དེ། འས་འཕུལ་ཅན་གྱི་མིང་རྐྱང་དཔེར་ན། འཁར། འགན། འདམ་སོགས་འདས་པ་ལ་མི་འཇུག་པ་བདེན་ཡང་། དུས་གསུམ་སྟོན་པའི་འས་འཕུལ་ཅན་གྱི་ལས་ཚིག་ལ་འདས་པར་འཇུག་པ་ནི་ཤིན་ཏུ་མང་སྟེ། ཁའི་ཡི་གེ་གཅིག་པུར་མཚོན་ན། གནོད་པས་འཁུས། བརྒྱལ་བའི་འཁམས། ན་བའི་འཁུན། གྲང་བས་འཁོབས། མ་རངས་པའི་འཁངས། ཁོང་དུ་ཆུད་པའི་འཁུམས། མགོ་བོ་འཁོར། ཐག་པས་འཁྱིགས། ཡོན་པོར་འཁྱོགས། བརྟེན་པའི་འཁྲས། སྤྲིན་འཁྲིགས། ཁོག་བཤལ་བའི་འཁྲུས། སྐུ་བལྟམས་པའི་འཁྲུངས་སོགས་དང་། དེ་བཞིན་དུ་ག་ཡིག་ལ། སྐད་འགགས། འགོར་བའི་འགྱངས། སོ་སོར་ཕྲལ་བའི་འགྱེས། ཕན་ཚུན་འགྲིགས། རྒྱལ་ཁམས་སུ་འགྲིམས། རིགས་འགྲེས། གྲོགས་དང་འགྲོགས། ཤི་བའི་འགྲོངས་སོགས་བརྩིས་པས་མི་ལང་བ་འདི་འདྲ་ཡོད་ན། འདས་པ་ལ་འའི་སྔོན་འཇུག་མེད་ཅེས་ཐག་བཅད་པ་ནི་ཅི་ལ་དགོངས། བྱ་བྱེད་ཐ་དད་དང་ཐ་མི་དད་ཀྱིས་ཁྱད་འབྱེད་དགོས་ཟེར་ན་ཡང་། གྲོགས་སུ་འཐམས། རྐུན་པོས་འཕྲོགས། རྡོ་བ་འཕངས། བསླབ་བྱས་ཡིད་འཁུལ། མི་མང་བྲག་ཕུག་ཏུ་འཚངས་སོགས་ཅི་འདྲ་འདུག འདས་པ་ལ་འ་ཡིག་ལེན་དགོས་པའི་སྐོར་ནི། ཐོབ་པར་གྱུར། སྔར་ནས་བྱུང་། ཕན་ཚུན་ཕྲད། ཕྱི་རོལ་ཏུ་དོར་རྣམས་ནི་འཐོབ་དང་འབྱུང་། འཕྲད་དང་འདོར་རྣམས་ཀྱི་ཟླས་དྲངས་པའི་འདས་པ་སྟོན་ཏེ། འདི་ཙམ་ལ་དགོངས་པ་ཡིན་ན་ཧ་ཅང་ཁྱབ་ཆུང་སྙམ་མོ།། འདིའི་འཁྲུལ་གཞི་ནི། སི་ཏུས། འ་ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པར་ཙམ་ནི་གསལ་བར་མཐོང་བ་སྔོན་རྗེས་ཀྱི་དཔེར་བརྗོད་བཀོད་པ་རྣམས་སུ་གསལ་ཞིང་གྲགས་ཆེ་བ་དེར་ཟད། ཅེས་པ་འདི་ཡིན་ཐང་ཡང་། འདི་ནི་འ་ཡིག་རྗེས་འཇུག་ལ་ཞུགས་པའི་འདས་ཚིག་མེད་པའི་དོན་དུ་སྣང་གི འ་ཡིག་སྔོན་འཇུག་ལ་འཇུག་པར་སྟོན་པའི་སྐབས་མིན་ནོ།། ཨ་ལ་ཤའི་མཁས་པའི་ཁ་རྒྱན་ལས། གྲོགས་དང་འགྲོགས། ཚོགས་ལ་འཚོགས་ཞེས་པའི་སྐབས་སུ་འས་འཕུལ་ཐོབ་པ་སོགས་ཚིག་གྲོགས་ཀྱི་དབང་གིས་ཡིན་ཞེས་པའང་འཐད་པར་མི་སེམས་ཏེ། ལས་ཚིག་སྟོན་པའི་ཕྱིར་འས་འཕུལ་སྦྱར་བ་ལས་ཚིག་གྲོགས་ཙམ་གྱི་ཆེད་དུ་སྦྱར་བ་ག་ལ་ཡིན་སྙམ་མོ།། ཨ་ལ་ཤའི་སུམ་རྟགས་འགྲེལ་བའི་ཡང་འཇུག་བཤད་པའི་སྐབས་སུ། སྐུལ་ཚིག་ལ་སྔོན་འཇུག་མི་ཐོབ་པས་བསྟོད་ཅིག དཔྱོད་ཅིག དགོངས་ཤིག བཞེངས་ཤིག་ལྟ་བུ་རྣམས་མིང་རྐྱང་ཡིན་པས་འཁྲུལ་གཞི་མེད་དོ། །ཞེས་དང་། དཀོན་པར་འགྱུར། མཁྱེནད་པར་འགྱུར། ཕྱིནད་པར་འགྱུར་ཞེས་སི་ཏུའི་འགྲེལ་བར་བྱུང་ཡང་མིང་རྐྱང་ལྟ་བུར་འདུག་པས། ཞེས་པ་གཉིས་ལ་བརྟག་པར་བྱ་བ་འདི་ཡོད་དེ། མགོ་ཅན་གྱི་སྐུལ་ཚིག་ལ་སྔོན་འཇུག་མི་འཐོབ་པ་ཤུགས་ཆེ་ན་ཡང་སྐུལ་ཚིག་ཡིན་ཚད་ལ་སྔོན་འཇུག་གཏན་མི་འཐོབ་པ་ག་ལ་ཡིན་ཏེ། དཔེར་ན་སྐུད་པ་དཀྲིས་ཤིག ཞོ་དཀྲུགས་ཤིག གོམ་པ་འགོམས་ཤིག གྲོགས་དང་འགྲོགས་ཤིག མིག་གཅོར་ཅིག ལྷ་རྟེན་ལ་མཇོལ་ཅིག་ཁྲིམས་ལ་གཏུགས་ཤི། གསིལ་བུར་གཏོར་ཅིག ཁ་གདོངས་ཤིག གཞུ་བདུངས་ཤིག གདམས་ངག་གནོངས་ཤིག ཚད་མས་དཔོགས་ཤིག ཐུར་དུ་དཔྱོངས་ཤིག ཐང་ལ་དབྱུགས་ཤིག འོ་མ་གཞོས་ཤིག ཉེན་ག་ལ་གཟོབས་ཤིག ང་ལ་གཡོར་ཅིག འཕྲང་ལ་གཤོར་ཅིག ཞུ་བ་ལ་གསོན་ཅིག ཅེས་སོགས་སྔོན་འཇུག་ཐོབ་པའི་སྐུལ་ཚིག་ཅན་ཁ་སྐད་དང་མཐུན་པ་མཐའ་ཡས་པ་ཡོད་དོ།། སྟོན་ཅིག དཔྱོད་ཅིག དཀོན། མཁྱེན། ཕྱིན་སོགས་མིང་རྐྱང་ཡིན་ཞེས་བཤད་པ་དེ་བས་ཀྱང་མི་འཐད་དེ། ཆེད་དུ་བརྗོད་པའི་ཚིག་གིས་བསྟོད་བྱ་བསྟོད་བྱེད་བསྟོད་ཟིན་བསྟོད་ཅིག་ཅེས་པ་དང་། ཟབ་མོའི་དོན་ལ་དཔྱད་བྱ་དཔྱོད་བྱེད་དཔྱད་ཟིན་དཔྱོད་ཅིག ཅེས་པ་སོགས་མིང་རྐྱང་ཡིན་ན་དུས་གསུམ་གང་སྟོན་གྱི་ལས་ཚིག་ཐམས་ཅད་མིང་རྐྱང་ཡིན་པར་ཁས་བླངས་ན་གནོད་བྱེད་སྟོན་མི་ནུས་པར་འགྱུར་རོ། །མཁྱེནད་ཅེས་པ་མིང་རྐྱང་ཡིན་ཚེ། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པ་ལ་ཁྱེད་ཀྱིས་བཀོད་པའི་མཁས་གཅིག་པུ་ལས་དཔེར་བརྗོད་གཞན་མི་རྙེད་པར་འགྱུར་རོ། །རང་གིས་བཀོད་པའི་རེའུ་མིག་ཏུ། ཚད་ཀྱིས་འཇོལད་ཅིག་དང་། གནས་སུ་འཁོད་ཅིག་ཅེས་བཀོད་པས་ན་རང་ཚིག་སྔ་ཕྱིར་འགལ་བ་ཡང་བྱུང་འདུག་པ་དང་། གདན་ཏིངས་ཤིག ཅེས་པ་བོད་ཀྱི་སྐད་ཡིག་དང་མི་མཐུན་པས། གདན་ཐོངས་ཤིག་ཅེས་བྲིས་ན་སྐྱོན་གྱིས་མི་རེག་པ་སོགས་འདི་འདྲ་གཞན་ཡང་མང་སྟེ་སྐབས་སུ་མ་བབ་བོ།། དེ་བཞིན་དུ་མཁས་པའི་ཁ་རྒྱན་ལས། ད་དྲག་ཐོབ་པ་ཅན་མིང་ལ་འཇུག་པ་ནི། དཔེར་ན། ཕར་ཕྱིནད་འཛིནད་ཅིང་མཁྱེནད་པ་བརྟནད། །སོགས་རྐང་བ་གསུམ་བཀོད་པ་རྣམས་ཀྱང་ལས་ཚིག་ཏུ་མི་འགྲོ་བར་བཤད་པ་དག་རང་ལུགས་སུ་འཛིན་མི་རུང་ངོ་། །ཡང་། རྟགས་འཇུག་འགྲེལ་བར་བསྟོད་ཅེས་པ་མིང་རྐྱང་དུ་བཤད་པ་དང་། མཁས་པའི་ཁ་བརྒྱན་ལས། བསྟོད་ཅེས་པ་བྱེད་པ་པོའི་རྩོལ་བ་ལ་ལྟོས་ཤིང་བྱ་བྱེད་བརྩི་རྒྱུ་ཡོད་པའི་དཔེར་བཞག་པ་གཉིས་ཀྱང་རང་ཚིག་ལ་འགལ་བ་བྱུང་སྣང་ངོ་།། གསེར་ཏོག་འགྲེལ་བར། སྐུལ་ཚིག་གི་མཐར་སྦྱོར་རྒྱུའི་ཚིག་ཕྲད་ཅིག་ཞིག་ཤིག་གསུམ་ཐོབ་ཐང་ལ་མི་བསྟུན་པར་སྐུལ་ཚིག་ལ་ཞིག་ལས་ཤིག་སྦྱར་ན་ནུས་པ་ཆེ། ཞེས་བཤད་པ་ནི་འཐད་པར་མ་མཐོང་སྟེ། ཅིག་ཞིག་ཤིག་སོགས་ནི་མིང་མཐའ་འདྲེན་ཚུལ་དབང་གིས་ཐོབ་ཐང་མི་འདྲ་བ་ཡིན་གྱི། ཚིག་ནུས་ཆེ་མི་ཆེའི་ཁྱད་པར་ལ་རག་ལས་པ་ཞིག་ག་ལ་ཡིན། དེ་ལྟར་སྦྱར་ན་ཐོབ་ཐང་གི་རྣམ་གཞག་ལ་དོན་མ་བྱུང་བར་འགྱུར་བས་མི་འཐད་པ་ཁོ་ནའོ།། ས་མཐར་ཤེས་ཐོབ་པའི་དམིགས་བསལ་ལ་ཤེས་པ་དང་མི་འཁྲུལ་བའི་དོན་དུ་ཞེས་སྦྱོར་བ་ནི་ཡོངས་གྲགས་ལྟར་ལ། འོན་ཀྱང་གཞུང་ཆེན་མོ་རྣམས་སུ་སྐུལ་ཚིག་མིན་པའི་སྐབས་ཤིག་ཐོབ་པའི་ཚབ་ཏུ་ཞིག་སྦྱར་བ་གང་མང་ཡོད་པ་ནི་བརྗོད་བདེའི་དབང་ཡིན་པ་འདྲའོ། །འདི་འདྲས་ཞིབ་ཆ་བཏོད་པའི་ཐོབ་ཐང་གི་རྣམ་གཞག་ད་སྔ་སུས་བརྩམས་པ་མ་མཐོང་ངོ་།། རྒྱས་པར་བཤད་པ་ལས་ཕྱི་མ་གང་ལྟར་འགྱུར་ཚུལ་བཤད་པ། ༡ མིང་མཐའ་འདྲེན་ཚུལ། ཕྱི་མ་དག་གི་འདྲེན་ཚུལ་ནི།། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།། མོ་ཡིས་མོ་ཡི་མིང་མཐའ་དྲང་།། མ་ནིང་གིས་ནི་མ་ནིང་ངོ་།། ཀ དངོས་ཀྱི་དོན། ཕྱི་མ་ཞེས་པ་མིང་དུ་གྱུར་པའི་ཡིག་ཚོགས་གང་ཡིན་པ་དེའི་ཕྱི་མ་སྟེ་དཔྱིད་ཀ སྟོནད་ཀ་ཞེས་པ་ལྟ་བུའི་ཀ་ནི་མིང་མཐའ་དང་། སླར་བསྡུ་དང་ལ་དོན་རྣམས་ཀྱི་རྣམ་དབྱེའི་ཐོབ་ཐང་ཇི་ལྟར་འདྲེན་པ་སྟེ་ཐོབ་པའི་ཚུལ་ནི་འདི་ལྟར། མིང་སྔ་མའི་མཐར་སྦྱར་བའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་གང་རུང་ཡིན་ན། རྗེས་འཇུག་དེ་དག་ལ་ལྟོས་པའི་མིང་མཐའ་སྟེ་དཔེར་ན། དཔྱིད་ཀ་ཞེས་པའི་ཀ་ཡིག་ནི་མིང་གཞིའི་ཕོ་ཡིག་ཡིན་པས་དེ་དྲང་བར་བྱ་དགོས་ཀྱི། དཔྱིད་ག་ཞེས་པའམ་དཔྱིད་ཁ་ཞེས་ཕོ་ཡིག་གི་མཐར་མོ་དང་མ་ནིང་འདྲེན་མི་རིགས་སོ་ཞེས་པ་ནི་སྤྱིར་བཏང་གཙོ་ཆེ་བའི་ཐོབ་ཐང་ཡིན་ནོ།། དེ་བཞིན་དུ་རྗེས་འཇུག་མོ་ཡིག་ཡིན་ན་དེས་མིང་མཐའ་ཡང་མོ་ཡིག་དྲང་དགོས་པས་སྙིང་ག་ཐམ་ག་ལྟ་བུ་དང་། རྗེས་འཇུག་མ་ནིང་གིས་མིང་མཐའ་མ་ནིང་འདྲེན་དགོས་པས་དགུན་ཁ་གཏེར་ཁ་ཞེས་འདྲེན་པ་ལྟ་བུའོ།། དེ་དག་ནི་རྟགས་མཚུངས་ཀྱི་འདྲེན་ཚུལ་རྩ་བར་དངོས་སུ་བསྟན་པའི་སྤྱིར་བཏང་གཙོ་ཆེ་བའི་ཚུལ་ཏེ། འཆད་འགྱུར་ལྟར་རྩ་བ་ལས་རང་གི་སྒྲ་མཐུན་ཞེས་གསུངས་པའི་དགོངས་པ་ལྟར་རྟགས་མཚུངས་ལ་མ་བརྟེན་པར་བརྗོད་བདེའི་དབང་གིས་སྒྲ་མཐུན་པ་འདྲེན་པ་ཡང་མང་དུ་ཡོད་དེ། དཔེར་ན། རྗེས་འཇུག་མ་ནིང་གིས་མིང་མཐའ་མོ་རྟགས་ཅན་འདྲེན་པ། སྨིན་མ། ཆར་བ། གསོལ་བ་ལྟ་བུ་དང་། རྗེས་འཇུག་མོ་ཡིག་གིས་ཕོ་ཡིག་དྲངས་པ་བུམ་པ། རྩམ་པ་ལྟ་བུ་དང་། རྗེས་འཇུག་ཕོ་ཡིག་གིས་མོ་ཡིག་དྲངས་པ་ལྐོག་མ། དྲེད་མོ་ལྟ་བུ་དང་། རྗེས་འཇུག་མ་ནིང་གིས་ཕོ་ཡིག་དྲངས་པ་རན་པ། འོན་པ་ལྟ་བུ་དང་། རྗེས་འཇུག་མོ་ཡིག་གིས་མ་ནིང་དྲངས་པ་ལྔ་ཆར། དགུ་ཆར་ལྟ་བུ་སོགས་ཤིན་ཏུ་མང་བ་རྣམས་ནི་བརྗོད་བདེའི་དབང་གིས་འདྲེན་ཚུལ་ཡིན་པ་ཤེས་པར་བྱའོ།། ཁ མཐའ་དཔྱད་པ། སྐབས་འདིར་མུ་ཏིག་ཕྲེང་མཛེས་སུ། སྟོནད་ཀ་དང་སྟོན་ཁ་དེ། སྟོནད་ཀ་ལ་རྣམ་པ་ཀུན་ཏུ་ད་དྲག་ཐོབ་པས་ན་སྟོན་ཁ་ཞེས་མ་ནིང་གིས་མ་ནིང་དྲངས་པའི་དཔེར་བརྗོད་དེ་དག་མིན་ཆ་མ་འཚལ། སྟོན་གྱི་དུས་ཐོན་ཁ་མ་ཞེས་པའི་ཚིག་བསྡུས་ནས་སྟོན་ཁ་ཞེས་པ་ཡིན་ན་ནི་སྐབས་འདིའི་དཔེར་བརྗོད་དུ་མི་རུང་སྟེ། སྐབས་འདིར་བསྟན་གྱི་མིང་མཐའ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཉི་མ་ཤར་ཁ། དབུགས་འཆད་ཁ་རྣམས་ཀྱང་སྐབས་འདིའི་དཔེར་བརྗོད་དུ་མི་རུང་བའི་ཚུལ་ཤེས་པར་བྱའོ།། ཡང་། རྗེས་འཇུག་མ་ནིང་གིས་མོ་རྟགས་དྲངས་པའི་དཔེར་བརྗོད་དུ། མངོན་བ། མཐུན་བ། ཞེས་པ་ནི་བྲིས་ཤིང་བརྐོས་པ་ལས་བྱུང་བའི་ཡིག་ནོར་མ་ཡིན་པར་ངེས་ཏེ། དེ་འདྲའི་ཐོབ་ཐང་ནི་ཇི་ལྟར་ཐོབ་ཅེས་ཐོག་མར་ཕྱག་བྲིས་མཛད་མཁན་ཁོང་ཉིད་ལ་དྲི་ཞུས་བྱེད་པ་ལས་བདག་ཅག་ལྟ་བུའི་རྒྱ་ཁབ་ཕྲ་མོའི་བུ་ག་དང་མཚུངས་པའི་བློ་ཁོག་ཏུ་ཆུད་དཀའོ། །མངོན་པ་མཛོད་དང་མཐུན་པ་རྣམ་བཞི་ལ་བ་ཁ་ཟུམ་ཇི་ལྟར་ཐོབ་བསམ་པར་རིགས་ཤིང་རྗེས་འཇུག་ན་མཐའ་ཅན་ཡིན་ན་ཁྱོད་ལ་པ་ཡེད་མ་གཏོགས་བ་ཟླུམ་མི་འཐོབ་པས་ཁྱབ་བོ་ཞེས་ཁྱབ་མཐའ་བཅད་རུང་བར་སེམས་སོ།། གཙོས་རྟགས་འཇུག་ཏུ། དཔེར་བརྗོད་ཕལ་ཆེ་བ་སི་ཏུ་ཇི་མ་ཇི་བཞིན་བཞག་པ་ལས་མཚམས་འདིར་མ་ནིང་གིས་ཕོའི་མིང་མཐའ་དྲངས་པའི་དཔེར་བརྗོད་དུ། མངོན་པ། མཐུན་པ། ཞེས་བཀོད་པ་ལྟར་ན་སི་ཏུའི་རྗེས་སུ་མ་འབྲངས་པ་ཤིན་ཏུ་གསལ་ཡང་སི་ཏུ་ལ་བརྟག་ཚིག་མ་བཀོད་པ་ནི་ཤིན་ཏུ་ཡ་མཚན་ནོ། །ནོར་བ་དང་འཁྲུལ་བའི་དྲི་མ་ཡོད་ན་ནི་དག་ཐེར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་འབྲང་བ་རྣམས་མགོ་རྨོངས་པའི་རྒྱུ་རུ་ཟད་དོ།། མཚོ་སྔོན་ཞན་པར་དུ་བཏབ་པའི་མུ་ཏིག་ཕྲེང་མཛེས་ན། མངོན་པ། མཐུན་པ། ཞེས་པ་ཡེད་སྦྱར་བས་ནི་ཞུས་དག་གཏོང་མཁན་དེས་སི་ཏུའི་དགོངས་པ་མ་ལོན་པ་གསལ་བར་བྱས་སོ། །གཞན་དུ་ན་པ་ཡེད་དང་བ་ཟླུམ་སོགས་ཀྱི་ཞུས་དག་གལ་ཆུང་ན་ཡང་། སྐབས་འདིའི་པ་དང་བ་ལ་ནོར་འཆུགས་ཡོད་པ་ཤེས་བཞིན་དུ་བཏང་སྙོམས་སུ་བཞག་ཚེ་གནོད་པ་ཆེན་པོ་ཡོད་པ་ཤེས་པར་གྱིས་ཤིག ཨ་ལ་ཤའི་ཁ་རྒྱན་དུ། སྙེ་ཐང་བ་གྲགས་པ་སེང་གེའི་གངྒཱའི་ཆུ་རྒྱུན་ལས། ན་ཡིག་དང་མ་ཡིག་གི་མཐར་མོ་ཡིག་དྲངས་པའི་དཔེར་བརྗོད་དུ། ཡིན་བ། བཅོམ་བ། ཞེས་བཀོད་པ་རྟགས་འཇུག་གི་ཚིག་ཟིན་དང་མཐུན་མོད་དེང་སང་སུས་ཀྱང་ཁས་མི་ལེན་པས་དཔྱད་པར་བྱ། ཞེས་པ་ལྟར་ན་སི་ཏུས་འདི་དག་ལ་ཁུངས་བཅོལ་བ་འདྲ་སྟེ་མི་འཐད་པ་ཁོ་ནའོ།། ཡང་རྐང་པ། ཁང་པ། སྟོང་པ་སོགས་མོ་ཡིག་གིས་ཕོ་དྲངས་པ་འདི་དག་ཀྱང་ཡུལ་ཁམས་འགའ་ཞིག་གི་ཁ་སྐད་དང་མཐུན་པའི་བརྗོད་བདེའི་དབང་ཡིན་ན་མ་གཏོགས་དམིགས་བསལ་གྱི་དོན་མེད་སྙམ་མོ། །ཁྱད་པར་དུ་ལྷས་མ། བཙས་མ། ལྟད་མོ། སྟག་མ་སོགས་འཇིག་རྟེན་པའི་གྲགས་པ་དང་བསྟུན་པའི་དམིགས་བསལ་ག་ལ་ཡིན་ཏེ། དེ་དག་ཀྱང་བརྗོད་བདེའི་དབང་གིས་ཐོབ་པའི་ཐོབ་ཐང་དངོས་ཡིན་པར་ཁས་ལེན་དགོས་སོ། །དེ་ལྟ་མ་ཡིན་ན་ཟར་མ། འཇག་མ། ཟེར་མོ། འཇོལ་མོ། ཉག་མ། གཉེར་མ། ཐེར་མ། གཡེར་མ་སོགས་ཀྱང་དམིགས་བསལ་ལ་འཕུད་དགོས་ན་ཧ་ཅང་ཐལ་བར་འགྱུར་རོ།། ཨ་ལ་ཨའི་རྟགས་འཇུག་འགྲེལ་བར། རྗེས་འཇུག་མ་ནིང་གིས་མིང་མཐའ་མོ་ཡིག་དྲངས་པའི་དཔེར་བརྗོད་དུ། ཉི་མ་ཤར་བ་གསལ་བ། ཞེས་དཔེར་བརྗོད་དུ་བཀོད་པ་ལ། ཉི་མ་དང་ཤར་བ་གཉིས་སྦྲེལ་དགོས་ན་དེར་ཟད། དེ་མིན་ཉི་མ་ཞེས་པ་སྐབས་དེའི་དཔེར་བརྗོད་དུ་མི་རུང་སྟེ། མོ་ཡིག་གིས་མོ་ཡིག་དྲངས་པའི་ཕྱིར་རོ།། ཡང་དེར། སྙིང་ཁམ་ཆེན་པོ། ལམ་ཆེན་པོ་ཞེས་བརྗོད་བཞིན་དུ་ལམ་རིམ་ཆེན་མོ། སྨོན་ལམ་ཆེན་མོ་ཞེས་འབོད་པ་ནི་རྒྱུ་མཚན་འགོད་རྒྱུ་ཡོད་ན་ལེགས་ཤིང་། མེད་ན་བོད་སྐད་རང་ལ་ཡིད་རྟོན་དཀའོ་སྙམ་དུ་བདག་དོགས་སོ། །ཞེས་བཤད་པས་ནི་བསིལ་ལྡན་སཱ་ལའི་ལྗོངས་ཀྱི་སྐད་བརྡ་དང་ཐ་སྙད་མིང་འདོགས་ཀྱི་ཚུལ་ལ་རྟགས་མཚུངས་དང་བརྗོད་བདེའི་ཁྱད་པར་རྣམས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་འབྱེད་ནུས་པའི་སྤོབས་པ་ཞན་པའི་དེ་ཉིད་སྟོན་པར་སྣང་སྟེ། བོད་སྐད་ཀྱི་ཁྲོད་དུ་ཆེ་དང་ཆུང་། ཆེ་བ་དང་ཆུང་བ། ཆེ་བོ་དང་ཆུང་བོ། ཆེན་པོ་དང་ཆུང་ངུ་། ཆེ་ཤོས་དང་ཆུང་ཤོས། ཆེས་ཆེ་བོ། ཆེས་ཆུང་བོ། ཆེན་མ་དང་ཆུན་མ། ཆེ་མ་ཆུང་གསུམ། ཆེད་པོ་དང་ཆེན་མོ། ཆང་ཆུང་། ཆ་ངེ་ཆུང་ངེ་སོགས་ཐད་འདིའི་མིང་ཚིག་གཅིག་པུ་ཡང་བགྲང་གིས་མི་ལང་བ་ཡོད་པ་འདི་དག་ནི་བོད་སྐད་རང་ལ་ཡིད་རྟོན་མེད་པར་གྱ་ཚོམ་དུ་སེའུ་བཅུ་བའི་ངག་ལྟར་ཁ་ནས་རང་དྲན་དུ་ཐོན་པ་ཞིག་ག་ལ་ཡིན་ནོ། །མདོར་ན་ཆེ་དང་། ཆེ་བ། ཆེ་བོ། ཆེན་པོ། ཆེན་མོ་ལྔ་ནི་བོད་རང་སྐད་ལྟར་ན་གང་ལ་སྦྱར་ས་དང་ཐོབ་ཚུལ་མི་འདྲ། མིང་གི་ཆ་ཤས་ལྟར་དུ་རྗོད་པ་དང་འགྲེལ་བཤད་བྱེད་པའི་ཚུལ་ལྟར་དུ་རྗོད་པ་གཉིས་མི་འདྲ། གང་བརྗོད་བདེ་དང་གང་བརྗོད་བདེ་མ་ཡིན་པའི་ཁྱད་པར་མི་འདྲ། གང་ངག་ཐོག་ཏུ་རྗོད་པ་དང་གང་ཡིག་ཐོག་ཏུ་འབྲི་བ་གཉིས་ཀྱི་ཁྱད་པར་མི་འདྲ། ཡི་གེ་ལ་མང་ཉུང་མེད་ཀྱང་ཚེག་གི་བར་ནས་སྐད་གདངས་ཀྱིས་ཡར་གཅོད་དང་མར་གཅོད་མི་འདྲ། རིག་རྟུལ་བླུན་པོ་རྗོད་པ་ལྡབ་ལྡིབ་ཅན་གྱི་ངག་དང་སྐྱེས་སྦྱངས་ཀྱི་ཡོན་ཏན་ལྡན་ཞིང་སྨྲ་རྗོད་རྣམ་དག་མཁས་པའི་ངག་གི་རྗོད་པ་གཉིས་མི་འདྲ་བ་རྣམས་ནི་ཐོག་མར་ཤེས་དགོས་པའི་གནད་དམ་པ་ཡིན་ནོ། །དཔེར་ན་མི་ཞིག་ལ་མིང་ཆགས་པའི་ངོས་ནས་བརྗོད་པའི་ཚེ། ལྷས་བྱིན་མགོ་རྒན་ལ་ལྷས་བྱིན་མགོ་ཆེ་ཞེས་ཟེར་བ་ལས་ལྷས་བྱིན་མགོ་ཆེ་བ། ལྷས་བྱིན་མགོ་ཆེན་པོ། ལྷས་བྱིན་མགོ་ཆེན་མོ་སོགས་མི་ཟེར་ལ། གལ་ཏེ་དེ་ལྟར་བརྗོད་ཚེ་བོངས་ཚོད་ཆེ་བའི་ཆ་ནས་བཏགས་པའི་མིང་གི་བཟོ་ལྟ་དོར་ཏེ་འགྲེལ་བཤད་ཀྱི་ཚུལ་དུ་འགྲོ། དེ་བཞིན་དུ་ཕྱིན་ཅི་ལོག་གི་ཕྱོགས་ལ་སྙིང་དཔའ་ཞིང་ལོག་རྟོག་ཁྱུར་མིད་བྱེད་པའི་ཟ་ཁམ་ཆེན་པོ་ཅན་ལ་སྙིང་ཁམ་ཆེན་པོ་ཞེས་འགྲེལ་བཤད་ཀྱི་སྒོ་ནས་མིང་བཏགས་པ་དང་། རྗེ་ཙོང་ཁ་བའི་གསུང་ན་ལམ་རིམ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་རྒྱས་པ་ལ་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ལམ་རིམ་ཆེ་བའམ་ལམ་རིམ་ཆེན་མོ་ཞེས་པ་ནི་བོངས་ཚོད་ཆེ་བ་ཙམ་གྱི་སྒོ་ནས་བཏགས་པ་མ་ཡིན་པར་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བའི་ཐད་ནས་བརྗོད་བདེ་དང་མིང་གི་བཟོ་ལྟ་གྲུབ་པའི་སྒོ་ནས་མཚན་བཏགས་པ་ཡིན་ནོ། །དེ་མ་ཡིན་པར་ལམ་རིམ་ཆེ་བོ་དང་། ལམ་རིམ་ཆེན་པོ་ཞེས་སྨྲས་ན་མིང་གི་བཟོ་ལྟ་དང་བྲལ་ནས་འགྲེལ་བཤད་ཀྱི་ཚུལ་དུ་ཡོད་པ་ནི་བོད་བརྡ་ལ་བྱང་བ་ཞིག་ཡིན་ན་མང་དུ་སྨྲ་ཅི་དགོས། གོང་དུ་བཀོད་པའི་ཆེ་ཆུང་རེ་རེའི་མིང་ལ་ཞིབ་འགྲེལ་བྱས་ན་ཚེགས་ཆེ་ཞིང་གཞུང་དོན་སྒྲིབ་པར་འགྱུར་བས་གཅིག་ཤེས་ཀུན་གྲོལ་གྱི་དཔེ་ལ་བརྩོན་པར་བྱའོ།། དེའི་ཕྱིར་ཨ་ལ་ཤ་རང་ཉིད་ཀྱིས་མཛད་པའི་མཁས་པའི་ཁ་རྒྱན་གྱི་མཇུག་ཏུ། ཤེས་བྱ་རེ་ལ་མིང་རེ། མིང་རེ་ལ་ཡི་གེ་མི་འདྲ་བ་རེ་ཡོད་པས་བོད་ཀྱི་ཡི་གེ་ལ་ཟད་མཐའ་མེད་པས་ཞིབ་ཏུ་བསླབ་དགོས་སོ། །ཞེས་གསུངས་པ་ནི་དོན་དང་མཐུན་པའི་གསུང་དུ་སྣང་གི གོང་སྨོས་ལྟར་བོད་སྐད་རང་ལ་ཡིད་རྟོན་དཀའོ་སྙམ་དུ་བདག་དོགས་སོ། །ཞེས་པ་ནི་མཁས་པའི་མདུན་སར་དབྱུང་དུ་མི་རུང་བའི་ངག་ཏུ་གོ་བར་བྱའོ།། གསེར་ཏོག་གིས་ཀྱང་། ལམ་རིམ་ཆེན་མོ། སྨོན་ལམ་ཆེན་མོ་ཞེས་པ་སྒོས་ཀྱི་མིང་གཞན་འགྲུབ་ཆེད་མ་ནིང་གིས་མོ་ཡིག་སྒྲ་མཚུངས་སུ་དྲངས་པ་ཡིན། ཞེས་གསུངས་པ་ནི་ལེགས་པར་བཤད་པའོ།། ༢ རྣམ་དབྱེ་སོགས་འདྲེན་ཚུལ་བཤད་པ། སྤྱིར་འདྲེན་ཚུལ། མིང་མཐའ་དེ་དག་ཉིད་ཀྱིས་ནི།། དེ་ཉིད་རང་གི་སྒྲ་མཐུན་པའི།། ཆོས་དངོས་ལས་དང་བྱེད་པ་དང་།། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་།། གནས་དང་བོད་པའི་སྒྲ་ཡང་དྲང་།། གཞན་ཡང་སླར་བསྡུ་ལྷག་བཅས་དང་།། འབྱེད་སྡུད་བརྣན་དང་བདག་པོ་དང་།། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག ། དེ་དག་སྔ་ཕྱི་འདྲེན་ལས་འབྱུང་།། གོང་དུ་བཤད་མ་ཐག་པའི་མིང་དེ་དག་གིས་མིང་མཐའ་རང་དང་རྟགས་མཚུངས་སམ་བརྗོད་བདེའི་དབང་གིས་སྒྲ་མཐུན་པའི་རྣམ་དབྱེ་དང་པོ་ཆོས་དངོས་ཏེ་མིང་ཙམ་བརྗོད་པ་དང་། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ། བཞི་བ་སྦྱིན་པའི་ཡུལ་གྱིས་མཚོན་ནས་ཆེད་དུ་བྱ་བ། ལྔ་བ་འབྱུང་ཁུངས། དྲུག་པ་འབྲེལ་བ། བདུན་པ་གནས་གཞི། བརྒྱད་པ་བོད་པ་རྣམས་དྲང་བར་བྱ་ཞིང་། དེ་བཞིན་དུ་གཞན་ཚིག་ཕྲད་ཀྱི་ཕྱོགས་སུ་གཏོགས་པ་སླར་བསྡུ་དང་། ལྷག་བཅས། འབྱེད་སྡུད། བརྣན་པ། བདག་སྒྲ། དགག་སྒྲ། ཚིག་རྒྱན། ཚེ་སྐབས་ལ་སོགས་པ་རྣམས་ཀྱང་སྔ་མ་མིང་མཐའི་ཤུགས་ཀྱིས་སོ་སོར་འདྲེན་པའི་ཚུལ་སྣ་ཚོགས་པ་འབྱུང་སྟེ། དེ་དག་གི་གོ་དོན་དང་དཔེར་བརྗོད་ནི་སྔར་སུམ་ཅུ་བའི་ཐད་དུ་སོང་ཟིན་པ་རྣམས་སྐབས་འདིར་དྲན་པར་བྱའོ། །འདིར་སྒྲ་མཐུན་ཞེས་པའི་དོན་ནི་རྟགས་མཚུངས་དང་བརྗོད་བདེ་གཉིས་ཀ་ལ་གོ་དགོས། མུ་ཏིག་ཕྲེང་མཛེས་དང་གཙོས་རྟགས་འཇུག་ལས། སྒྲུབ་པ་དང་། ཞེས་ལོགས་སུ་བཀར་ན་ཡང་བདག་པོ་སྒྲུབ་པ་དང་། དགག་པ་སྒྲུབ་པ་ཞེས་སྦྲེལ་ན་གཞུང་གི་དགོངས་པར་འགྲོའམ་སྙམ། ནང་གསེས་ཀྱི་འཇུག་ཚུལ་ལས་རྣམ་དབྱེ་གང་འཇུག་བཤད་པ། དེ་དག་ནང་གསེས་གང་འཇུག་པ།། མཐའ་སྦྱར་འོག་མའི་མིང་དོན་ལས།། སྤྱི་འཇུག་ཡོད་དམ་བྱེད་པ་ཡོད།། དེ་བཞིན་ཆེད་བྱེད་རྟེན་བྱེད་དང་།། ལས་བྱ་བླང་བྱ་བསྒྲུབ་པར་བྱ།། སྔོན་དུ་འོས་པ་གནས་པའམ།། དེ་ལ་རྣམ་དབྱེ་བརྒྱད་ལས་ནང་གསེས་གང་དག་འཇུག་ཅེ་ན། དཔེར་ན་མེ་ལོང་ལྟ་བུའི་མིང་གི་མཐར་རྣམ་དབྱེ་དང་ཚིག་ཕྲད་གང་སྦྱོར་འོག་མའི་མིང་དོན་ལས་ཤེས་དགོས་ཏེ། བོད་སྐད་ལ་ལེགས་སྦྱར་ལྟར་གྱི་རྣམ་དབྱེ་དང་པོ་འདི་ཞེས་སྟོན་རྒྱུ་ཞིག་མེད་ན་ཡང་། མེ་ལོང་གང་ཞིག མེ་ལོང་གང་དག མེ་ལོང་གང་རྣམས་ཉིད་ལྟ་བུའི་སྤྱི་སྒྲ་སྦྱར་བས་རྣམ་དབྱེ་དང་པོ་མིང་ཙམ་གྱི་སྒྲ་གདངས་གསལ་བོར་ཐོན་པ་དང་། དེ་བཞིན་དུ་མེ་ལོང་གིས་གཟུགས་བརྙན་གསལ་བར་བྱེད་ལྟ་བུ་རྣམ་དབྱེ་གསུམ་པ་བྱེད་པ་དང་། མེ་ལོང་ལ་རྡུལ་ཕྱགས་ལྟ་བུ་བཞི་བ་དང་། མེ་ལོང་ལ་གཡའ་ཆགས་ལྟ་བུ་བདུན་པ་དང་། མེ་ལོང་དུ་བལྟ་ལྟ་བུ་གཉིས་པ་དང་། མེ་ལོང་ལས་གཟུགས་བརྙན་ཤར་ལྟ་བུ་ལྔ་བ་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུ་དྲུག་པ་དང་། ཀྱེ་མེ་ལོང་འཛིན་མཛད་ཀྱི་གར་མཁན་ལྟ་བུའམ། མེ་ལོང་མ་ཀྱེ་བདག་ལ་སྟོན། ཅེས་པ་ལྟ་བུ་ནི་རྣམ་དབྱེ་བརྒྱད་པར་འགྱུར་བ་རྣམས་ནི་གོ་སླའོ། །རྩ་བར། སྔོན་དུ་འོས་པ་གནས་པ་ཞེས་པས་འབོད་པ་གསལ་བྱེད་ཀྱི་སྒྲ་ཀྱེ་ནི་སུམ་ཅུ་བར་མིང་གི་ཐོག་མར་སྦྱོར་བ་དང་། འདིར་དམིགས་བསལ་ལ་མིང་ཚིག་གི་མཐར་སྦྱར་རུང་བ་ཡང་བསྟན་ཏོ།། ཕྲད་ཀྱི་ནང་གསེས་གང་འཇུག་བཤད་པ། གཞན་ཡང་ཚིག་དོན་འོག་མ་ལས།། བསྡུ་རྒྱུ་ཡོད་དམ་མེད་པ་དང་།། གོང་མ་ལས་ཀྱང་དེ་བཞིན་ཏེ།། རྣམ་གྲངས་དག་ཀྱང་བཀོད་པ་ལས།། བསྐྱར་བ་ཡོད་དམ་མེད་པ་དང་།། ཕོ་སྒྲ་དང་ནི་མོ་སྒྲ་དག ། མིང་གི་མཐའ་ན་ཡོད་མེད་དང་།། རྒྱན་དུ་གྱུར་པ་རྣམས་ལ་ཡང་།། དོན་ལ་བསྙེགས་པ་ཡོད་མེད་དང་།། བསྟན་བྱ་ལྷག་མ་ཡོད་མེད་དང་།། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས།། དེ་དག་ནང་གསེས་རྣམ་པར་དབྱེ།། གཞན་ཡང་། མིང་མཐས་ཚིག་ཕྲད་ཀྱི་ནང་གསེས་སམ་བྱེ་བྲག་གང་དང་གང་འདྲེན་པ་ནི་ཕལ་ཆེ་བ་ཞིག་མིང་དེའི་མཐའ་རུ་སྦྱར་རྒྱུའི་ཚིག་དོན་འོག་མ་ལ་བལྟས་ནས་རྟོགས་པར་བྱ་དགོས་ལ། ཕལ་ཆེ་བ་ཞེས་སྨོས་དོན་ནི་ཕྱི་ཚིག་ལ་མ་ལྟོས་པར་བརྗོད་འདོད་ཙམ་གྱིས་འགྲུབ་པའང་ཡོད་པར་བསྟན་ཏེ། དཔེར་ན། འདི་ནི་ཤར་རོ། །འདི་ནི་ལྷོའོ། །ལྟ་བུ་དང་། ཚིག་སྔ་ཕྱིའི་བསྟན་དོན་འདྲ་བ་ཅན་མེས་པོ་ཤིན་ཏུ་དགའ། ཕ་མ་ཡང་ཤིན་ཏུ་དགའ། སྤུན་ཟླ་རྣམས་ཀྱང་ཤིན་ཏུ་དགའ། ཞེས་པ་ལ་མེས་པོ་དང་ཕ་མ་དང་སྤུན་ཟླ་དང་བཅས་པའི་ཁྱིམ་མི་རྣམས་ཤིན་ཏུ་དགའོ་ཞེས་སྡུད་པའི་ཚིག་ཕྲད་དང་སྒྲ་སྦྱར་བས་ཤིན་ཏུ་དགའ་ཞེས་པ་བསྡུས་པ་ལྟ་བུ་དང་། དེ་བཞིན་དུ་ཚིག་དོན་གོང་འོག་གི་བསྟན་དོན་འདྲ་བ་ལས་ཕྱི་མ་བསྡུ་བའི་དཔེ་ལ། རླངས་འཁོར་ཡང་འགྲོས་མྱུར་ན་གནམ་གྲུ་ལྟ་ཅི་སྨོས་ཞེས་པ་ལྟ་བུའི་ཡང་གི་སྒྲས་གནམ་གྲུའི་འགྲོས་མྱུར་བ་བསྡུས་པའོ། །མིང་ཚིག་གི་རྣམ་གྲངས་ཐ་དད་པ་དག་བཀོད་པ་ལས། བལྡབས་བསྐྱར་གྱི་ཚིག་ཡིན་མིན་ཇི་ལྟར་ཡང་རྣམ་གྲངས་ཀྱིས་འབྱེད་པའམ་སྡུད་པའི་ཕྲད་སྦྱར་བ་ནི་དཔེར་ན་འོ་མ་དང་ཞོ་ནི་སྣུམ་ཆེ་བའམ། འཚོ་བཅུད་དང་ལྡན་པའོ། །ཞེས་དང་། དཔྱིད་ཀྱི་ཕོ་ཉའམ་གཞན་གསོས་བུ་ནི་བྱ་ཁུ་བྱུག་གོ །ཞེས་དང་། བསམས་ཤིང་བསམས་ཤིང་བདག་གི་སློབ་དཔོན་གྱི་བཀའ་དྲིན་ནི་བརྗེད་མཐའ་མེད་དོ། །ཞེས་པ་ལྟ་བུའོ།། དོན་ལ་བསྙེགས་པ་ཡོད་མེད་ཀྱི་དོན་ནི། དཔེར་ན། ཞིམ་ཡང་ཞིམ་ལ་ལྟོར་ཡང་བདེ། ཞེས་པ་དོན་སོ་སོར་བསྙེག་རྒྱུ་ཡོད་པའི་དཔེ་དང་། རྟ་འདིའི་འགྲོས་ནི་མྱུར་ཡང་མྱུར། ཞེས་པ་དོན་འགྲོས་མྱུར་བ་གཅིག་པུ་ལས་མེད་པས་ན་དོན་གཞན་ལ་བསྙེག་རྒྱུ་མེད་པའི་དཔེ་སྟེ། འདིའི་སྟེང་ནས་གོ་བ་ལོན་པར་བྱའོ།། དེ་བཞིན་དུ་སུམ་ཅུ་བར་བསྟན་པའི་བདག་སྒྲ་དང་། དགག་སྒྲ། ཚིག་རྒྱན། ལྷག་བཅས། སླར་བསྡུ་སོགས་ཚིག་ཕྲད་ཀྱི་ནང་གསེས་རྣམས་ཇི་ལྟར་འཇུག་ཚུལ་རྣམ་པར་དབྱེ་བ་སྟེ་ཤེས་པར་བྱའོ།། བཅུ་གཅིག་པ། རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན།། ཡི་གེའི་ཁོང་ནས་མིང་དབྱུང་སྟེ།། མིང་གི་ཁོང་ནས་ཚིག་ཕྱུང་ནས།། ཚིག་གིས་དོན་རྣམས་སྟོན་པར་བྱེད།། ཀ དངོས་ཀྱི་དོན། རྗེས་འཇུག་གི་ཡི་གེ་དེ་རྣམས་དགོས་པ་ཅིའི་དོན་དུ་འཇུག་པ་ཡིན་ཞེ་ན། མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་པ་ལ་རྗེས་འཇུག་གང་རུང་སྦྱར་བ་ལས་མིང་དབྱུང་བ་སྟེ་མིང་འགྲུབ་ལ། དཔེར་ན་ཀ་བ་བུམ་པ་ལྟ་བུའོ། །མིང་གཅིག་གམ་གཉིས་སམ་དུ་མ་འདུས་ཤིང་རྗེས་འཇུག་གི་ཐོབ་ཐང་ལྟར། རྣམ་དབྱེ་དང་ཕྲད་སོགས་བབ་ཐོག་ཀྱིས་སྦྱར་བ་ལས་ཚིག་འགྲུབ་པ་དང་། དཔེར་ན། ཤུག་པས་བཟོས་པའི་ཀ་བ་དང་། རྫ་བསྲེགས་པའི་བུམ་པ་ལྟ་བུའོ། །ཚིག་དུ་མ་འདུས་པ་སྟེ་སྦྲེལ་བའི་རྗོད་བྱེད་ཀྱི་ངག་གིས་བརྗོད་བྱའི་དོན་གང་ཡིན་པ་དེ་གསལ་བར་སྟོན་པས་ན་རྗེས་འཇུག་སྦྱོར་བའི་དགོས་པ་ནི་དེ་ཡིན་ནོ།། ཁ མཐའ་དཔྱད་པ། སྐབས་འདིར་མུ་ཏིག་ཕྲེང་མཛེས་ལས། ཞྭ་ལུས་བོད་སྐད་ཟུར་ཆག་ཏུ་མཛད་པ་ཅུང་མི་ལེགས་ཞེས་བཤད་པ་ནི་དེ་ཁོ་ན་ལྟར་ལ། བོད་རང་གི་སྐད་ཀྱི་དབང་དུ་བྱས་ན་དེ་ལ་ཡང་ལེགས་སྦྱར་གྱི་སྐད་དང་། ཡུལ་མི་རང་བཞིན་པའི་སྐད། ཟུར་ཆག་གི་སྐད། ཤ་ཟའི་སྐད་དེ་བཞི་ག་ཚང་ངོ་ཞེས་སྔོན་བྱོན་མཁས་པའི་གསུང་སྒྲོས་ལས་འབྱུང་ངོ་། །དེ་ལ་བོད་སྐད་ཀྱི་དབང་དུ་བྱས་པའི་ལེགས་སྦྱར་གྱི་སྐད་ནི། ཡིག་སྐད་དང་མཐུན་པའི་འཆད་པ་དང་རྩོད་པ་འབེལ་གཏམ་བགྲོ་གླེང་སོགས་བྱེད་སྐབས་ཀྱི་སྐད་དང་། ལུང་བ་ཀུ་ཀྱོག་སོ་སོའི་ཡུལ་སྐད་དང་མ་འདྲེས་པའི་བོད་ཡུལ་ཁམས་རྒྱ་ཆེ་བར་ཐུན་མོང་དུ་སྤྱོད་པའི་སྐད་ནི་ཡུལ་མི་རང་བཞིན་པའི་སྐད་དང་། སྟ་རེ་ལ་སྟ་རི། ཅ་ནེ་ལ་ཅ་ནི། སྡོང་བོ་ལ་གཟོང་བོ། ཟླ་བ་ལ་གཟའ་བ། རྨ་བྱ་ལ་རྨ་བཡའ། སྤྲིན་ལ་སྲིན། སྦྲུལ་ལ་རུའུ། ལྟ་བུ་ནི་ཟུར་ཆག་གི་སྐད་དང་། སྨྲ་བ་བོ་ཁོང་བ་ཅག་གིས་རིགས་ནི་བོད་པར་ཁས་འཆེ་ཞིང་སྐད་ཀྱང་བོད་སྐད་ཡིན་པར་རློམ་ན་ཡང་བོད་བྱིངས་ཀྱིས་མི་གོ་བའི་སྐད་དེ་རིགས་ནི་ཤ་ཟའི་སྐད་དུ་བརྩིར་འོས་པ་ཡིན་ནོ། །དཔེར་ན། སྐད་རིགས་སྣ་ཚོགས་བསྲེས་ནས་བཤད་ལོབ་ཏུ་གྱུར་པའི་ཙོང་ཁ་ཕྱོགས་ཀྱི་ཡུལ་གྲུ་འགར། ང་བོད་མིན་ན་དཀོན་མཆོག་གསུམ། བོད་སྐད་ཤེས་ན་དཀོན་མཆོག་གསུམ། །ཞེས་དགོད་བྲོ་བའི་ཁ་དཔེ་ད་ལྟའི་བར་དུ་ཡོད་པ་བཞིན་ནོ། །དེ་བཞིན་དུ་མི་རིགས་ཐ་དད་པ་སུ་ལའང་དེ་འདྲའི་སྐད་རིགས་བཞིའི་དངོས་སམ་དོད་ཐུབ་ཀྱི་དབྱེ་བ་བྱར་ཡོད་པ་ཡིན་ནོ།། འདིར་ལེགས་སྦྱར་དང་ཟུར་ཆག་གི་སྐད་ཅེས་སོ་སོར་བསྟན་པའི་དགོས་པ་ནི། སྔ་མ་ནི་དོན་དུ་གཉེར་བྱ་དང་། ཕྱི་མ་ནི་སྤོང་ཅི་ཐུབ་བྱེད་དགོས་ཏེ། མཁས་གྲུབ་རྗེས་མཛད་པའི་སྨྲ་བ་རྣམ་པར་ངེས་པ་རབ་དཀའི་འཇུག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལས། སྡེབ་ལེགས་ཚིག་སྦྱོར་སྙན་དངགས་ལུས་མཛེས་ལ།། རྒྱན་མང་མདངས་ཀྱིས་རྣམ་པར་བཀྲ་ན་ཡང་།། གྲོང་ཚིག་གཅིག་གིས་སྙན་དངགས་སྐལ་ངན་བྱེད།། རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ།། ཞེས་གསུངས་པ་ལྟར་བླུན་པོའི་གྲོང་ཚིག་ཅེས་པ་མས་འཕུལ་དང་འས་འཕུལ་ནོར་བ་དང་། ཡ་སྟ་དང་ར་སྟ་ནོར་བ་དང་། ལུང་བ་ཀུ་ཀྱོག་སོ་སོའི་ཕལ་སྐད་འདྲེས་པ་སོགས་རྒྱ་ཆེར་གསུངས་པ་དེ་དག་ཤེས་དགོས་པ་ཤ་སྟག་ཡིན་པར་མ་ཟད། སློབ་དཔོན་ཐོན་མིའི་མཁྱེན་རབ་ཀྱི་རྣམ་པར་དཔྱོད་པས་གཏན་ལ་ཕབ་པའི་སུམ་རྟགས་ཀྱི་དགོངས་པ་དང་མཐུན་པའི་མིང་ཚིག་ཕྲ་ཞིང་ཞིབ་པ་རྣམས་དང་། ཡི་གེ་སོ་སོའི་སྐྱེ་གནས་དང་མཐུན་པའི་གདངས་དག་པ་དར་སྤེལ་བྱེད་པའི་གོ་ཆ་བཙན་པོ་བགོ་བ་ལ་བརྩོན་པར་རིགས་སོ།། མཚམས་འདིར་ཨ་ལ་ཤའི་སུམ་རྟགས་འགྲེལ་བར་ཡི་གེའི་དག་ཆར་གཏན་ཕབ་བྱས་པ་ལས་འགའ་རེ་ཨེ་འགྲིག་སྙམ་པ་འཆར་བས་འདི་ལྟར། རྨུ་རྒོད་ལ་དས་འཕུལ་མ་དག་ཟེར་བ་མི་འཐད་དེ། ངག་སྒྲོན་སོགས་དག་ཡིག་དང་ཚད་ལྡན་གྱི་གཞུང་མང་བོར་དམུ་རྒོད་ཅེས་བྲིས་ཡོད་དོ། །རྨུ་ནི་རུས་ཀྱི་རྨུ་དང་རྨུ་ཐག་ཙམ་ལས་འཇུག་ས་ཉུང་ངོ་། །སྐྲ་བརྙན་དང་ངལ་བསོ་ལ་བས་འཕུལ་དོར་ཟེར་བ་མི་འཐད་དེ། སྐྲ་བརྙན་ཞེས་པ་སྐྲ་ཚབ་ཡིན་ལ་དེ་ལྟར་ན་གཟུགས་བརྙན་ལ་ཡང་བས་འཕུལ་འདོར་དགོས་ཏེ་བརྙན་ནི་ཚབ་དང་དོད་དང་གཡར་བ་སོགས་ལ་འཇུག་གོ །ངལ་གསོ་ལ་རྒྱུ་མཚན་ཅི་ཡང་འགོད་རྒྱུ་མེད་པར་བས་འཕུལ་དོར་ཞེས་པ་མི་འཐད་དེ། གསོ་བྱ་འཚོ་བྱེད་བསོས་སོས་ཤིག་གི་རྣམ་གཞག་ལས་འདའ་བར་མི་རུང་ཞིང་བས་འཕུལ་ལས་གས་འཕུལ་ལེགས་པ་དང་། ངལ་སོ་ཞེས་པ་མ་དག་པར་བརྩིའོ། །རིགས་སྒྲེ་ལ་བས་འཕུལ་མེད་པ་མི་རུང་སྟེ། སྒྲེ་ཞེས་པ་ས་སྒྲེ་བོ་སོགས་དོན་གཞན་ལ་འཇུག་པའི་ཕྱིར་རོ། །བུམ་པའི་ཁ་ནས་ཆུ་སྦྲེང་དང་། རྒྱལ་མཚན་གྱེན་དུ་བསྒྲེང་གཉིས་དོན་ཐ་དད་པ་ཡིན་པས་ཡི་གེ་ཡང་གཅིག་ཏུ་བསྲེ་ག་ལ་རུང་། རིན་ཆེན་སྤུངས་ཤད་འབྲི་བའི་དགོས་པ་ངེས་ཏིག་གང་ཡིན་པ་དེ་མ་བཤད་པར་ཐིག་མགོར་ཡི་གེ་གསུམ་མན་ཆད་བབས་པའི་ཚེ་རིན་ཆེན་སྤུངས་ཤད་བྱ་ཞེས་པ་ཡང་འཐད་པར་མི་སེམས་སོ། །སྡེ་ཚན་རྫོགས་མཚམས་དང་རྣ་རུའམ་གནའ་རུ་ཅན་གྱི་མཐར་ཉིས་ཤད་ཐོབ་ཅེས་བཤད་པ་ནི་ཞིབ་ཆ་མ་ཐོན་པའི་ཚིག་སྟེ། སྡེ་ཚན་རྫོགས་མཚམས་ཡིན་ཚད་ལ་ཉིས་ཤད་ག་ལ་ཐོབ། སྡེ་ཚན་རྫོགས་པའི་མཐའ་ན་རྫོགས་ཚིག་ཡོད་ཚེ་ཉིས་ཤད་ཐོབ་ཅེས་བཤད་ན་ཞིབ་ཆ་དང་ལྡན་ནོ། །རྣ་རུ་ཅན་མཐར་ཉིས་ཤད་ཐོབ་ཅེས་བཤད་པ་ནི་ཧ་ཅང་རྩིང་སྟེ། དེ་ལྟར་ན་ཚིག་ལྷུག་ཡིན་པ་གཞིར་བཞག ངོ་བོ། སྔོན་པོ། རྒྱ་མཚོ། སྤོ་མཐོ། ཟླ་བོ། མཛོ། མཛོ་མོ་སོགས་ཤད་ཀྱིས་བར་ཆོད་པ་ཡོད་དོ་ཅོག་ལ་ཉིས་ཤད་འཐོབ་དགོས་ན། དེ་ལྟ་བུ་ནི་སུམ་རྟགས་དག་གསུམ་གྱི་དགོངས་པ་དང་མཐུན་ཐབས་མེད་དོ། །སི་ཏུའི་འགྲེལ་ཆེན་སྡེ་དགེའི་པར་མར་ཡང་། བསྒྲིམ་བྱའི་བློ། བསྒྲུག་བྱའི་རྡོ། ཞེས་ན་རོ་ཅན་ཡིན་ཚད་ཀྱི་མཐར་ཉིས་ཤད་བྲིས་པ་ཡོད་ཀྱང་དེ་ནི་ཡི་གེ་བའི་སྐྱོན་དུ་གོར་མ་ཆག་གོ ། བཅུ་གཉིས་པ། ཡི་གེའི་འཇུག་པ་སྤྱིའི་དགོས་པ། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཕོ་ཡིག་དེ་དག་རྣམས་ལ་ཡང་།། འཇུག་པར་བཅས་པ་མེད་ན་ནི།། མིང་དང་ཚིག་ཀྱང་གསལ་མི་ནུས།། མིང་ཚིག་གསལ་བ་མེད་ན་ནི།། དོན་རྣམས་བརྗོད་པར་མི་འགྱུར་རོ།། དེ་ལྟར་གྱུར་ན་འཇིག་རྟེན་དུ།། དོན་མཚོན་རྗོད་པ་ཀུན་ཀྱང་མེད།། རིག་བྱེད་སྨྲ་བའང་ཡོད་མི་འགྱུར།། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི།། བསླབ་པ་རྣམས་ཀྱང་མེད་པར་འགྱུར།། ཀ དངོས་ཀྱི་དོན། མོ་ཡིག་གི་དབྱངས་བཞིའམ་རྗེས་འཇུག་གི་འ་མཐའ་མ་ཞུགས་ན་གསལ་བྱེད་རྐྱང་བ་ལ་གདངས་ཀྱི་ང་རོ་མེད་པས་བརྗོད་ཐབས་མེད་ཅེས་པའམ། ཡང་ན། མོ་ཡི་ཡི་གེ་གི་གུ་སོགས་མེད་ན་ཕོ་ཡིག་ཀ་ཁ་སོགས་སུམ་ཅུ་ཁོ་ནས་སྤྱིར་བཏང་ལ་བརྗོད་བྱ་ཡོངས་སུ་རྫོགས་པའི་དོན་མི་སྟོན་ཅེས་འགྲེལ་ཚུལ་གཉིས་དང་། ཕོ་ཡིག་གསལ་བྱེད་སུམ་ཅུ་པོ་ལ་གི་གུ་སོགས་ཡོད་མེད་ཇི་ལྟར་ཡང་དེ་ལ་རྗེས་འཇུག་གི་ཡི་གེ་བཅུ་པོ་གང་ཡང་རུང་བ་མ་ཞུགས་ན་ནི་མིང་དང་ཚིག་གསལ་བོར་མི་འབྱུང་ཞིང་། དེ་མེད་ན་ནི་བླང་དོར་གྱི་གནས་གསལ་བར་སྟོན་པའི་རྗོད་བྱེད་ཀྱི་སྒྲ་གདངས་མཚོན་པའི་ཡིག་གཟུགས་རྣམས་ཡོད་མི་སྲིད་ཅེས་པའོ། །དེ་ལྟར་གྱུར་པའི་ཚེ་འཇིག་རྟེན་གྱི་ཁམས་འདིར་དོན་གསལ་བར་སྟོན་པའི་སྒྲ་སྐད་རྣམས་ཀྱང་མི་འབྱུང་བས་ཐུན་མོང་བའི་རིག་པ་བཟོ་རྩིས་སྨན་དང་ཟློས་གར་སྙན་ངག་སོགས་རིག་བྱེད་སྨྲ་བ་དང་། ནང་བ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་བརྗོད་བྱར་གྱུར་པའི་ཉན་ཐོས་སོགས་ཐེག་པ་གསུམ་གྱི་ལམ་བསླབ་པ་གསུམ་རྣམས་ཀྱང་མེད་པར་འགྱུར་ཞེས་པ་ནི་ལྡོག་ཕྱོགས་ནས་བསྟན་པའི་དགོས་པ་སྟེ། མིང་ཚིག་ལེགས་པར་སྦྱར་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་གནས་རྣམས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་གསལ་བོར་བསྟན་པ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་རླབས་པོ་ཆེ་འགྲུབ་པ་ཡིན་ནོ་ཞེས་པ་ནི་སྐབས་བབ་ཀྱི་དགོས་པ་ཡིན། ཁ མཐའ་དཔྱད་པ། ཁ་ཅིག་ན་རེ། གི་གུ་སོགས་དབྱངས་བཞི་དང་རྗེས་འཇུག་མ་ཞུགས་པར་གསལ་བྱེད་རྐྱང་བས་དོན་མི་སྟོན་ཟེར་བ་མི་འཐད་དེ། ཀ་ཁ་ལས་ཡིག་འབྲུ་རྐྱང་བས་ཀྱང་དོན་སྟོན་པ་དུ་མ་ཡོད་པའི་ཕྱིར། དེར་ཐལ། ཀ་ཞེས་པས་ཁང་བའི་ཀ་དང་། ཁ་ཞེས་པས་སྨྲ་བྱེད་ཀྱི་ཁ་དང་། ང་ཞེས་པས་ཁྱོད་ཀྱི་ཁ་གཏད་གང་ཡིན་པ་དེ་སྟོན་པ་བཞིན་དུ། ཆ་ཇ་ཉ་ད་ན་ཕ་མ་ཚ་ཝ་ཟ་ཡ་ར་ལ་ཤ་ས་ཧ་ཨ་རྣམས་ལ་དབྱངས་བཞི་དང་རྗེས་འཇུག་མ་ཞུགས་ཀྱང་ཡིག་འབྲུ་རེ་རེས་དོན་སྟོན་པའི་ཕྱིར། ཞེས་ཟེར་བ་ལ་ལན་ཇི་ལྟར་གདབ། དེར་མ་ཟད། སྙན་ངག་མེ་ལོང་མའི་དཔེར་བརྗོད་རྣམས་སུ། གི་གུ་སོགས་དབྱངས་བཞི་གཏན་མ་ཞུགས་པའི་དབྱངས་ཨ་གཅིག་པུར་ངེས་པའི་བྱ་དཀའ་བའི་སྙན་ངག་གི་ཚིགས་སུ་བཅད་པ་རྣམས་དང་། ཁྱད་པར་དུ་རྗེ་ཙོང་ཁ་བ་དང་མཁས་གྲུབ་རྗེའི་གསུང་ཐོར་བུ་གཉིས་སུ་བཀོད་པའི་བྱང་ཆུབ་ལམ་རིམ་གྱི་བརྗོད་བྱ་ཀུན་འདུས་ཤིང་། དབྱངས་ཨ་གཅིག་པུར་ངེས་པའི་བྱ་དཀའ་བའི་ཚིགས་བཅད་གཉིས་ལས་སྔ་མ་ལ་ཤོ་ལོ་ཀ་ལྔ་བཅུ་ལྷག་དང་། ཕྱི་མ་ལ་ཤོ་ལོ་ཀ་ཉི་ཤུ་ཙམ་ཡོད་པ་དེ་དག་གིས་གི་གུ་སོགས་གཅིག་ཀྱང་མེད་པར་དོན་ཟབ་ལ་རྒྱ་ཆེ་བ་བསྟན་པ་འདི་དག་ལ་ཅི་ཟེར། གང་ལྟར་ཚིག་ལ་ཞིབ་ཆ་དང་ལྡན་པའི་དངོས་ལན་རེ་གལ་ཆེའོ།། སྐབས་འདིར་གསེར་ཏོག་འགྲེལ་བར། གི་གུ་སོགས་དབྱངས་བཞི་དང་། གསལ་བྱེད་ཀྱི་མཐའ་མ་རྟགས་དང་བྲལ་བའི་ཨ་བཅས་མ་ཞུགས་ན། གསལ་བྱེད་ཉེར་དགུ་པོ་རྣམས་གདངས་ཀྱི་ང་རོ་དང་བྲལ་བས་བརྗོད་པ་མེད་པར་འགྱུར། ཞེས་གསུངས་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། བོད་ཡིག་ལྟར་ན་ཨ་ཆེན་གསལ་བྱེད་ཉེར་དགུ་དང་ཇི་ལྟར་སྦྱོར། རྟགས་འཇུག་རྩ་བར། མོའི་ཡི་གེ་མེད་ན་ཕོ་ཡིག་རྐྱང་བས་དོན་ཅི་ཡང་མི་སྟོན་ཅེས་སྤྱིར་བསྟན་ནས། ཁྱད་པར་ཕོ་ཡིག་རྣམས་ལ་རྗེས་འཇུག་བཅུ་ལས་གང་ཡང་རུང་བ་ཞིག་མ་ཞུགས་ན་མིང་དང་ཚིག་གསལ་བོ་མི་འབྱུང་ཞེས་གསུངས་པའི་ཕྱིར་ན། རྗེས་འཇུག་གཞན་དགུ་པོ་གང་རུང་མེད་ཚེ་འ་མཐའ་ཅན་བྱེད་དགོས་པ་སུམ་ཅུ་བར་བསྟན་ཟིན་པ་དེའི་དོན་སྐབས་འདིར་དྲན་པར་རིགས་ཀྱི། སྐབས་དང་མ་འབྲེལ་བའི་ཨ་ཆེན་ཞིག་གློ་རྡོལ་དུ་འབྱུང་དོན་ཅི། གལ་ཏེ་ཡིན་པའི་དབང་དུ་བཏང་ན་ཡང་ཨ་ཡིག་རྟགས་མེད་དུ་རང་གིས་ཁས་བླངས་ནས་དེ་མོ་ཡི་ཡི་གེའི་གྲས་སུ་བཞག་ན་རྩ་བ་དང་འགལ་འགྲོ་བ་མ་ཡིན་ནམ། ཞེས་ཞུའོ།། དབྱངས་ཅན་གྲུབ་པའི་རྡོ་རྗེའི་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལས། སྐབས་འདིར་དབྱངས་ལྔར་བཞེད་པ་བདེ་ཞེས་ཨ་ཡིག་དབྱངས་ཀྱི་གྲས་སུ་བསམ་བཞིན་བཞག་ཡོད་དོ། །དེ་བཞིན་དུ་ཨ་ལ་ཤས་ཀྱང་ཨ་ཡིག་སྐབས་འགར་དབྱངས་དང་སྐབས་འགར་གསལ་བྱེད་དུ་བཤད་ཅིང་། ཨ་ཡིག་དབྱངས་སུ་བསྒྲུབ་ཕྱིར་དབྱངས་ཅན་དགྱེས་གླུའི་དབྱངས་ཨ་ངེས་པའི་ཚིགས་བཅད་འདྲེན་པ་སོགས་སྐུ་ཚེགས་ལ་བཅར་འདུག་གོ ། བཅུ་གསུམ་པ། རྟགས་འཇུག་གི་གཞུང་བརྩམས་པའི་དགོས་པ་དང་དགེ་བསྔོ། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གྲུབ་མཐའ་གཞན་ཡང་ཡོད་ན་ཡང་།། རང་ཉིད་ཀྱིས་ནི་མི་ཤེས་བཞིན།། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས།། སྨྲ་བ་ཀུན་ལ་གནས་གྱུར་ཀྱང་།། རང་ཚུལ་དེ་ཉིད་མི་ཤེས་པས།། དོན་ལ་སྦྱོར་བ་ག་ལ་ཤེས།། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི ། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག ། དཔེར་མཚོན་ན། མ་བསླབས་ཤིང་མ་སྦྱངས་པའི་འཇིག་རྟེན་གྱི་སྐྱེ་བོ་ཐ་མལ་བ་རྣམས་ཀྱིས་རང་ལུས་ལ་ཡོད་པའི་གཟུགས་ནས་རྣམ་ཤེས་ཀྱི་བར་ཕུང་བོ་ལྔ་དང་། མིག་སོགས་དབང་པོའི་ཁམས་དྲུག་དང་། གཟུགས་སོགས་ཡུལ་གྱི་ཁམས་དྲུག མིག་གི་རྣམ་ཤེས་སོགས་རྣམ་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་དང་། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་བར་དྲུག་དང་། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་བར་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་ཀྱིས་མཚོན་པའི་གསོ་རིག་ལས་བསྟན་པའི་དོན་ལྔ་སྣོད་དྲུག་དང་། ལུས་ཀྱི་རྩ་སྟོང་ཕྲག་དོན་གཉིས་ཆགས་ཚུལ་དང་། ཚད་མའི་རིག་པ་ལས་བསྟན་པའི་བློ་རིག་བདུན་དང་། མངོན་པ་གོང་འོག་ལས་བཤད་པའི་སེམས་བྱུང་ལྔ་བཅུ་སོགས་གང་དང་གང་ཡིན་པ་མི་ཤེས་པ་དང་། གྲུབ་མཐའི་དབང་གིས་བཞག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་གི་དབྱེ་བ་བགྲང་ལས་འདས་པ་རྣམས་ཀྱང་ཕུན་སུམ་ཚོགས་པའི་རྐྱེན་དང་མ་ཕྲད་པར་ཤེས་པའི་གནས་མེད་པ་དེ་བཞིན་དུ། ཡི་གེའི་རྟགས་དང་མཐུན་པར་ཇི་ལྟར་སྦྱོར་ཚུལ་ཡང་བརྡ་སྤྲོད་སྨྲ་བ་ཐམས་ཅད་ལ་ལྷུན་ཆགས་སུ་གནས་པའམ་རང་ཆས་སུ་གྲུབ་ཡོད་ནའང་། སློབ་དཔོན་དང་དགེ་རྒན་སོགས་ཀྱིས་བརྡ་སྤྲོད་པའི་མན་ངག་གི་རྐྱེན་ཅི་ཡང་མེད་པར། མིང་ཚིག་ཇི་ལྟར་འཇུག་པའི་རང་གི་ཚུལ་ལུགས་དེ་ཤེས་པའི་ཐབས་མེད་པ་དང་། དེ་མ་ཤེས་པས་ནི་བླང་དོར་གྱི་དོན་སྟོན་པའི་ཚུལ་ཤེས་མི་ནུས་པ་དང་། དེ་ཤེས་པའི་སླད་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན་ཏེ་རྟགས་ཀྱི་འཇུག་པའི་དོན་ལ་རབ་ཏུ་མཁས་པར་བྱའོ།། གོང་སྨོས་རྒྱུ་མཚན་དེ་དག་གི་ཕྱིར་ན་སློབ་དཔོན་ཐོན་མི་སམྦྷོ་ཊས་འཕགས་ཡུལ་གྱི་ཡི་གེའི་འཇུག་པའི་རྣམ་གཞག་སྨྲ་བ་ལ་མཁས་པའི་ཕུལ་དུ་སོན་པ་རྣམས་ཀྱི་རྗེས་སུ་མཐུན་པར་རྟགས་འཇུག་གི་རྣམ་གཞག་བརྩམས་པ་འདིའི་དགེ་བའི་མཐུ་ལ་བརྟེན་ནས་གངས་ཅན་བོད་ལྗོངས་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་ལས་ཤིན་ཏུ་རྟོགས་དཀའ་ཞིང་རྟོགས་ན་མཁས་པའི་ཡོན་ཏན་གྱི་མཛོད་ལ་མངའ་བརྙེས་པར་འགྱུར་བའི་གཞུང་ལུགས་འདི་ཉིད་བློ་གསལ་ཞིང་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་ཚུལ་བཞིན་དུ་རྟོགས་པར་གྱུར་ཅིག་ཅེས་ཐུགས་སྨོན་མཛད་པ་སྟེ། དེ་ལྟར་ན་ཐོན་མིའི་ཞལ་ལུང་ལས་རྟགས་ཀྱི་འཇུག་པའི་རྒྱ་ཆེར་འགྲེལ་བ་ལེགས་པར་བསྟན་ཟིན་ཏོ།། རྭ་སྒྲེང་ཁྲི་ཆེན་བློ་བཟང་བསྟན་པ་རབ་རྒྱས་ཀྱི་ཐུགས་ལ་བབས་པར་གྲགས་པའི་རྡོ་རིང་བའི་སུམ་རྟགས་འགྲེལ་བ་ཨུཏྤ་ལའི་རྣ་རྒྱན་ལས། སི་ཏུའི་འགྲེལ་བ་མུ་ཏིག་ཕྲེང་མཛེས་ཀྱི་སྐབས་མཚམས་སྔ་ཕྱི་ཐམས་ཅད་དུ་རྒྱལ་དབང་ལྔ་བའི་ཞལ་སློབ་རྣམ་གླིང་བའི་སུམ་རྟགས་འགྲེལ་བ་ལ་ཆེད་གཉེར་དམིགས་ཕུག་གི་དགག་པ་མཛད་པ་ལས་འགའ་ཞིག་ཐུགས་མད་པའམ་དགོངས་དག་པ་ཙམ་དང་། རེ་གཉིས་ནི་ཚུལ་བསྟན་ལ་དགེ་ཀར་གྱི་ན་རྒྱུ་ཚ་རྒྱུ་འདྲ་ཡང་མིན་ནམ་སྙམ་པ་སོགས་འདུག་ཅིང་། ཁོ་བོས་ནི་རང་གཞན་གྱི་ལུགས་ལ་དགག་སྒྲུབ་བྱས་ཁུལ་འདི་དག་ཚང་མ་གཙོ་བོར་རྩ་གཞུང་གི་དགོངས་པའི་རྒྱབ་སྐྱོར་དང་། ཡང་སྒོས་རང་ལུགས་ཀྱི་གཅེས་ནོར་དག་ཡིག་ཟ་མ་ཏོག་གི་ཞབས་འདེགས་སུ་འགྱུར་རེ་ཁོ་ན་ཡིན་ནོ། །ཞེས་བཤད་པ་ནི་བློ་གཟུ་བོར་གནས་པའི་གཏམ་སྟེ་བདག་ཀྱང་ཚུལ་འདི་ལྟ་བུའི་རྗེས་སུ་འབྲང་སྙམ་པའི་ཀུན་སློང་ཡར་ལྡན་དུ་མཆིས་ན་ཡང་སྟག་གིས་མཆོང་སར་ཝས་མི་སླེབས་པ་ནི་སྨྲ་མི་དགོས་སོ།། དེ་ལ་ཇི་སྐད་དུ། བློ་གསལ་བརྩོན་ལྡན་སྐལ་མཉམ་གཞོན་ནུ་ཚོར།། ཅུང་ཟད་ཕན་ནམ་སྙམ་པའི་ཀུན་སློང་གིས།། མི་ཤེས་ཤེས་ཁུལ་ངོ་ཚའི་གོས་བྲལ་ཏེ།། སྤྱི་བརྟོལ་འཛུམ་དཀར་འཕྲོ་བའི་མེ་ཏོག་སྤྲོས།། སྔོན་བྱོན་མཁས་པའི་ཟླ་མེད་ལེགས་བཤད་ལ།། མ་གུས་ཕྱོགས་ལྷུང་མཐོང་ཆུང་མ་ལགས་ཏེ།། གསེར་ལ་བསྲེགས་བཅད་བརྡར་བའི་དཔེ་ཇི་བཞིན།། མཁས་པའི་བརྟག་དཔྱད་ལས་ལ་འགལ་ཅི་ཡོད།། དེ་སླད་འདིར་ཡང་རང་བློས་ལྕོགས་ཚོད་ཀྱིས།། འགལ་སྒྲིག་ལྷད་འབྱིན་བྱས་ཁུལ་གང་ལྟར་ཡང་།། དོན་གཉེར་ལྡན་པའི་བློ་གྲོས་ཁ་བའི་རིར།། ཉི་ཟླའི་འོད་ཀྱིས་ཆེས་དཀར་མི་འགྱུར་རམ།། ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་དག་གིས་དྲི་མ་མེད་པའི་ཀུན་སློང་སྒྲིབ་མེད་དུ་མཚོན་པར་བྱས་སོ།། འདིར་སྨྲས་པ། ཀ་ཕྲེང་དབྱངས་ཡིག་སོ་བཞིའི་གྲངས་ལྡན་གྱིས།། ཁ་བའི་ལྗོངས་འདིའི་ཐ་སྙད་མིང་བརྡའི་ཚོགས།། ག་ཤལ་ནོར་ཕྲེང་རྒྱ་མཚོ་མཚོན་ནུས་པའི།། ང་རོ་འབྲུག་སྒྲའི་དབྱངས་ལ་འགྲན་འདི་མཚར།། ཅ་ཅོ་འདུ་འཛིས་དབེན་པའི་བསྟི་གནས་སུ།། ཆ་ཤས་ཡོངས་སུ་རྫོགས་པའི་རྒྱས་འགྲེལ་འདི།། ཇ་ཁུ་བཏུང་བས་ལུས་ཁམས་གསོ་དང་ལྷན།། ཉ་མོ་འཁྱུགས་འགྲོས་དཔེ་བཞིན་ལེགས་པར་བརྩམས།། ཏཱ་རེའི་རྣམ་འཕྲུལ་འུན་ཤང་ཀོང་ཇོ་དུས།། ཐ་མལ་སུས་ཀྱང་འགྲན་དུ་མི་བཏུབ་པ།། ད་གཟོད་ཐོན་མི་ཞེས་གྲགས་སློབ་དཔོན་དེས།། ནཱ་ག་ར་དཔེས་ཡིག་གཟུགས་གཏན་ལ་ཕབ།། པ་སངས་ལྟར་དཀར་སྙན་པའི་དར་བོ་ཆེ།། ཕ་མཐའ་མེད་པའི་དབྱིངས་སུ་བསྐྱོད་པ་ན།། བ་སྤུ་ལང་ལོང་གཡོ་ལྡན་བསྔགས་པའི་དབྱངས།། མ་ཡཱུར་མགྲིན་གླུས་ཕྱོགས་ཀྱི་བརྟན་པ་འཕྲོག ། ཙ་ཏུར་གྲངས་ལྡན་སྨོན་གནས་ལྷུན་འགྲུབ་ཕྱིར།། ཚ་རླབས་དབྱིངས་སུ་འཕྱུར་བའི་གྲྭ་གཅིག་ན།། ཛ་ཡའི་བསྟན་ལ་ཞུགས་པའི་རྒན་པོ་ཡང་།། ཝ་མོ་མཆོང་ལྡིང་རྩལ་གྱིས་ཅི་ཡང་བྲེལ།། ཞ་ཡིག་ལྟར་འཁྱིལ་འཁྱོག་པའི་སེམས་སྤངས་ཤིང་།། ཟ་གཉིད་ཙམ་གྱི་བདེ་ལ་མ་ཆགས་པར།། འ་ཅག་བྷོ་ཊའི་རིག་གཞུང་མུ་ཏིག་ཕྲེང་།། ཡ་མཚན་འདི་དག་སྤེལ་ལ་སུ་མི་རངས།། ར་རིའི་སྐྱོན་བྲལ་ལྷག་བསམ་རྣམ་དག་གིས།། ལ་ལའི་བཞེད་ཕྱོགས་ཚུལ་ལ་དགག་སྒྲུབ་ངག ། ཤ་མོ་བརྡོལ་ལྟར་སྣང་བ་འདི་དག་ཀྱང་།། ས་ལེར་རྟོགས་སླད་ཡིན་གྱི་གཞན་དུ་མིན།། ཧ་ཅང་རྒྱས་མིན་གོ་སླའི་ངག་ཚིག་གིས།། ཨ་ཆེན་ཡི་གེའི་མཆོག་གྱུར་གཏན་འབེབས་གཞུང་།། སུམ་རྟགས་བརྡ་སྤྲོད་ཉིན་བྱེད་འོད་སྟོང་གིས།། རྨོངས་པའི་མུན་ཆེན་དྲུངས་ནས་འབྱིན་པར་ཤོག ། ཅེས་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་འདི་ནི། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་སམ་མིང་གཞན་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་འབོད་པས་རིས་སུ་མ་བཅད་པའི་བློ་གསལ་དོན་གཉེར་དང་ལྡན་པ་རྣམས་ལ་གངས་ཅན་བྷོ་ཊའི་བརྡ་སྤྲོད་རིག་པ་འདི་ལས་རང་གིས་ཤེས་ཚོད་ཙམ་ཞིག་སྐྱེས་ཀྱི་ཚུལ་དུ་ཕུལ་བ་སྟེ། རབ་རྒྱལ་བགྲང་བྱ་ང་གསུམ་པ་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི(༡༩༧༩)དབྱར་གྱི་དུས་སུ་རྩོམ་པའི་མགོ་བཙུགས་ནས་ལོ་དེ་གའི་སྟོན་གྱི་མཇུག་ཆ་ལ་ལེགས་པར་བརྩམས་གྲུབ་པའི་དགེ་བས་རིག་པའི་གཞུང་ལུགས་ཀྱི་རྩ་བར་གྱུར་པ་སུམ་ཅུ་བ་དང་རྟགས་འཇུག་འདི་ཉིད་ཀྱི་འཕྲིན་ལས་དར་ཞིང་རྒྱས་པར་གྱུར་ཅིག། །། རྟགས་འཇུག་གི་ས་བཅད་དྲུག་པ་འདི་དཀྱུས་སུ་བཀོད་ན་གཞུང་དོན་སྒྲིབ་པར་འགྱུར་བས་ན་བལྟ་བདེ་ཕྱིར་གཤམ་དུ་བཀོད་པ། དྲུག་པ། སི་ཏུས་བཀོད་པའི་དཔེར་བརྗོད་གལ་ཆེ་བ་འགའ་ཞིག་གི་མཆན་འགྲེལ་དང་ཡི་གེ་མ་དག་པའི་འཁྲུལ་སེལ་སྐོར། [ཆུས་བཀང་] རང་བཞིན་གྱིས་གང་བའི་ཁ་གཏད་བྱེད་པ་པོས་བཀང་བར་བྱས་པ། [གོས་བཀབ] མས་བྱིས་པ་བསྙལ་དུས་གོས་བཀབ་པ་ལྟ་བུ་སྟེ་དེའི་ཁ་གཏད་ལ་མིག་ལ་ལིང་ཏོག་གབ་འདུག་ལྟ་བུས་མཚོན། [ལོགས་སུ་བཀར] ར་ལུག་སོ་སོར་བཀར་བ་ལྟ་བུ་སྟེ་ཕན་ཚུན་རྐྱ་བཀར་བས་མཚོན། [ལམ་བཀག] གཞུང་ལམ་དུ་གད་པ་ཉིལ་བས་རླངས་འཁོར་བཀག་པ་ལྟ་བུ། [ལག་པ་བཀན] བསམ་བཞིན་ལག་པ་གྱེན་དུ་བསྟན་པ་སྟེ་ཉལ་བའི་གན་རྐྱལ་དང་མི་འདྲ་བ་ནི་བྱེད་པ་པོ་དངོས་སུ་ཡོད་མེད་ཀྱི་ཁྱད་དོ།། [ཁལ་བཀལ] གཡག་ལ་དོ་བོ་བཀལ་བས་མཚོན། [ཤིང་བཀས] སྟ་རེས་གཤེག་པ་སྟེ་ཉི་མ་དང་ཆར་རླུང་གིས་གས་པ་དང་མི་འདྲ། [སྲད་བུ་བཀལ] སྐུད་པ་བསྒྲིལ་བ། [ཁྲལ་བཀལ] འོག་གི་ཁྲལ་བཀྲལ་དང་འདྲ་སྟེ་ཁྲལ་བཞག་པའམ་ཕབ་པ། [གཞུ་བཀང] རྒྱུད་མདའི་ལྟོང་ལ་སྦྱར་ནས་མདའ་འཐེན་པ་སྟེ་འོག་གི་གཞུང་བདུངས་དང་འདྲའོ།། [གོང་དུ་བཀུར] འཁུར་བ་དང་བཀུར་བ་དོན་གཅིག་ཏུ་གོ་དགོས་པ་ཞིག་ཡོད་ན་ཡང་འདིར་ནི་སྲི་ཞུ་བྱེད་པའི་གནས་སུ་བཟུང་བ། [ཤིང་བཀུག] འདིའི་ཁ་གཏད་ལོ་འབྲས་ཀྱི་ལྗིད་མ་ཐེགས་པར་བཟའ་ཤིང་གི་མགོ་གུག་པ་དང་ཁྱད་པར་ཡོད། [སྨན་བཀུས] བརྡ་རྙིང་སྟེ་སྨན་གདུས་པ། [སྲོག་བཀུམས] བསད་པའི་བརྡ་རྙིང་། [སྤ་བཀོང] དཔའ་ཞུམ་པ་སྟེ་སྙིང་སྟོབས་ཞན་པར་གྱུར་པ། [རྩ་བ་བཀོག] ཤིང་སྡོང་སོགས་ཀྱི་རྩ་བ་ཕྱིར་བཏོན་པའམ་ཕྱུང་བ། [ལྷས་བཀོད] བཀྲམ་པ་དང་བཤམས་པའི་བརྡ་སྟེ་བཀོད་བཤམས་ཞེས་པས་མཚོན། [ཟུར་དུ་བཀོལ] ལོགས་སུ་ཕྱེ་བའམ་བཀར་བ། [གཡོག་ཏུ་བཀོལ] ཅི་དགར་ལོངས་སྤྱད་པའམ་བྲན་དུ་བཟུང་བ། [ཐག་པས་བཀྱིགས] བཅིངས་པའམ་བསྡམས་པ། [སྤྲུལ་བ་བཀྱེས] གཅིག་ལས་མང་པོར་སྤྲོས་པ། [རྒྱ་བཀྱེད] སྤྱིར་རྒྱ་ཇེ་ཆེར་བཏང་བ་ལ་རྒྱ་བསྐྱེད་ཅེས་ས་མགོ་ཅན་དུ་འབྲི་བ་དར་ཆེ་ཞིང་། བཀྱེད་ནི་བར་ཐག་ཇེ་རིང་དུ་བཏང་བའི་དོན་ཏེ་ཁྱོད་བཀྱེད་ནས་མ་འདུག ཐག་ཉེ་སར་ཤོག་ལྟ་བུས་མཚོན་ལ། འོག་ཏུ་རྒྱ་བསྐྱེད་ཅེས་ཡོད་པ་ལ་དཔགས་ན། རྒྱང་བཀྱེད་ཟེར་རྒྱུའི་རྗེས་འཇུག་ང་ཡིག་ཆད་པ་འདྲ། [མེ་ཏོག་བཀྲམ] ཁྱབ་པར་བརྡལ་བའམ་བར་མཚམས་མེད་པར་བཀང་བར་བྱས་པ། [དགོངས་པ་བཀྲལ] འདོད་ཚུལ་གྱི་ཁྱད་པར་རྣམས་ལ་གསལ་བཤད་བྱས་པ། [རྒྱལ་བོས་བཀྲབས] བརྡ་རྙིང་སྟེ་འདམས་པའི་དོན་ཡིན་ཞིང་། རྒྱལ་བོའི་ཐུགས་ལ་འབབ་པའི་མི་བློན་པོར་བསྐོས་པ། [ཐར་བར་བཀྲིས] ཁྲིད་པའི་བརྡ་རྙིང་། [དྲི་མ་བཀྲུས] ཆུས་དག་པར་བྱས་པ། [དགྲ་བཅོམ་བཀྲོངས] བསད་པའི་བརྡ་སྟེ་དེའི་ཁ་གཏད་རང་བཞིན་གྱིས་ཤི་བའི་གྲོངས་དང་མི་འདྲ་ཞིང་བགྲོངས་དང་འཇུག་པ་གཅིག་གོ ། [ཚིག་གིས་བཀྲོས] ཕན་པའི་ཚིག་གིས་བསླབ་བྱ་བཏང་བ། [མདོ་བཀླགས] དཔེ་ཆ་སོགས་སྐད་མཐོན་པོ་སྒྲ་དང་བཅས་པས་བཏོན་པ། [འདོད་པ་ལ་བརྐམ] རྒྱུ་རྫས་ལ་ཞེན་ཆགས་ཆེ་བ། [ནོར་བརྐུས] གཞན་ནོར་ལྐོག་གིས་བླངས་པ་སྟེ་བྱ་བ་ཐ་ཆད་པ། [ལག་པ་བརྐྱངས] བསྐུམས་པའི་ལྡོག་ཟླ། [ས་བརྐོས] འཇོར་དང་ལག་པས་ས་བྲུས་པ། [ཁ་བསྐངས] མ་ཚང་བ་ཚང་བར་བྱས་པ། [ཐུགས་དམ་བསྐངས] བཟའ་བཅའ་བཏུང་གསུམ་སོགས་ཀྱིས་དགའ་བར་བྱས་པ་སྟེ་གཞུང་གཞན་དུ་ཐུགས་དམ་བཀང་ཞེས་ས་མགོ་མ་བྱས་པ་ཅན་ཡང་ཡོད་དོ།། [ཆུ་བསྐམས] མེ་ཤུགས་ཆེ་བས་ཆུ་འཐག་པ། [ཡང་ཡང་བསྐྱར] བལྡབས་པའམ་ཟློས་པའི་དོན། [སྲོག་བསྐྱབས་སྲོག་འདོར་བའི་ཉེན་ཁ་ལས་ཐར་བར་བྱས་པ། [ཆུ་བསྐྱམས] འཁྱོམ་གྱི་ཁ་གཏད་མཚོ་སོགས་རླུང་གིས་ཡོམ་ཡོམ་དུ་བསྐྱོད་པའམ་འོ་མའི་སྣོད་སོགས་བསྒུལ་བ། [དྲིན་གྱིས་བསྐྱངས] ཕན་བཏགས་པ། [རུ་བ་བསྐྱས] འབྲོག་པའི་རུ་བཀལ་འགེལ་བྱེད་པ་སྟེ་སྦྲ་དང་ཡོ་བྱད་སོགས་མཚེར་གཞན་དུ་སྤོས་པའི་དོན། [གནས་སུ་བསྐྱལ] སྔ་མཁོའི་གནས་སུ་བསླེབས་པར་བྱས་པ། [ཕྱིར་བསྐྲད] ཕྱི་རོལ་ཏུ་དེད་པའམ་ཕུད་པ། [ཆུ་བསྐྱིལ་] ཆར་བབས་ནས་རང་བཞིན་གྱིས་ཆུ་འཁྱིལ་བའི་ཁ་གཏད་བྱེད་པ་པོ་ཞིག་གིས་ཆུ་ཤོར་དུ་མ་བཅུག་པ། [ནོར་བསྐྱིས་] གཡར་བ་ལ་དོན་གཉིས་ལས་དངོས་རྫས་གང་ཡིན་པ་དེ་བརྗེ་སྤོར་བྱས་ནས་སྤྲད་ཆོག་པ་ལ་བསྐྱིས་དང་། དངོས་རྫས་གང་ཡིན་པ་དེ་བརྗེ་སྤོར་མ་བྱས་པར་སྤྲོད་དགོས་པ་དེ་ལ་གཡར་ཞེས་པའི་ཁྱད་པར་ཡོད་དོ། །རྒྱ་སྐད་ལ་གཡར་དང་བསྐྱིས། བཙའ་དང་གཡའ་སོགས་ལ་ཁྱད་པར་མེད་ཟེར་ཏེ་བོད་སྐད་ལ་ཁྱད་པར་ཤིན་ཏུ་ཆེའོ།། [སྣུམ་བསྐུས་] ཀོ་བ་ལ་མཉེན་ཐོབ་པའི་དོན་དུ་སྣུམ་བྱུགས་པས་མཚོན། [དབང་བསྐུར] རྫི་སྒྱུར་གྱི་རྒྱལ་སར་འཇོག་དུས་གླང་ཆེན་ལ་བསྐྱོན་པ་དང་། བྲམ་ཟེས་སྤྱི་བོར་བུམ་ཆུ་ལྡུག་པའི་ཆོ་ག་བྱེད་པ་སོགས་ཀྱིས་མཚོན། [ལག་བསྐུམས] བརྐྱངས་པའི་ལྡོག་ཟླ། [ནོར་བསྐུངས] སྦས་པའི་བརྡ་སྟེ་རྐུན་མ་བསྐུངས་འདུག་ཅེས་པས་མཚོན། [ཆོས་ལ་བསྐུལ] འབད་རྩོལ་གྱིས་ཤིག་ཅེས་བསྐུལ་མ་བཏང་བ། [རྒྱབ་ཏུ་བསྐྱུར] འཕངས་པ་དང་དབྱུགས་པའི་བརྡ་སྟེ་མཁོ་སྤྱོད་མེད་པར་རྒྱང་དུ་དོར་བ། [སེམས་ཀྱིས་བསྐྱུད] དྲན་པས་མ་ཟིན་པར་བརྗེད་པའི་དོན། [གཅོམ་བསྐྱུངས] ཅ་ཅོ་དང་འདུ་འཛི་སྤངས་པ་སྟེ་ཀུ་སིམ་མེར་ཡོད་པའི་དོན། [ཁེངས་པ་བསྐྱུངས] ང་རྒྱལ་དང་རློམ་སེམས་དོར་བ། [ཟས་བསྐྲུས] གཡོ་ཐབས་ཀྱིས་ཟན་བསླངས་པ། [ལོ་ཏོག་བསྐྲུན] བསྐྱེད་པའམ་སྐྱེས་སུ་བཅུག་པ། [སེམས་བསྐྱེད] རང་དོན་ཡལ་བར་དོར་ནས་གཞན་དོན་ཁུར་དུ་བླངས་པས་མཚོན། [སྨན་བསྐོལ] ཁོལ་བ་དང་བསྐོལ་བའི་ཁྱད་པར་ཡང་རིགས་པས་བསྒྲེ། [རྒྱལ་སར་བསྐོས] སྲིད་དབང་ལག་ཏུ་གཏད་པས་མཚོན། [འཁོར་གྱིས་བསྐོར] ཚོགས་པ་མང་པོས་མཐའ་བསྐོར་བ། [གོས་བསྐོན] གོན་པའི་ཁ་གཏད་ཨ་མས་བུ་ལ་གོས་གོན་དུ་བཅུག་པ། [རྟར་བསྐྱོན] ཞོན་པའི་བརྡ་སྟེ་རྟ་ལ་བསྐྱོན་ནས་བརྫངས་ཞེས་པས་མཚོན། [རླུང་གིས་བསྐྱོད] གཡོ་བར་བྱས་པ་སྟེ་འགུལ་བ་དང་དོན་གཅིག [གད་མོ་བགད] སྐད་མཐོན་པོས་ཧ་ཧ་ཞེས་དགའ་བའི་ང་རོ་འབྱིན་པ། [ལམ་བགགས] གཅན་གཟན་གྱིས་ལམ་ཁ་ནས་བཀག་སྟེ་མི་ཐར་བར་བྱས་པ་ལྟ་བུ་སྟེ་འོག་ཏུ་བྱ་ཚིག་གི་སྐབས་སུ་བསྒག་བྱའི་བུ་ག་ཞེས་ས་མགོ་ཅན་ཡང་བྲིས་སྣང་སྟེ་འཇུག་པ་གཅིག་གོ ། [ཚོད་བགམ] ཉམས་ཚོད་བརྟག་པའམ་ཉམས་སད་པ། [གཡང་ལ་བགྲིལ] གྲིལ་བའི་ཁ་གཏད་ཡོངས་གྲགས་ལ་རྦབ་ཏུ་བསྒྲིལ་ཞེས་པའི་ཚེ་ས་མགོ་ཐོབ་པ་དག་གོ ། [གོ་བསྒོས] རྨོག་དང་ཁྲབ་སོགས་གྱོན་པ། [གོམ་པ་བགོ་མས] རྐང་བ་སྤོས་པའི་བརྡ། [སྐལ་བ་བགོས] ཤ་དང་མར་སྐལ་བརྒྱབ་པས་མཚོན། [ལམ་དུ་བགོར] འགོར་གྱི་ཁ་གཏད་བྱེད་པ་པོ་དངོས་ཡོད་ཀྱི་ཚེ་ན་འདིར་ལྟར་ཐོབ། [དུས་བགྱངས] འགྱངས་ཀྱི་ཁ་གཏད་བྱེད་པ་པོ་ཡོད་མེད་ཀྱི་ཁྱད། [ལས་བགྱིས] བྱ་བ་བྱས་ཟིན་པ། [མིག་བགྲད] གདངས་པའི་བརྡ་སྟེ་རྐང་བ་བགྲད་པས་མཚོན། [ཕྲེང་བ་བགྲངས] གྲངས་བསགས་པ། [གྲངས་བགྲངས་] གྲངས་ཀ་བརྩིས་པ་སྟེ་ས་མགོ་ཅན་ཡང་སྣང་། [ཆུ་བགྲུངས] རྙོག་མའི་ཆུ་དྭངས་པར་བྱས་པ། [འབྲས་བགྲུས] འབྲས་མ་བཙོས་པའི་གོང་རོལ་ཆུས་བཤལ་བ། [བཀའ་བགྲོས] གླེང་བསླངས་པའི་སྒོ་ནས་གྲོས་ཁ་མཐུན་པར་བྱས་པ། [ལམ་བགྲོད] རྐང་བ་འདེགས་འཇོག་གིས་སྤོས་ནས་གནས་སུ་ཕྱིན་པ། [ཆུ་བརྒལ] བསྒྲལ་བའི་དོན་ཏེ་ཆུའི་ཚུར་ཁ་ནས་ཕར་ཁར་ཕྱིན་པ། [རྒྱན་གྱིས་བརྒྱན] སྤྲས་པའམ་སྤུད་པ་སྟེ་བྲང་རྒྱན་དང་རྣ་རྒྱན་སོགས་བཏགས་པས་མཚོན། [དྲན་མེད་བརྒྱལ] དབང་བོ་ཉམས་པ་སྟེ་རེ་ཞིག་ལ་དབུགས་ཀྱི་འགྱུ་བ་ཆད་པ། [མཚོན་བརྒྱབ] རལ་གྲི་བཏབ་པས་མཚོན། [འོ་བརྒྱལ] དཀའ་ལས་མཛད་སོང་བའི་བརྡ་སྟེ་ཞེ་སའི་ཚིག [ནོར་གྱིས་བརྒྱགས] དངོས་རྫས་བྱིན་ནས་མགུ་བར་བྱས་པ། [ཀོ་བ་བརྒྱངས] ཐར་བཅད་པའི་བརྡ་སྟེ་གཉེར་མ་དང་ཁམ་ཁུམ་མེད་པར་བྱས་པ། [རྒྱུད་མར་བརྒྱུད] བར་མ་ཆད་པར་གཅིག་ནས་གཅིག་ཏུ་བརྒྱུད་པ། [ཕྲེང་བ་བརྒྱུས] སྲད་བུ་ལ་ཕྲེང་རྡོག་རེ་རེ་ནས་བརྒྱུས་པ། [བང་བརྒྱུགས] རྟ་ལ་ཞོན་ནས་བང་བླངས་ཏེ་མཆོང་རྒྱུགས་བྱེད་པ། [བུ་རམ་བསྒར] བུར་ཤིང་གདུས་ནས་བསྐོལ་བ་དང་བུ་རམ་རྡོག་པོར་བཟོས་པ། [མནའ་བསྒགས་] མནའ་སྐྱེལ་དུ་བཅུག་པ་སྟེ་ཡིད་ཆེས་པར་བྱེད་པའི་ཐབས། [ནོར་གྱིས་བསྒབ] གཉེན་སོགས་ལ་དངོས་རྫས་ཀྱིས་བསྐྱངས་པའི་བརྡ་རྙིང་། [ལམ་དུ་བསྒུགས] གྲོགས་ལ་ལམ་སྒུག་བྱས་པའི་འདས་ཚིག [ལག་པས་བསྒུལ] འགུལ་གྱི་ཁ་གཏད་བྱེད་པ་པོ་དངོས་ཡོད་ཀྱི་ཚིག [དྲིས་བསྒོས] འགོས་ཀྱི་ཁ་གཏད་དྲི་ཞིམ་པོ་བྲོ་བར་བྱས་པ་ལྟ་བུ། [བསམ་གཏན་བསྒོམས] སེམས་ནང་དུ་བཀུག་ནས་དོན་རྩེ་གཅིག་ཏུ་བསམས་པ། [ཟན་བསྒོངས] རྩམ་པ་སོགས་སྦྲུས་ནས་ལོག་ལོག་བྱས་པ་སྟེ། ཙོག་པུར་འདུག་པ་ལ་བསྒོངས་ནས་འདུག་ཅེས་པའང་མཚོན། [བཀའ་བསྒོས] བཀའ་ལུང་ཕབ་པ། [རྣམ་པར་བསྒྱིངས] འགྱིང་གི་ཁ་གཏད་ཁེངས་དྲེགས་ལྡན་པའི་འདུག་སྟངས། [ལེགས་པར་བསྒྱུར] གྱུར་གྱི་ཁ་གཏད་བོད་སྐད་རྒྱ་སྐད་དུ་བསྒྱུར་ཅེས་པས་མཚོན། [ཕྱིར་བསྒྱེལ] ཕྱི་གན་དུ་ཐང་ལ་བྱེད་པ་པོ་ཞིག་གིས་བརྒྱབ་པས་མཚོན། [ཆོས་བསྒྲགས] གྲགས་ཀྱི་ཁ་གཏད་བྱེད་པ་པོ་དངོས་ཡོད་ཀྱི་ཚིག [ཆུ་བསྒྲལ] ཆུ་བརྒལ་དང་འདྲ། [རྔན་བསྒྲངས] སྐྱོན་བགྲངས་པ་སྟེ་ངག་སྒྲོན་དུ་མངན་བགྲང་བ་ཞེས་འབྱུང་བས་ཡི་གེ་གང་དག་བརྟག་པར་བྱ། [གྲལ་བསྒྲིགས] གོ་རིམ་ཅན་དུ་ཕྲེང་བསྒྲིགས་པ། [བློ་བསྒྲིམས] གྲིམ་གྱི་ཁ་གཏད་སེམས་རྩེ་གཅིག་ཏུ་གཏད་པ། [སྐུད་པ་བསྒྲིམས] གློད་པའི་ལྡོག་ཟླ། [སྐྱོན་བསྒྲིབས] མི་མངོན་པར་བྱས་པ། [ཐི་གུ་བསྒྲིལ] ཐ་གུ་རྐྱ་བཏབ་ནས་དམ་དུ་བསྒྲིལ་བ། [དེ་ཡིས་བསྒྲུན] འགྲན་ཟླ་བྱེད་པའི་འདས་ཚིག [དོན་བསྒྲུབས] གྲུབ་ཀྱི་ཁ་གཏད་བྱེད་པ་པོ་དངོས་ཡོད་ཀྱིས་ལས་དོན་བསྒྲུབས་པ། [རྡོ་བསྒྲུགས] རྡོ་དུམ་བུར་གསིལ་བའམ་ཐར་ཐོར་དུ་བཏང་བ། [རིགས་བསྒྲེ] རིགས་འགྲེའི་ཁ་གཏད་གཅིག་གིས་གཞན་ལ་མཚུངས་པར་སྦྱར་བ། [གྱེན་དུ་བསྒྲེངས] འགྲེང་གི་ཁ་གཏད་བྱེད་པ་པོ་དངོས་ཡོད་ཀྱིས་གྱེན་དུ་བསླངས་པ། [བུད་མེད་བསྒྲོད] ཡོངས་གྲགས་ལ་ས་མགོ་མི་བྱེད་པ་མང་སྟེ་འཁྲིག་པའི་ཆོས་བསྟེན་པ། [ནོར་གྱིས་བརྔན] མིང་རྐྱང་སྐབས་སུ་ངན་པ་ནི་གླ་ཆ་དང་། བརྔན་ཞེས་པའི་ཚེ་རྔན་པ་བྱིན་ནས་མགུ་བར་བྱས་པ་སྟེ་བརྒྱགས་བརྔན་ཞེས་པས་ཚོན། [བཙས་མ་བརྔས] རྩྭ་དང་ལོ་ཏོག་བྲེགས་པའི་བརྡ། [དུ་བ་བརྔུབས] དབུགས་ལ་བརྟེན་ནས་འཇིབས་པ་སྟེ་ཁོང་དུ་དྲངས་པ། [རི་དྭགས་བརྔོན] རི་དྭགས་བདས་པ་སྟེ་རྔོན་བྱས་པ། [ཡོན་ཏན་བསྔགས] གཟེངས་བསྟོད་དང་ཆེ་བ་བརྗོད་པ་སྟེ་བསྔགས་བརྗོད་ཀྱིས་མཚོན། [དགེ་བ་བསྔོས] གཞན་ལ་ཕན་ཕྱིར་དངོས་སུ་བྱིན་པའམ་སེམས་ཀྱིས་བྱིན་པར་དམིགས་པ། [མཚང་བསྔོགས] ཞར་བ། འོན་པ། ལྐུགས་པ་ལྟ་བུའི་ཚིག་ངན་གྱིས་སྐྱོན་བྲུས་པ། [ལོགས་སུ་བཅར] ཉེ་དྲུང་དུ་བཏུད་པའི་དོན། [ཕྱག་བཅབས] ལག་པ་བཀྲུས་པའི་བརྡ་རྙིང་། [ཞབས་ཀྱིས་བཅགས] རྐང་བས་འཆག་འཆག་བྱེད་པའི་འདས་ཚིག [ཤིང་བཅག] ཤིང་དང་དཀར་ཡོལ་སོགས་རང་བཞིན་གྱིས་ཆག་པའི་ཁ་གཏད་བྱེད་པ་པོ་ཡོད་པའི་བརྡ། [དུམ་བུར་བཅད] ཆད་ཀྱི་ཁ་གཏད་བྱེད་པ་པོས་བསམ་བཞིན་བཅད་པའམ་གཏུབ་པ། [མིག་བཅར] རྡོ་བ་དང་ཁུ་ཚུར་ལྟ་བུས་མིག་མ་རུངས་པར་བྱས་པ། [འཕྲུལ་འཁོར་བཅས] བཟོས་པའམ་འདུ་བྱས་པའི་བརྡ། [དམ་བཅས] མནའ་བསྐྱལ་བ་དང་ཚིག་རྟིང་དོན་གྱིས་མནན་པས་མཚོན། [བློས་བཅལ] ཚད་གཞལ་བ། [ནོར་བཅལ] སྐྱིན་འཚབ་ནོར་གྱིས་ཁ་བསབས་པ། [ལག་ཏུ་བཅངས] བཟུང་བའམ་ཐོགས་པ་སྟེ་ལག་པས་དམ་དུ་བཟུང་བ། [ཕྱིར་བཅིལ] ཕྱིར་རོལ་ཏུ་བསྐྲད་པའམ་བཅོམ་པའི་བརྡ། [ཞགས་པས་བཅིངས] ཐག་པས་བཀྱིགས་དང་འདྲའོ།། [ཆིབ་བཅིབས] ཆིབས་ས་མཐའ་ཅན་ནི་ཞོན་པའི་ཞེ་ས་དང་བཅིབས་ནི་ཞོན་ཚར་བའི་ཞེ་ཚིག ཆིབ་ལ་ས་མཐའ་མེད་པ་མ་དག་སྟེ་ཆིབ་པ་ནི་ཁྱབ་པའི་བརྡ་རྙིང་ངོ་།། [སྣོད་དུ་བཅུག] ནང་དུ་བསྡུས་པའམ་ཕྱི་རོལ་ཏུ་ཡན་གར་མི་གཏོང་བ། [ཆུ་བཅུས] སྐྱོགས་དང་ལག་པའི་སྙིམ་པ་སོགས་ཀྱིས་ཆུ་འཆུ་བའི་འདས་ཚིག [སྲང་དུ་བཅུར] ལམ་འཕྲང་དོག་ས་ནས་བཀག་པའམ་ཨར་ལ་གཏད་པ། [ཤིང་བཅེར] ཕུང་བོར་སྤུངས་པའི་བརྡ། [ནོར་བཅོལ] གཞན་ལ་གཏམས་པ་སྟེ་འཆོལ་བའི་འདས་ཚིག [དགྲ་བཅོམ] རྩ་མེད་དུ་བཏང་བའམ་ཚར་བཅད་པ། [ཡུར་བ་བཅོས] ཆུ་བཞུར་སའི་རྐ་བཟོས་པ། [ལས་བཅོལ] གཞན་ལ་ལས་དོན་སྒྲུབ་པར་བསྐུལ་བ། [ཕན་ཚུན་བརྗེས] རིན་གོང་མཉམ་པའི་དངོས་རྫས་སོགས་ཕན་ཚུན་བརྗེ་རེས་བྱས་པ། [མཆོད་ཅིང་བརྗེད] དག་ཡིག་ངག་སྒྲོན་སོགས་སུ་བཀུར་སྟིའི་རྗེད་ལ་བས་འཕུལ་མེད་ཅིང་དྲན་པས་བརྗེད་ལ་བས་འཕུལ་སྦྱར་བ་ལྟར་བཟུང་ན་དག་པར་སེམས། [བདག་གིས་བརྗོད] བཤད་པའམ་སྨྲས་པའི་བརྡ། [གོས་བརྙན] གཡར་བ་སྟེ་རང་ལ་མེད་པ་དེ་གཞན་ལ་གཡར་བ། [རྗེས་སུ་བསྙེགས] སྡེ་དགེའི་པར་མར་འགྲེང་བུ་མེད་པ་པར་ཆག་པ་ཡིན་ལས་ཆེ། རྐུན་མའི་རྗེས་སུ་ར་མདས་དེད་པ་ལྟ་བུས་མཚོན། [ལག་པས་བསྙབས] སླེབས་དཀའ་བའི་སར་ལག་པས་རེག་པ་ལྟ་བུ། [འཕྲེད་ལ་བསྙལ] ཉལ་གྱི་ཁ་གཏད་བྱེད་པ་པོས་ཉལ་དུ་བཅུག་པ། [ཆང་བསྙལ] ཆང་དང་ཞོ་སོགས་བསྙལ་བ་སྟེ་དྲོད་དང་ལྡན་པའི་སར་བཏུམས་ནས་བཞག་པ། [ཁོད་བསྙམས] མཉམ་གྱི་ཁ་གཏད་འབར་འབུར་མེད་པར་བཏང་བའམ་རིང་ཐུང་ཚད་གཅིག་པར་བྱས་པ་ལ་རིང་ཐུང་བསྙམས་ཞེས་པའང་མཚོན། [གཞན་ལ་བསྙད] བཤད་པའམ་སྨྲས་པའི་བརྡ། [ཕྱིར་བསྙིལ] ཕྱི་རོལ་ཏུ་བསྐྲད་པའམ་དེད་པ། [མརཁུ་བསྙུགས] བྱུགས་པའམ་བསྐུས་པ། [ཡོ་བྱད་བསྙུངས] ཉུང་གི་ཁ་གཏད་ཇེ་ཉུང་དུ་བཏང་བ་སྟེ། ཁ་ཟས་དང་ལོང་གཏམ་སོགས་ཇེ་ཉུང་དུ་བཏང་བའི་སྒོ་ནས་སྡོམ་པ་བསྲུངས་བ་ལ་བསྙུང་གནས་ཞེས་བྱ་ཞིང་། སྨྱུང་གནས་ཞེས་འབྲི་བ་ནི་བརྡ་རྙིང་ངོ་།། [ནད་ཀྱིས་བསྙུན] ན་ཚ་ཐེབས་པའི་ཞེ་སའི་ཚིག [ཉེ་བར་བསྙེན] ཐག་ཉེ་བར་བཏུད་པ་སྟེ་བསྟེན་པ་དང་དོན་གཅིག [ཚངས་པར་བསྙེམས] ཚངས་པ་ནི་གཙང་བའི་དོན་དང་བསྙེམས་ནི་དྲེགས་པ་དང་རྒྱགས་པ། [གནས་སུ་བསྙེངས] གནས་སུ་སླེབས་པའི་བསྙེགས་ཟེར་རྒྱུ་ལ་རྗེས་འཇུག་ནོར་བའམ། བསྙེངས་ཞེས་པ་ནི་འཇིགས་པའམ་སྐྲག་པའི་དོན་ལས་གནས་སུ་བསྙེངས་ཞེས་པ་ལ་གོ་རྒྱུ་ཅི་ཡང་མེད་སྙམ་མོ།། [ཆུ་བསྙོགས] ཆུ་དྲི་མ་ཅན་དུ་བཏང་བ། [གཞན་ལ་བསྙོན] དཔེར་ན་ཉེས་པ་ཁས་མ་བླངས་པ་སྟེ་འཇུན་པའི་བརྡ། [རྒྱན་བཏགས] རྒྱན་ཆ་ལུས་ལ་སྤྲས་པའམ་སྤ་བར་བྱས་པ། [ཁ་བཏགས] བསད་ནས་ཤུལ་མེད་དུ་བཏང་བ་སྟེ་ཁ་དག་ཅེས་ཀྱང་འབྲིའོ།། [ནོར་བཏང] སེར་སྣ་མ་བྱས་པར་གཞན་ལ་བྱིན་པ། [རྒྱས་བཏབ] ཐེའུ་ཚེ་དཔར་ནས་གཞན་གྱིས་རང་དགར་རེག་མི་ཆོག་པར་བྱས་པ་ལྟ་བུ། [ཐིགས་པ་བཏིག] མིག་ཏུ་མིག་སྨན་བཏིག་ཅེས་པས་མཚོན་ཏེ་ཁ་སྐད་ལ་གཏིགས་ཞེས་ཐོན་ནོ།། [གདན་བཏིང] དག་ཡིག་གཞན་མ་ཚོར་བཏིང་ལ་ཡང་འཇུག་བྲིས་ཡོད། [མེ་ཏོག་བཏུས] རེ་རེ་བཞིན་ཐང་ནས་བཏུས་པ་སྟེ་སྔགས་བཏུས་ཀྱང་གོ་བ་དེའི་སྟེང་ནས་ལེན་དགོས། [ཆང་བཏུངས] འཐུངས་ཟིན་པའི་བརྡ། [སྦྱི་བོས་བཏུད] ཉེ་བར་གཏུགས་པའམ་ཕྱག་འཚལ་བས་མཚོན། [བྱེས་སུ་བཏེག] ཡུལ་གཞན་དུ་ཕྱིན་པས་མཚོན་ཏེ་གྱེན་དུ་བཏེག་དང་སྲང་ལ་བཏེག་འཇུག་པ་གཅིག་པས་ཡར་བསྟོད་པའི་མིང་། དག་ཡིག་གཞན་དུ་བཏེགས་ཞེས་ཡང་འཇུག་བྲིས་པའང་ཡོད། [བདུད་བཏུལ] ཚར་བཅད་པ་དང་ཞི་འཇམ་དུ་བཏང་བ་སྐབས་ཐོབ་ཀྱིས་སྦྱར། [ཐུར་མས་བཏུར] དག་ཡིག་རྣམས་སུ་འགྲེལ་བཤད་བྱས་པ་མ་མཐོང་བས་ཚོལ། [བཙོན་ལས་བཏོན] ཐོན་གྱི་ཁ་གཏད་བྱེད་པ་པོས་སྒོར་ཕྱུང་བ་ལྟ་བུ། [མགོ་བཏོན] མགོ་ཐོན་པ་ཞེས་པ་རང་དབང་དང་ལྡན་པ་སྟེ་དེའི་འདས་ཚིག [སྤུ་བཏོགས] འཇབ་ཚེས་ཁ་སྤུ་བཏོགས་པས་མཚོན། [སྲོལ་བཏོད] སྔར་མེད་པའི་ལུགས་གསར་བ་བསྐྲུན་པ། [ལྟས་བརྟགས་] མཚན་མ་བཟང་ངན་ལ་དཔྱད་པ་བཏང་བ། [སྡིག་པ་ལ་བརྟབས] འཛེམས་པ་སྐྲག་པ་སྐབས་ཐོབ་ཀྱིས་སྦྱར། [བྱ་བ་བརྟུལ] བྱ་བ་དེ་དང་དེའི་འཕྲོ་མཚམས་བཅད་པ། [དེར་བརྟེན] ས་བོན་ལ་བརྟེན་ནས་འབྲས་བུ་འབྱུང་ཞེས་པས་མཚོན། [ཐག་པས་བརྟོད] རྟ་དང་བེའུ་སོགས་ཐག་པས་བཏགས་ནས་འགྲོར་མ་བཅུག་པ། [གནས་སུ་བརྟོལ] གནས་ག་གེ་མོར་སླེབས་པའམ་ཕྱིན་པ། [རྣག་བརྟོལ] སྒང་གི་སྤུ་ཐུར་གྱིས་རྨ་སྨིན་པ་དབྲལ་བར་བྱས་པ་ལྟ་བུ། [སྐུ་བལྟམས] བཙས་པའི་ཞེ་ཚིག [བཅུད་ཀྱིས་བལྟམས] འཁྲུངས་པའི་བལྟམས་དང་ཁྱད་ཕྱེ་ནས་བཏམས་འབྲི་བ་ལེགས་སོ།། [མིག་གིས་བལྟས] མིག་གི་ཡུལ་དུ་གཟུགས་བཟུང་བ། [གོས་བལྟབས] བཞི་བལྟབས་དང་བརྒྱད་བལྟབས་སོགས་ཀྱིས་མཚོན། [ས་གཞི་བསྟར] གནས་ཁང་སོགས་བྱི་དོར་བྱས་པ། [ཆོས་བསྟན] བཤད་པའམ་དོན་ཁོང་དུ་ཆུད་པར་བྱས་པ། [འགྲོ་ཆས་བསྟད] བྱིན་པའམ་ལག་ཏུ་བཞག་པ། རྟ་ལ་སྒ་བསྟད་ཅེས་པའང་མཚོན། འོག་ཏུ་བསྟད་བྱའི་ཕྱོགས་ཞེས་ས་མགོ་བྱས་པ་དེ་ལ་ད་ལྟ་གཏད་ཅེས་འབྲི་བ་རྒྱུགས་ཆེ། [ཁ་ཟས་བསྟབས] དྲངས་པའམ་བཤམས་པའམ་བྱིན་པ་སྐབས་དང་སྦྱར། [ལྷ་བསྟིམས] ཐིམ་གྱི་ཁ་གཏད་བྱེད་པ་པོས་ཐིམ་པ་མ་བྱས་པ་ལ་བསྟིམས་ཟེར། [ཚིག་གིས་བསྟིངས] བསྟིང་སླད་ཅེས་པ་སྨོད་པ་སྟེ་འཕྱ་སྨོད་བྱས་པ། [ཐག་བསྟུངས] ཐུང་ངུའི་ཁ་གཏད་བར་ཐག་ཇེ་ཐུང་དུ་བཏང་བ། [གྲོས་བསྟུན] མཐུན་གྱི་ཁ་གཏད་གྲོས་འཆམས་པར་བྱས་པ། [བཤེས་གཉེན་བསྟེན] ཁད་ཉེ་བར་བསྙེན་པ་སྟེ་དྲུང་དུ་བཏུད་པ། [མངོན་པར་བསྟོད] ཆེད་དུ་བརྗོད་པ་སྟེ་ཡོན་ཏན་གྱི་ངོས་ནས་བསྒྲགས་པ། [མངུན་དུ་བདར] གྲལ་བསྒྲིགས་པ་སྟེ་གོ་རིམ་མ་འཆོལ་པར་བསྒྲིགས་པ། [རྗེས་སུ་བདས] དེད་པའམ་བསྙེགས་པ། [ཕྱག་བདར་] ལག་བསྟམ་དང་དངོས་བསྟར་ཞེས་པ་དང་དོན་གཅིག [ཕྱེ་མར་བདར་] ཞིབ་ཞིབ་པོར་བྱས་པ་སྟེ་སྨན་སོགས་ཕྱེ་མར་བཏང་བ། [ནོར་བདལ] ཚོང་རྫས་གཅལ་དུ་བཀྲམ་པ། [བདུག་པས་བདུགས] མནོལ་བསང་དང་བདུག་རྫས་མེར་བཏབ་ནས་དུ་བ་འབྱིན་པར་བྱས་པ། [ཐང་མར་བརྡལ] གཅལ་དུ་བཀྲམ་པ། [མཚོན་བརྡར] གྲི་སོགས་རྣོན་པོར་བྱས་པ། [ལག་པ་བརྡབས] ཐལ་མོ་བརྡབས་པས་མཚོན་ཏེ་རྐང་བ་ས་ལ་བརྡབས་ལྟ་བུ། [རྔ་བརྡུངས] རྔ་ལ་དབྱུག་གིས་བསྣུན་པའམ་བརྡེགས་པ། [བྲོ་བརྡུངས] བྲོ་འཆམས་པ། [དུལ་མོ་བརྡུལ] གྱི་ལྗང་ལོ་ཙཱ་བའི་ཤེར་སྙིང་བདུད་ཟློག་ལས་གསུངས་པ་ལྟར་སྔགས་པས་རལ་བ་བརྡབས་པ་དང་། དགེ་སློང་གིས་ཆོས་གོས་ཀྱི་གྲྭ་བརྡབས་པ། བུད་མེད་ཀྱིས་གོས་ཀྱི་ཐུ་བ་བརྡབས་པ་སྟེ་གཡོབ་པའི་དོན་ནོ། །ཐ་སྙད་འདི་རྒྱལ་དབང་ལྔ་བའི་གསུང་འབུམ་ནང་མའི་བཀའ་བརྒྱད་ཁྲོ་རོལ་གྱི་ཟློག་ཆེན་དུའང་འབྱུང་ངོ་།། [ཡང་ཡང་བལྡབས] བསྐྱར་ཟློས། [སྐྱོ་མ་བལྡགས] ཞོ་ལ་ལྕེས་བལྡགས་པས་མཚོན། [ཁ་ཟས་བལྡད] བཟའ་བ་སོ་ཡིས་ཞིབ་མོར་བྱས་པ། [སར་བསྡད] འདུག་པའི་སྤྱོད་ལམ་གྱིས་འཁོད་པ། [ཉེས་པ་བསྡམས] ཕྱིན་ཆད་ཉེས་པ་མི་བྱེད་པར་དམ་བཅས་པ [འཇིགས་པས་བསྡིགས] ཚིག་རྩུབ་མོས་གཞན་མི་དགའ་བར་བྱས་པ། [དབང་དུ་བསྡུས] རང་ལ་དབང་བར་བྱས་པ། [ཕན་ཚུན་བསྡུར] འགྲན་པའམ་གཤིབས་པ། [འགྲས་པ་བསྡུམས] མི་མཐུན་པར་གྱུར་པ་སླར་འགྲིགས་པར་བྱས་པ། [ཕན་ཚུན་བསྡེབས] སྨན་སྡེབ་པའམ་ལམ་གྲོགས་སུ་བསྡེབས་པ་ལྟ་བུས་མཚོན། [སྣ་ཐག་བསྡོགས] ཐག་ཁྲ་བསྡོགས་པ་ལ་སྦྲུལ་དུ་འཁྲུལ་བ་ཞེས་པས་མཚོན་ཏེ་འཁྱིལ་བ་དང་དྲིལ་བ་ལ་འཇུག [སྟ་གོན་བསྡོགས] སྦྱོར་བ་བརྩམས་པའམ་གྲ་སྒྲིག་བྱས་པ་སྟེ་ཉེར་བསྡོགས་ཞེས་པས་མཚོན། [གྲོགས་དང་བསྡོངས] གྲོགས་དང་བསྡེབས་པ་སྟེ་ལྷན་ཅིག་ཏུ་འགྲོ་འོང་བྱེད་པས་མཚོན། [ཕྱོགས་གཅིག་བསྡོམས] རྩྭ་འཇག་མ་མང་བོ་ཕྱོགས་གཅིག་ཏུ་བསྡོམས་པས་ཕྱགས་མ་བྱེད་པ་ལྟ་བུ། [སྲོག་དང་བསྡོས] ཁས་བླངས་པའི་སྡོམ་ཁྲིམས་སྲོག་དང་བརྗེས་པ་ལྟ་བུ། [དགྲ་ལ་བསྡོས] འགྲན་ཡ་བྱས་པ་སྟེ་ཁྱོད་ཀྱི་སྟོབས་འདྲ་བ་ང་ལ་ཡང་ཡོད་སྙམ་པ་དང་། དོར་བསྡོས་པ་ཞེས་པའི་དོར་ནི་ཟུང་དང་བསྡོས་ནི་འགྲན་པ་ཞེས་པའང་མཚོན། [ནན་གྱིས་བརྣན] ནན་ཏན་བྱས་པའམ་གལ་ཆེན་པོར་བྱས་པ། [ཡིད་ལ་བརྣགས] དོན་གལ་ཆེན་སེམས་ལ་དམ་དུ་བཅངས་ནས་མི་བརྗེད་པར་བཟུང་བ། [ཟས་ཀྱིས་བརྣངས] ཧམ་ཟ་བྱས་པས་ཟས་གྲེ་བར་ཐོགས་པ། [ནོར་བརྣོགས] འདུལ་གཞུང་རྣམས་སུ་འབྱུང་སྟེ་དངོས་རྫས་སྦས་བསྐུངས་བྱས་པའི་དོན། [རྫས་ལ་བརྣབས] སྲེད་པ་བྱས་པ་སྟེ་ཧམ་སེམས་བསྐྱེད་པ། [སྟེང་དུ་བསྣན] གཅིག་ཐོག་ཏུ་གཅིག་བརྩེགས་པའམ། གྲངས་ཀ་སོགས་བསྲེས་པ། [མཇུག་བསྣར] ནར་བའི་ཁ་གཏད་བྱེད་པ་པོས་བྱ་བའི་རྔ་མ་བསྲེངས་པ་ལྟ་བུ། [ཕྱག་ཏུ་བསྣམས] ལག་ཏུ་བཟུང་བའི་ཞེ་ས། [གནད་དུ་བསྣུན] སྲོག་རྩ་ལ་ཁེལ་བར་བྱས་པའི་མཚོན་བསྣུན་པས་མཚོན། [དྲོ་བསྣམས] མནམ་པའི་ཁ་གཏད་དྲི་བཟང་གི་དྲི་བྲོ་བར་བྱས་པ་ལྟ་བུ། [དུས་ཚོད་བསྣུར] ནུར་བའི་ཁ་གཏད་དུས་ཚོད་སྔ་ཕྱི་ཅི་རིགས་སུ་བསྒྱུར་པའམ་སྤོར་བ། [སྣག་ཚ་བསྣུར] བརྡར་བའམ་ཕྱེ་མར་བཏུལ་བ། [སྲོལ་བསྣུབས] ནུབ་པའི་ཁ་གཏད་ལུགས་སྲོལ་ངན་པའམ་རྙིང་བ་རྩ་མེད་དུ་བཏང་བ། [ནེམ་པར་བསྣེམས] ན་ཐང་དུ་རྐང་བས་རེག་ན་ནེམ་ནེམ་བྱས་པའི་འདས་ཚིག [གོང་འོག་བསྣོར] གོ་རིམ་བསྡེབས་པའམ་འཁྲུགས་པར་བྱས་པ། [ཕན་ཚུན་བསྣོལ] གོས་ཀྱི་ཐུ་བ་ཕན་ཚུན་བསྡེབས་པས་མཚོན། འོག་ཏུ་བསྣོལ་བྱའི་གོ་ཞེས་པ་གོས་ཟེར་རྒྱུ་ལ་སའི་རྗེས་འཇུག་ཆད་པ་ཡིན་ངེས། [ཟན་བསྣོས] འཁུར་བ་བཟོ་བའི་སྔོན་དུ་ཕྱེ་སྦྲུས་ཏེ་ཁ་གཏིང་འདྲེས་པར་བྱས་པ། [བུ་བཙས] སྐྱེས་པའམ་འཁྲུངས་པ། [ནོར་བཙལ] དབུལ་བོས་ནོར་བཙལ་འཚོལ་ཞེས་པས་མཚོན། [ཚགས་ཀྱིས་བཙགས] ཚགས་གྲུས་སེས་མར་ཁུའི་སྙིགས་མ་བསལ་བས་མཚོན། [རུས་པ་བཙབས] ཤ་རུས་སོགས་གཏུབས་པ་སྟེ་ཁ་སྐད་དག་པར་བརྩབས་ཞེས་ར་མགོའི་གདངས་ཐོན་ནོ།། [གསེབ་ཏུ་བཙངས] འོག་ཏུ་འབྱུང་བའི་སྣོད་དུ་བརྫངས་ཞེས་པའི་ཁ་གཏད་དེ་བྱེད་པ་པོ་ཡོད་མེད་ཀྱི་ཁྱད་དོ།། [གཅེས་པར་བཙས] གཅེས་སེམས་ཀྱིས་བསྲུངས་ཤིང་བསྐྱབས་པའི་དོན་ཏེ་འགོས་ཁུག་པ་ལྷས་བཙས་ཞེས་པ་ད་ལྟའི་ཁ་སྐད་ལྟར་ན་ལྷ་སྐྱབས་དང་དོན་མཚུངས་སོ།། [ཐོ་བཙམས] གནོད་བསྐྱལ་བ་སྟེ་ཁ་སྐད་ལྟར་ན་ར་མགོ་ཅན་གྱི་གདངས་ཐོན་ནོ།། [དམ་པོར་བཙིར] ལག་མཐིལ་དུ་དམ་པར་བཅིངས་པས་མཚོན། [ཤིང་བཙུགས] ཚུགས་ཀྱི་ཁ་གཏད་གྱེན་དུ་བསླངས་པ་ལྟ་བུ། [སྣོད་དུ་བཙུད] ཚུད་ཀྱི་ཁ་གཏད་སྣོད་ཀྱི་ནང་དུ་བཅུག་པ། [མིག་བཙུམས] མིག་བགྲད་པའི་ལྡོག་ཕྱོགས། [ལྭ་བ་བཙེམས] ཁབ་སྐུད་ཀྱིས་དྲུབས་པ་སྟེ་བཟོས་པ། [གནོད་པས་བཙེས] ཕྱིའི་འབྱུང་བཞི་སོགས་ཀྱིས་འཚེ་བའི་ཁ་གཏད་དེ་གས་འཕུལ་ཅན་རྒྱུགས་ཆེ། [ཚོས་ཀྱིས་བཙོས] གོས་སོགས་མདོག་བསྒྱུར་བ་སྟེ་ཤ་བཙོས་ཞེས་པའང་མཚོན། [ནོར་བཙོངས] རིན་ཚུར་ལ་བླངས་ནས་ནོར་རྫས་ཕར་ལ་ཚོང་བྱས་པ། [རྡོས་བཙོགས] བརྒྱབ་པའམ་བརྡུངས་ཤིང་བརྡེགས་པ་སྟེ་མཆིག་ཏུ་ཇ་སྡོང་མཆི་གུས་བརྡུངས་པ་ལྟ་བུ། [བསྟན་བཅོས་བརྩམས] གཞུང་གསར་བ་གསར་སྤེལ་བྱས་པ། [དྲིས་ཤིང་བརྩད] རྒོལ་ཕྱི་རྒོལ་གཉིས་ཀྱིས་རྩོད་པའམ་བརྒལ་བརྟག་བྱས་པ། [འགོ་བརྩམས] བྱ་བའི་མགོ་བཟུང་བ་སྟེ་མས་འཕུལ་གྱི་མགོ་བྱས་ན་ལེགས། རྒྱུ་མཚན་ནི་བྱ་བའི་འགོ་དང་ལུས་ཀྱི་མགོ་ཞེས་ཁྱད་པར་འབྱེད་པའི་རིགས་པ་དེས་ཆུ་མི་ཐུབ་སྟེ། ལུས་ཀྱི་མགོ རི་མགོ ཆུ་མགོ བྱ་བའི་མགོ་མཇུག་བར་གསུམ་དང་། ཞེ་ས་སྦྱོར་བའི་སྐབས་སུ་མཛད་པའི་དབུ་ཚུགས་ནས་མཇུག་གྲུབ་ཀྱི་བར། ཞེས་པ་རྣམས་ཀྱི་སྟེང་ནས་བསམ་བློ་ཐོངས་དང་། དེ་དག་ལ་སྡེབ་གཅིག་ཏུ་མ་མགོ་བྱས་ན་འཐད་པ་དང་། འ་འགོ་ཅན་ནི་རི་ལ་འགོ་བ་དང་ནད་འགོ་བའི་སྐལ་བར་བཞག་ན་སྐྱོན་ཕྲ་མོས་ཀྱང་རེག་པར་མི་འགྱུར་རོ་སྙམ་དུ་སེམས་སོ། །དེ་མིན་ཁྱོད་ལྟར་ན་བྱ་བའི་འགོ་འཇུག་ཅེས་འས་འཕུལ་གྱི་འཇུག་འབྲི་དགོས་པར་འགྱུར་ཞིང་། ཞེ་ས་བྱེད་པའི་སྐབས་སུ་བྱ་བའི་དབུ་ཞེས་པ་ལ་ཡང་སྔ་ན་མེད་པའི་ཡི་གེ་གསར་བ་ཞིག་བཟོ་དགོས་པར་འགྱུར་རོ།། [རྩིག་པ་བརྩིགས] གཅིག་ཐོག་ཏུ་གཅིག་བཞག་པས་མཚོན། [གྲངས་བརྩིས] གཅིག་ནས་བརྒྱའི་བར་དུ་བགྲངས་པས་མཚོན། [སྟེང་དུ་བརྩེགས] བརྩེགས་མ་མང་པོ་ཞེས་པས་མཚོན། [རྩེད་མོ་བརྩེས] བྱིས་པ་རྩེད་འཇོ་ལ་གཡེངས་པ་ལྟ་བུ། [གཞན་དུ་བརྫངས] ཕྱོགས་གཞན་དུ་མངགས་པའམ་བཏང་བ། [རྐང་བས་བརྫིས] གླེབས་པའམ་གཅུར་བ། [ཟན་བརྫིས] རྩམ་པ་སྦྲུས་པས་མཚོན། [ཁྲོ་བོར་བརྫུས] ངོ་འབག་སོགས་གོན་ནས་རྣམ་པ་གཞན་དུ་བསྒྱུར་བ། [རལ་བ་བརྫེས] གྱེན་དུ་ཕྱོགས་པར་བྱས་པ། [དལ་བུས་བཞབས] གོས་ལ་དྲི་མ་གོས་པ་བསལ་བས་མཚོན། [གནས་སུ་བཞག] རང་མལ་དུ་སྔ་མཁོ་བཞིན་གནས་སུ་བཅུག་པ། [སྐྲ་བཞར] སྐྲ་བྲེགས་པ་སྟེ་མགོ་རིལ་དུ་བྱས་པ། [ཁུ་བ་བཞིབས] འཇིབས་དང་འཇུག་པ་གཅིག་གོ ། [ལམ་དུ་བཞུད] འགྲོ་བའམ་བསྐྱོད་པ། [གདན་ལ་བཞུགས] འདུག་པའི་ཞེ་ཚིག [མར་ཁུ་བཞུར] སྣོད་ཀྱི་ཁ་ནས་བཞུར་ཞེས་པས་མཚོན། འོག་ཏུ་བཞུར་བྱའི་ཤིང་ཞེས་པ་ནི་ཁ་སྐད་ལ་ཤིང་བཤུར། མར་བཤུར་ཞེས་ཤ་ཡིག་ཅན་བྲིས་ན་དག་པར་སེམས། [ལྕག་གིས་བཞུས] བྲབས་པ་སྟེ་བརྡེགས་པ། [སྟན་ལས་བཞེངས] ལངས་པའི་ཞེ་ཚིག [བཟའ་བ་བཞེས] ཟོས་པའམ་མིད་པའི་ཞེ་ཚིག [ཤིང་བཞོགས] གྲིས་འཇོག་པའི་འདས་ཚིག་སྟེ་རྣོན་པོར་བྱས་པ། [བཞོན་མ་བཞོས] འོ་མ་འཇོ་བའི་འདས་ཚིག [ཟས་བཟས] ཟོས་པའམ་བཞེས་པའམ་གསོལ་བ། [ཞབས་ཐོག་བཟབས] བཀུར་སྟི་དང་སྲི་ཞུ་རྒྱ་ཆེར་བྱས་པ། [ཕྲག་པར་བཟར] བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་ཞེས་པས་མཚོན་ཏེ་གུས་པའི་བརྡ་མཚོན། [སྔགས་བཟླས] གཟུངས་སྔགས་ཁྲི་དང་འབུམ་སོགས་གྲངས་བསགས་པ། [ལ་བཟླས] གཞན་གྱི་ལད་མོ་བྱས་པ་ལ་ལད་ཟློས་ཞེས་པ་ཡིན་ན་ལད་ལ་དའི་རྗེས་འཇུག་ཐོབ་དགོས་སྙམ་སྟེ། ཁ་སྐད་དུ་ལད་ཟློས་ལད་མོ་ཞེས་ཟེར་བས་མཚོན། བརྡ་རྙིང་དུ་ཐག་བཅད་པའི་དོན་ནོ།། [ལག་པས་བཟུང་] བཅངས་པའམ་དམ་པོ་བཙིར་བ། [འཕྲང་ལས་བཟུར] བགྲོད་དཀའ་བའི་ལམ་ལས་བཤོལ་བས་མཚོན། [རྣ་བར་བཟླུགས] ཞུས་པའམ་གསོལ་བ་སྟེ་གཏམ་སྨྲས་པའི་བརྡ་རྙིང་། [ཚོགས་བཟླུམས] འཁོན་འགྲས་ཀྱིས་ཕྱེ་བ་སླར་བསྡུམས་པ་ལྟ་བུ། [སྣོད་བཟེད] སྟོང་བའི་སྣོད་དུ་བཅུད་ཐོབ་པའི་དོན་ལ་སྟ་གོན་བྱས་པ། [ཤིང་བཟོས] སྒམ་དང་ཁང་བ་སོགས་ཤིང་གི་བཟོས་པ། [གཡུལ་བཟློག] གཡུལ་འཁྲུག་སོགས་བྱུང་དུ་མ་བཅུག་པའམ་སླར་འོང་དུ་མ་བཅུག་པ། [བྱིན་གྱིས་བརླབས] བསྒྱུར་བ་སྟེ་དེའི་ངོ་བོར་བསྒྱུར་བ། [ཆུས་བརླན] གཞའ་རླན་གྱིས་རློན་པར་བྱས་པ། [འབྱུང་བོས་བརླམས] རང་ལ་དབང་མེད་པར་ཁ་ནས་ཅི་ཐོན་ལབ་པས་མཚོན། [དགྲ་བརླག] ཚར་བཅད་པ་སྟེ་གཞན་དུ་སའི་ཡང་འཇུག་སྦྱར་བའང་ཡོད། [སྦུབས་བཤངས] རལ་གྲི་ཤུབས་ལས་བཏོན་པ་ལྟ་བུ། [ཆུས་བཤལ] བཀྲུས་པའམ་དག་པར་བྱས་པ། [བྲེས་བཤར] བཅལ་བ་དང་འཇུག་པ་གཅིག་གོ ། [འཕྲང་ལ་བཤར] ཕྲེང་བསྒྲིགས་ནས་འགྲོ་བ་ལྟ་བུ། [ལུག་བཤས] ཤན་པས་བསད་པ། [སྡིག་པ་བཤགས] ཉེས་པ་དག་པར་བྱས་པ། [ལེགས་པར་བཤད] ཁ་ནས་སྨྲས་པའམ་གསུངས་པ། [བཀོད་པ་བཤམས] བསྒྲིགས་པའམ་ཚར་དུ་དངར་བ། [ཤིང་བཤགས] སྟ་རེས་གཤེག་པའི་འདས་ཚིག་སྟེ་གཤགས་ཞེས་བྲིས་ན་སྡིག་བཤགས་དང་མི་འདྲེ་བས་བཟང་། [མཉམ་པོར་བཤིབས] མཐོ་དམའ་མཉམ་པོའམ་རིང་ཐུང་མཉམ་པོར་བྱས་པ། [མཁར་བཤིག] ཐང་ལ་བསྒྱེལ་བའམ་ཤུལ་མེད་པར་བཏང་བ། [པགས་པ་བཤུས] སྡོང་བོ་དང་ཟོག་ལུག་གི་ཤུན་པའམ་པགས་པ་བཀོག་པ། [མེས་བཤུར] ལུག་མགོ་མེ་ལ་བསྲེགས་པས་མཚོན། [སྐྱོ་བས་བཤུམས] ངུས་པའམ་མིག་ཆུ་བཏོན་པ། [ནོར་བཤུགས] བསླངས་པའི་བརྡ་རྙིང་། [དཔེ་བཤུས] མ་ཕྱི་ལས་བུ་བཤུས་བྱས་པ་སྟེ་བྲིས་པ། [ཕན་ཚུན་བཤུད] མཛའ་བརྩེའི་དབང་གིས་འགྲམ་པ་ཕན་ཚུན་འཕུར་བས་མཚོན། [གཏམ་བཤེར] བདེན་རྫུན་ཐག་བཅད་པ། [ཕྱིར་བཤོས] ཆུ་ཕྱི་རོལ་ཏུ་ཕོ་བས་མཚོན། [རི་དྭགས་བཤོར] རི་དྭགས་རྔོན་པ། [འགྲོས་བཤོལ] ཕྱི་ནུར་བྱས་པའམ་འགྲོ་སེམས་བཏང་བ། [ཚོགས་བསགས] སྤུངས་པའམ་མང་དུ་བཏང་བ། [དྲི་མ་བསངས] དག་པར་བྱས་པའམ་ཡལ་དུ་བཅུག་པ། [སྐྱོན་བསལ] ཉེས་སྐྱོན་རྩ་མེད་དུ་བཏང་བ། [དོན་བསམས] ཡིད་ལ་ཡང་ཡང་དྲན་པར་བྱས་པ། [དྲིན་ལན་བསབས] དྲིན་ལན་འཇལ་བ་སྟེ། ཁ་མ་ཚང་བ་བསྐངས་པ་ལ་ཡང་འཇུག [སྲོག་ཆགས་བསད] གྲོག་སྦུར་རྐང་བས་གླེབས་པ་ལྟ་བུ། [ཡོ་བྱད་བསར] ཉར་ཚགས་བྱས་པའམ་དོ་དམ་བྱས་པ། [ལག་པས་བསིགས] སེང་གེའི་གཡུ་རལ་བསིགས་ཞེས་པས་མཚོན་ཏེ་གྱེན་དུ་བསྐྱོད་པའམ་སྤྲུགས་པའི་བརྡ། [མདེའུ་བསིར] མགྱོགས་པར་འཕངས་པའམ་བཏང་བ། [རྗེས་བསུབས] རྐང་ལག་གི་རྗེས་ས་ལ་བབས་པ་མི་མངོན་པར་བྱས་པ་ལྟ་བུ། [ཁ་བསུམ] དབུགས་ཀྱི་རྒྱུ་བ་གཅོད་སླད་ཁ་བསྡམས་པ་སྟེ་སའི་ཡང་འཇུག་ཡོད་ན་དག [མདུན་བསུས] མགྲོན་སྤྱན་དྲངས་པའི་མིག་སྔར་བསུ་མ་བྱས་པ། [ཞིབ་མོར་བསེད] ལུག་བལ་སོགས་བསེད་པས་མཚོན། [ནོར་བསོགས] རྒྱུ་རྫས་མང་དུ་བསགས་པའམ་སྤུངས་པ་སྟེ་ཡོངས་གྲགས་ལ་ན་རོ་མེད་པ་མང་། [ངལ་བསོས] ལུས་འགྲོ་བསྐྱོད་ཀྱིས་དུབ་པ་བསལ་བའམ་ཞི་བར་བྱས་པ། [སྒྲིབ་པ་བསྲབས] འཐུག་པོའི་ཁ་གཏད་དེ་ཉུང་བའམ་ཕྲ་མོར་བཏང་བ། [ཡོ་བ་བསྲངས] ཤིང་སོགས་འཁྱོགས་པ་ཇེ་དྲང་དུ་བཏང་བ། [སེམས་ཀྱིས་བསྲན] མི་འདོད་པའི་སྡུག་བསྔལ་སོགས་བཟོད་པར་བྱས་པ། [ཡི་གེ་བསྲིངས] བསྐུར་བའམ་སྤྲིངས་པ་སྟེ་གནས་འདི་ནས་གནས་གཞན་དུ་སླེབས་པར་བྱས་པ། [ཚེ་བསྲིངས] ཇེ་རིང་དུ་བཏང་བ་སྟེ་སྲིད་དང་མཆུ་རིང་བར་བྱས་པ། [ནོར་བསྲིས] སེར་སྣས་ལོངས་སྤྱོད་མ་ནུས་པར་ཚགས་བྱས་པ། [ཞོ་བསྲུབས] དཀྲུགས་པའམ་བཤིགས་པ་སྟེ་མར་དཀྲུགས་པ་དང་མར་བཤིགས་པ་ཞེས་པས་མཚོན། [བསྲུང་བྱ་བསྲུངས] ཚུལ་བཞིན་དུ་བརྩིས་པ། [ཆུང་མ་བསྲེལ] དོ་དམ་མམ་སྲུང་སྐྱོང་བྱས་པ། [ཕན་ཚུན་བསྲེས] གྲོ་ནས་སོགས་འདྲེས་པར་བྱས་པའམ་འོ་ཆུ་ལྟར་དབྱེར་མི་ཕྱེད་པར་བྱས་པ། [མེས་བསྲེགས] མེར་བཅུག་ནས་ཚིག་པར་བྱས་པ། [མེར་བསྲོས] གྲང་བའི་ཚེ་ན་ཁ་ལག་བསྲོས་པ་ཞེས་པས་མཚོན། [རིག་པ་བསླབས] བསླབ་བྱའི་གནས་ཤེས་སུ་བཅུག་པ། [ནོར་བསླངས] རང་ལ་མེད་པའི་དངོས་པོ་གཞན་ལ་སྦྱིན་པར་ཞུས་པ། [གཞན་གྱིས་བསླད] ངན་རྐྱེན་ཐེབས་པའམ་སྐྱོན་སོགས་ཀྱིས་གོས་པ། [ཕྱོགས་སུ་བསླན] དེའི་ཕྱོགས་སུ་གཏོགས་པའམ་དེའི་ཕྱོགས་སུ་སྦྱར་བ། [གྱེན་དུ་བསླངས] དྲང་ཐད་དུ་འགྲེང་བར་བྱས་པ། [བསླུ་བྱ་བསླུས] བླུ་བྱ་བླུས་ཞེས་པ་ནི་ཡོངས་སུ་གྲགས་པ་སྟེ་བསླུ་བྱ་བསླུས་ཞེས་པ་ཡིག་རྙིང་རྣམས་སུ་འབྱུང་ཡང་དེ་ལྟར་སྦྱར་ན་མགོ་བསྐོར་གྱི་འཇུག་པ་དང་འཁྲུལ་ཉེན་ཡོད་དོ།། [ཕྱིར་བསློག] ཕྱིར་བྱིན་པའམ་ཕྱིར་གཏད་པ་སྟེ་སའི་ཡང་འཇུག་ཡོད་ན་བཟང་། སི་ཏུས། འདས་ཚིག་གི་སྐབས་སེམས་ཀྱིས་བསྲན་ཏོ། །ཕྱོགས་སུ་བསླན་ཏོ། །ཞེས་སོགས་ཀྱི་མཐར་དེ་དག་ལ་སླར་བསྡུའི་སྒྲ་སྦྱར་བ་རྣམས་ད་ཡིག་གི་ཡང་འཇུག་ཡོད་པར་ཤེས་དགོས་སོ། །ཞེས་དང་། བྱ་ཚིག་གི་སྐབས་ན་ར་ལའི་མཐའ་རྟེན་གྱི་རྗེས་སུ་འཛིན་ཏོ། །ལྟ་བུ་དམིགས་བསལ་འགའ་ཞིག་ལས་ཕལ་ཆེར་ལ་ད་དྲག་མི་འཐོབ་པར་ངེས་པས་ཏོ་ཡིག་གི་སྒྲ་བརྗོད་པ་མེད་པ་ཉིད་དུ་ཤེས་པར་བྱ། ཞེས་གསུངས་པའི་དགོངས་པ་ལྟར་ན། ན་ར་ལ་གསུམ་རྗེས་འཇུག་ཅན་གྱི་འདས་ཚིག་ཡིན་ན་ཁྱོད་ལ་ད་དྲག་ཐོབ་པས་ཁྱབ་ཅེས་ཁྱབ་མཐའ་བཅད་ན་རུང་ངོ་།། དེ་བཞིན་དུ་ན་ར་ལ་གསུམ་རྗེས་འཇུག་ཅན་གྱི་སྐུལ་ཚིག་ཡིན་ན་ཡང་ཁྱོད་ལ་ད་དྲག་ཐོབ་པས་ཁྱབ་ཅེས་ཁྱབ་མཐའ་བཅད་ན་རུང་བར་སེམས་སོ། །འོན་ཀྱང་སི་ཏུས་སྐུལ་ཚིག་གི་དཔེར་བརྗོད་བཀོད་པའི་གྲས་སུ། སྣུན་ཞིག སྐྲུན་ཞིག ཕྱོར་ཞིག སྦྱོར་ཞིག ཚོལ་ཞིག སྐོལ་ཞིག བརྩོན་ཞིག ཞེས་པ་རྣམས་ལ་ད་དྲག་མི་འཐོབ་པའི་རྒྱུ་མཚན་ཅི་ཡང་མ་བཀོད་པར་ད་དྲག་མེད་པའི་ཚུལ་ལྟར་བྲིས་པ་ནི་རྐང་བས་ས་ཟིན་དཀའོ་སྙམ་མོ།། འདི་ཡན་གྱིས་བས་འཕུལ་དུས་འདས་པ་ལ་སྦྱར་བའི་དཔེ་བརྗོད་སུམ་བརྒྱ་དོན་གཅིག་ཡོད་པ་ལས་འགའ་རེ་གོ་སླ་བས་མཆན་མེད་ཀྱང་ཆོག་ནའང་སྡེབ་གཅིག་ལ་བསམས་ནས་གོ་དཀའ་སླ་ཐམས་ཅད་ལ་མཆན་བུ་རེ་བཏབ་ཡོད་དོ།། འདི་མན་མ་འོངས་པར་འཇུག་པའི་བྱ་ཚིག་དང་། ག་ད་བ་མ་རྣམས་ཀྱིས་འཕུལ་བའི་ལས་ཚིག་དང་། སྐུལ་ཚིག་རྣམས་ལས་ཅུང་ཟད་གོ་དཀའ་བ་འགའ་རེ་ལ་མཆན་འགོད་དང་མ་དག་པའི་ལྷད་འདོན་བྱེད་པ་འདི་ལྟར། བརྐམ་ནི་སྲེད་པ་སྟེ་བརྐམ་བྱའི་དངོས་པོ་ལ་ས་མགོ་བྱས་པ་ནོར། ལག་པ་བགྲད་བྱའི་འདོམས་ལ་ཡང་འཇུག་མེད་ན་དག བགྲུ་བྱའི་འབྲས་ལ་ཀ་ཡེད་བྱས་པ་ནོར་ཏེ་པར་གྱི་ཉེས་པ་ཡིན་མཆི། བཏིག་བྱའི་ཐིགས་པ་ཞེས་པ་ལ་ཁ་སྐད་དག་མོ་དང་སྦྱར་ན་གས་འཕུལ་གྱི་གཏིག་ཐོབ་བོ། །བསྣོལ་བྱའི་གོས་ཞེས་གོས་ཀྱི་རྗེས་འཇུག་ཆད་པའང་པར་ཉེས་ཡིན་འགྲོ། [བརླིང་བྱའི་རྨང་] བརླིང་ནི་བརྟན་པོ་སྟེ་རྩིག་རྨང་བརྟན་པོར་བརྩིག་པས་མཚོན། [བསག་བྱའི་ཚོགས] གས་འཕུལ་གྱི་གསག་ཐོབ་ན་བདེ་སྟེ། གཞན་དུ་ན་གསད་བྱའི་དགྲ། གཅད་བྱའི་ཤིང་། གཏང་བྱའི་ནོར་སོགས་ལ་ཡང་བས་འཕུལ་བྱེད་དགོས་སོ།། [བསུབ་བྱའི་རྗེས] འདི་ཡང་གས་འཕུལ་ལེགས་སོ། །བསག་བྱའི་ཚོགས་དང་བསོག་བྱའི་ནོར་ཞེས་ཚོགས་དང་ནོར་གསོག་པའི་བྱ་ཚིག་ལ་ན་རོ་ཡོད་མེད་ཀྱི་ཁྱད་དེང་སང་མི་འབྱེད་པ་ཤུགས་ཆེ་ཞིང་ཕྱི་མ་ལ་ཡང་གས་འཕུལ་བྱས་ན་བདེའོ།། [བཟའ་ཕྱིར་གཉོག] བ་ལང་སོགས་གཟན་རྩྭ་འཚོལ་ཕྱིར་ཕྱིན་པ། [ནོར་གཏམ་པ་པོ] བཅོལ་བའི་དོན་ལ་བཏམས་ཟེར་བས་ན་དེའི་བྱེད་ཚིག་གོ ། [མགོ་གཏུམ་པ་པོ] ཁ་སྐད་དག་པ་དང་སྦྱར་ན་བཏུམ་དང་འཐུམ་ཅི་རིགས་ལས་གས་འཕུལ་མི་འཐོབ་བོ། །འོག་ཏུ་གཏུམ་བྱའི་མགོ་ཞེས་པ་ཡང་འདི་དང་འདྲ་སྟེ་བས་འཕུལ་བདེའོ།། [མིག་གཡོར་བ་པོ] མིག་ལ་མིག་ལྕིབས་ཀྱིས་གཡོག་པའམ་གབ་པའི་བརྡ། [གྲལ་གཤིབས་པ་པོ] [གཏིགས་བྱའི་ཆུ] [གདགས་བྱའི་མིང] འདི་གསུམ་ལ་སའི་ཡང་འཇུག་མ་སྦྱར་ན་བདེ། [གཞིབས་བྱའི་གྲལ] གྲལ་དུ་གཤིབ་དང་བཤིབ་ཅི་རིགས་ལས་མིང་གཞི་ལ་ཞ་ཡིག་ཇི་ལྟར་འཐོབ། འོན་ཀྱང་ཡང་འཇུག་མེད་ན་དག [གཟན་བྱའི་གཟན་པ] ཁ་ཟས་སྤྱིའི་མིང་། [གཟད་བྱའི་གོས] གཟད་ཅེས་པ་ངལ་དུབ་ཀྱི་མཐའ་ལ་ངོ་ལྟུང་བའི་བརྡ་སྟེ་གོས་ལ་སྦྱར་ན་རྩིས་མེད་དུ་ལོངས་སྤྱད་པ། [གཟེད་བྱའི་གཟན] རབ་བྱུང་གི་གོས་བྱེ་བྲག་པ་གཟན་གྱི་ཁུད་དུ་ཤིང་ཏོག་ལྡུག་ཕྱིར་བཟེད་པས་མཚོན། ཡང་ན་གཟན་ཞེས་པ་ཁ་ཟས་ཀྱི་མིང་། [གཡབ་བྱའི་གཡབ་མོ] འབོད་པའི་བརྡ་ལ་ལག་གཡུག་བྱས་ལྟ་བུ། [གཡོག་བྱའི་གོས] ཞེས་པའི་མཆན་ལ་གཡོགས་ཞེས་པ་འདས་ཚིག་གོ །ཞེས་དེ་འདྲ་མང་པོ་ཡོད་པ་ལས་འདི་གཅིག་པུ་ལ་མཆན་བཏབ་པས་མི་ཕན་ཏེ། འོག་དེ་མ་ཐག་གི་ཤིང་གཤགས་ཞེས་འདས་པ་ལ་ཡང་ས་དྲག་ཐོབ་པས་སོ། །མཆན་དེས་ས་ཕུད་བླ་མ་ལ་དབུ་འཁྲུག་བྱུང་བའང་དྲན་པར་གྱིས། [དབྱིག་གིས་དབུར་བ་པོ] རྡོ་འཇམ་པོས་རས་དང་ཤོག་བུ་བརྡར་བས་མཚོན། [དམད་བྱའི་ཉམ] དེང་སང་ཉམས་སྨད་ཅེས་འབྲི་བ་རྒྱུགས་ཆེ། [ཁྱིམ་ལ་འཁྲིན] སྲེད་པའམ་ཞེན་པའི་བརྡ། [ཟས་ལ་འཐུ] མི་མང་གིས་བསྡུ་ཆ་ཕྱོགས་གཅིག་ཏུ་བསྡུས་ནས་ཁ་ཟས་ལ་ལོངས་སྤྱོད་པ། [སྐྱོ་མ་འདག] ཡོངས་གྲགས་ལ་སྐྱོ་མ་ལྡག་ཅེས་པ་རྒྱུགས་ཆེའོ།། [གོམས་པ་འདོར] སའི་ཡང་འཇུག་མ་དག [རྗེས་སུ་འབྲེང་] ཞེས་པ་བྱ་བྱེད་ཐ་དད་ཅན་ལ་སྦྱར་བ་དང་འགྲེང་བུ་མེད་པ་བྱ་བྱེད་ཐ་མི་དད་ལ་སྦྱར་བའི་དཔེ་བརྗོད་སྔ་ཕྱི་གཉིས་བཞག་པ་ལ་དགོས་པ་ཡོད་མེད་བརྟག [གལ་གྱིས་འཁྱུ] ནན་གྱིས་རྒྱུགས་པའམ་འབྲོས་སུ་བཅུག་པའི་དོན་དུ་བཀྲལ་བ་ཡོད་ཀྱང་གཞན་དུ་འཆུ་ཞེས་བྲིས་པའང་ཡོད། [ལུས་ལ་འཁྲེམ] ཁྱབ་པའི་བརྡ་སྟེ་འདས་པ་ལ་ཁྲེམས་ཞེས་པ་འཐོབ་བོ།། མཁང་ཞེས་པ་འཁང་ར་དང་འཁང་ཚིག་ལ་བསམས་པ་ཡིན་ན་འས་འཕུལ་རྒྱུགས་ཆེའོ།། རྗེས་འཇུག་གི་འཇུག་པའི་ཐད་ཀྱི་ཐུན་མོང་གི་དཔེར་བརྗོད་སོགས་ཀྱི་གྲས་སུ་འདི་ལྟར། སྤགས་ནི་གནས་སྤོར་བའམ་ཟས་ཀྱི་སྤོད། སྤྱུགས་ནི་བསྐྲད་པ། དབགས་ནི་དེང་སང་སྦགས་ཞེས་འབྲི་བ་རྒྱུགས་ཆེ། རྨུགས་ནི་སོ་བཏབ་པ། རྩབས་ནི་ཆང་ལ་ཆ་བཞག་ན་ཕབས་ཀྱི་མིང་། བསྣུབ་བྱེད་ལ་བས་འཕུལ་མ་དག གཏུབས་བྱ་དང་གཏུབས་བཞིན་པ་གཉིས་ལ་ཡང་འཇུག་མ་དག བསྟུནད་བྱེད། བཀོལད་བྱེད། མཆོང་བྱེད་ལ་ཡང་འཇུག་མི་དགོས། འདུནད་བྱེད། སྟོབས་བྱེད། ལྕིབས་བྱེད་རྣམས་ལ་ཡང་འཇུག་ཇི་ལྟར་འཐོབ། ཁྱད་པར་དུ་ལྟོས་བྱེད་ཅེས་པ་མིག་ལ་སྦྱར་ན་ལྟ་བྱེད་ལས་གཞན་མི་འཐོབ། དེ་ལ་སོགས་པ་ཡོངས་གྲགས་དང་མི་མཐུན་པ་ཤིན་ཏུ་མང་ན་ཡང་། ཡོད་ཚད་མ་དག་པ་ཡིན་ཞེས་སྨྲ་བ་ལ་ཡང་ཞེ་འཚེར་རོ། །འོན་ཀྱང་། རྟགས་འཇུག་གི་དཀྱུས་སུ་བཤད་ཟིན་པ་ལྟར། མངོན་བ། མཐུན་བ་འདྲ་ཡིན་ན་མ་དག་པར་ཐག་བཅད་ཀྱང་འོས་པ་ཉིད་དེ། གང་ལྟར་ལྟ་རྒྱ་ཆེ་ཞིང་བློ་གྲོས་ཞིབ་མོ་ཅན་གྱིས་བརྟག་པའི་གནས་སོ།། དེ་ལྟར་ཡང་རྒྱ་བོད་ཡོངས་ལ་གྲགས་པའི་མཁས་པ་ཆེན་པོ་དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོའི་གསུང་སྒྲོས་ལས། སི་ཏུའི་འགྲེལ་བར། བཏིག་བྱའི་ཐིགས་པ། གཏིག་བྱའི་ཆུ། བཞོག་བྱའི་ཤིང་། གཞོག་བྱའི་ཤིང་། ཞེས་དཔེར་བརྗོད་བཀོད་པའི་དང་པོ་ནི། བྱེད་པ་པོ་དང་དངོས་སུ་འབྲེལ་བའི་ཕྱོགས་ནའང་མེད་ལ། བྱ་བའི་སྒྲ་གདངས་ཙམ་དུ་རུང་ཡང་སྐབས་འདིའི་གཞན་དང་བྱ་ཡུལ་དུ་མི་རུང་ངོ་། །བཞོག་བྱའི་ཤིང་དང་བདམ་བྱའི་ནོར་ཞེས་པའང་གཞོག་བྱའི་ཤིང་དང་གདམ་བྱའི་ནོར་ཞེས་པས་བརྗེས་ན་ལེགས་ཀྱི། བ་ག་གཉིས་གཞན་ལ་འཇུག་པ་རྒྱུ་མཚན་དུ་བྱས་ནས་གདམ་ངར་བཀོད་པ་ཡིན་ན་ཆེ་ཤིན་ཏུ་མི་འཐད་དེ། འཕུལ་ལྔ་རང་རང་གི་འཇུག་ཡུལ་གཙོ་ཆེ་ཆུང་དང་ཁྱབ་ཆེ་ཆུང་ལ་ཞིབ་མོར་མ་བརྟགས་པའི་སྐྱོན་གྱིས་གོས་པར་འགྱུར་བའི་ཕྱིར། དེ་བཞིན་དུ་བཞལ་བྱ་དང་གཞལ་བྱ། བཞག་བྱ་དང་གཞག་བྱ། བསད་བྱ་དང་གསད་བྱ། བཅད་བྱ་དང་གཅད་བྱ། བཏང་བྱ་དང་གཏང་བྱ། བསལ་བྱ་དང་གསལ་བྱ། བཀྲམ་བྱ་དང་དགྲམ་བྱ། བཀྲོལ་བྱ་དང་དགྲོལ་བྱ་སོགས་གཉིས་ཚན་དེ་དག་གི་སྔ་མ་རྣམས་མི་འཐད་པར་སུས་ཀྱང་ཤེས་ཏེ། གཞན་བསྒྲུབ་ཕྱིར་ཞེས་ཚིག་རིས་ཙམ་གྱིས་ཚིམ་པར་བྱས་ན་བཞལ་བྱ་ལ་སོགས་པ་དེ་དག་ཅིའི་ཕྱིར་མི་འཐད། དགག་བྱ་དང་། སྐྱོན་དང་། ནད་དང་། དྲི་མ་དང་། ལོག་རྟོག་དང་། དོགས་པ་དང་། ཐེ་ཚོམ་སོགས་བསལ་བྱ་ལ་བསལ་བྱ་འགྲིག་པར་མ་ཟད་དེས་ཁྱབ་སྟེ། ག་འཕུལ་མ་དག་གོ །དེས་མཚོན་འདི་སྐོར་རྟགས་བཞིའི་འཇུག་ཚུལ་གཞན་དང་གཞན་ལའང་རྒྱ་ཆེར་བསྒྲེས་ཏེ་རྟོགས་པར་དཀའ་བའི་གནད་ཀྱི་འགག་ཆེན་པོར་ཟུངས་ཤིག ཅེས་གསུངས་པ་ནི་རྣག་ཐོག་ཏུ་ཁེལ་བའི་གཙགས་ཀྱི་དཔེར་སོང་འདུག་པས་འདི་དག་ལ་བརྟེན་ནས་བློ་རྒྱ་བསྐྱེད་པའི་ཐབས་ལ་འབད་པར་མཛོད་ཅིག འོན་ཀྱང་ལུང་དྲངས་པ་དེར། བསལ་བྱ་དང་གསལ་བྱ། ཞེས་དང་། དེ་དག་གི་སྔ་མ་རྣམས་མི་འཐད། ཅེས་པ་ལ་གོ་རིམ་ལྡོག་དགོས་པའི་ཚིག་གི་ཞིབ་ཆ་འབྱེད་དགོས་སོ།། དེ་ལྟར་ན་རྟགས་འཇུག་གི་ས་བཅད་དྲུག་པ་ཟུར་དུ་བཀོལ་བ་འདི་ཙམ་གྱིས་རྫོགས་སོ།། །། སུམ་རྟགས་གཉིས་ཀྱི་གཞུང་དོན་ཉུང་ངུའི་ཚིག་གིས་གོ་སླ་བར་འགྲེལ་བ་སུམ་རྟགས་རིག་པའི་མེ་ལོང་། ༄༅། །ཡུལ་གངས་ཅན་གྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱི་ཕྱི་མོ་སུམ་རྟགས་གཉིས་ཀྱི་གཞུང་དོན་ཉུང་ངུའི་ཚིག་གིས་གོ་སླ་བར་འགྲེལ་བ་སུམ་རྟགས་རིག་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཚན་ཙམ་སྙིང་ལ་བཀོད་པས་དགེ་ལེགས་འོད་ཟེར་འགྱེད་པའི་ཉིན་མོར་བྱེད།། ཇི་སྙེད་ཆོས་ཀྱི་པདྨའི་ཚལ་ལ་རྩེ་དགའ་ལྟུང་བའི་དཔལ་འཛིན་པ།། ལི་ཁྲི་གསར་བའི་ལྷུན་པོ་ལ་འགྲན་འཇམ་དཔལ་དབྱངས་ཞེས་སྨྲ་བའི་ལྷ།། ཤེས་ནས་དད་པའི་སྤུ་ལོང་གཡོ་ལྡན་དད་གསུམ་སྙིང་གི་ཐིག་ལེར་བསྟེན།། དག་པའི་ཞིང་ལ་འཁྲུལ་བ་སྟེར་བའི་ལྗོངས།། གངས་ཅན་འཛིན་མའི་དཔྲལ་བར་ཆོས་ཀྱི་མིག ། འབྲི་བའི་བློ་གྲོས་ནམ་མཁའི་མཐར་སོང་བ།། ཐོན་མིའི་ཞབས་ཀྱི་བཀའ་དྲིན་ཡིད་ལ་བསིལ།། དེ་ཡི་ལེགས་བཤད་དྲི་མ་མེད་པའི་ལམ།། སྣང་བར་བྱེད་པའི་ངག་རིག་གསར་བའི་སྒྲོན།། སྐྱེས་སྦྱངས་བློ་གྲོས་སོར་མོས་འདིར་སྦྱིན་གྱིས།། བློ་གསལ་དོན་གཉེར་ཅན་དག་ད་ལོངས་ཤིག ། དེ་ལ་འདིར་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་ཆོས་བློན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་སློབ་དཔོན་ཐོན་མི་སམྦྷོ་ཊས་མཛད་པའི་ཡུལ་གངས་ཅན་པའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་ཕྱི་མོ་སུམ་རྟགས་གཉིས་ཀྱི་རྣམ་གཞག་མཁས་པའི་དབང་ཕྱུག་པྲ་སྟི་དང་། ལྔ་རིག་མཁྱེན་པ་སི་ཏུ་རྣམ་གཉིས་ཀྱི་བཞེད་མཚམས་སོ་སོར་བཀྲལ་ཏེ་ཚིག་དོན་ཅུང་ཟད་རྣམ་པར་དབྱེ་བ་ལ་གཉིས། སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ་བཤད་པའོ།། དང་བོ། སུམ་ཅུ་བ་བཤད་པ། དང་བོ་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་དངོས་སོ། །དང་བོ་ལ་གཉིས། མཚན་དོན་དང་། འགྱུར་ཕྱག་གོ །དང་བོ་ནི། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ། ཞེས་འབྱུང་སྟེ། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ་བ། ནཱ་མ་ཞེས་བྱ་བའོ། །དེ་ཡང་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་བརྡའི་བསྟན་བཅོས་ཀྱི་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་གཞུང་ཚད་ཤློོ་ཀ་སུམ་ཅུར་གནས་པས་དེ་སྐད་དུ་བརྗོད་དོ། །འདིར་རྒྱ་གར་སྐད་སྨོས་པ་ནི། བོད་དུ་སངས་རྒྱས་ཀྱི་བསྟན་པ་ཇི་སྙེད་ཅིག་སྣང་བ་ཕལ་ཆེར་འཕགས་ཡུལ་ནས་འོངས་པ་ཤས་ཆེ་བས་ཡུལ་ཁུངས་སུ་མཛད་ཅིང་། གཞུང་འདིའི་རྩོམ་ཚུལ་རྒྱ་གར་མཁས་པའི་བསྟན་བཅོས་ལ་དཔེར་མཛད་པ་གོ་བའི་ཆེད་དང་། ཤློོ་ཀ་སུམ་ཅུ་སོ་གསུམ་ཡོད་པ་ལ་སུམ་ཅུ་བ་ཞེས་བཏགས་པ་ནི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་ལེའུའི་སྐབས་གཞན་དང་ཐུན་མོང་བ་ཡིན་པ་ལ་དགོངས་སོ་ཞེས་འགྲེལ་བ་ལ་བསྟན་དར་ལྷ་རམས་པས་དེར་རྐང་བ་གཅིག་གིས་མ་ཚང་ཞེས་སྐྱོན་རྗོད་དོ། །མཁས་པའི་དབང་བོ་པྲ་སྟི་རིན་ཆེན་དོན་གྲུབ་ཀྱི་རྣམ་བཤད་ཀུན་ཏུ་བཟང་བོའི་དགོངས་རྒྱན་ལས། ཀཱ་ལི་སུམ་ཅུ་བོའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པའོ། །ཞེས་གསུངས་སོ།། གཉིས་པ་ནི། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པ་སྟེ་བསྟན་བཅོས་འདི་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་རྣམ་དག་དང་མཚུངས་ཤིང་དོན་དུ་གཉེར་རིགས་པར་འདོམས་པའི་དོན་དུ་ཐོན་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་དང་མཐུན་པར་འཇམ་དཔལ་ལ་འགྱུར་ཕྱག་མཛད་པའོ།། གཉིས་པ་བསྟན་བཅོས་དངོས་ལ་གཉིས། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་དང་། སྐབས་དོན་སུམ་ཅུ་བ་ཉིད་རྒྱས་པར་བཤད་པའོ། །དང་བོ་ལ་གཉིས། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དང་བོ་ལ་བཞི། དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ། །དང་བོ་ནི། གང་ལ་ཡོན་ཏན་མཆོག་མངའ་བའི།། དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།། ཞེས་པ་སྟེ། གང་ཞིག་ལ་རིམ་པ་བཞིན་དོན་གཉིས་མཐར་ཕྱིན་པ་དང་། འགོག་ལམ་གྱི་བདེན་པ་དང་། རིག་གྲོལ་གྱི་ཡོན་ཏན་མཆོག་ཏུ་གྱུར་པ་མངའ་བའི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དེ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །དེ་ཡང་གང་ལ་ཞེས་པའི་གང་སྤྱི་སྒྲ་དང་། ལ་བདུན་པ་གནས་གཞིའི་ཚིག་དང་། དེ་ལ་ཞེས་པའི་ལ་ཡིག་ནི་ལས་སུ་བྱ་བ་དང་དགོས་ཆེད་ལ་འཇུག་པའི་བཞེད་ཕྱོགས་གཉིས་སྣང་ངོ་།། གཉིས་པ་ནི། གང་གིས་སྒྲ་དབྱངས་ཀུན་གསུངས་པའི།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པ་སྟེ། གང་གིས་སྒྲ་དབྱངས་བརྗོད་པ་ཐམས་ཅད་གསུངས་པས་གསུང་གི་དབང་ཕྱུག་ཏུ་གྱུར་པ། ངག་གི་ཉེས་པའི་རྩུབ་རེག་དང་བྲལ་བའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ཡང་འཇམ་པའི་དབྱངས་ཉིད་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་རང་བཞིན་ཡིན་ཞིང་། མཁྱེན་རབ་དེ་གསུང་དབྱངས་ཀྱི་རྒྱུ་ཡིན་པ་དང་། གསུང་ནི་སྒྲ་དབྱངས་བརྗོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་རྗེ་བཙུན་ཉིད་སྒྲ་དབྱངས་གསུང་བ་བོར་གྲུབ་བོ།། གསུམ་པ་ནི། གང་གིས་མིང་གཞི་སྔོན་གསུངས་པ།། རྟག་ཞི་བ་ལ་ཕྱག་འཚལ་ལོ།། ཞེས་པ་སྟེ། གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་དབྱངས་གསལ་གྱི་ཡི་གེ་སྔོན་དུ་གསུང་བ་བོར་འཇིག་རྟེན་ན་གྲགས་པ་རྟག་ཞི་བ་སྟེ་ལྷ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ཡང་བྲམ་ཟེ་བའི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པ་ལས་ཡི་གེའི་བྱེད་པོ་དབང་ཕྱུག་ཆེན་པོར་གྲགས་པ་དང་སྒོ་བསྟུན་ཅིང་མདོ་སྡེ་ཟ་མ་ཏོག་ལས་དབང་ཕྱུག་སྤྱན་རས་གཟིགས་ཀྱི་རྣམ་རོལ་ཏུའང་གསུངས་པས་ཕྱི་རོལ་བ་རྣམས་རྗེས་སུ་གཟུང་བའི་སླད་དུ་ཕྱག་མཛད་པའོ། །པྲ་སྟིའི་རྣམ་བཤད་ལས། གོང་གི་སྒྲ་དབྱངས་ནི་ཨཱ་ལི་དང་། འདིའི་མིང་གཞི་ནི་ཀཱ་ལི་དང་། རྟག་ཞི་བ་ནི་ཁྱབ་འཇུག་གམ་ཚངས་པ་ལ་བཤད་ཅིང་། འགྲེལ་བཤད་གཞན་དུ་རྟག་ཞི་བ་ཞེས་པ་སངས་རྒྱས་དང་། སྤྱན་རས་གཟིགས་དང་། ཚངས་པ་དང་། ཁྱབ་འཇུག་སོགས་སུ་འདོད་པ་ནི་ནོར་བའོ།། བཞི་བ་ནི། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་།། བླ་མ་ལ་ཡང་ཕྱག་འཚལ་ནས།། ཞེས་པ་སྟེ། སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་ལེགས་པར་སྦྱོར་བའི་ཚུལ་སྟོན་པའི་སྒོ་ནས་ཚིག་དོན་ལ་མི་རྨོངས་པའི་ཤེས་རབ་སྐྱེད་ནུས་པའི་བསྟན་བཅོས་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་སྤྱི་དང་། བྱེ་བྲག་ཏུ་སློབ་དཔོན་ཐོན་མི་ཉིད་ལ་དེ་ལྟའི་བྱ་བ་མཛད་པའི་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པའི་བླ་མ་རྣམས་ལ་ཡང་ཕྱག་མཛད་པ་སྟེ། ནས་ནི་ལྷག་བཅས་ཀྱི་སྒྲའོ། །པྲ་སྟིས་ནས་ཀྱི་སྒྲ་ནི་རྩོམ་པར་དམ་བཅའི་གཞུང་དུ་བསྡུས་ཏེ་མཆོད་བརྗོད་དང་དམ་བཅའ་གཉིས་རྒྱུན་གཅིག་ཏུ་སྦྱོར་བའི་མཚམས་སྦྱོར་སྟོན་བྱེད་དུ་གསུངས་སོ།། གཉིས་པ་རྩོམ་པ་དམ་བཅའ་བ་ནི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་རྗོད་པ་ཀུན་གྱི་གཞི།། ཡི་གེ་སྦྱོར་བ་བཤད་པར་བྱ།། ཞེས་འབྱུང་སྟེ། སངས་རྒྱས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་གཞི་ཐམས་ཅད་སྟོན་པའི་སྒོ་ནས་འཛིན་པར་བྱེད་ཅིང་། ཕྱི་རོལ་བའི་ངེས་བརྗོད་དང་། མཆོད་སྦྱིན་དང་། སྙན་ཚིག་དང་། སྲིད་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པའི་གཞུང་ལུགས་མཐའ་དག་སྨྲ་བ་རྣམས་ཀྱི་རྒྱུ་ཡང་ཡིན་ལ། སྤྱིར་ཡི་གེ་ལས་མིང་དང་། མིང་ལས་ཚིག་དང་། ཚིག་ལས་བརྗོད་པ་འབྱུང་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་ཡིན་པས་དེ་བཤད་པར་བྱའོ། །ཞེས་པའོ། །དེ་ཡང་བོད་ཀྱི་ཡི་གེའི་སྦྱོར་བ་ནི་སྐབས་འདིའི་བརྗོད་བྱ་དང་། དེ་སྦྱང་བརྩོན་བྱས་པས་བསླབ་པ་གསུམ་དང་རིག་བྱེད་སོགས་གཙུག་ལག་གཉིས་ཀའི་ལམ་ལ་མི་རྨོངས་པ་ནི་དགོས་པ་དང་། མཐར་ཐུག་རྣམ་མཁྱེན་ཐོབ་པ་ནི་ཉིང་དགོས་དང་། དེ་དག་སྔ་ཕྱི་འབྲེལ་ཆགས་པ་ནི་འབྲེལ་བའོ།། གཉིས་པ་སྐབས་དོན་སུམ་ཅུ་བ་ཉིད་རྒྱས་པར་བཤད་པ་ལ་གཉིས། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་བོ་ལ་གཉིས། སྦྱར་བྱ་ཡི་གེའི་རྣམ་གཞག་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའོ། །དང་བོ་ལ་གཉིས། བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ་དང་། ཁྱད་པར་གྱི་དབྱེ་བ་བསྟན་པའོ། །དང་བོ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཨཱ་ལི་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམ་པའོ།། ཞེས་པ་སྟེ། སྤྱིར་ཡི་གེ་ལ་ཨཱ་ལི་སྟེ་ཨ་ལ་སོགས་པའི་ཕྲེང་བ་དབྱངས་ཡིག་དང་། ཀཱ་ལི་སྟེ་ཀ་ལ་སོགས་པའི་ཕྲེང་བ་གསལ་བྱེད་ཀྱི་ཡི་གེ་གཉིས་སུ་ཡོད་ལ། བྱེ་བྲག་ཏུ་བོད་ཡིག་ལ་ནི། ལེགས་སྦྱར་གྱི་ཨཱ་ལིའི་བྱ་བ་གསལ་བར་མཚོན་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང་། ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ཡོད་དོ། །ཞེས་པའོ།། གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།། དེ་ལས་ལྔ་ནི་སྔོན་དུའང་འཇུག ། མི་འཇུག་པ་ནི་ཉི་ཤུའོ།། ཞེས་པ་སྟེ། བཤད་མ་ཐག་པའི་ཡི་གེ་ཀཱ་ལི་དེ་དག་ལ་དབྱེ་ན་རྗེས་སུ་འཇུག་པ་བཅུ་དང་། རྗེས་འཇུག་དེ་ཉིད་ལས་ལྔ་ནི་སྔོན་དུའང་འཇུག་པ་ཡིན་པས་སྔོན་འཇུག་ལྔ་དང་། སྔོན་རྗེས་གཉིས་ཀར་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ་ཚན་པ་གསུམ་དུ་དབྱེའོ། །ཞེས་པའོ།། གཉིས་པ་ལ་གཉིས། དབྱེ་སྒོ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་བོ་ནི། ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།། བཞི་བཞི་དག་ཏུ་ཕྱེ་བ་ལས།། ཞེས་པ་སྟེ། ཀཱ་ལི་སུམ་ཅུ་བོ་དེ་རྣམས་ཀ་སྡེ་དང་། ཅ་སྡེ་དང་། ཏ་སྡེ་དང་། པ་སྡེ་དང་། ཙ་སྡེ་དང་། ཞ་སྡེ་དང་། ར་སྡེ་སྟེ་སྡེ་བ་རིལ་བོ་བདུན་དང་། ཧ་སྡེ་ཕྱེད་དུ་བྱས་ནས་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་བགོས་པ་ནི། སྡེ་བ་རེ་རེ་ལ་ཡི་གེ་བཞི་བཞི་རུ་ཕྱེ་བ་ཡིན་ཞིང་། ལས་ནི་འབྱུང་ཁུངས་ཀྱི་སྒྲའོ།། གཉིས་པ་ལ་གསུམ། རྗེས་འཇུག་དང་། སྔོན་འཇུག་དང་། མི་འཇུག་པ་བཤད་པའོ། །དང་བོ་ནི། དང་བོ་གསུམ་པ་བཞི་བ་ཡི།། མས་གཉིས་དྲུག་པའི་གསུམ་པ་དང་།། བདུན་པ་ལ་ནི་ཤ་མ་གཏོགས།། རྗེས་འཇུག་ཡི་གེ་བཅུ་རུ་འདོད།། ཅེས་པ་སྟེ། གོང་དུ་རྗེས་འཇུག་བཅུ་ཞེས་བཤད་པ་དེ་གང་ཞེ་ན། སྡེ་བ་དང་བོ་དང་། གསུམ་པ་དང་། བཞི་བ་རྣམས་ཀྱི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ག་ང་། ད་ན། བ་མ་རྣམས་དང་། སྡེ་བ་དྲུག་པའི་གསུམ་པ་འ་དང་། བདུན་པའི་ཤ་མ་གཏོགས་པའི་ལྷག་མ་ར་ལ་ས་གསུམ་སྟེ་དེ་རྣམས་ལ་རྗེས་འཇུག་བཅུ་ཅེས་བྱ་ཞིང་། ཡི་གེ་གྲངས་བཅུ་ཉིད་དུ་ངེས་པ་ཡིན་ནོ།། གཉིས་པ་ནི། རྗེས་འཇུག་ཡི་གེ་བཅུ་ཉིད་ལས།། དང་བོ་གསུམ་པ་ལྔ་བ་དྲུག ། བདུན་པ་རྣམས་ནི་སྔོན་དུའང་འཇུག ། ཅེས་པ་སྟེ། གོང་དུ་སྔོན་འཇུག་ལྔ་ཞེས་བཤད་པ་དེ་གང་ཞེ་ན། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་ཉིད་ལས་དང་བོ་ག གསུམ་པ་ད། ལྔ་བ་བ། དྲུག་པ་མ། བདུན་པ་འ་རྣམས་ཡིན་ཞིང་། དེ་དག་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་པས་སྔོན་འཇུག་ཅེས་བྱ་སྟེ། ཡི་གེའི་གྲངས་ལྔ་ཉིད་དུ་ངེས་པ་ཡིན་ནོ།། གསུམ་པ་ནི། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།། དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་།། གང་དུའང་འཇུག་མིན་སྦྱར་བའང་མིན།། ཞེས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ་ཧ་ཨ་སྟེ་ཡི་གེ་ཉི་ཤུ་ཐམ་པ་ནི། ཚེག་བར་གཅིག་ཏུ་གཉིས་སམ་གསུམ་སྦྲེལ་བའམ། དེ་ལ་དབྱངས་ཨི་སོགས་གང་རུང་རེ་སྦྱར་བས་བཞི་ལྡན་དུ་བྱས་ན། ཙཀ ཚཕཁ། ཝཟིཡ། ལྟ་བུ་བོད་དུ་གྲགས་པའི་ཐ་སྙད་གང་ལའང་འཇུག་པ་མིན་པས་འདི་བཞིན་སྦྱར་བར་རིགས་པའང་མ་ཡིན་ནོ།། པྲ་སྟིའི་རྣམ་བཤད་དུ། དེ་ལ་དབྱངས་ཀྱི་གཞི་ལྡན་ཡང་། །ཞེས་བཏོད་ནས་དབྱངས་ཀྱི་གཞི་སྟེ་ཨི་ལ་སོགས་པའི་སྲོག་དང་ལྡན་པ། ཞེས་འབྲེལ་ལོ། །དེ་ཡང་སྐབས་འདིའི་མིང་གཞི་ནི་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་གསལ་བྱེད་ཀྱི་ཡི་གེ་ཡིན་ལ། དེས་ན་སྔོན་རྗེས་མིང་གསུམ་ཅི་རིགས་པར་འགྱུར་བ་སྔོན་འཇུག་ལྔ། མིང་རྗེས་གཉིས་ཅི་རིགས་པར་འགྱུར་བ་རྗེས་འཇུག་ལྷག་མ་ལྔ། མིང་གཞི་ཁོ་ན་ཡིན་པ་མི་འཇུག་པ་ཉི་ཤུ་ཐམ་པ་སྟེ་གསུམ་དུ་དབྱེར་ཡོད་པ་ལས་འདིར་ནི་ཕྱི་མ་འཆད་པའི་སྐབས་སོ།། གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་དང་། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པའོ། །དང་བོ་ལ་བརྒྱད། སླར་བསྡུ་བཤད་པ། ལ་དོན་བཤད་པ། ཨི་ལྡན་གྱི་རྣམ་དབྱེ་བཤད་པ། རྒྱན་སྡུད་བཤད་པ། ལྷག་བཅས་བཤད་པ། འབྱེད་སྡུད་བཤད་པ། འབྱུང་ཁུངས་བཤད་པ། བོད་པའི་སྒྲ་བཤད་པའོ། །དང་བོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ནི།། མིང་གང་གི་ནི་མཐར་སྦྱར་བ།། དེ་ལ་ཨཱ་ལི་བཞི་བ་སྦྱར།། སླར་བསྡུ་བར་ནི་ཤེས་པར་བྱ།། ཞེས་པ་སྟེ། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་རྣམས་ཉིད་མིང་ཚིག་གང་གི་མཐར་སྦྱར་བ་ཡོད་ཀྱང་རུང་། དེ་དག་ལ་ཨཱ་ལི་བཞི་བ་ཨོ་ཡིག་སྟེ་རྣ་རུ་སྦྱར་བ་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་བྱའོ། །དེ་ཡང་གཞུང་གི་དངོས་བསྟན་རྟག་གོ །བཟང་ངོ་། ཡོད་དོ། །ཡིན་ནོ། །སྒྲུབ་བོ། །བསམ་མོ། །དགའ་འོ། །བསྐྱུར་རོ། །སེལ་ལོ། །བྱས་སོ། །ཞེས་པ་ལྟ་བུ་བཅུ་དང་། ད་དྲག་གིས་ཐོབ་པའི་ཤུགས་བསྟན། གྱུརད་ཏོ། །ལྟ་བུ་གཅིག་སྟེ་བཅུ་གཅིག་ཡོད་དོ། །དེ་ལ་བྱའོ་སྙམ་ནས་ཡོད་དོ་ཞེས་པའི་འོ་སྒྲ་རྫོགས་ཚིག་དངོས་ཡིན་ཞིང་། གཞུང་འདིར་བསྟན་གྱི་སླར་བསྡུ། སྨྲ་སྒོ་ནས་བཤད་པའི་ཟླ་སྡུད། དེང་སང་རྫོགས་ཚིག་ཏུ་གྲགས་པ་རྣམས་དོན་གཅིག་གོ ། སྐབས་འདིར་ཁ་ཅིག་གིས། རྗེས་འཇུག་བ་ཡིག་གི་རྗེས་སུ་པོ་དང་། ད་ས་དག་གི་རྗེས་སུ་ཏོ་སྦྱོར་བར་འདོད་པ་དང་། ལ་ལས་བ་ཡིག་འདས་ཚིག་དངོས་ཡིན་པའི་རྗེས་སུ་པོ་སྦྱོར་བ་དང་། འགྲེལ་བྱེད་ཕལ་ཆེར་གྱིས་སླར་བསྡུའི་སྒྲ་རྣམ་དབྱེ་དང་བོའི་དོན་དུ་བཤད་པ་རྣམས་ནི་ཤིན་ཏུ་མི་འཐད་དོ།། གཉིས་པ་ནི། རྗེས་འཇུག་ཡི་གེ་བཅུ་རྣམས་ལས།། གང་མིང་མཐའ་ན་བཅུ་བ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།། གང་མིང་མཐའ་ན་གསུམ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། བཞི་བ་དགུ་བ་དང་དངོས་ཀྱང་སྟེ།། ལས་དང་ཆེད་དང་རྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།། ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་བོ་དེ་རྣམས་ཉིད་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་རྣམ་དབྱེ་སྦྱར་བའི་ཆེད་དུ་བཅུ་བ་ས་ཡིག་གནས་པ་དེ་ཨུ་ཡིག་སྦྱར་བས། སུ་ཞེས་གྲུབ་པ་དང་། དེ་བཞིན་དུ་ཚེག་བར་གཅིག་ཉིད་དུ་མིང་མཐར་བརྒྱད་པ་ར་ཡིག་སྦྱར་ཏེ་ལྷག་པར་ལྟ་བུ་དང་། ཡང་ར་ཡིག་དེ་ཉིད་ཚེག་བར་ཕྱེ་བ་ལ་ཨུ་ཡིག་ཀྱང་སྦྱར་བའི་རུ་ཞེས་པ་དང་། རྗེས་འཇུག་གསུམ་པ་ད་ཡིག་གནས་པར་ཨུ་ཡིག་སྦྱར་བའི་དུ་དང་། རྗེས་འཇུག་བཞི་བ་ན་དང་། དགུ་བ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་ཏེ་མངོན་སུམ་ཉིད་དུ་གནས་པའང་སྟེ་དངོས་བསྟན་དྲུག་དང་། ཤུགས་བསྟན་ཏ་ཡིག་ཨུ་ཞུགས་ཀྱི་ཏུ་བཅས་བདུན་པོ་འདི་རྣམས་ནི། ཤར་ཕྱོགས་སུ་འགྲོ་ལྟ་བུ་བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་སྒྲ་དང་། རྟར་རྩྭ་བྱིན་ལྟ་བུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བཞི་བ་དགོས་ཆེད་ཀྱི་སྒྲ་དང་། དཔྲལ་བ་རུ་སྨེ་བ་ཡོད་ལྟ་བུ་གང་ཞིག་ལ་བརྟེན་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པ་རྟེན་གནས་ཀྱི་སྒྲ་དང་། འོད་དུ་འཚེར་ལྟ་བུ་ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་ངོ་བོ་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པའི་བྱེ་བྲག་དེ་ཉིད་ཀྱི་སྒྲ་དང་། ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་དུས་བརྗོད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཀྱི་སྒྲར་ཤེས་དགོས་ཤིང་། དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང་། མཐའི་གསལ་བྱེད་ཡིན་པས་ལ་སྒྲ་ཞེས་བརྗོད་པར་བྱ་སྟེ། འོན་ཀྱང་ན་ལ་གཉིས་དེ་ཉིད་ཀྱི་དོན་ཅན་ལ་མི་འཇུག་སྟེ། སྨྲ་སྒོ་ལས། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འགྲེལ་བྱེད་སྔ་ཕྱི་རྣམས་ཀྱིས་མིང་མཐར་གནས་པའི་དོན་ལ་འགྲེལ་ཚུལ་སྣ་ཚོགས་ཤིག་འདུག་ཅིང་པྲ་སྟིའི་རྣམ་བཤད་དུ་ལ་ཡིག་ཀྱང་དེ་ཉིད་ཀྱི་དོན་ཅན་དུ་ཕལ་ཆེར་ལ་སྦྱར་རུང་བར་གསུངས་སོ།། གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ལ།། ཨི་དང་མཐུན་ལུགས་འདི་ཞེས་བྱ།། ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་བོ་དེ་དག་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ། ཨི་ཡིག་དང་སྦྱར་བའི་རྣམ་དབྱེའི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་ནི་འདི་དང་འདིའོ་ཞེས་བསྟན་པར་བྱའོ། །ཞེས་སོ།། གཉིས་པ་ལ་གཉིས། འབྲེལ་སྒྲ་དང་། བྱེད་པ་པོའི་སྒྲ་བཤད་པའོ། །དང་བོ་ནི། དང་བོ་གཉིས་ལ་དང་བོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།། དེ་དག་ཨི་སྦྱར་འབྲེལ་བའི་ས།། ཞེས་པ་སྟེ། རྗེས་འཇུག་བཅུའི་དང་བོ་ག་དང་ང་གཉིས་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ནི། རྗེས་འཇུག་གི་དང་བོ་ག་ཉིད་མཐུན་ཞིང་། དེ་བཞིན་དུ་རྗེས་འཇུག་གསུམ་པ་ད་དང་། ལྔ་བ་བ་དང་། བཅུ་བ་ས་རྣམས་རྗེས་སུ་ཞུགས་པ་ལ་ཀྱ་དང་སྦྱར་བ་དང་། རྗེས་འཇུག་བདུན་པ་འ་ཡིག་གི་མཐའ་ཅན་རྣམས་ལ་འ་ཡིག་དངོས་སུ་ཡོད་དམ་མེད་ཀྱང་རུང་བདུན་པ་འ་ཉིད་སྦྱར་བ་དང་། ཤུགས་བསྟན་འ་མཐའ་ཅན་ལ་རྐང་བ་ཁ་སྐོང་བའི་ཚེ་ཡ་ཡིག་སྦྱར་བ་དང་། དེ་དག་ལས་གཞན་རྗེས་འཇུག་ལྷག་མ་ན་མ་ར་ལ་གང་རུང་གི་མཐའ་ཅན་རྣམས་ལ་གྱ་ཉིད་དང་སྦྱར་བ་མཐུན་པ་བཅས། དེ་རྣམས་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་བས་གི་ཀྱི་འི་ཡི་གྱི་རྣམས་སུ་གྲུབ་པ་དེ་རྣམས་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་བས་བདག་གི་ནོར། གང་གི་དྲིན། ཁྱོད་ཀྱི་མིག རྒྱབ་ཀྱི་ཕྱོགས། གཡས་ཀྱི་གྲོང་། དེའི་ཚུལ། དེ་ཡི་དོན། མདུན་གྱི་ལམ། གཏམ་གྱི་གཞི། གསེར་གྱི་རྒྱན། དཔལ་གྱི་བེའུ་སོགས་སུ་འགྱུར་ཏེ། དེ་དག་ནི་རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་བའི་སའམ་འབྲེལ་བའི་གནས་ཞེས་བྱའོ།། འདིར་ཡིག་རྙིང་དག་པ་རྣམས་སུ་ད་དྲག་ཅན་གྱིས་ཀྱི་ཉིད་དྲངས་པ་མཐོང་མོད་ཀྱི། དེང་སང་ད་དྲག་མི་མཛད་པས་ཕལ་ཆེར་ལ་གྱི་ཉིད་སྦྱོར་བར་སྣང་ཡང་ཕྲད་གཞན་དང་བསྟུན་ན་ཀྱི་རང་འདྲེན་པ་ལེགས་པར་སེམས་པས། ཀུནད་ཀྱི། རབ་འབྱོརད་ཀྱི། བཀའ་སྩལད་ཀྱི་སོགས་སུ་སྦྱར་བར་བྱའོ། །གི་ལ་སོགས་པ་དེ་རྣམས་རྣམ་དབྱེའི་དོན་མ་ཡིན་པ་གཞན་ལའང་འཇུག་པ་ཡོད་དེ། །འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །འདི་ལྟར་འཐད་མོད་ཀྱི་འོན་ཀྱང་། ཞེས་པ་ལྟ་བུ་ཕྱི་ཚིག་འགལ་བའམ་མི་མཐུན་པར་སྟོན་པའི་ཚིག་གི་རྒྱན་ལའང་འཇུག་པའི་ཕྱིར་རོ།། གཉིས་པ་ནི། དེ་ཉིད་ལ་ནི་བཅུ་བ་སྦྱར།། བྱེད་པ་པོ་རུ་ཤེས་པར་བྱ།། ཞེས་པ་སྟེ། སྔར་བཤད་པའི་རྣམ་དབྱེ་དྲུག་པའི་སྒྲ། གི་ཀྱི་འི་ཡི་གྱི་སྟེ་ལྔ་བོ་དེ་ཉིད་ལ་རྗེས་འཇུག་བཅུ་བ་ས་ཡིག་སྦྱར་བས་གིས་ཀྱིས་འིས་ཡིས་གྱིས་རྣམས་སུ་གྲུབ་པ་ནི་བྱེད་པ་པོས་བྱ་བ་སྦྱོར་བར་སྟོན་པས་ན་རྣམ་དབྱེ་གསུམ་པ་བྱེད་པ་པོའི་ས་རུ་ཤེས་པར་བྱ་སྟེ། དཔེར་ན་བདག་གིས་བཤད། ཁྱོད་ཀྱིས་ཉན། དེའིས་བསམས། འདི་ཡིས་བསྒོམས། གསེར་གྱིས་ཉོས། ཟིལད་ཀྱིས་མནན་ལྟ་བུའོ། །འོན་ཀྱང་འ་མཐར་འིས་ཞེས་པ་སྐད་གསར་བཅད་ཀྱི་ལུགས་ལ་མི་འབྱུང་བ་ནི་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པ་བཞིན་འིས་ཞེས་པའི་འི་ཡིག་ཕྱིས་ནས་བསྡུས་པར་ཟད་ཀྱི་ཐོབ་ཐང་མེད་པས་ནི་མ་ཡིན་པར་ཤེས་དགོས་སོ།། བཞི་བ་རྒྱན་སྡུད་བཤད་པ་ནི། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།། ཞེས་པ་སྟེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི་འི་ཡི་གསུམ་གྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་འང་ཡང་ཞེས་གྲུབ་པ་དེ་རྣམས་ནི། གསལ་ཡང་གསལ། མཛེས་ཀྱང་མཛེས་ལྟ་བུ་ཚིག་སྔ་ཕྱི་མཐུན་པར་སྟོན་པའི་རྒྱན་དང་། བཏུད་ཀྱང་ཁྲོ། ཨུཏྤལ་ཡང་ཡིན་ལ་སྔོན་པོའང་ཡིན་ནོ་ལྟ་བུ་ཁྱད་གཞི་གཅིག་ཏུ་ཁྱད་ཆོས་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། །ཞེས་པའོ། །འདིར། མཛེས་པའང་ཡིན་ཏེ་མདོག་ཀྱང་དཀར། །དཔལ་ཡང་འབར་ལ་ཡིད་ཀྱང་འཕྲོག །ཅེས་པ་ལྟ་བུ་སྡུད་པ་དངོས་ཡང་པྲ་སྟིས་མཐུན་པའི་ཚིག་རྒྱན་གྱི་དཔེར་བཞེད་དོ།། ལྔ་བ་ལྷག་བཅས་བཤད་པ་ནི། ལ་དོན་སུ་ལ་ཨུ་ཕྱིས་ནས།། དེ་ལ་གསུམ་པའི་དང་བོ་སྦྱར།། དེ་ནི་ལྷག་མ་དང་བཅས་པའོ།། ཞེས་པ་སྟེ། སྔར་བཤད་པའི་ལ་དོན་གྱི་ནང་ཚན་སུ་ཞེས་པ་དེའི་ཨུ་ཡིག་སྟེ་ཞབས་ཀྱུ་ཕྱིས་ནས་ས་ཞེས་གནས་པ་དེ་ལ་ཀཱ་ལིའི་སྡེ་བ་གསུམ་པའི་དང་བོ་ཏ་ཡིག་སྦྱར་ཞིང་། དེ་ལ་སླར་ཡང་སྟེང་དུ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ་ཞེས་འགྲུབ་པ་དང་། འོག་ནས་འབྱུང་བའི་དེ་དང་། ཤུགས་བསྟན་གྱི་ཏེ་རྐྱང་བཅས་གསུམ་པོ་དེ་རྣམས་ནི། མིང་ཚིག་གང་གི་མཐར་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱ་སྟེ། དེ་ཡང་། མདའ་འཕངས་ཏེ་ཕོག ཕྱག་འཚལ་ཏེ་བཤད། འཕར་ཏེ་འགྲོ་ལྟ་བུ་ནས་དང་ཅིང་སོགས་ཀྱི་ཕྲད་དང་འཇུག་པ་མཐུན་པ་ནི་མཚམས་སྦྱོར་དང་། དངོས་པོ་ནི་གསུམ་སྟེ། བེམ་པོ་དང་། ཤེས་པ་དང་། ལྡན་མིན་འདུ་བྱེད་དོ་ལྟ་བུ་ཚིག་སྔ་མའི་གསལ་བྱེད་དུ་ཕྱི་མ་འདྲེན་པ་ནི་དམ་བཅའ་དང་། ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། །ལྟ་བུ་ལ་དང་འཇུག་པ་མཐུན་ཞིང་ལྷག་མ་ཡོད་པ་ཙམ་སྟོན་པ་ནི་གཞན་འདྲེན་ཏེ་རགས་པར་ན་དབྱེ་བ་གསུམ་དུ་འགྱུར་རོ།། དྲུག་པ་འབྱེད་སྡུད་བཤད་པ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ལ།། དྲུག་པ་སྦྱར་ན་འབྱེད་སྡུད་ཡིན།། ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བས། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། རྣམས་སུ་གྲུབ་པ་དེ་དག་དང་། ཤུགས་བསྟན་ཏམ་བཅས་བཅུ་གཅིག་པོ་རྣམས་ནི། ཕུང་བོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའོ། །ལྟ་བུ་དབྱེ་གཞི་གཅིག་ལས་བྱེ་བྲག་སོ་སོར་འབྱེད་པ་དང་། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་བོའོ། །ལྟ་བུ་ཚིག་དོན་མང་བོ་ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འཇུག་པ་ཡིན་ནོ། །ཞེས་པའོ། །དེ་ཡང་རྟག་གམ་མི་རྟག་ལྟ་བུ་དྲི་ཚིག་རྣམས་ཀྱང་རྟག་མི་རྟག་གི་ཁྱད་པར་འབྱེད་པའི་ཚིག་ཡིན་པས་འབྱེད་པའི་སྒྲ་ཉིད་དུ་ངེས་སོ།། བདུན་པ་འབྱུང་ཁུངས་བཤད་པ་ལ་གཉིས། དངོས་དང་། དེ་དགར་སྡུད་ལ་འཇུག་པའི་ཚུལ་ལོ། །དང་བོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ཡི།། བཞི་བ་དགུ་བ་ལ་བཅུ་བ།། སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།། ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་བོ་དེའི་བཞི་བ་ན་དང་། དགུ་བ་ལ་གཉིས་ལ་སོ་སོར་བཅུ་བ་ས་ཡིག་སྦྱར་བས། ནས་ལས་ཞེས་གྲུབ་པ་ནི། རྒྱ་མཚོ་ནས་ནོར་བུ། མཁས་པ་ལས་རིག་པ་ལྟ་བུ་ཆོས་གང་ལས་གང་ཞིག་ལེན་པའམ་འབྱུང་བ་སྟོན་པའི་དོན་དང་མཚུངས་པར་འཇུག་པས་རྣམ་དབྱེ་ལྔ་བ་འབྱུང་ཁུངས་ཀྱི་ས་ཡིན་ཞིང་། ཏེ་ནི་ལྷག་བཅས་སོ། །ཡང་དུ་བ་ལས་མེར་ཤེས་ལྟ་བུ་ལས་ཀྱི་སྒྲ་ཁོ་ན་རྒྱུ་མཚན་ལ་འཇུག་པ་ཡོད་ཀྱང་རྣམ་དབྱེ་ལྔ་བ་ལས་མ་འདས་ཏེ། མེར་ཤེས་པའི་རྒྱུ་མཚན་དེ་དུ་བ་མཐོང་བ་ལས་བྱུང་བས་སོ། །གཉིས་པ་ནི། དགར་དང་སྡུད་པའང་དེ་བཞིན་ཡིན། །ཞེས་པ་སྟེ། བཤད་མ་ཐག་པའི་ལས་དང་ནས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་མ་ཟད། རྣམ་དབྱེ་སྦྱར་གཞི་དེ་ལས་རིགས་དང་བྱ་བ་ཡོན་ཏན་རྣམས་ཀྱི་ཁྱད་པར་གང་ཡང་རུང་བ་ལོགས་སུ་དགར་བའི་དོན་ལའང་འཇུག་ཅིང་། ནས་ཀྱི་སྒྲ་གཅིག་པུ་ནི་ཡུལ་དང་དུས་དང་དངོས་པོ་ལ་སོགས་པ་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ཏེ། ལྷ་རྣམས་ཀྱི་ནང་ནས་བརྒྱ་བྱིན་མཛེས་ལྟ་བུ་དགར་གཞི་དང་དགར་ཆོས་རིས་མཐུན་པ་ལ་ནས་དང་། རྟ་ལས་བོང་བུ་དམན་ལྟ་བུ་དགར་གཞི་དང་དགར་ཆོས་རིས་མི་མཐུན་པ་ལ་ལས་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་ལྟ་བུ་སྡུད་པ་ལ་ནས་འཇུག་ཅིང་། དགར་སྡུད་གཉིས་ཀ་ཡང་རྣམ་དབྱེ་ལྔ་བའི་ཕྱོགས་སུ་གཏོགས་ཏེ། དགར་བ་ནི་དགར་གཞི་ལས་དགར་ཆོས་ཕྱེ་བ་ལྟར་སྣང་བ་དང་། སྡུད་པ་ནི་ཐོག་མ་གང་ནས་བརྩམས་པ་དེ་ལས་བསྡུ་བྱ་རྣམས་བྱུང་བ་ལྟར་སྣང་བས་སོ།། གཞུང་འདིར་མ་བསྟན་ཀྱང་ནས་ཀྱི་སྒྲ་མཚམས་སྦྱོར་བའི་ལྷག་བཅས་ལ་འཇུག་པ་ལག་པ་བརྐྱངས་ནས་བཟུང་། ཕྱག་འཚལ་ནས་བཤད་ལྟ་བུ་དང་། ཤར་ཕྱོགས་ནས་འོད་སྣང་། ས་བོན་ལས་མྱུ་གུ་སྐྱེ། རྟ་ལས་ལྷུང་ལྟ་བུའི་ནས་ལས་ཀྱི་སྒྲ་ནི་འབྱུང་ཁུངས་དང་འདྲ་བ་དང་། ལྷའི་ནང་ནས་རྡོ་རྗེ་རྩེ་བརྒྱ་འཛིན་པ་ནི་བརྒྱ་བྱིན་ནོ། །ལྟ་བུ་རིགས་དགར་བ་ཡིན་ཞིང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་རྫས་རྐྱང་དགར་བ་མ་བཤད་པ་དང་། ལས་ཀྱི་སྒྲ་སྡུད་པར་མི་འཇུག་ཅིང་། ལསྩོགས་ཞེས་བར་ཚེག་མེད་པ་ནི་ཡིག་རྙིང་གི་ལུགས་ཡིན་པའི་གནད་རྣམས་ཤེས་པར་བྱའོ།། ཀུན་བཟང་དགོངས་རྒྱན་དུ། ས་བོན་ལས་མྱུ་གུ་སྨིན་ཞེས་པའི་ལས་ཀྱི་སྒྲ་འབྱུང་ཁུངས་དངོས་དང་། རྫས་དགར་བའི་དཔེར་བརྗོད་དུ་རྩེ་བརྒྱ་འཛིན་པ་སོགས་འཇོག་ཅིང་། ལས་ཀྱི་སྒྲ་སྡུད་པར་འཇུག་པའི་དཔེར་ལ་སོགས་དང་། ལསྩོགས་སམ། ལས་སོགས་དང་། ལས་སྩོགས་ཞེས་ཀྱང་ཡིག་རྙིང་དུ་ཡོད་པར་གསུངས་སོ།། བརྒྱད་པ་བོད་པའི་སྒྲ་བཤད་པ་ནི། གང་མིང་བརྗོད་པའི་དང་བོ་རུ།། ཀྱེ་སྦྱར་ན་ནི་བོད་པ་ཡིན།། ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཐོག་མར་ཀྱེ་ཞེས་སྦྱར་བ་ནི། ཀྱེ་རྒྱལ་བོ་ཆེན་པོ་ལྟ་བུ་ཡུལ་ཁྱད་པར་ཅན་ལ་བོད་པ་གསལ་བར་བྱེད་པའི་སྒྲ་ཡིན་ལ། ཤུགས་བསྟན་ཀྭ་དང་ཀྭ་ཡེ་ཝ་ཡེ་མ་ཡེ་ལྟ་བུ་ནི་ཡུལ་དམན་པ་ལ་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ནོ། །དེ་ཡང་མིང་གི་ཐོག་མར་སྦྱར་བ་གཙོ་ཆེ་བའི་དབང་གིས་གསུངས་པ་ལས། ཚིགས་བཅད་སོགས་སྦྱོར་བའི་ཚེ། བདག་ལ་དགོངས་ཤིག་བརྩེ་ལྡན་ཀྱེ། །ཞེས་པ་ལྟ་བུ་མཐར་སྦྱར་བའང་ཡོད་དོ། །པྲ་སྟིས་ཀྱེ་ཞེས་པ་རྣམ་དབྱེ་དངོས་ཡིན་པར་གསུངས་སོ།། གཉིས་པ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ་ལ་དྲུག ནི་སྒྲ་བཤད་པ། དང་སྒྲ་བཤད་པ། དེ་སྒྲ་བཤད་པ། གང་སྒྲ་བཤད་པ། བདག་སྒྲ་བཤད་པ། དགག་སྒྲ་བཤད་པའོ། །དང་བོ་ནི། གང་མིང་མཐའ་དང་མཐུན་པ་ཡི།། བཞི་བ་ལ་ནི་ཨི་སྦྱར་བ།། དགར་དང་བསྣན་པའི་ཚིག་ཏུ་འགྱུར།། ཞེས་པ་སྟེ། གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་རུང་བའི་ཕྲད་རྗེས་འཇུག་བཞི་བ་ན་ཡིག་ལ་ཨི་སྦྱར་བས། ནི་ཞེས་གྲུབ་པ་དེ་ནི། ཁྱབ་འཇུག་ནི་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ་ལྟ་བུ་དགར་གཞི་ལས་མཆོག་ཏུའམ་དམན་པར་རམ་ཐ་དད་ཙམ་དུ་དམིགས་བཟུང་ནས་དགར་བའི་དོན་དང་། རྟེན་བཟང་བོ་ནི་ཐོབ། བླ་མ་དང་ནི་མཇལ། ཤེས་རབ་ཀྱི་མིག་དང་ནི་ལྡན། ཆོས་ཀྱི་བདུད་རྩི་ནི་མྱངས་ལྟ་བུ་དོན་གང་ཡིན་པ་དེ་ལ་ངེས་བཟུང་ངམ་ནན་ཏན་དུ་བརྣན་པའི་དོན་ལ་འཇུག་པའི་ཚིག་ཏུ་འགྱུར་ཞིང་། སྡོམ་པ་ཐམས་ཅད་ལྡན་པར་ནི། །ལྟ་བུ་ཚིག་གི་ཁ་སྐོང་དུ་འཇུག་པ་རྣམས་ཀྱང་བརྣན་པའི་སྒྲ་ཉིད་ཡིན་ནོ།། གཉིས་པ་ནི། མིང་གང་རུང་བའི་བར་མཚམས་སུ།། གསུམ་པ་ལ་ནི་གཉིས་པ་སྦྱར།། དེ་ནི་སྡུད་དང་འབྱེད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། ཞེས་པ་སྟེ། མིང་ཚིག་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་གཉིས་པ་ང་ཡིག་སྦྱར་བས། དང་ཞེས་གྲུབ་པ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ནི་དབང་བོའོ། །ལྟ་བུ་ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང་། དབང་བོ་རྣམས་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སོ་ལྟ་བུ་སོ་སོར་འབྱེད་པ་དང་། སྨན་ཟོས་པ་དང་ནད་སོས་སོ་ལྟ་བུ་རྒྱུ་མཚན་དང་། ཉི་མ་ཤར་བ་དང་ཆོས་སྟོན་དྲངས་ལྟ་བུ་ཚེ་སྐབས་དང་། ལེགས་པར་སློབས་དང་ལྟ་བུ་གདམས་ངག་བརྗོད་པའི་དོན་ཏེ་དོན་ལྔ་ལ་འཇུག་གོ །ཞེས་སོ།། གསུམ་པ་ནི། གང་མིང་གི་ནི་ཡ་མཐའ་རུ།། གསུམ་པ་ལ་ནི་ཨེ་སྦྱར་བ།། ཐ་སྙད་དབང་དུ་གསུམ་ཡིན་ཏེ།། དངོས་པོའི་དབང་དུ་བཞི་རུ་འགྱུར།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།། ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས། དེ་ཞེས་གྲུབ་པ་ནི། སྔར་མེད་ལ་གསར་དུ་ནན་གྱིས་བཏགས་པའི་ཐ་སྙད་ཙམ་གྱི་དབང་དུ་བྱས་ནས་དབྱེ་ན། དབྱེ་གཞི་ཟླ་བ་འོད་གསལ་བའོ། །དེ་མཛེས་སོ། །དེ་དཀར་རོ། །ལྟ་བུ་བརྗོད་བྱ་སྤྱིའི་དོན་ལ་མ་དཔྱད་པར། བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་བཏགས་པའི་དུས་འདས་པ་དང་། དེ་ལ་གཏམ་དྲིས་ཤིག ལྟ་བུ་འདྲི་གཞི་དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་ལྷས་བྱིན་ལྟ་བུ་དོན་གྱི་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ཤིང་བཅད་དེ་མེ་ལ་འབུད། ལྟ་བུ་དེ་སྒྲའི་ཤུལ་དུ་དོན་གཞན་མི་མཚོན་པར་བརྗོད་བྱ་ལྷག་མ་འདྲེན་པ་ཙམ་སྟེ་གསུམ་ལ་འཇུག་ཅིང་། དབྱེ་ཚུལ་དེས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ཡང་ཆོས་སྤྱིའི་དངོས་བོའི་དོན་གཙོ་ཆེ་བའི་དབང་དུ་བྱས་ནས་དབྱེ་ན། དེ་ཁོ་ན་ཉིད་དོ་ལྟ་བུ་བདེན་པའི་དངོས་པོ་དང་། དེ་མ་ཟེར་ཞིག་ལྟ་བུ་གསང་བའི་དངོས་པོ་དང་། བདག་གི་ལྷ་དེ་ལྟ་བུ་བདག་གི་བའི་དངོས་པོ་དང་། རྟ་དེ་འཛིན་ནུས་སམ་ལྟ་བུ་བདག་གི་བ་ལས་ཕ་རོལ་བོའི་དངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་འགྱུར་ཞིང་། དབྱེ་ཚུལ་དེས་ལྷག་བཅས་ལས་གཞན་པའི་དེ་སྒྲའི་འཇུག་པ་ཙམ་ལ་ཁྱབ་བོ། །ཡང་དུས་ཉིད་ཀྱི་དབང་དུ་བྱས་ནས་དབྱེ་ན། ན་ནིང་གི་ལོ་དེ་ལ། ལྟ་བུ་འདས་པ་དང་། སང་ཉི་མ་ཤར་བའི་དུས་དེར་འགྲོའོ། །ལྟ་བུ་མ་འོངས་པ་གཉིས་ལ་འཇུག་པ་ཡིན་ཞིང་། དབྱེ་ཚུལ་དེས་དུས་ཁོ་ན་བརྗོད་པ་དང་འབྲེལ་བའི་དེ་སྒྲའི་འཇུག་པ་ཙམ་ལ་ཁྱབ་པ་ཡིན་ནོ།། བཞི་བ་ནི། གང་མིང་བརྗོད་པའི་དང་བོ་རུ།། དང་བོ་ལ་ནི་གཉིས་པ་སྦྱར།། སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།། ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་བོར་རྗེས་འཇུག་དང་བོ་ག་ལ་གཉིས་པ་ང་སྦྱར་བས། གང་ཞེས་གྲུབ་པ་དེ་ནི་གང་ཞིག་དང་། གང་དག་དང་། གང་ལ། ལྟ་བུ་གཙོ་བོ་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་འགྱུར་ལ། དེ་ཡང་དཔེར་བརྗོད་དུ་བཀོད་པ་རྣམས་ནི་སྤྱི་སྒྲ་དངོས་དང་། གང་ཞིག་བསྟེན་ན་ཡོན་ཏན་ཀུན། །འདོད་དགུར་སྦྱིན་པ་ཁོ་བོའི་རྗེ། །ལྟ་བུ་བྱེ་བྲག་ལ་འཇུག་པའི་སྤྱི་སྒྲ་དང་། ཁྱོད་ཀྱི་ལྷ་གང་ཡིན། ལྟ་བུ་དྲི་བའི་དོན་དུ་སྦྱར་བའི་སྤྱི་སྒྲ་སོགས་སྐབས་ཐོབ་ཀྱིས་ཤེས་དགོས་ལ། ཅི་དང་ཇི་དང་སུའི་སྒྲ་རྣམས་ཀྱང་གང་དང་འཇུག་པ་ཕལ་ཆེར་མཐུན་ནོ།། ལྔ་བ་ནི། གང་མིང་གི་ནི་མ་མཐའ་ན།། པུ་ལིངྒ་ཡི་སྒྲ་མེད་པ།། དེ་ལ་པུ་ལིངྒ་སྦྱར་ན།། བདག་པོའི་སར་ནི་ཤེས་པར་བྱ།། ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་སྒྲ་པཱ་ཎི་བ་དང་ཙཱནྡྲ་བ་གཉིས་ཀར། ཨུཏའི་སྡེ་དང་བཅས་པའོ། །ཞེས་པ་དང་། དབྱངས་ཅན་མར། ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། །ཞེས་པ་ལྟར་པུ་ཞེས་པ་པ་སྡེ་དང་། ལིངྒ་ཞེས་པ་རྟགས་ཏེ། པ་སྡེ་ནས་བྱུང་བའི་པ་དང་བོ། མ་དང་མོ། བ་དང་བོ་རྣམས་ཀྱི་སྒྲ་སྔར་མེད་པ་དེ་ལ་གསར་དུ་པི་ལིདྒའི་སྒྲ་དྲུག་པོ་གང་ཡང་རུང་བ་སྦྱར་ན། དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱ་སྟེ། དཔེར་ན། ཆོས་པ། གྱོས་པོ། ཆང་མ། སྒྱུག་མོ། ཁ་ལོ་སྒྱུར་བ། ཟླ་བོ་ལྟ་བུ་དང་། བློ་ཅན་དང་། ནོར་ལྡན་ལྟ་བུ་ནི་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་བར་སྣང་ཡང་། སྒྲ་དེ་གཉིས་བེམ་པོ་ལའང་འཇུག་པས་བདག་སྒྲ་དངོས་ནི་མ་ཡིན་ནོ། །འདི་ནི་སྔོན་གྱི་འགྲེལ་བྱེད་འགའི་བཤད་ཚུལ་གྱི་ལེགས་ཆ་བླངས་པ་ཡིན་ལ། པྲ་སྟི་རིན་པོ་ཆེས། པ་བ་པོ་དང་ཅན་ལྡན་གྱི་སྒྲ་རྣམས་ཁྱད་མེད་པར་བདག་སྒྲར་བཞེད་ཅིང་། དེའི་ཁུངས་སུ། སྨྲ་སྒོ་ལས། པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་པ་འདྲེན་ནོ། །སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས། བ་ཡིག་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་ཅེས་དང་། སྨྲ་སྒོའི་གཞུང་། པ་འམ་ཅན་ནི་བདག་པོའམ། །ཞེས་པ་དག་པར་བཞེད་ཅིང་། ཇ་མ། ཆང་མ་སོགས་ཀྱི་མ་ཡིག་བདག་སྒྲར་འདོད་པ་ནི་གཞུང་དོན་ལ་ཅུང་ཟད་ཀྱང་མ་དཔྱད་པའི་རྟགས་སུ་ཟད། ཅེས་གསུངས་སོ། །རྗེ་ཞྭ་ལུ་བ་སོགས་མཁས་པ་ཕལ་ཆེ་བའི་འགྲེལ་ལུགས་ལྟར་ན། པུ་ཞེས་པ་སྐྱེ་པའི་སྐད་དོད་པུ་རུ་ཥའི་རུ་དང་ཥ་ཕྱིས་པ་དང་། ལིངྒ་ཞེས་པ་རྟགས་ཀྱི་སྐད་དོད་དེ་ཕོ་རྟགས་ཀྱི་སྒྲར་བཞེད་དོ།། དྲུག་པ་ནི། གང་མིང་བརྗོད་པའི་ཡ་མཐའ་ན།། སྟྲི་ལིངྒ་ཡི་སྒྲ་མེད་པ།། དེ་ལ་སྟྲི་ལིངྒ་སྦྱར་ན།། དགག་པའི་གནས་སུ་ཤེས་པར་བྱ།། ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མར་སྟྲི་བུད་མེད་དང་། ལིངྒ་རྟགས་ཏེ་མོ་རྟགས་ཀྱི་སྒྲ་མ་ཡིག་དང་ཤུགས་བསྟན་མི་ཡིག་གཉིས་སྔར་མེད་པ་དེ་ལ་གསར་དུ་སྟྲི་ལིངྒ་སྦྱར་ན་སྦྱར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་སྟོན་པའི་དགག་པའི་གནས་སུ་ཤེས་པར་བྱ་སྟེ། དཔེར་ན། མ་བྱས། མ་བྱེད་ལྟ་བུ་འདས་པ་དང་སྐུལ་ཚིག་གི་དགག་པ་ལ་མ་ཡིག་དང་། མི་ལྡན་མི་འགྱུར་ལྟ་བུ་ད་ལྟ་བ་དང་མ་འོངས་པའི་དགག་པ་ལ་མི་ཡིག་གི་སྒྲ་འཇུག་པ་ལྟ་བུའོ། །སྐབས་འདིར་འགྲེལ་བྱེད་མང་བོས་འདིར་བསྟན་དགག་སྒྲ་མིང་མཐར་ཡང་འཇུག་པ་ཡོད་པར་འདོད་ཅིང་། དེའི་དཔེར་བརྗོད་དུ། གཟུགས་མེད། སྒྲ་མེད། ཡོད་མིན། མེད་མིན། དངོས་པོ་མ་ཡིན། བུམ་པས་སྟོང་བ། ཀ་ནས་དག་པ་སོགས་བཤད་ཀྱང་ལེགས་བཤད་དུ་མི་སྣང་ངོ་། །རྣམ་བཤད་ཀུན་བཟང་དགོངས་རྒྱན་ལས། དེ་ལྟར་མིང་གི་ཐོག་མར་སྦྱོར་བ་མ་དང་མི་དང་། མཐར་སྦྱོར་བ་མེད་དང་མིན་དང་མ་ཡིན་ཞེས་པའི་སྒྲ་རྣམས་དགག་པའི་སྒྲ་ཡིན་ནོ། །ཞེས་གསུངས་སོ།། གཉིས་པ། གདམས་ངག་བརྗོད་པས་མཇུག་བསྡུ་བ་ལ་བཞི། ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ། ཉན་པ་པོ་སྤྲོ་བསིངས་པའི་སྒོ་ནས་འདོམས་པ། བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ། སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པའོ། །དང་བོ་ནི། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།། ཅུང་ཟད་བསྡུས་པ་ཡོད་ན་ཡང་།། དེ་ནི་དེ་བཞིན་སྦྱར་བར་བྱ།། ཞེས་པ་སྟེ། བཀའ་བསྟན་བཅོས་ཀྱི་ཚིགས་སུ་བཅད་པ་སོགས་ལ་ཚིག་སྡུད་མང་བས་རྣམ་དབྱེ་དང་ཚིག་གི་ཕྲད་ལ་སོགས་པའི་མཚམས་སྦྱོར་མང་དུ་བསྡུས་པ་ཡོད་ན་ལྟ་ཅི་སྨོས། ཅུང་ཟད་བསྡུས་པར་གྱུར་པ་ཡོད་ན་ཡང་། དེ་དག་ནི་སླར་བསྡུ་ལ་སོགས་པ་ཇི་སྐད་བཤད་པ་དེ་བཞིན་དུ་བསྣན་ཅིང་སྦྱར་ཏེ་གཞུང་གི་དོན་ཁོང་དུ་ཆུད་པར་བྱ། ཞེས་པའོ།། གཉིས་པ་ལ་གསུམ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །དང་བོ་ནི། སྔོན་འཇུག་ཡོད་དམ་མེད་ཀྱང་རུང་།། མིང་གཞིའི་ཡི་གེ་གང་ཡིན་ལ།། ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད།། ཨཱ་ལི་བཞི་ལས་གང་ལྡན་ཡང་།། རྗེས་འཇུག་བཅུ་བོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་པ་སྟེ། མིང་ཚིག་གི་སྦྱོར་བ་ལ་སྔོན་འཇུག་ལྔ་བོ་གང་ཡང་རུང་བ་ཞིག་སྔོན་དུ་ཞུགས་པ་ཡོད་དམ་མེད་ཀྱང་རུང་སྟེ། དཔེར་ན། བཀ་དང་ཀ་ལྟ་བུ་དང་། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་ཡིན་པ་རྣམས་ལ་སྐ་ལྟ་བུ་ཉིས་འབྲེལ་ཡོད་པའམ། སྐྱ་ལྟ་བུ་སུམ་འབྲེལ་ཡོད་པ་དང་། དེ་དག་ལ་ཨཱ་ལི་བཞི་ལས་གང་ཡང་རུང་བ་དང་ལྡན་པ། བཀི ཀུ སྐེ། སྐྱོ་ལྟ་བུ་རྣམས་ལའང་རྗེས་འཇུག་བཅུ་བོ་གང་རུང་ཞིག་མ་ཞུགས་ན་མིང་དོན་གཞན་ལ་འཇུག་ཅིང་སྦྱོར་བ་ནི་ཚུལ་འདི་ལ་ནམ་ཡང་སྲིད་པ་མ་ཡིན་ནོ། །ཞེས་པའོ། །དེ་ཡང་སྒྲ་སྒྱུར་སྐ་ཅོག་ཞང་གསུམ་སོགས་ཀྱིས་སྐད་གསར་བཅད་ཀྱི་ཚེ། དཔའ། མདའ། དགའ་སོགས་དགོས་དབང་གིས་དམིགས་བསལ་ཁ་ཤས་མ་གཏོགས་འ་མཐའ་ཕལ་ཆེར་ཡི་གེ་ཟོར་ཡང་བའི་ཆེད་དུ་ཕྱིས་པ་ཡིན་ཀྱི་དོན་ལ་ཐོབ་ཐང་མེད་པ་ནི་མ་ཡིན་ནོ།། གཉིས་པ་ནི། རྗེས་འཇུག་བཅུ་ཡི་དོན་ཤེས་ན།། འབྲི་དང་ཀློག་དང་བཤད་རྣམས་ཀྱི།། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་།། འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།། གཞན་ཡང་རྗེས་འཇུག་ཤེས་པ་ཡིས།། དོན་གྱི་སྦྱོར་བ་མ་མཐོང་ཡང་།། དོན་དང་མཐུན་པའི་སྦྱོར་བ་ཤེས།། ཞེས་པ་སྟེ། དེ་ལྟར་རྗེས་འཇུག་བཅུ་ཡི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་ན། བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང་། རྗོད་པ་དག་པར་ཀློག་པ་དང་། ཚིག་དོན་བཀྲོལ་ནས་བཤད་པ་ལ་སོགས་པའི་ཚེ་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་ཐོགས་པ་མེད་ཅིང་། འབྲེལ་ཆགས་པ་ཁོ་ན་སྨྲ་བའི་མཆོག་ཏུ་འགྱུར་བ་དང་། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཤེས་པ་དེས་བསྟན་བཅོས་ལ་སོགས་པའི་དོན་རྣམ་པར་འབྱེད་པའི་སྦྱོར་བ་སྟེ། དེའི་འགྲེལ་བྱེད་སོགས་སྔོན་ཆད་མ་མཐོང་ཡང་། འགྲེལ་བྱེད་སོགས་ཀྱི་དོན་དང་མཐུན་པའི་ཚིག་གི་སྦྱོར་བ་རྗེས་སུ་དཔགས་ཏེ་ཤེས་པར་འགྱུར་རོ། །ཞེས་པའོ།། གསུམ་པ་ནི། རྗེས་འཇུག་སྦྱོར་བ་མཁས་པ་ན།། ལུང་གི་དོན་དང་སྦྱོར་བ་དང་།། བླ་མའི་མན་ངག་གསུམ་སྦྱར་ནས།། དོན་གྱི་ཐོག་ཏུ་དབབ་པར་བྱ།། ཞེས་པ་སྟེ། །རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་གྱུར་པས་བསླབ་བྱའི་གནས་ཤེས་པར་འདོད་པ་ན། ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཀྱི་བསྟན་བཅོས་རྣམས་ཀྱི་ལུང་གི་དོན་དང་ཇི་ལྟར་འཚམ་པར་སྦྱོར་བར་བྱེད་པ་དང་། བསླབ་བྱའི་དོན་ལ་མཁས་པའི་བླ་མའི་མན་ངག་དག་ཀྱང་མཉན་ནས་རྗེས་འཇུག་གི་སྦྱོར་བ་དང་། ལུང་དོན་དང་། བླ་མའི་མན་ངག་གསུམ་ཕྱོགས་གཅིག་ཏུ་སྦྱར་ཏེ་གཞུང་དོན་གང་ཡིན་པ་དེའི་སྟེང་དུ་དབབ་པ་སྟེ་བདེ་བླག་ཏུ་རྟོགས་པར་འགྱུར་བ་དེ་ལྟར་བྱའོ། །ཞེས་པའོ།། གསུམ་པ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི། བསླབ་ལ་བརྩོན་པའི་གང་ཟག་གིས།། དང་བོར་ང་རོ་རྣམས་ལ་སྦྱང་།། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།། ཀློག་གི་ཆེད་དུ་བསླབ་པ་ཡིན།། རྗེས་འཇུག་བཞི་ཡི་སྦྱོར་བ་ནི།། མཉན་བསམ་བསྟན་པའི་དོན་དུ་སྦྱར།། ཡན་ལག་དེ་དག་མཐུ་ཡིས་ནི།། འབྲས་བུའི་ཆེད་དུ་དོན་ལ་དབབ།། བསླབ་པའི་རིམ་པ་འདི་ཡིས་ནི།། གང་ཞིག་འབད་པ་ཆུང་ངུས་ཀྱང་།། ཤེས་རབ་མྱུར་དུ་གྲོལ་བར་འགྱུར།། དེ་ཕྱིར་དང་བོར་འདི་ཉིད་བསླབ།། དེ་ནས་རྒྱས་པའང་མཉན་བྱས་ཏེ།། བསླབ་པ་གང་ལ་དད་པ་ཡི།། གཞུང་ཉིད་བླ་མ་དག་ལས་ཉན།། ཞེས་པ་སྟེ། རིག་པའི་གནས་གང་ཞིག་བསླབ་པར་བྱ་བ་ལ་བརྩོན་པས་འཇུག་པར་བྱེད་པའི་གང་ཟག་ལས་དང་བོ་བ་དེས་ནི། ཐོག་མར་ང་རོ་ཞེས་བྱ་བ་ཡི་གེ་རྐྱང་བ་རྣམས་རང་རང་གི་སྐྱེ་གནས་དང་། བྱེད་པ་དང་། ཕྱི་ནང་གི་རྩོལ་བ་རྣམས་དང་མཐུན་པ་དང་། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་བཅས་ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང་། དེ་ནས་སྔོན་འཇུག་ལྔ་དང་འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང་རྗེས་འཇུག་བཅུ་སྟེ། དེ་གསུམ་ཅི་རིགས་པ་ཚེག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང་ཀློག་ལེགས་པར་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན་པ་དང་། ཀློག་ལ་བྱང་ནས་རྗེས་འཇུག་སྟེ་དེར་སྔོན་འཇུག་ཀྱང་འདུས་པས། དེ་དག་རྟགས་འཇུག་ནས་བཤད་པ་ལྟར། སྒྲ་དོན་གང་ལ་འཇུག་པ་དང་། ཡི་གེ་གང་གིས་འཇུག་པ་དང་། ཚུལ་ཇི་ལྟར་འཇུག་པ་དང་། དགོས་པ་ཅི་ཕྱིར་འཇུག་པ་སྟེ་རྣམ་པ་བཞིའི་སྦྱོར་བ་རྣམས་ནི། བླ་མ་ལས་ལེགས་པར་བཤད་པ་མཉན་པ་དང་། དེའི་དོན་བསམ་པ་དང་། ཁོང་དུ་ཆུད་ནས་གཞན་ལ་བསྟན་པ་རྣམས་ཀྱི་དོན་དུ་སྦྱར་ཏེ་བསླབ་པར་བྱའོ། །ཀློག་དང་བརྡ་དག་གི་ཡན་ལག་དེ་གཉིས་ཀྱི་མཐུས་ནི། གང་བསླབ་པར་བྱ་བ་དེ་ཤེས་པའི་འབྲས་བུ་ཐོབ་པའི་སླད་དུ་དོན་ལ་དབབ་ཅིང་ཉམས་སུ་བླང་བར་བྱའོ། །དེ་ལྟར་བསླབ་པའི་རིམ་པ་འདིས་ནི་སྐྱེས་བུ་གང་ཞིག་ཐོས་བསམ་ལ་འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་མཁས་པར་འདོད་པ་རྣམས་ཀྱིས་ཐོག་མར་སུམ་ཅུ་བའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང་། འདི་ཤེས་ནས་རྟགས་འཇུག་སོགས་འདིའི་སྐབས་ཕྱི་མ་རྣམས་དང་། དེ་ནས་བརྡ་སྤྲོད་པའི་གཞུང་རྒྱས་པ་གཞན་དང་གཞན་རྣམས་ཀྱང་མཉན་ནས་དོན་ཁོང་དུ་ཆུད་པ་ན། ཐེག་གསུམ་གྱི་གཞིར་གྱུར་པའི་བསླབ་པ་གང་ལ་དད་ཅིང་སློབ་པར་འདོད་པ་དེའི་གཞུང་ལུགས་ཡན་ལག་དང་བཅས་པ་ཉིད་བླ་མ་རྣམས་ལས་མཉན་པར་བྱའོ། །ཞེས་པའོ།། བཞི་བ་སྣོད་རུང་ལ་གདམས་ངག་བསྟན་དགོས་པར་འདོམས་པ་ནི། སློབ་དཔོན་དེ་ཉིད་དུ་འཛིན་ཅིང་།། ལེ་ལོ་གཡེང་བ་རྣམ་པར་སྤངས།། ཟོ་བཟང་དད་པ་ལ་བརྟེན་པ།། སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ།། དེ་ལ་དུས་སུ་འདོམས་པར་བྱ།། ཅིག་ཤོས་དེ་ལས་ལྡོག་པའོ།། ཞེས་པ་སྟེ། བསྟན་བཅོས་འདི་ཉིད་ཀྱི་གདམས་ངག་བསྟན་དུ་རུང་བའི་སྣོད་ནི་གདམས་ངག་སྟོན་མཁན་གྱི་སློབ་དཔོན་དེ་ལ་སློབ་དཔོན་དུ་འཛིན་ཅིང་། ཞེ་ས་དང་བཅས་པས་དྲིན་དུ་གཟོ་བ་དང་། འགལ་རྐྱེན་བསླབ་བྱའི་གནས་དེ་ལ་སྤྲོ་བ་ཞན་པའི་ལེ་ལོ་དང་། བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་སྤངས་པ་སྟེ། སྐྱོན་དེ་དག་གིས་གླགས་མི་རྙེད་པའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་དང་། མཐུན་རྐྱེན་ཟོ་སྟེ་རང་བཞིན་བཟང་ཞིང་བསླབ་བྱའི་གནས་ལ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སྟེ། མཚན་ཉིད་གསུམ་དང་ལྡན་པའི་སྐྱེས་བུ་དེས་ནི་བསླབ་པར་བྱ་བ་གང་ཡིན་པ་དེ་མྱུར་དུ་རྟོགས་པར་འགྱུར་བས། དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང་། སྣོད་ལྡན་གྱི་ཅིག་ཤོས་སློབ་དཔོན་ལ་མི་གུས་པ་དང་། ལེ་ལོ་ཆེ་ཞིང་གཡེང་བ་ཅན་དང་། རང་བཞིན་ངན་ཞིང་དད་པ་མེད་པ་རྣམས་ནི་སྣོད་དང་མི་ལྡན་པས། དུས་སུ་འདོམས་པ་དེ་ལས་ལྡོག་སྟེ་རེ་ཞིག་འདོམས་པར་བྱ་བ་མ་ཡིན་མོད། འོན་ཀྱང་ཕྱི་ནས་དོན་དུ་གཉེར་ཞིང་འདུན་པར་གྱུར་ན་ལེགས་པར་རྗེས་སུ་བསྟན་པར་ཡང་བྱའོ། །ཞེས་པའོ།། སྨྲས་པ། གཞུང་འདིའི་འགྲེལ་བཤད་རྣམ་མང་ཆུ་སྐྱེས་ཚལ།། ཕྱོགས་སུ་གྲོལ་བ་རྒྱུ་སྐར་དཔལ་ལ་རྒོད།། དེ་ཡི་ལེགས་ཆ་ཟེའུ་འབྲུའི་སྙིང་བོའི་བཅུད།། ཐུམ་བུར་དྲིལ་བ་འདི་ཀོ་ཨེ་མ་རྨད།། ཅེས་བྱ་བ་ནི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །། གཉིས་པ། རྟགས་ཀྱི་འཇུག་པ་བཤད་པ། གཉིས་པ། རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ། །དང་བོ་ནི། ཕོ་ཡི་ཡི་གེ་འབའ་ཞིག་ལ།། སྡེ་བ་ཕྱེད་དང་བརྒྱད་གནས་པའང་།། སྡེ་ཚན་ལྔ་རུ་དྲིལ་བྱས་ནས།། ཕོ་དང་མ་ནིང་མོ་དང་ནི།། ཤིན་དུ་མོ་དང་བཞི་བཞི་རུ།། སྡེ་བ་བཞི་བ་ཡན་ཆད་དབྱེ།། ལྷག་མ་བཅུ་བཞི་གནས་པ་ལ།། ཙ་སོགས་གསུམ་ནི་ཅ་སོགས་སྦྱར།། ཝ་ནི་བ་དང་སྦྱར་བར་བྱ།། ལྷག་མ་དྲུག་ནི་མོ་རུ་སྦྱར།། ར་ལ་ཧ་ནི་མོ་གཤམ་སྟེ།། ཨ་ནི་མཚན་མེད་ཅེས་ཀྱང་བྱ།། ཞེས་འབྱུང་སྟེ། སྤྱིར་བོད་ཀྱི་ཡི་གེ་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན། དབྱངས་ཡིག་བཞི་མོ་དང་། གསལ་བྱེད་སུམ་ཅུ་ཕོ་ཡིན་ལ། དེས་ན་ཕོའི་ཡི་གེ་འབའ་ཞིག་སྟེ་གསལ་བྱེད་སུམ་ཅུ་བོ་ཁོ་ན་ལ། སྡེ་བ་ཕྱེད་དང་བརྒྱད་གནས་པ་སྟེ། དེ་ཡང་སྡེ་བ་དང་བོ། ཀ་ཁ་ག་ང་། གཉིས་པ། ཅ་ཆ་ཇ་ཉ། གསུམ་པ། ཏ་ཐ་ད་ན། བཞི་བ། པ་ཕ་བ་མ། ལྔ་བ། ཙ་ཚ་ཛ་ཝ། དྲུག་པ། ཞ་ཟ་འ་ཡ། བདུན་པ། ར་ལ་ཤ་ས། ཕྱེད་པ། ཧ་ཨ་རྣམས་སོ། །དེ་རྣམས་སྡེ་ཚན་ལྔ་རུ་དྲིལ་བ་ནི། སྒྲ་དྲག་པ་ཕོ་དང་། རན་པ་མ་ནིང་དང་། ཅུང་ཟད་ཞན་པ་མོ་དང་། དེ་ལས་ཀྱང་ཅུང་ཟད་ཞན་པ་ཤིན་ཏུ་མོ་དང་། ཤིན་ཏུ་ཞན་པ་མོ་གཤམ་སྟེ་ལྔའོ། །དེ་ཡང་སྡེ་བ་སྔ་མ་བཞི་བོ་རྣམས་ཀྱི་དང་བོ་ཀ་ཅ་ཏ་པ་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་མ་ནིང་དང་། གསུམ་པ་ག་ཇ་ད་བ་མོ་དང་། བཞི་བ་ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེ་དག་གི་ལྷག་མ་ཙ་སྡེའི་མན་དུ་ཡི་གེ་བཅུ་བཞི་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི། རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ། ཚ་མ་ནིང་། ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོའི་ཡི་གེར་སྦྱར་བར་བྱའོ། །ར་ལ་ཧ་གསུམ་ནི་མོ་གཤམ་གྱི་ཡི་གེ་ཞེས་བྱ་ཞིང་། ཨ་ཡིག་ནི་མོ་གཤམ་དུ་མ་ཟད་ར་ལ་ཧ་གསུམ་ལས་ཀྱང་རྩོལ་བ་ཤིན་ཏུ་ཞན་པའི་ཕྱིར་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་པའོ།། དེ་ཡང་འགྲེལ་བྱེད་སྔ་མ་འགས། ཨ་ཡིག་རྟགས་མེད་དང་ཁ་ཅིག་མོ་གཤམ་མམ་མ་ནིང་མཚན་མེད་དང་། ཁ་ཅིག་ཕོ་རྟགས་སུ་འདོད་པ་རྣམས་གཞུང་དོན་ལ་མ་ཞུགས་ཤིང་། གཞུང་ཕལ་མོ་ཆེར། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་འབྱུང་བ་ནི་ཡི་གེ་ཉམས་པའོ་ཞེས་སི་ཏུའི་འགྲེལ་ཆེན་དུ་གསུངས་སོ། །པྲ་སྟིའི་རྟགས་འཇུག་བཤད་སྦྱར་དུ། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་འབྱུང་ཞིང་ཨ་ཡིག་རྟགས་མེད་དུ་བཞེད་དམ་སྙམ་མོ།། གཉིས་པ་ལ་གསུམ། མིང་གཞི་ལས་སྔོན་རྗེས་ཀྱི་ཡི་གེ་དབྱུང་ཚུལ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ། །དང་བོ་ནི། མོ་ཡི་ཡི་གེའི་ནང་ནས་ནི།། འཇུག་པའི་ཡི་གེ་བཅུ་དབྱུང་བྱ།། འཇུག་པ་བཅུ་ཡི་ནང་ནས་ནི།། སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།། ཞེས་པ་སྟེ། མོའི་ཡི་གེ་ལ་བཤད་མ་ཐག་པ་ལྟར་མོ་ཙམ་དང་། ཤིན་ཏུ་མོ་དང་། མོ་གཤམ་སྟེ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བའི་ནང་ནས། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་བོ་རྣམས་དབྱུང་བར་བྱ་ཞིང་། དེའི་ནང་ནས་ཀྱང་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་སྟེ་ལྔ་བོ་རྣམས་དབྱུང་བར་བྱའོ། །ཞེས་པའོ།། གཉིས་པ་ནི། སྔོན་འཇུག་ཡི་གེ་ལྔ་བོ་ལ།། ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་རུ་དབྱེ།། ཞེས་པ་སྟེ། བཤད་མ་ཐག་པའི་སྔོན་འཇུག་གི་ཡི་གེ་ལྔ་བོ་དེ་ལ། མིང་གཞི་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དྲག་ཞན་དུ་འགྱུར་བའི་སྒོ་ནས་བ་ཕོ་དང་། ག་ད་གཉིས་མ་ནིང་། འ་མོ་དང་། མ་ཤིན་ཏུ་མོ་སྟེ་བཞིར་དབྱེ་བར་བྱའོ། །ཞེས་པའོ།། གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། དེ་དག་རེ་རེའང་བཞི་བྱེད་དེ།། གང་ལ་འཇུག་བྱེད་གང་གིས་བྱེད།། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།། ཅེས་པ་སྟེ། སྔོན་འཇུག་གི་ཡི་གེ་དེ་དག་རེ་རེའི་འཇུག་ཚུལ་ལའང་བྱེད་པ་བཞིའི་སྒོ་ནས་རྟོགས་དགོས་ཏེ། འཇུག་ཡུལ་མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གི་ཡི་གེ་གང་གིས་འཇུག་པར་བྱེད་པ་དང་། སྒྲའི་འཇུག་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ་དང་། དགོས་པ་ཅི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །ཞེས་པའོ།། གཉིས་པ་ལ་གསུམ། གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བཤད་པ། ཇི་ལྟར་འཇུག་པ་བཤད་པ། ཅི་ཕྱིར་འཇུག་པ་བཤད་པའོ། །དང་བོ་ལ་གཉིས། དྲི་བས་མཚམས་སྦྱར། ལན་གྱིས་བཤད་པའོ། །དང་བོ་ནི། གང་ལ་འཇུག་པར་བྱེད་ཅེ་ན།། ཞེས་པ་སྟེ་གོ་སླའོ།། གཉིས་པ་ལ་གཉིས། དངོས་དང་། ཞར་བྱུང་མི་འཇུག་པ་བཤད་པའོ། །དང་བོ་ནི། ཕོ་ནི་ཕོ་དང་མོ་ལ་འཇུག ། མོ་ནི་མོ་དང་མ་ནིང་ལ།། མ་ནིང་ཡང་ནི་ཕོ་མོ་ལའོ།། ཤིན་ཏུ་མོ་ནི་མ་ནིང་དང་།། མོ་དང་ཤིན་ཏུ་མོ་ཉིད་ལའོ།། ཞེས་པ་སྟེ། དེ་ལ་གང་གིས་འཇུག་པར་བྱེད་པ་པོ་ཕོའི་ཡི་གེ་བ་ནི། རྐྱང་འདོགས་མགོ་ཅན་ཅི་རིགས་ལ་འཇུག་པའི་ཆ་ནས་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་སྟེ་བཅུ་དྲུག་ལ་འཇུག་གོ །དེ་བཞིན་དུ། སྔོན་འཇུག་གི་མོ་འ་ཡིག་ནི། མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ། མ་ནིང་ཁ་ཆ་ཐ་ཕ་ཚ་སྟེ་བཅུ་ལ་འཇུག་གོ །སྔོན་འཇུག་གི་མ་ནིང་ག་ཡིག་ནི། མིང་གཞིའི་ཕོ་ཡིག་ཅ་ཏ་ཙ། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་སྟེ་བཅུ་གཅིག་ལ་འཇུག་ཅིང་། ད་ཡིག་ནི། མིང་གཞིའི་ཕོ་ཡིག་ཀ་པ། མོ་ཡིག་ག་ང་བ་མ་སྟེ་དྲུག་ལ་འཇུག་གོ །སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ། མོ་ཡིག་ག་ཇ་ད་ཛ། ཤིན་ཏུ་མོ་ང་ཉ་ན་སྟེ་བཅུ་གཅིག་ལ་འཇུག་གོ ། གཉིས་པ་ནི། ཕོ་ནི་མ་ནིང་ལ་མི་འཇུག ། མོ་ནི་ཕོ་ལ་འཇུག་པ་མིན།། མ་ནིང་རང་ལ་རང་མི་འཇུག ། རང་གི་སྡེ་དང་ཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། ཞེས་པ་སྟེ། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡིག་དང་དེའི་ཤུགས་བསྟན་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་མི་འཇུག་པ་དང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། མིང་གཞིའི་ཡང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་གོ །ཡང་སྔར། ཕོ་ནི་ཕོ་དང་མོ་ལ་འཇུག །ཅེས་སོགས་ཀྱི་དམིགས་བསལ། སྔོན་འཇུག་རྣམས་རང་རང་གི་སྡེ་བའི་མིང་གཞི་རྣམས་དང་ཕྲད་པའི་ཚེ་སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མོ་བ་མ་དག་ལ་མི་འཇུག་ཅིང་། ཡང་སྒྲས་ཕོ་ཡིག་པ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་པས། ག་ཡིག་མིང་གཞིའི་ཀ་ག་ང་རྣམས་དང་། ད་ཡིག་མིང་གཞིའི་ཏ་ད་ན་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་ཡིག་འ་ནི། རང་སྡེའི་མིང་གཞིའི་མོ་ཞ་ཟ་འ་ཡ་རྣམས་ལ་མི་འཇུག་པ་དང་། ཡང་སྒྲས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། རང་སྡེའི་མིང་གཞིའི་མ་ནིང་ཕ་དང་། མོ་བ་དང་། ཤིན་ཏུ་མོ་མ་རྣམས་ལ་འཇུག་པ་མ་ཡིན་ནོ། །ཞེས་པའོ།། སྐབས་འདིར་སི་ཏུའི་འགྲེལ་ཆེན་ལས་སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞིའི་མོ་འ་ཡ་གཉིས་དང་། མ་ནིང་ཟ་ཡིག་ལ་མི་འཇུག་པ་དང་། ཞེས་པ་ཡི་གེ་ནོར་བ་སྟེ། ཟ་ཡིག་མིང་གཞིའི་མ་ནིང་དུ་བཞག་པ་དང་། ཞ་ཡིག་ཆད་པའི་སྐྱོན་ཡོད་དོ།། གཉིས་པ་ཇི་ལྟར་འཇུག་པ་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར། ལན་གྱིས་བཤད་པའོ། །དང་བོ་ནི། ཇི་ལྟར་འཇུག་པར་བྱེད་ཅེ་ན།། ཞེས་པའོ།། གཉིས་པ་ནི། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།། མ་ནིང་རན་པར་འཇུག་པ་ཡིན།། མོ་ནི་ཞན་པའི་ཚུལ་གྱིས་ཏེ།། ཤིན་ཏུ་མོ་ནི་མཉམ་པས་སོ།། ཞེས་པ་སྟེ། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པའི་སྒོ་ནས་འཇུག་པ་དང་། མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པར་འཇུག་པ་དང་། མོ་ཡིག་འ་ནི་སྒྲ་རྩོལ་ཞན་པར་འཇུག་པ་དང་། ཤིན་ཏུ་མོ་མ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་ཅིང་ཉམ་ཆུང་བའི་ཚུལ་གྱིས་འཇུག་པར་བྱེད་དོ། །ཞེས་པའོ།། གསུམ་པ་ཅི་ཕྱིར་འཇུག་པ་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར། ལན་གྱིས་བཤད་པའོ། །དང་བོ་ནི། ཅི་ཕྱིར་འཇུག་པར་བྱེད་ཅེ་ན།། ཞེས་པའོ།། གཉིས་པ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། མ་ནིང་གཉིས་ཀ་ད་ལྟར་ཆེད།། མོ་ནི་བདག་ད་མ་འོངས་ཕྱིར།། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།། ཞེས་པ་སྟེ། སྔོན་འཇུག་གི་ཕོ་ཡིག་བ་ནི། དགོས་པ་དུས་གསུམ་ལས། དྲིན་གྱིས་བསྐྱངས། བསམ་གཏན་བསྒོམས། དགེ་བ་བསྔོས་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་འདས་པ་བསྒྲུབ་པའི་ཕྱིར་དང་། དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ། བགོ་བ། བཅིབ་པ། བཏུང་བ་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་། བསྐུ་བར་བྱ། བསྐུའོ། །བསྒྲུབ་པར་བྱ། བསྒྲུབ་བོ་ལྟ་བུ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། རྡོ་བ་གཅོག་པ་པོ། གཅོག་བྱེད། སྐུད་པ་དཀྲི་བ་བོ། དཀྲི་བྱེད་ལྟ་བུ་བྱེད་པ་པོའི་དངོས་པོ་དང་། གཅོག་པར་བྱེད། གཅོག་གོ །དཀྲི་བར་བྱེད། དཀྲིའོ་ལྟ་བུ་བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་གཉིས་བདག་གི་དངོས་པོ་དང་། གཅད་བྱ། གཅད་པར་བྱ་བ། གཅད་བྱའི་ཤིང་། དགག་བྱ། དགག་པར་བྱ་བ། དགག་བྱའི་སྐྱོན་ལྟ་བུ་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་། གཅད་པར་བྱ། གཅད་དོ། །དགག་པར་བྱ། དགག་གོ་ལྟ་བུ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་གཉིས་གཞན་གྱི་དངོས་པོ་སྟེ། དངོས་པོ་བདག་གཞན་གཉིས་ཀ་བསྒྲུབ་པའི་ཕྱིར་འཇུག་པ་དང་། བདག་གཞན་གཉིས་པོ་དེར་མ་གཏོགས་པའི་དུས་གསུམ་ལས། གཅོད་ཀྱིན་འདུག གཅོད་བཞིན་པའོ། །དགག་གིན་འདུག དགག་བཞིན་པའོ། །ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པ་ད་ལྟ་བ་བསྒྲུབ་པའི་ཆེད་དུ་འཇུག་སྟེ། བྱེད་ལས་གསལ་བྱེད་ཀྱི་སྒྲ་ཉིད་ཚིག་གྲོགས་ཀྱིས་བསྒྱུར་བའོ།། སྔོན་འཇུག་གི་མོ་ཡིག་འ་ནི། ལམ་དུ་འཁྲིད་པ་པོ། འཁྲིད་བྱེད། མདུད་པ་འགྲོལ་བ་བོ། །འགྲོལ་བྱེད་ལྟ་བུ་བྱ་བྱེད་ཐ་དད་དུ་སྣང་བའི་བྱེད་པ་པོའི་དངོས་པོ་དང་། ལམ་དུ་འཁྲིད་པར་བྱེད། འཁྲིད་དོ། །མདུད་པ་འགྲོལ་བར་བྱེད། འགྲོལ་ལོ་ལྟ་བུ་བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་སྟེ། དེ་རྣམས་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་དང་། ཞར་ལ་བྱ་བྱེད་ཐ་མི་དད་པ་ལྟར་སྣང་བའི་བྱེད་ཚིག་རྣམས་ཀྱང་ཕལ་ཆེར་འས་འཕུལ་ཅན་ཏེ། གདན་ལ་འཁོད་པ་པོ། །འཁོད་བྱེད། འཁོར་བར་འཁོར་བ་བོ། འཁོར་བྱེད་ལྟ་བུ་སོགས་ཤིན་ཏུ་མང་ངོ་། །འཁུར་གྱིན་སྣང་། འགྲོལ་གྱིན་འདུག་ལྟ་བུ་བདག་གཞན་གྱིས་མ་བསྡུས་པའི་དུས་ད་ལྟ་བ་བསྒྲུབ་པའི་ཕྱིར་དང་། དྲི་མ་འཁྲུ་བར་འགྱུར། རོལ་མོ་འཁྲོལ་བར་འགྱུར་ལྟ་བུ་བྱེད་པ་པོ་གཞན་མེད་པར་བྱ་བྱེད་ཐ་མི་དད་པ་ལྟ་བུར་སྣང་བའི་བྱ་བ་བྱེད་འགྱུར་མ་འོངས་པའི་དུས་བསྒྲུབ་པ་རྣམས་ཀྱི་ཕྱིར་འཇུག་གོ ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མཁས་པ། མཁས་བྱ། མཁས་པར་བྱ། མཁས་བྱེད། མཁས་པར་བྱེད། མཁས་པར་གྱུར། མཁས་བཞིན་པ། མཁས་པར་འགྱུར། ལྟ་བུ་སྔར་བཤད་པའི་བདག་གཞན་དང་། དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ། མཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ ། དེ་ཡང་དུས་གསུམ་གྱི་དབྱེ་བས་ནི་བྱ་བྱེད་ཀྱི་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་སྟེ། བྱ་བའི་ལས་ཐམས་ཅད་མ་འོངས་པ་དང་། བྱེད་པའི་ལས་ཐམས་ཅད་ད་ལྟ་བ་ཡིན་པས་སོ། །བདག་གཞན་གྱི་དབྱེ་བས་ནི་བྱ་བྱེད་ཀྱི་ལས་ཐམས་ཅད་ལ་མ་ཁྱབ་སྟེ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཀྱི་ལས་རྣམས་ལ་མ་ཁྱབ་པའི་ཕྱིར་རོ། །དེས་ན་བདག་གཞན་གྱི་དབྱེ་བ་མཛད་པ་ནི། བྱེད་པ་པོ་དང་། བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱུར་དུ་ཡིན་ཞིང་། དེའི་ཞར་ལ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ལ། དུས་གསུམ་གྱི་དབྱེ་བ་མཛད་པ་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་བྱ་བྱེད་ཀྱི་སྒྲ་ལྷག་མ་རྣམས་བསྡུ་བའི་ཕྱིར་དུ་ཡིན་ནོ། །འོ་ན་བྱེད་པ་པོ་མེད་པའི་བྱ་བྱེད་ཐ་མི་དད་པ་དེ་གང་ཡིན་ཞེ་ན། བྱ་བ་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཞན་དངོས་སུ་མི་སྣང་བ་ཞིག་སྟེ། དེ་ཡང་བྱེད་པ་པོ་གཞན་མི་སྣང་ཞེས་པས། དཔེར་ན། བདག་འགྲོའོ། །ལྟ་བུའི་ཚེ། འགྲོ་བ་དེ་བྱ་ཚིག་ཡིན་ཡང་། འགྲོ་བྱ་འགྲོ་བྱེད་གཉིས་ཀ་བདག་ཡིན་པས། འགྲོ་བྱ་ལས་གཞན་པའི་འགྲོ་བྱེད་མེད་པས་ན་འདི་ལ་བདག་གཞན་གྱི་དབྱེ་བའང་མི་བྱེད་པ་ཡིན་ནོ། །ཡང་བྱ་བ་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཞན་མི་སྣང་ཞེས་པས། དཔེར་ན། དུས་ཚོད་འཁོར་ལོ་འཁོར་རོ། །ལྟ་བུའི་ཚེ། དང་བོར་སྐོར་བྱེད་གཞན་ཡོད་ཀྱང་། འཁོར་བཞིན་པའི་གནས་སྐབས་སུ་སྐོར་བྱེད་གཞན་མེད་པར་རང་གི་ངང་གིས་འཁོར་བས་གནས་སྐབས་དེར་བྱ་བྱེད་ཐ་མི་དད་པའི་ཆ་ནས་བསྐོར་ཅེས་མི་བརྗོད་པར་འཁོར་ཞེས་བརྗོད་པ་ཡིན་ནོ། །དེ་དག་གིས་མཚོན་ནས་སྐབས་འདིར་ཕྲ་ཞིང་ཞིབ་པའི་བློས་བརྟག་དགོས་པའི་གནད་ཤིན་ཏུ་མང་ངོ་། །པྲ་སྟིའི་བཤད་སྦྱར་དུ། མོ་ནི་བདག་དང་མ་འོངས་ཕྱིར། །ཞེས་པའི་གཞུང་བཞིན་འཆད་དོ།། གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ། །དང་བོ་ལ་གཉིས། སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། ནང་གསེས་བརྒྱད་དུ་དབྱེ་བའོ། །དང་བོ་ནི། རྗེས་འཇུག་ཡི་གེ་བཅུ་བོ་ལ།། ཕོ་མོ་མ་ནིང་གསུམ་དུ་དབྱེ།། ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་བོ་དེ་རྣམས་ལ། ཕོ་ཡིག་ག་ད་བ་ས་བཞི་དང་། མོ་ཡིག་ང་མ་འ་གསུམ་དང་། མ་ནིང་ན་ར་ལ་གསུམ་སྟེ་གསུམ་དུ་དབྱེ་བར་བྱའོ། །ཞེས་པའོ།། གཉིས་པ་ནི། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།། མོ་ལ་མོ་དང་ཤིན་ཏུ་མོ།། མ་ནིང་འགྱུར་དང་མཚན་གཉིས་དང་།། མཚན་མེད་དག་དང་གསུམ་དུ་འདོད།། ཅེས་པ་སྟེ། རྗེས་འཇུག་ལ་རྟགས་གསུམ་དུ་ཕྱེ་བ་དེ་ལ། སླར་ཡང་ནང་གསེས་ཀྱིས་བརྒྱད་དུ་དབྱེ་སྟེ། ཕོ་ཡིག་བཞི་ལ་འཇིགས་ལྟ་བུ་ག་མཐའ་སའི་ཡང་འཇུག་ཅན་སྐྱེས་བུ་རབ་དང་། སྟོབས་ལྟ་བུ་བ་མཐའ་སའི་ཡང་འཇུག་ཅན་སྐྱེས་བུ་འབྲིང་དང་། རྟག དད། འགྲུབ། མོས་ལྟ་བུ་ཡང་འཇུག་མེད་པ་སྐྱེས་བུ་ཐ་མ་སྟེ་གསུམ་དང་། མོ་ཡིག་གསུམ་ལ། གངས། ཉམས་ལྟ་བུ་སའི་ཡང་འཇུག་ཅན་མོ་ཙམ་དང་། གང་། སྙམ། མཁའ་ལྟ་བུ་ཡང་འཇུག་མེད་པ་ཤིན་ཏུ་མོ་སྟེ་གཉིས་དང་། མ་ནིང་གསུམ་ནི། བཀན། བསྟནད་ལྟ་བུ་མིང་གཞིའི་ཕོ་ཡིག་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ་དང་། འཇལ་ལྟ་བུ་མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་མེད་པ་ཁོ་ན་སྟེ་གཉིས་ནི་འགྱུར་བ་མ་ནིང་དང་། འཛིནད་ལྟ་བུ་མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་ནི་མཚན་གཉིས་མ་ནིང་དང་། མཁན། ཐརད། ལྟ་བུ་མིང་གཞིའི་མ་ནིང་གི་མཐར་ཡང་འཇུག་ཡོད་མེད་གཉིས་ནི་མཚན་མེད་མ་ནིང་སྟེ་གསུམ་དུ་དབྱེ་བར་འདོད་དོ།། པྲ་སྟིའི་བཤད་སྦྱར་ལས། ས་བ་ད་གསུམ་ཕོ་ཡིན་ཏེ། །ག་ང་ན་མ་ལ་དང་ར། །དྲུག་པོ་མོ་ཡི་ཡི་གེ་ཡིན། །འ་ཡི་ཡི་གེ་མ་ནིང་ངོ་། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །ས་རབ་ད་འབྲིང་བ་ཐ་མ། །མོ་ལ་མོ་དང་ཤིན་ཏུ་མོ། །ག་ལ་ར་གསུམ་མོ་ཙམ་སྟེ། །ང་ན་མ་གསུམ་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །འ་ཡིག་ཁོ་ནའི་བྱེད་པ་ཡིན། །ཞེས་གསུངས་ཏེ་འགྲེལ་ཚུལ་སྔ་མ་དང་ཆེས་མི་མཐུན་ནོ།། གཉིས་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། དེ་ཡང་བྱེད་པ་བཞི་བྱེད་དེ།། གང་ལ་འཇུག་བྱེད་གང་གིས་བྱེད།། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།། ཅེས་པ་སྟེ། དེ་ཡང་རྗེས་འཇུག་ཕོ་མོ་མ་ནིང་གསུམ་པོ་རེ་རེ་ལའང་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་ཚུལ་ཤེས་པར་བྱ་སྟེ། འཇུག་ཡུལ་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་ཀྱིས་སོ། །ཞེས་པའོ།། གཉིས་པ་ལ་བཞི། གང་ལ་འཇུག་པ་བཤད་པ། གང་གིས་འཇུག་པ་བཤད་པ། ཇི་ལྟར་འཇུག་པ་བཤད་པ། ཅི་ཕྱིར་འཇུག་པ་བཤད་པའོ། །དང་བོ་ནི། གང་ལ་ཡི་གེ་ཐམས་ཅད་ལ།། ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་དག་འཇུག་ཡུལ་གྱི་ཡི་གེ་གང་ལ་འཇུག་ན། ཀ་ནས་ཨའི་བར་གྱི་མིང་གཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་གོ །ཞེས་པའོ།། གཉིས་པ་ནི། གང་གིས་བཅུ་བོ་དེ་དག་གིས།། ཞེས་པ་སྟེ། ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་པོ་གང་ཞིག་གིས་འཇུག་པར་བྱེད་ཅེ་ན། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་དག་གིས་འཇུག་གོ །ཞེས་པའོ།། གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།། ཞེས་པ་སྟེ། རྗེས་འཇུག་རྣམས་ཚུལ་ཇི་ལྟར་འཇུག་པའང་རྣམ་པ་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། རྗེས་འཇུག་ཞུགས་ཚུལ་གྱིས་སྒྲ་དྲག་ཞན་དུ་འགྱུར་བ་སྒྲའི་འཇུག་ཚུལ་དང་། དེ་ལྟར་ཞུགས་པས་དོན་ཅི་ཞིག་སྟོན་པ་དོན་གྱི་འཇུག་ཚུལ་ལོ། །ཞེས་པའོ།། གཉིས་པ་ལ་གཉིས། སྒྲའི་འཇུག་ཚུལ་དང་། དོན་གྱི་འཇུག་ཚུལ་བཤད་པའོ། །དང་བོ་ལ་གཉིས། དྲག་ཞན་སྤྱིར་འཇུག་ཚུལ་དང་། ནང་གསེས་ཞིབ་ཏུ་འཇུག་ཚུལ་བཤད་པའོ། །དང་བོ་ནི། ཕོ་གསུམ་མོ་གཉིས་མ་ནིང་གསུམ།། དྲག་ཞན་བར་མ་གསུམ་དུ་འཇུག ། ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་ལས། ཕོ་སྐྱེས་བུ་རབ་འབྲིང་ཐ་གསུམ་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་རྗོད་པའི་སྒྲ་གདངས་དྲག་པར་དང་། མོ་ཙམ་དང་ཤིན་ཏུ་མོ་གཉིས་ཞུགས་ན་ཞན་པར་དང་། འགྱུར་བ་དང་མཚན་གཉིས་དང་མཚན་མེད་མ་ནིང་གསུམ་ཞུགས་ན་བར་མ་སྟེ། རན་པར་འཇུག་པ་ཡིན་ནོ། །ཞེས་པའོ།། གཉིས་པ་ནི། དྲག་པ་གསུམ་ཉིད་ནང་ཕྲད་དམ།། གལ་ཏེ་ཞན་པ་ནང་ཕྲད་ན།། དེ་ལའང་ནང་གི་ཆ་ཤས་ཀྱིས།། དེ་ཡང་དྲག་ཞན་གཉིས་སུ་དབྱེ།། མ་ནིང་གསུམ་དུ་གང་གཏོགས་པ།། དྲག་དང་ཕྲད་ན་དྲག་པར་འགྱུར།། ཞན་དང་ཕྲད་ན་ཞན་པར་འགྱུར།། གཉིས་ཀ་དག་དང་ཕྲད་གྱུར་ན།། དེ་ནི་གཉིས་ཀ་ཅན་དུ་འགྱུར།། གཉིས་ཀ་དག་དང་མ་ཕྲད་ན།། གང་དུ་ཡང་ནི་མི་འགྱུར་རོ།། དེས་ན་འགྱུར་དང་མཚན་གཉིས་དང་།། མཚན་མེད་དག་དང་གསུམ་དུ་འདོད།། དེ་ནི་སྒྲ་ཡི་འཇུག་ཚུལ་ལོ།། ཞེས་པ་སྟེ། གོང་དུ་བཤད་པ་ལྟར་སྒྲ་གདངས་དྲག་པ་རྗེས་འཇུག་ཕོ་ཡིག་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་ཉིད་དུ་དབྱེ་བ་ནི་རྗེས་འཇུག་ཕན་ཚུན་ནང་ཕྲད་མ་ཕྲད་ཀྱིས་ཡིན་ཏེ། དམ་ཞེས་པ་སྡུད་པའི་ཚིག་ཡིན་པས་གང་སྡུད་ན་ནང་གི་ཆས་དྲག་ཞན་གཉིས་སུ་དབྱེ་བ་སྡུད་པས། དབྱེ་ཚུལ་ནི། སྐྱེས་བུ་རབ་འབྲིང་གཉིས་ལ་ནང་ཕྲད་ཡོད་པས་སྐྱེས་བུ་རབ་སྒྲ་ཤིན་ཏུ་དྲག་པ་འཇིགས་ལྟ་བུ་དང་། སྐྱེས་བུ་འབྲིང་དེ་ལས་ཅུང་ཟད་ཞན་པ་སྟོབས་ལྟ་བུ་དང་། སྐྱེས་བུ་ཐ་མ་ནང་ཕྲད་མེད་པས་སྒྲ་དྲག་པའི་ཞན་པ། རྟག དད། འགྲུབ་མོས་ལྟ་བུའོ། །དེ་བཞིན་དུ་གལ་ཏེ་སྒྲ་གདངས་ཞན་པ་རྗེས་འཇུག་མོ་ཡིག་ལ་མོ་ཙམ་དང་། ཤིན་ཏུ་མོ་གཉིས་སུ་དབྱེ་བའང་རྗེས་འཇུག་ཕན་ཚུན་ནང་ཕྲད་ན་སྟེ་ཕྲད་མ་ཕྲད་ཀྱིས་ཡིན་པས། དེ་ལའང་ནང་གི་ཆ་ཤས་ཀྱིས་མོ་ཙམ་ལ་ནང་ཕྲད་ཡོད་པས་སྒྲ་ཞན་པའི་དྲག་པ། གངས། ཉམས་ལྟ་བུ་དང་། ཤིན་ཏུ་མོ་ལ་ནང་ཕྲད་མེད་པས་སྒྲ་ཞན་པའི་ཞན་པ། གང་། སྙམ། མཁའ་ལྟ་བུའོ། །སྒྲ་གདངས་བར་མ་རྗེས་འཇུག་མ་ནིང་ལ་འགྱུར་བ་དང་། མཚན་གཉིས་དང་། མཚན་མེད་གསུམ་དུ་གང་གཏོགས་པའི་དབྱེ་བ་བྱེད་པ་ནི། མིང་གཞིར་འཇུག་ཚུལ་དང་། རྗེས་འཇུག་ཕན་ཚུན་ནང་ཕྲད་མ་ཕྲད་གཉིས་ཀའི་སྒོ་ནས་ཡིན་ཏེ། བསྟནད། བསྐོརད། བསྩལད། རྐུན། བསྟར། བཙལ་ལྟ་བུ་མིང་གཞི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གཉིས་ཀ་དང་། ཕྱིནད། ཐརད། འཕྲུལད་ལྟ་བུ་མ་ནིང་གི་མཐར་ཡང་འཇུག་ཡོད་པ་གཉིས་ནི། སྒྲ་གདངས་དྲག་པ་དང་ཕྲད་པའི་དབང་གིས་དྲག་པར་འགྱུར་བ་དང་། འགྲན། འགོར། འགུལ། ལྟ་བུ་མོ་ཡིག་གི་མཐར་ཡང་འཇུག་མེད་པ་ནི། སྒྲ་གདངས་ཞན་པ་དང་ཕྲད་པའི་དབང་གིས་ཞན་པར་འགྱུར་བ་སྟེ། དེས་ན་དེ་གཉིས་ནི་འགྱུར་བ་མ་ནིང་དང་། འཛིནད། འབྱོརད། བསལད་ལྟ་བུ་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་ནི་སྒྲ་གདངས་དྲག་ཞན་གཉིས་ཀ་དང་ཕྲད་པའི་དབང་གིས་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བས་མཚན་གཉིས་མ་ནིང་དང་། མཐུན། འཐོར། འཁྲུལ་ལྟ་བུ་མ་ནིང་གི་མཐར་ཡང་འཇུག་མེད་པ་ནི། སྒྲ་གདངས་དྲག་ཞན་གཉིས་ཀ་དང་མ་ཕྲད་པའི་དབང་གིས་དྲག་ཞན་གང་དུའང་མི་འགྱུར་བར་སྒྲ་གདངས་མཉམ་པར་གནས་པས་མཚན་མེད་མ་ནིང་སྟེ་དབྱེ་བ་གསུམ་དུ་འདོད་ལ། དེ་དག་ནི་སྒྲ་གདངས་དྲག་ཞན་བར་མ་གསུམ་དུ་འཇུག་ཚུལ་གྱི་དབྱེ་བ་ཡིན་ནོ། །ཞེས་པའོ།། སྐབས་འདིར་མཁས་པའི་དབང་བོ་པྲ་སྟི་སོགས་འགྲེལ་བྱེད་མང་བོས། དྲག་པ་གསུམ་ནང་ཕྲད་ནི་སྔོན་རྗེས་མིང་གཞི་གསུམ་གྱི་ཕོ་ཡིག་འདུས་པ་དང་། ཞན་པ་ནང་ཕྲད་དེ་ནི་དེ་གསུམ་གྱི་མོ་ཡིག་འདུས་པ་སོགས་ལ་འཆད་མོད། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས། དེ་ལྟར་འཆད་པའི་སྐབས་མ་ཡིན་པ་དང་། བཤད་པ་ཉིད་མི་འཐད་པ་དང་སྐབས་དོན་ཆད་པའི་སྐྱོན་གསུམ་གྱིས་དགག་པར་མཛད་དོ།། གཉིས་པ་དོན་གྱི་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། དོན་ནི་རྣམ་པ་གཉིས་ཡིན་ཏེ།། སྔ་མ་གང་ལྟར་འགྱུར་བ་དང་།། ཕྱི་མ་གང་ལྟར་འགྱུར་བའོ།། ཞེས་པ་སྟེ། རྗེས་འཇུག་རྣམས་དོན་གང་དང་གང་ལ་འཇུག་པར་འགྱུར་བའི་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། མིང་མཐའ་ལ་ལྟོས་ཏེ་སྔ་མ་རྗེས་འཇུག་ཉིད་གང་ལ་ཞུགས་པའི་མིང་དེའི་དོན་གང་ལྟར་ཏེ་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དང་། རྗེས་འཇུག་ལ་ལྟོས་ཏེ་ཕྱི་མ་མིང་མཐའ་ལ་སོགས་པ་རྗེས་འཇུག་གི་དབང་གིས་འདྲེན་ཚུལ་གྱིས་དོན་གང་ལྟར་འགྱུར་བའོ། །ཞེས་སོ།། གཉིས་པ་ལ་གཉིས། སྔ་མ་རྗེས་འཇུག་གང་ལྟར་འགྱུར་བ་དང་། ཕྱི་མ་མིང་མཐའ་གང་ལྟར་འགྱུར་བ་བཤད་པའོ། །དང་བོ་ནི། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཞེས་པ་སྟེ། རྗེས་འཇུག་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པས། དེས་བདག་གཞན་སོགས་དོན་ཅི་ཞིག་སྟོན་པ་ན། མིང་དེའི་སྔོན་དུ་གནས་པ་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་ནུས་པ་དང་ཇི་ལྟ་བ་བཞིན་དུ་སྦྱར་ནས་བདག་གཞན་དང་དུས་གསུམ་སོགས་གང་ཡིན་རྟོགས་པར་བྱའོ། །དེས་ན་གཙོ་བོར་སྔོན་འཇུག་གི་ནུས་པ་དང་སྦྱར་ནས་རྗེས་འཇུག་རྣམས་ཀྱིས་ཀྱང་ཅི་རིགས་པར་བདག་གཞན་དང་དུས་གསུམ་གྱི་དོན་རྣམས་དེ་དང་མཚུངས་པར་སྟོན་པ་ཡིན་གྱི་སྐབས་འགའ་ཞིག་ཏུ་མ་གཏོགས་པར་རྗེས་འཇུག་གི་ནུས་པ་ཁོ་ནས་མ་ཡིན་པ་ནི་འདིར་ཤེས་པར་བྱ་བའི་གནད་དམ་པའོ།། གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། ཕྱི་མ་དག་གི་འདྲེན་ཚུལ་ནི།། ཞེས་པ་སྟེ། ཕྱི་མ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་ཐོབ་ཐང་གི་དོན་ཇི་ལྟར་འཇུག་པར་འགྱུར་བའི་ཚུལ་ནི། སྔ་མའི་རྗེས་འཇུག་དང་། ཕྱི་མའི་བརྗོད་བྱ་དག་ལ་ཅི་རིགས་པར་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་སྨོས་པ་ནི། ཞེས་པའོ།། གཉིས་པ་ལ་གཉིས། མིང་མཐའ་འདྲེན་ཚུལ་དང་། རྣམ་དབྱེ་སོགས་འདྲེན་ཚུལ་བཤད་པའོ། །དང་བོ་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།། མོ་ཡིས་མོ་ཡི་མིང་མཐའ་དྲང་།། མ་ནིང་གིས་ནི་མ་ནིང་ངོ་།། ཞེས་པ་སྟེ། དེ་ཡང་། ཅིག་ཅར། ཐད་ཀ སྒྲུབ་པ། གཉིས་ཀ མཁྱེནད་པ། འབྱོརད་པ། བསྐལད་པ། ཐུགས་ཀ གོམས་པ། གཅིག་པུ། བདག་ཅག་ལྟ་བུ་མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིག་གིས་མིང་དེ་ཉིད་ཀྱི་ཆ་ཤས་མིང་དེའི་མཐར་སྦྱོར་དགོས་པའི་མིང་མཐའ་གཞན་གྱི་མིང་གཞིའི་ཕོ་ཡིག་དྲང་བར་བྱ་ཞིང་། དེ་བཞིན་དུ། སྙིང་ག གདུང་མ། ཐམ་པ། དགའ་བ། གྲོ་ག ཁྱི་གུ་ལྟ་བུ་རྗེས་འཇུག་མོ་ཡིག་གི་མིང་གཞིའི་མོའི་མིང་མཐའ་དྲང་བ་དང་། དགུན་ཁ། དབྱར་ཁ། རལ་ཁ་ལྟ་བུ་རྗེས་འཇུག་མ་ནིང་གིས་མིང་གཞིའི་མ་ནིང་གི་མིང་མཐའ་དྲང་བར་བྱའོ། །ཞེས་པའོ།། འདིར་མིང་མཐའ་རྟགས་མཚུངས་ཁོ་ན་འདྲེན་པ་ལྟ་བུར་གསུངས་པ་ནི། གཙོ་ཆེ་བ་ཙམ་ལ་དགོངས་པ་ཡིན་པས་དེ་ཁོ་ནར་མ་ངེས་ཏེ། ལྷས་མ། བཅས་མ། ལྟད་མོ། སྟག་མ། ཚད་མ། ཆབ་མ་ལྟ་བུ་ཕོས་མོ་དང་། རྐང་པ། དམ་པ། ཁང་པ། སྟོང་པ། ལྷ་ཅིག མ་ཅིག་ལྟ་བུ་མོས་ཕོ་དང་། སྟོན་མོ། བསྟར་བ། རྒྱལ་བ་ལྟ་བུ་མ་ནིང་གིས་མོ་དྲངས་པ་ཡང་མང་དུ་འབྱུང་ཞིང་། དེ་ཉིད་རྟགས་མ་མཐུན་ཡང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་དྲངས་པ་ཡིན་པས་སུམ་རྟགས་གཉིས་ཀའི་དངོས་བསྟན་གྱི་དགོངས་པར་གནས་སོ།། གཞན་ཡང་སྔར་ན་ར་ལ་གསུམ་ཡང་འཇུག་ཅན་མ་ནིང་དང་། ང་མ་ཡང་འཇུག་ཅན་མོར་བཞག་པ་ནི། འཇུག་ཡང་འཇུག་བསྡེབས་པའི་སྒྲ་གདངས་ཀྱི་ནུས་པ་འཆད་པའི་སྐབས་དང་། འདིར་དེ་རྣམས་ཕོ་རྟགས་བཞག་པ་ནི། ཡང་འཇུག་གི་རྟགས་ཀྱིས་མིང་མཐའ་འདྲེན་པ་སྐབས་དོན་ཡིན་པས་མི་འགལ་ལོ། །གཞན་ཡང་དཀོནད་ཅོག རིནད་ཅེན། ལྷནད་ཅིག ཐབས་ཅིག ཆབས་ཅིག སྟོད་ཀོར། ཀླད་ཀོར། ཡུངས་ཀར། རྒྱ་གར་ལྟ་བུ་མིང་མཐའ་རྟགས་མཚུངས་འདྲེན་ཚུལ་གྱིས་མིང་གཞི་འགྱུར་བ་དང་སྔོན་འཇུག་དང་ས་མགོ་ཕྱིས་པ་སོགས་འདི་འདྲ་བརྡ་རྙིང་བ་ལ་ཤིན་ཏུ་མང་བ་ཞིག་ཡོད་པ་འདྲའང་ད་ལྟ་ཕལ་ཆེར་ནུབ་པར་མངོན་ནོ།། གཉིས་པ་ལ་གཉིས། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་བཤད་པའོ། །དང་བོ་ནི། མིང་མཐའ་དེ་དག་ཉིད་ཀྱིས་ནི།། དེ་ཉིད་རང་གི་སྒྲ་མཐུན་པའི།། ཆོས་དངོས་ལས་དང་བྱེད་པ་དང་།། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་།། གནས་དང་བོད་པའི་སྒྲ་ཡང་དྲང་།། གཞན་ཡང་སླར་བསྡུ་ལྷག་བཅས་དང་།། འབྱེད་སྡུད་བརྣན་དང་བདག་པོ་དང་།། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག ། དེ་དག་སྔ་ཤུགས་འདྲེན་པས་འབྱུང་།། ཞེས་པ་སྟེ། བཤད་མ་ཐག་པའི་མིང་དེ་དག་ཉིད་ཀྱིས་མིང་མཐའ་དེ་དག་ཉིད་རང་གི་རྟགས་མཚུངས་སམ་བརྗོད་པ་བདེ་བས་སྒྲ་མཐུན་པར་གྱུར་པའི་རྣམ་དབྱེ་དང་བོ་ཆོས་དངོས་ཏེ་ངོ་བོ་ཙམ་བརྗོད་པ་དང་། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོའམ་བྱེད་པ་ཙམ་དང་། བཞི་བ་སྦྱིན་པའི་ཡུལ་གྱིས་མཚོན་ནས་ཆེད་དུ་བྱ་བ་དང་། ལྔ་བ་འབྱུང་ཁུངས། དྲུག་པ་འབྲེལ་བ་དང་། བདུན་པ་གནས་གཞི་དང་། བརྒྱད་པ་བོད་པའི་སྒྲ་རྣམས་ཀྱང་དྲང་བར་བྱ་ཞིང་། དེ་བཞིན་དུ་གཞན་ཡང་རྣམ་དབྱེའི་ཡན་ལག་ཏུ་གྱུར་པའམ། མ་གྱུར་པའི་ཚིག་ཕྲད་སླར་བསྡུ་དང་། ལྷག་བཅས་དང་། འབྱེད་སྡུད་དང་། བརྣན་པ་དང་། བདག་པོ་དང་། དགག་པ་དང་། སྒྲུབ་པ་དང་། ཚིག་རྒྱན་དང་། དུས་ཏེ་ཚེ་སྐབས་ལ་འཇུག་པའི་སྒྲ་ལ་སོགས་པ་དེ་དག་རྣམས་ཀྱང་སྔ་མ་མིང་མཐའི་ཤུགས་ཀྱིས་འདྲེན་པར་བྱེད་པས་ན་སྦྱོར་ཚུལ་ལེགས་པར་འབྱུང་བ་ཡིན་ནོ། །ཞེས་པ་སྟེ། དེ་དག་གི་དཔེར་བརྗོད་ནི་སུམ་ཅུ་བའི་སྐབས་སུ་སོང་ཟིན་པ་ལྟར་རོ།། གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་བོ་ནི། དེ་དག་ནང་གསེས་གང་འཇུག་པ།། མཐར་སྦྱར་འོག་མའི་མིང་དོན་ལས།། ཞེས་པ་སྟེ། རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི། གཙོ་བོ་རྣམ་དབྱེའི་ཕྲད་དང་བཅས་པའི་མིང་ཚིག་དེའི་མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ཤེས་པར་བྱའོ། །ཞེས་སོ།། གཉིས་པ་ལ་གཉིས། རྣམ་དབྱེའི་ནང་གསེས་གང་ལ་འཇུག་པ་དང་། ཕྲད་ཀྱི་ནང་གསེས་གང་འཇུག་བཤད་པའོ། །དང་བོ་ནི། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད།། དེ་བཞིན་ཆེད་བྱེད་རྟེན་བྱེད་དང་།། ལས་བྱ་བླང་བྱ་བསྒྲུབ་པར་བྱ།། སྔོན་དུ་འོས་པ་གནས་པའམ།། ཞེས་པ་སྟེ། དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི། མིང་བདུད་རྩི་ལྟ་བུའི་རྗེས་སུ་གང་ཞིག་ལྟ་བུ་སྤྱི་ལ་འཇུག་པའི་སྒྲ་སོགས་ཡོད་ཚེ་མིང་སྔ་མ་ལ་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ལྟར་ན་རྣམ་དབྱེ་དང་བོ་འཇུག་པ་ཡིན་ཡང་། བོད་སྐད་ལ་རྣམ་དབྱེ་དང་བོ་མཚོན་བྱེད་ཀྱི་སྒྲ་མེད་པ་ཤས་ཆེ་བས་བདུད་རྩི་གང་ཞིག་ལྟ་བུའམ། བདུད་རྩི་ཉིད་གང་ཞིག་ལྟ་བུ་དང་། ཡང་མིང་དེའི་མཐར་འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་སོགས་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་བདུད་རྩིས་འཚོ་བར་བྱེད་ལྟ་བུ་དང་། དེ་བཞིན་དུ་སྦྱར་ཏེ། མོས་པ་ལྟ་བུ་ཆེད་དུ་བྱེད་པའི་སྒྲ་ཡོད་ན་རྣམ་དབྱེ་བཞི་བ་འཇུག་པས་བདུད་རྩི་ལ་མོས་པ་ལྟ་བུ་དང་། ཡང་བརྟེན་ལྟ་བུ་རྟེན་བྱེད་པའི་སྒྲ་སོགས་ཡོད་ན་རྣམ་དབྱེ་བདུན་པ་འཇུག་པས་བདུད་རྩི་ལ་བརྟེན་ལྟ་བུ་དང་། ཡང་བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན་རྣམ་དབྱེ་གཉིས་པ་འཇུག་པས་བདུད་རྩིར་བསྒྱུར་ལྟ་བུ་དང་། ཡང་བླང་བར་བྱ་ལྟ་བུ་བླང་བྱའི་སྒྲ་སོགས་ཡོད་ན་རྣམ་དབྱེ་ལྔ་བ་འཇུག་པས་བདུད་རྩི་ལས་བླང་བར་བྱ་ལྟ་བུ་དང་། ཡང་རྒྱ་མཚོ་ལྟ་བུ་བསྒྲུབ་བྱའི་སྒྲ་ཡོད་ན་རྣམ་དབྱེ་དྲུག་པ་འཇུག་པས་བདུད་རྩིའི་རྒྱ་མཚོ་ལྟ་བུ་དང་། ཡང་སྔོན་དུ་འབོད་པར་འོས་པའི་མིང་བདུད་རྩི་མ་ལྟ་བུ་ཡོད་ལ་དེ་ལའང་ལས་བཅོལ་རྒྱུ་ལྟ་བུ་འབོད་པར་འོས་པའི་དོན་ཡོད་ན་རྣམ་དབྱེ་དང་བོ་འཇུག་ཅིང་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་དགོས་པས། བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ། །ལྟ་བུར་འགྱུར་བ་སོགས་ཤེས་པར་བྱ་སྟེ། འམ་ནི་སྡུད་པའི་ཚིག་ཕྲད་དོ།། གཉིས་པ་ནི། གཞན་ཡང་ཚིག་དོན་འོག་མ་ལས།། བསྡུ་རྒྱུ་ཡོད་དམ་མེད་པ་དང་།། གོང་མ་ལས་ཀྱང་དེ་བཞིན་ཏེ།། རྣམ་གྲངས་དག་ཀྱང་བཀོད་པ་ལས།། བསྐྱར་བ་ཡོད་དམ་མེད་པ་དང་།། ཕོ་སྒྲ་དག་ནི་མོ་སྒྲ་དག ། མིང་གི་མཐའ་ན་ཡོད་མེད་དང་།། རྒྱན་དུ་གྱུར་པ་རྣམས་ལ་ཡང་།། དོན་ལ་བསྙེགས་པ་ཡོད་མེད་དང་།། བསྟན་བྱ་ལྷག་མ་ཡོད་མེད་དང་།། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས།། དེ་དག་ནང་གསེས་རྣམ་པར་དབྱེ།། ཞེས་པ་སྟེ། གཞན་ཡང་མིང་མཐས་ཚིག་ཕྲད་ཀྱི་ནང་གསེས་གང་ཞིག་འདྲེན་པར་འགྱུར་བ་ནི། བརྗོད་འདོད་ཙམ་གྱིས་གྲུབ་པ་རེ་གཉིས་ཡོད་པ་མ་གཏོགས་ཕལ་ཆེར་དེའི་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་ཏེ། ཚིག་དོན་འོག་མ་གོང་མ་དང་མཚུངས་པ་ལས། གོང་མ་བསྡུ་རྒྱུ་ཡོད་ན་མིང་སྔ་མ་སྔ་མའི་མཐར་སྡུད་པའི་ཚིག་ཕྲད་སྦྱར་དགོས་ཏེ། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། ལྟ་བུ་དང་། དེ་བཞིན་དུ་ཚིག་དོན་གོང་འོག་མཚུངས་པ་ལས་འོག་མ་བསྡུ་རྒྱུ་ཡོད་ན་འོག་མར་སྡུད་པའི་ཚིག་ཕྲད་སྦྱར་དགོས་ཏེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས། ལྟ་བུ་དང་། མཇུག་ཏུ་བྱ་ཚིག་ལྟ་བུར་ལྷན་ཅིག་ཏུ་སྦྲེལ་བའི་ཕྱིར། ཚིག་དོན་སྔ་མ་རྣམས་ལ་ཕྱི་མ་བསྣན་དགོས་ནའང་། སྡུད་པའི་བྱེ་བྲག་བསྟན་པའི་ཕྲད་སྦྱར་དགོས་ཏེ། སངས་རྒྱས་པའི་གྲུབ་མཐར་མ་ཟད་ཕྱི་རོལ་བའང་ཤེས་པར་བྱ། ལྟ་བུ་དང་། ཕྱི་མར་མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་བོ་བཀོད་པ་ལས། དེ་དག་ཀྱང་གལ་ཏེ་དོན་བསྐྱར་བ་ཡོད་ན། སྔ་མ་སྔ་མར་རྣམ་གྲངས་ཀྱི་འབྱེད་པའི་ཕྲད་སྦྱར་དགོས་ཏེ། འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །ལྟ་བུ་དང་། ཚིག་དོན་གཉིས་ཀ་བསྐྱར་བ་ཡོད་ན་རྣམ་གྲངས་ཀྱི་སྡུད་པའི་ཕྲད་སྦྱར་དགོས་ཏེ། སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །ལྟ་བུ་དང་། མིང་གི་མཐར་པ་ལྟ་བུའི་ཕོ་སྒྲ་གསར་དུ་སྦྱར་ཡོད་ན་མིང་མཐའ་དེ་ཉིད་བདག་པོའི་སྒྲར་འགྱུར་བ་དང་། ཆོས་པ། རྒྱ་ནག་པ་ལྟ་བུ་དང་། མིང་མཐར་མེད་དང་མིན་ལྟ་བུའི་མོ་སྒྲར་གཏོགས་པ་གསར་དུ་སྦྱར་ཡོད་ན། མིང་མཐའ་དེ་ཉིད་དགག་པའི་སྒྲའི་ཆར་གཏོགས་སུ་འགྱུར་བ། འཆི་མེད། ལྷ་མིན་ལྟ་བུ་དང་། ཕོ་མོའི་སྒྲ་དེ་དག་གསར་དུ་སྦྱར་བ་མ་ཡིན་པར་དང་བོ་ནས་མིང་གི་ཆ་ཤས་སུ་ཡོད་ན་བདག་སྒྲ་དང་དགག་སྒྲར་མི་འགྱུར་བར། ངོ་བོ་གང་ཡིན་པ་དེ་ཉིད་དུ་སྒྲུབ་པའི་སྒྲར་འགྱུར་བ། ཡོད་པ། མེད་པ། མཁལ་མ། སྨིན་མ་ལྟ་བུ་དང་། ཚིག་དོན་སྔ་མ་དང་ཆོས་མཐུན་པའི་ཕྱིར་གཞི་གཅིག་ཏུ་བསྡུ་རྒྱུ་ཡོད་ན། སྔ་མ་ལ་མཐུན་པའི་རྒྱན་དུ་གྱུར་པའི་ཚིག་ཕྲད་སྦྱར་དགོས་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འབར། །ལྟ་བུ་དང་། སྔ་ཕྱི་ཆོས་མི་མཐུན་པ་གཞི་གཅིག་ཏུ་བསྡུ་ན། སྔ་མར་མི་མཐུན་པའི་རྒྱན་འཇུག་སྟེ། ལྷ་ཉིད་ཡིན་ཡང་བདུད་ཀྱི་བདུད། །ལྟ་བུ་སྟེ། རྒྱན་དུ་གྱུར་པའི་ཚིག་ཕྲད་དེ་དག་ཀྱང་ངེས་པར་དོན་ལ་བསྙེགས་པ་ཡོད་ན་མི་སྦྱར་དུ་མི་རུང་ཞིང་། ཚིག་མཛེས་བྱེད་ཙམ་ཡིན་ན་མ་སྦྱར་ཀྱང་རུང་བ་དང་། ཚིག་དོན་སྔ་མའི་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་ཡོད་ན་སྔ་མ་ལ་ལྷག་བཅས་ཀྱི་ཕྲད་སྦྱར་དགོས་ཏེ། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ལྟ་བུ་དང་། ཚིག་དོན་སྔ་མའི་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་མེད་པར་རྫོགས་ན་སླར་བསྡུའི་ཕྲད་སྦྱར་དགོས་ཏེ། རྫོགས་སོ། །ལྟ་བུ་སྟེ། རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་ཅིང་དོན་ཅི་འདྲ་ཞིག་སྟོན་པ་རྣམ་པར་དབྱེ་བར་བྱའོ། །ཞེས་པའོ། །དེ་ཡང་ཚིག་ཕྲད་ཕལ་ཆེ་བ་ནི། མིང་ཚིག་ལ་མ་སྦྱར་ན་རང་སྟོབས་ཀྱིས་དོན་མི་སྟོན་ཅིང་། མིང་གི་ཐོག་མཐའ་དང་བར་དུ་སྦྱར་ན་བརྗོད་བདེ་བ་དང་། མཚམས་སྦྱོར་བ་དང་། དོན་གསལ་བ་ལ་ཕན་འདོགས་པ་ཞིག་གོ །ཡང་སྦྱར་ཡུལ་ལ་མི་ལྟོས་པར་ཡང་རང་ཉིད་ཀྱི་བརྗོད་དོན་གསལ་བར་མཚོན་པ་ཅན་གྱི་ཕྲད་ནི། གང་། ཅི། དེ། འདི། སུ། ཡང་། ནམ། སླར། འོ་ན། ལ་ལ། ཇི། ཞེས་པ་ལྟ་བུ་ཕྲད་རྐྱང་བ་རྣམས་དང་། ཕྲད་གཉིས་དང་གསུམ་སོགས་འདུས་པ། གང་དག དེ་དག གང་རྣམས། དེ་རྣམས། ཇི་སྙེད། དེ་སྙེད། གང་ལྟར། ཇི་ལྟར། གལ་ཏེ་ན། གལ་ཏེ། ཅི་ཞིག སུ་ཞིག ཅི་ཕྱིར། གང་ཕྱིར། དེ་སླད། དེ་ལྟ་ན། འོན་ཀྱང་། ཅིའང་། ཅི་ནས་ཀྱང་། ཡང་ཡང་། སླར་ཡང་། ཅི་ཞིག་ན་དེ། ནམ་ཞིག་སུའང་ཅི་ཞེ་ན། ཞེས་པ་ལྟ་བུ་རྣམས་དང་། འོ་ན་ཞེས་པ་བསྡུས་པས་འོ་ན་དང་། གང་ལ་ལ་ཞེས་པ་བསྡུས་པས་གལ་ཞེས་པ་ལྟ་བུ་རྣམས་ཏེ་ཤིན་ཏུ་མང་ངོ་།། བཞི་བ། ཅི་ཕྱིར་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་གི་དགོས་པ་དངོས་དང་། ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའོ། །དང་བོ་ནི། ཅི་ཕྱིར་འཇུག་པར་བྱེད་ཅེ་ན།། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།། མིང་གི་ཁོངས་ནས་ཚིག་ཕྱུང་ནས།། ཚིག་གི་དོན་རྣམས་སྟོན་པར་བྱེད།། ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་དང་དབྱངས་ཡོད་མེད་གང་ཡང་རུང་བའི་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་པ་ཡིན་ཡང་རུང་། རྗེས་འཇུག་གི་ཡི་གེ་གང་རུང་ཞིག་མ་ཞུགས་ན། དོན་གྱི་ངོ་བོ་སྟོན་པའི་མིང་དུ་འགྲུབ་མི་སྲིད་པས་ཡི་གེའི་ཁོངས་ནས་མིང་དབྱུང་བར་བྱ་བའི་ཕྱིར་དང་། མིང་གཅིག་གམ་གཉིས་སམ་དུ་མ་སྦྲེལ་དུ་ཟིན་ཀྱང་མཚམས་སྦྱོར་བའམ། དོན་གསལ་བར་བྱེད་པའི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཕལ་ཆེ་བ་རྗེས་འཇུག་ལས་འབྱུང་ཞིང་རྗེས་འཇུག་ལ་ལྟོས་པས་དེ་རྣམས་མ་ཞུགས་ན། དོན་གྱི་ཁྱད་པར་སྟོན་པའི་ཚིག་ཏུ་འགྲུབ་མི་སྲིད་པས་མིང་གི་ཁོངས་ནས་ཚིག་དབྱུང་བའི་ཕྱིར་འཇུག་སྟེ། དེ་ལྟ་བུའི་ཚིག་གིས་འཇིག་རྟེན་དུ་དོན་རྣམས་བརྗོད་པར་བྱེད་པའི་ཕྱིར་དོན་མཚོན་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་པའི་དགོས་པར་གྲུབ་བོ། །ཞེས་པའོ།། གཉིས་པ་ལ་གཉིས། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་དང་། ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པའོ། །དང་བོ་ལ་གཉིས། དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ། །དང་བོ་ནི། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཕོ་ཡིག་དེ་དག་རྣམས་ལ་ཡང་།། འཇུག་པར་བཅས་པ་མེད་ན་ནི།། མིང་དང་ཚིག་ཀྱང་གསལ་མི་ནུས།། མིང་ཚིག་གསལ་བ་མེད་ན་ནི།། དོན་རྣམས་བརྗོད་པར་མི་འགྱུར་རོ།། ཞེས་པ་སྟེ། མོ་ཡི་ཡི་གེ་ཨཱ་ལི་བཞི་བོ་མེད་ན། ཕོ་ཡིག་ཀཱ་ལི་ཁོ་ནས་བརྗོད་པ་མེད་པར་འགྱུར་ཞིང་། ཕོ་ཡིག་ཀཱ་ལི་དེ་དག་རྣམས་ལའང་ཨཱ་ལི་དང་ལྡན་མིན་ཇི་ལྟར་ཡང་། འཇུག་པའི་ཡི་གེ་བཅུ་མེད་པར་གྱུར་ན་ནི། དོན་གྱི་ངོ་བོ་སྟོན་པའི་མིང་དང་། ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་པ་དང་། མིང་དང་ཚིག་གསལ་བར་མ་གྱུར་ན་ནི་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་རྗོད་པ་རྣམས་ཀྱང་མེད་པར་འགྱུར་རོ། །ཞེས་པའོ།། གཉིས་པ་ནི། དེ་ལྟར་གྱུར་ན་འཇིག་རྟེན་དུ།། དོན་མཚོན་བརྗོད་པ་ཀུན་ཀྱང་མེད།། རིག་བྱེད་སྨྲ་བའང་ཡོད་མི་འགྱུར།། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི།། བསླབ་པ་རྣམས་ཀྱང་མེད་པར་འགྱུར།། ཞེས་པ་སྟེ། དེ་ལྟར་མིང་ཚིག་བརྗོད་པ་ཐམས་ཅད་མེད་པར་གྱུར་ན། འཇིག་རྟེན་འདིར་དོན་མཚོན་པར་བྱེད་པའི་བརྗོད་པ་སྟེ་ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས། དེ་ལས་བྱུང་བའི་འཇིག་རྟེན་དང་ཐུན་མོང་བའི་སྒྲ་རྩིས་སྙན་ངག་སོགས་རིག་བྱེད་ཀྱི་གཞུང་སྨྲ་བ་རྣམས་ཀྱང་ཡོད་པར་མི་འགྱུར་ཞིང་། འཇིག་རྟེན་དང་ཐུན་མོང་མིན་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་ཀྱི་བསླབ་པ་རྣམས་སྟོན་ཅིང་སྨྲ་བའང་མེད་པར་འགྱུར་བ་དེའི་ཕྱིར། མིང་ཚིག་བརྗོད་པ་རྣམས་འཇིག་རྟེན་དུ་ཡོད་ན་ནི། འཁོར་འདས་ཀྱི་བླང་དོར་མཐའ་དག་སྟོན་ཅིང་སྨྲ་བ་འབྱུང་ལ། བླང་དོར་ལ་ཞུགས་པས་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པ་ཡིན་ནོ། །ཞེས་པའོ།། གཉིས་པ་ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པ་ལ་གཉིས། དགོས་པ་དངོས་དང་། དགོས་པ་དེ་འགྲུབ་པར་སྨོན་པའོ། །དང་བོ་ནི། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས།། ཕུང་བོ་ཁམས་དང་སྐྱེ་མཆེད་དང་།། གྲུབ་མཐའ་གཞན་ཡང་ཡོད་ན་ཡང་།། རང་ཉིད་ཀྱིས་ནི་མི་ཤེས་བཞིན།། དེ་བཞིན་ཡི་གེ་འཇུག་ཚུལ་རྣམས།། སྨྲ་བ་ཀུན་ལ་གནས་གྱུར་ཀྱང་།། ངང་ཚུལ་དེ་ཉིད་མི་ཤེས་པས།། དོན་ལ་སྦྱོར་བ་ག་ལ་ཤེས།། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི ། རྗེས་སྨྲས་་་ ཞེས་པ་སྟེ། དཔེ་ཇི་ལྟར་ན། འཇིག་རྟེན་གྱི་སེམས་ཅན་རྣམས་ལ་གཟུགས་སོགས་ཕུང་བོ་དང་། མིག་གི་ཁམས་སོགས་ཁམས་དང་། མིག་གི་སྐྱེ་མཆེད་སོགས་སྐྱེ་མཆེད་དང་། གྲུབ་པའི་མཐས་རྣམ་པར་བཞག་པ་གཞན་ཡང་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་། ཐེག་ཆེན་པའི་རྣམ་ཤེས་ཚོགས་བརྒྱད་སོགས་ཡོད་ཅིང་། སྔོན་ནས་ལྷན་ཅིག་ཏུ་འགྲོགས་པ་ཡིན་ཡང་། དེ་ལྟ་བུའི་རྣམ་གཞག་གཞན་གྱིས་མ་བསྟན་ན། རང་ཉིད་ཀྱིས་མི་ཤེས་པ་དེ་བཞིན་དུ། རང་རང་གི་ཡི་གེ་རྣམས་ཇི་ལྟར་འཇུག་པའི་ཚུལ་ཡང་ཡུལ་སོ་སོའི་ལུང་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཐམས་ཅད་ལ་རང་བཞིན་གྱིས་གནས་པ་སྟེ་མེད་པ་མིན་ཡང་གཞན་གྱིས་བརྡ་མ་སྤྲད་པར་རང་སྟོབས་ཀྱིས་ཡི་གེ་རྣམས་མིང་ཚིག་སོགས་ལ་ཇི་ལྟར་འཇུག་པའི་ཚུལ་ཡང་མི་ཤེས་ན། མིང་ཚིག་གི་བྱེ་བྲག་ཕྱེ་ནས་དོན་ལ་སྦྱོར་བའི་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། །དེ་བས་ན་བླང་དོར་མཐའ་དག་སྟོན་པའི་མིང་ཚིག་ཡི་གེའི་སྦྱོར་བ་རྣམས་གསལ་བར་བྱེད་པའི་བསྟན་བཅོས་འདི་ཉིད་འཕགས་ཡུལ་གྱི་སྨྲ་བའི་དབང་ཕྱུག་མཁས་པ་རྣམས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཐོན་མི་བདག་གིས་བརྩེ་བས་སྨྲས་པ་ཡིན་ནོ། །ཞེས་པའོ།། གཉིས་པ་ནི། ་་་འདི་ཀུན་རྟོགས་གྱུར་ཅིག ། ཅེས་པ་སྟེ། དེ་ལྟར་ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདི་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་རྟོགས་ནས་བླང་དོར་གྱི་གནས་ལ་རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཅིག་ཅེས་ཉིང་དགོས་དེ་རྣམས་འགྲུབ་པའི་ཐུགས་སྨོན་མཛད་པའོ།། དེ་ཡང་རྟགས་འཇུག་གི་གཞུང་འདིའི་བསྟན་བྱའི་གཙོ་བོ་བདག་གཞན་དུས་གསུམ་བྱ་བྱེད་དང་། ཞར་ལས་རྟོགས་དགོས་པ་སྐུལ་ཚིག་དང་། བསྟན་བྱ་ཕལ་བ་མིང་རྐྱང་དང་བཅས་པ་རྣམས་ཟུར་ཕྱིན་པར་ཤེས་པ་ཤིན་ཏུ་གལ་ཆེ་བས་དེའི་རྣམ་པར་གཞག་པ་ནི་ཟུར་དུ་འགོད་པར་འདོད་པས་དེར་བལྟའོ། །དེ་ལྟར་སུམ་རྟགས་ཀྱི་གཞུང་གི་ཚིག་དོན་རྣམས་གཙོ་བོར་སི་ཏུའི་འགྲེལ་ཆེན་གྱི་རྗེས་སུ་འབྲངས་ཏེ་ཇི་ལྟར་དཔོག་པ་རེ་ཞིག་བཤད་ཟིན་ཏོ།། །། སྨྲས་པ། མ་རྨད་གྲགས་པའི་གཏེར་གྱི་གཞིར་གྱུར་ཕུན་ཚོགས་ཡོན་ཏན་བྱེ་བས་མཛོད།། བྱུར་བུར་གཏམས་པའི་ལྔ་རིག་དོན་བཟང་རྒྱ་མཚོའི་ཀློང་དུ་འཇུག་འདོད་ན།། བརྡ་དག་མིང་ཚིག་བརྗོད་པའི་འབྱུང་གནས་ཡི་གེའི་སྦྱོར་བའི་གྲུ་རྫིངས་འདི།། བློ་གསལ་སྐལ་ལྡན་དེད་དཔོན་ཚོགས་ཀྱིས་ངེས་པར་བསྟེན་བྱའི་ཡུལ་དུ་བསྔགས།། རྣམ་བཤད་འདི་སྦྱར་ལེགས་བྱས་ཟླ་ཤེལ་སྤྲིན།། བདག་ཡིད་ཀུན་གསལ་དབྱིངས་སུ་ཅི་ཡང་དཀྲིགས།། གང་ལས་བབས་པའི་ཕན་བདེའི་གྲུ་ཆར་ཚོགས།། ཕྱོགས་ཀྱི་བུ་མོའི་མཐོངས་ཀར་རེག་གྱུར་ཅིག ། ཅེས་ཡུལ་གངས་ཅན་གྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱི་ཕྱི་མོ་སུམ་རྟགས་གཉིས་ཀྱི་གཞུང་དོན་ཉུང་ངུའི་ཚིག་གིས་གོ་སླ་བར་འགྲེལ་བ་སུམ་རྟགས་རིག་པའི་མེ་ལོང་ཞེས་བྱ་བ་འདི་ནི། མ་ཧཱ་ཙི་ནའི་རྒྱུད་དུ་སྐྱེས་པའི་དགེ་སྦྱོང་འཇིགས་མེད་རིགས་པའི་བློ་གྲོས་སམ་མིང་གཞན་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་འབོད་པས། སློབ་བུ་དོན་གཉེར་ཅན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་དོན་དུ། རྒྱ་ནག་གི་ཡུལ་ཞུན་ཧྭའི་གྲོང་ཁྱེར་ཆེན་པོའི་དབང་ཕྱོགས། རྨ་ཀླུང་འཁྱིལ་བ་དལ་གྱིས་འབབ་པའི་ཉེ་འགྲམ། བཟའ་ཤིང་གི་འབྲས་བུ་གཡུར་དུ་དུད་པའི་སྐྱེད་ཚལ་ཉམས་དགའ་བ་ཞིག་ནས་བྲིས་པའི་དགེ་བས་སྐྱེ་དགུ་རྣམས་ཀྱི་རྒྱུད་ལ་བློ་གྲོས་ཀྱི་སྣང་བ་བླ་ལྷག་ཏུ་གསལ་བར་གྱུར་ཅིག། །། སུམ་ཅུ་བའི་སྙིང་བོ་རིག་བྱེད་སྒོ་མོའི་གཞུང་ལམ། ༄༅། །སུམ་ཅུ་བའི་སྙིང་བོ་རིག་བྱེད་སྒོ་མོའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་མཉྫུ་ཤྲི་ཡེ། ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད། ལི་ཁྲིའི་ལྷུན་པོ་ཇི་བཞིན་མཛེས་པའི་སྐུ། །དྲི་ཟའི་པི་ཝང་ལ་འགྲན་སྙན་པའི་གསུང་། །རྒྱ་ཆེན་མཚོ་འཇིངས་ལྟར་ཟབ་བརྩེ་ལྡན་ཐུགས། །ཡིད་འཕྲོག་ཤེས་རབ་ལྷ་གཅིག་ཨེ་མ་རྨད། །ཡོན་ཏན་ས་ཆེན་བགྲོད་ལ་ས་གསུམ་ན། །ཡོངས་སུ་གྲགས་པའི་རིགས་གཞུང་གྲགས་པ་ཅན། །རྣམ་དཔྱོད་མིག་ཅན་དགའ་བའི་མིག་འཕྲུལ་མཆོག །རིག་པའི་འདོད་འཇོའི་སོར་མོས་འདོད་དགུར་སྟོན། །བོད་རྒྱལ་སྲོང་བཙན་སྒམ་པོའི་བློན། །སློབ་དཔོན་ཐོན་མི་སཾ་བྷོ་ཊས། །རྒྱ་གར་ཡིག་གཟུགས་དཔེར་བླངས་ནས། །བོད་ཡིག་དབྱངས་གསལ་གཏན་ལ་ཕབ། །ཨཱ་ལི་ཀཱ་ལི་དབྱངས་གསལ་ཏེ། །ཨ་ཕྲེང་ཀ་ཕྲེང་ཞེས་པའོ། །ཨཀྵ་ར་ནི་མི་འགྱུར་བ། །ཝརྞ་ཞེས་པ་ཡི་གེའོ། །འཕགས་ཡུལ་ཡི་གེ་ལྔ་བཅུ་ལས། །དབྱངས་བཞི་གསལ་བྱེད་སུམ་ཅུ་བཅོས། །གུག་གུ་ཞབས་ཀྱུ་འགྲེང་བུ་དང་། །རྣ་རུ་བཞི་ལ་དབྱངས་བཞི་བརྗོད། །ཀ་ཁ་སུམ་ཅུ་གསལ་བྱེད་དེ། །སྡེ་བ་ཕྱེད་དང་བརྒྱད་ཡོད་དོ། །དབྱངས་བཞི་ཀཱ་ལི་ཀུན་ལ་སྦྱོར། །ག་ང་ད་ན་བ་མ་འ། ར་ལ་ས་ནི་རྗེས་འཇུག་བཅུ། །གསལ་བྱེད་ཀུན་གྱི་རྗེས་སུ་སྦྱོར། །དེ་ལས་ག་ད་བ་མ་འ། །གསལ་བྱེད་འགའ་རེའི་སྔོན་དུའང་འཇུག །ལྷག་མ་ཉི་ཤུ་མིང་གཞི་ཙམ། །ད་ས་གཉིས་ནི་ཡང་འཇུག་སྟེ། །ད་དྲག་ས་དྲག་ཅེས་ཀྱང་བརྗོད། །ད་དྲག་རྗེས་འཇུག་ན་ར་ལ། །ས་དྲག་ག་ང་བ་མར་འཐོབ། །མགོ་ཅན་གསུམ་དང་འདོགས་ཅན་བཞི། །ར་མགོ་བཅུ་གཉིས་ལ་མགོ་བཅུ། །ས་མགོ་བཅུ་གཅིག་ཡ་བཏགས་བདུན། །ར་བཏགས་བཅུ་གཅིག་ན་དང་མ། །ས་མགོ་ཅན་ལ་ར་བཏགས་འབྱུང་། །ལ་བཏགས་དྲུག་དང་ཝ་བཏགས་ནི། །བཅུ་གཉིས་ཙ་ལ་ར་མགོ་དང་། །ཕ་ལ་ཡ་བཏགས་འབྱུང་ཚེ་སྲིད། །རྣམ་དབྱེ་བརྒྱད་ནི་མིང་ཙམ་དང་། །ལས་སུ་བྱ་བ་བྱེད་པ་པོ། །དགོས་ཆེད་འབྱུང་ཁུངས་འབྲེལ་བ་དང་། །གནས་གཞི་བོད་པ་ཞེས་བྱའོ། །སུ་རུ་ར་དང་ཏུ་དུ་ན། །ལ་དོན་ཡི་གེ་རྣམ་པ་དྲུག །ས་སུ་ག་བ་དྲག་ཏུ། །ང་ད་ན་མ་ར་ལ་དུ། །འ་མཐར་ར་རུ་ཅི་རིགས་སྦྱར། །རྣམ་དབྱེ་གཉིས་པ་བཞི་བ་དང་། །བདུན་པ་དེ་ཉིད་དུས་ལ་འཇུག །གིས་གྱིས་ཀྱིས་འིས་ཡིས་ཞེས་པ། །རྣམ་དབྱེ་གསུམ་པ་བྱེད་པ་སྟེ། །གི་ཀྱི་གྱི་འི་ཡི་ལྔ་ནི། །དྲུག་པ་འབྲེལ་བ་སྟོན་པའི་སྒྲ། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལའི་རྗེས་སུ་གྱི། །མཐའ་རྟེན་མེད་དང་འ་མཐར་འི། །རྐང་བ་སྐོང་ཚེ་ཡི་འཐོབ་བོ། །ནས་ལས་གཉིས་ནི་འབྱུང་ཁུངས་ཏེ། །དགར་སྡུད་ལྷག་བཅས་སྒྲ་ལ་ནས། །རྒྱུ་དང་དགར་བར་ལས་སྒྲ་འཇུག །ཀྱེ་དང་ཀྭ་ཡེ་ཝ་ཡེ་དང་། །མ་ཡེ་ཞེས་བྱ་འབོད་པའི་སྒྲ། །དེང་སང་ཕལ་ཆེར་བོད་པའི་ཀྱེ། །ཀེ་ཤ་ཅན་དུ་བྱེད་པ་འཁྲུལ། རྗེས་འཇུག་བཅུ་ལ་ཨོ་སྦྱར་བ། །སླར་སྡུད་ཟླ་སྡུད་རྫོགས་ཚིག་སྟེ། །རྗེས་འཇུག་རང་འདྲའི་མཐའ་ལ་སྦྱར། །ད་དྲག་ཅན་མཐར་ཏོ་ཞེས་འབྲི། །ཀྱང་འང་ཡང་གསུམ་སྡུད་པ་དང་། །མཐུན་དང་མི་མཐུན་རྒྱན་གཉིས་སྟོན། །ག་ད་བ་སའི་རྗེས་སུ་ཀྱང་། །ང་ན་མ་འ་ར་ལ་ཡང་། །རྗེས་འཇུག་མེད་མཐར་འང་ངམ་ཡང་། །སྟེ་ཏེ་དེ་གསུམ་ལྷག་བཅས་ཏེ། །མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་རྣམས་དང་། །རྗེས་འཇུག་མེད་མཐར་ས་སྟེ་འཐོབ། །གམ་སོགས་བཅུ་ནི་འབྱེད་སྡུད་སྒྲ། །རྗེས་འཇུག་རང་འདྲའི་མཐར་སྦྱར་བྱ། །ད་དྲག་ཅན་མཐར་ཏམ་ཞེས་སྦྱར། །ཐེ་ཚོམ་དྲི་བ་ལ་ཡང་འཇུག །ནི་སྒྲ་དགར་དང་བརྣན་པ་འོ། །དང་ནི་འབྱེད་སྡུད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །དེ་སྒྲ་ཐ་སྙད་དབང་གིས་གསུམ། །དོན་གྱི་དབང་གིས་འཇུག་པ་བཞི། །དུས་ཀྱི་དབང་གིས་གཉིས་ལ་འཇུག །གང་སུ་ཅི་ཇི་སྤྱི་སྒྲ་སྟེ། །གང་ཟག་ལ་ནི་སུ་འཐོབ་ཅིང་། །དྲི་བར་ཅི་དང་དཔེ་ལ་ཇི། །གང་ནི་ཁྱད་མེད་ཀུན་ལ་འཇུག །པ་པོ་བ་བོ་མ་མོ་དང་། །ཅན་ལྡན་རྣམས་ནི་བདག་པོའི་སྒྲ། །ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་གཉིས་པོ་སྔོན་ལ་སྦྱར། །མིན་མེད་གཉིས་པོ་རྗེས་སུ་སྦྱོར། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང་། །རྗེས་འཇུག་མེད་མཐར་ཞིང་ཞེས་དང་། །ཞེའོ་ཞེ་ན་ཞིག་རྣམས་དང་། །ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །ཡི་གེའི་གཟུགས་ལ་དབུ་ཅན་དང་། །དབུ་མེད་གཉིས་ཡོད་ཡིག་དཀར་ནག །དབུ་མེད་ལ་ཡང་གཟབ་གཤར་གཉིས། །ཚུགས་བྲིས་རྒྱུགས་བྲིས་ཞེས་སུ་གྲགས། །ཡི་གེའི་མགོ་རྒྱན་དབུ་ཁྱུད་དེ། །དང་ཀྱོག་བེརྒ་ཞེས་ཀྱང་ཟེར། །ཤད་ལ་ཆིག་ཤད་ཕུར་ཤད་དང་། །ཚེག་ཤད་ཉིས་ཤད་བཞི་ཤད་དང་། །སྦྲུལ་ཤད་རིན་ཆེན་སྤུངས་ཤད་བདུན། །ཚིགས་བཅད་མཐའ་ལ་ཉིས་ཤད་དེ། །ཀ་ག་ཤ་རྐང་ཤད་རེར་རྩི། །ང་མཐར་ཤད་གོང་ཕྱི་ཚེག་འབྲི། །ང་རྐང་ཤད་དང་མི་འདྲེས་ཆེད། །འ་མཐར་འབྲི་བའི་སྲོལ་མ་བྱུང་། །ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཕྱི་རྐང་ཅན་གསུམ་བྱུང་ན་ཡང་། །སྤུངས་ཤད་བཅར་བའི་ཚུལ་གྱིས་བརྟེན། །ཡིག་རྡོག་གཉིས་སམ་གསུམ་མཐའ་རུ། །བྲིས་ཚེ་དེ་ཡི་དགོས་པ་སྟོར། །ལྷུག་པའི་རྣམ་གྲངས་སོ་སོ་དང་། །དོན་ཚན་ཕལ་ཆེར་མཐའ་དང་ནི། །བོད་པའི་སྐབས་ལ་ཆིག་ཤད་དེ། །རྫོགས་ཚིག་མཐའ་རུ་ཉིས་ཤད་འཐོབ། །སྡེ་ཚན་ཆེ་བ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་འབྲི། །འོ་འུ་འམ་འང་ཚེག་བར་ནི། །རྐང་བ་ཚང་དང་མ་ཚང་བའི། །དབང་གིས་འཐོབ་ཚུལ་སྐབས་དང་སྦྱར། །དཔེར་བརྗོད་མཛུབ་མོས་ངོ་སྤྲོད་ནི། །གཤམ་གྱི་རེའུ་མིག་ཁང་བར་བཀོད། །དེ་ལྟར་བྱིས་པའི་བློ་སྣ་སྐུད་པའི་རྐྱ། །ཚིག་དོན་གོ་སླ་སོར་མོས་ཉེར་དྲངས་ཏེ། །རིག་བྱེད་སྒོ་མོའི་དྲང་ཐད་གཞུང་ལམ་དུ། །འཁྲིད་པའི་ཐབས་འདི་འཇིག་རྟེན་རྒྱན་དུ་སྨོན།། དབྱངས་བཅུ་དྲུག་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེེ། ཨོ་ཨོོ། ཨ་ཨཿ། གསལ་བྱེད་སོ་བཞི་ནི། ཀ་ཁ་ག་ངྒ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། རྗེས་འཇུག་བཅུའི་དཔེར་བརྗོད། སྟག རྐྱང་། དྲེད། ཆུ་སྲིན། ཕྱེ་མ་ལེབ། སྲམ། གནའ། གྲོག་སྦུར། སྦྲུལ། ཡོས་བུ། སྔོན་འཇུག་ལྔའི་དཔེར་བརྗོད། གཡག དགོ་བ། བསེ་རུ། མཛོ། འབྲི། ཡང་འཇུག་གཉིས་ཀྱི་དཔེར་བརྗོད། རྣམ་མཁྱེནད། སྐད་བསྒྱུརད། བཀའ་སྩལད། གྲགས། གདངས། འཇེབས། གདམས། ར་མགོ་བཅུ་གཉིས་ཀྱི་དཔེར་བརྗོད། རྐང་། རྒོད། རྔམས། རྗེ། རྙིང་། རྟེན། རྡང་། རྣམས། རྦ་ཀློང་། རྨང་། རྩེ། རྫི་མ། ལ་མགོ་བཅུའི་དཔེར་བརྗོད། ལྐུགས་པ། ལྒང་བུ། ལྔ་བརྒྱ། ལྕགས། ལྗང་ཁུ། ལྟོ། ལྡན། ལྤགས། ལྦུ་བ། ལྷམ། ས་མགོ་བཅུ་གཅིག་གི་དཔེར་བརྗོད། སྐུ། སྒོ། སྔོན། སྙིང་། སྟོན། སྡིངས། སྣམ་བུ། སྤྲོ། སྦུར་མ། སྨད། སྩོལ། ཡ་སྟ་བདུན་གྱི་དཔེར་བརྗོད། བཀྱལ། འཁྱགས། བགྱི། དཔྱིད། ཕྱི། བྱིང་། མྱོང་། ར་སྟ་བཅུ་གཅིག་གི་དཔེར་བརྗོད། བཀྲ། ཁྲོད། བགྲང་། པ་ཏྲ། ཐྲིག དྲི། པྲོག་ཞུ། འཕྲོག བྲང་། སྲན་མ། ཧྲིལ་བོ། ས་མགོ་ཅན་གྱི་ན་དང་མ་ལ་ར་སྟ་ཡོད་པའི་དཔེར་བརྗོད། སྐར་མ་སྣྲོན་དང་སྣྲུབས། རིམ་པ་འཆོལ་བའི་སྣྲེལ་ཞི། ཆོས་སྨྲ། སྨྲེ་སྔགས་འདོན། ལ་བཏགས་དྲུག་གི་དཔེར་བརྗོད། ཀླུ། གླག བློ། བཟླུམས། བརླ། སླེབས། ཝ་བཏགས་བཅུ་གཉིས་ཀྱི་དཔེར་བརྗོད། ཀྭ་ཡེ། ཁྭ་ཏ། གྭ་བ། ཉྭ་སྟི། དྭ་ཕྲུག ཚྭ་ཆུ། ཞྭ་མོ། ཟྭ་ཚོད། རྭ་ཅོ། ལྭ་བ། ཤྭ་འོད། ཧྭ་གོར། རྩྭ་སྔོན། ཕྱྭ་གཡང་། རྣམ་དབྱེ་དང་བོའི་དཔེར་བརྗོད། ཤར། ལྷོ། ནུབ། བྱང་། ས། ཆུ། མེ། རླུང་། གཡས། གཡོན། མདུན། རྒྱབ། རྣམ་དབྱེ་གཉིས་པའི་དཔེར་བརྗོད། གཡས་ཕྱོགས་སུ་འཕུར། ལྟོ་བ་རུ་མིད། ནམ་མཁར་འཕངས། ལྐོག་ཏུ་བྲོས། སྟོད་དུ་བརྫངས། སྒོ་ན་རྩེ། རྣམ་དབྱེ་གསུམ་པའི་དཔེར་བརྗོད། བདག་གིས་བཤད། ཁྱོད་ཀྱིས་ཉོན། རིན་གྱིས་ཉོས། ལྕགས་མདས་ཕིགས། སོ་ཡིས་བལྡད། རྣམ་དབྱེ་བཞི་བའི་དཔེར་བརྗོད། མཐོ་རིས་སུ་སྨོན་ལམ་ཐོབ། བྲོ་ཁ་རུ་སློང་མོ་བྱེད། རྟར་རྩྭ་བྱིན། ཞིང་ཐོག་ཏུ་ཆུ་འདྲེན། རྣ་རྒྱན་དུ་དངུལ་རྡུང་། དགྲ་གསོད་ན་མཚོན་འཛིན། ལྷ་ལ་ཕྱག་འཚལ། རྣམ་དབྱེ་ལྔ་བའི་དཔེར་བརྗོད། གནམ་ནས་ཆར་བབས། གངས་རི་ལས་ཆུ་བྱུང་། ནས་སྒྲ་དགར་སྡུད་ལྷག་བཅས་གསུམ་ལ་འཇུག་པའི་དཔེར་བརྗོད། ལྷའི་ནང་ནས་བརྒྱ་བྱིན་མཛེས། ཨ་མདོ་ནས་ལྷ་སའི་བར། ཕྱག་བཙལ་ནས་ཆོས་ཉན། ལས་སྒྲ་རྒྱུ་དང་དགར་བ་ལ་འཇུག་པའི་དཔེར་བརྗོད། ས་བོན་ལས་མྱུ་གུ་སྐྱེ། ཁ་ཟས་ཀུན་ལས་ཤ་ཚོད་ཞིམ། རྣམ་དབྱེ་དྲུག་པའི་དཔེར་བརྗོད། སྟག་གི་སྡེར་མོ། དྲེད་ཀྱི་མཆེ་བ། སྲམ་གྱི་སྤུ། གླང་བོའི་སྣ་ཞགས། ཤ་ཡི་རྭ་ཅོ། རྣམ་དབྱེ་བདུན་པའི་དཔེར་བརྗོད། ཁྱོགས་སུ་བཞུགས། སྒོ་རུ་འདུག ནམ་མཁར་གནས། བྲག་ཕུག་ཏུ་བརྟེན། སྣོད་དུ་བདོག གྲུ་ན་བསྒོངས། རྣམ་དབྱེ་བརྒྱད་པའི་དཔེར་བརྗོད། ཀྱེ་དབྱངས་ཅན་ལྷ་མོ། ཀྭ་ཡེ་སྙིང་གྲོགས་དམ་པ། ཝ་ཡེ་ཁ་ལོ་བ། ལ་དོན་གྱི་ཡི་གེ་དེ་ཉིད་ལ་འཇུག་པའི་དཔེར་བརྗོད། གནས་ལུགས་སུ་གྲུབ། མི་བསླུ་བ་རུ་ངེས། རྟག་པར་གནས། ཤིན་ཏུ་བདེན། འོད་དུ་འབར། ལ་དོན་གྱི་ཡི་གེ་དུས་ལ་འཇུག་པའི་དཔེར་བརྗོད། ཉི་མ་ཤར་དུས་སུ་ལངས། སྔ་དྲོ་རུ་སོང་། འཕྱི་མོར་སླེབས། ཉི་ནུབ་ཏུ་ཉལ། ནམ་གུང་དུ་གཉིད། སྐྱ་རེངས་ཤར་དུས་ན་སད། རྗོགས་ཚིག་བཅུ་གཅིག་གི་དཔེར་བརྗོད། དམག་གོ །ཨ་ཞང་ངོ། །བུད་མེད་དོ། །གཉེན་ནོ། །དར་བབ་བོ། །མོ་གཤམ་མོ། །བྱིས་པའོ། །དཀོར་གཉེར་རོ། །ཚོང་འགྲུལ་ལོ། །ཆོས་གྲོགས་སོ། །ལྟད་མོ་བསྟནད་ཏོ། །གཞུག་ལ་བསྐྱུརད་ཏོ། །ཇ་བསྐོལད་ཏོ། ། ཀྱང་ཡང་འང་གསུམ་སྡུད་པ་ལ་འཇུག་པའི་དཔེར་བརྗོད། སངས་རྒྱས་ཀྱང་གང་ཟག་ཡིན། མཁའ་ལའང་འབྱོན། མ་དག་པའི་ཞིང་དུ་ཡང་གཤེགས། མཐུན་པའི་རྒྱན་གྱི་དཔེར་བརྗོད། མཛེས་ཀྱང་མཛེས་ལ་དཔལ་ཡང་འབར། མི་མཐུན་པའི་རྒྱན་གྱི་དཔེར་བརྗོད། བཏུད་ཀྱང་ཁྲོ་ལ་མཛའ་འང་སླུ། ལྷག་བཅས་མཚམས་སྦྱོར་ལ་འཇུག་པའི་དཔེར་བརྗོད། རྡོ་འཕངས་ཏེ་ཕོག མགོ་བཅག་སྟེ་ཤི རོ་དྲུད་དེ་སྦས། དམ་བཅའ་སྟོན་པའི་དཔེར་བརྗོད། སྒྲ་ཆོས་ཅན། མི་རྟག་སྟེ། འདུས་བྱས་ཡིན་པའི་ཕྱིར། གཞན་འདྲེན་སྟོན་པ་ལ་འཇུག་པའི་དཔེར་བརྗོད། མཁའ་ལ་གློག་འཁྱུག་སྟེ། ས་ལ་སྨུག་པ་འཐིབས། གམ་སོགས་འབྱེད་པ་ལ་འཇུག་པའི་དཔེར་བརྗོད། དུས་ནི་བཞི་སྟེ། དཔྱིད་དམ། དབྱར་རམ། སྟོན་ཀའམ། དགུན་ནོ། ། སྡུད་པ་ལ་འཇུག་པའི་དཔེར་བརྗོད། ཤར་རམ། ལྷོའམ། ནུབ་བམ། བྱང་ནི་ཕྱོགས་བཞིའོ། ། ཐེ་ཚོམ་ལ་འཇུག་པའི་དཔེར་བརྗོད། འདི་ན་འདྲེ་ཡོད་དམ། མེད་དམ་ཐག་མི་ཆོད། དྲི་བ་ལ་འཇུག་པའི་དཔེར་བརྗོད། ཁྱོད་རང་རྒྱའམ། བོད་དམ། སོག་པོ་ཡིན། ནི་སྒྲ་དགར་བ་ལ་འཇུག་པའི་དཔེར་བརྗོད། རི་རབ་ནི་རི་གཞན་ལས་མཐོ། བརྣན་པ་ལ་འཇུག་པའི་དཔེར་བརྗོད། ཞོན་པ་ནི་རྟ་ཡིན། གཟུགས་ནི་མཐོ། གོམ་པ་ནི་མགྱོགས། དང་སྒྲ་འབྱེད་པ་ལ་འཇུག་པའི་དཔེར་བརྗོད། དུས་ནི་གསུམ་སྟེ། འདས་པ་དང་། ད་ལྟ་བ་དང་། མ་འོངས་པའོ། ། སྡུད་པ་ལ་འཇུག་པའི་དཔེར་བརྗོད། ལྷ་ཡུལ་དང་། མི་ཡུལ་དང་། ཀླུ་ཡུལ་ནི་འཇིག་རྟེན་གསུམ་མོ།། རྒྱུ་མཚན་ལ་འཇུག་པའི་དཔེར་བརྗོད། འབད་པས་སློབས་དང་མཁས་པར་འགྱུར། ཚེ་སྐབས་ལ་འཇུག་པའི་དཔེར་བརྗོད། ཉི་མ་ཤར་བ་དང་ཁ་ཏོན་བྱས། གདམས་ངག་ལ་འཇུག་པའི་དཔེར་བརྗོད། དད་པ་བྱོས་དང་ངས་བཤད། དེ་སྒྲའི་འཇུག་པ་དགུའི་དཔེར་བརྗོད། ཟླ་བ་ཤར་རོ། །དེ་དཀར་རོ། །དེ་ལ་ཆོས་ཤོད། བཏུད་དེ་ཉན། དེ་དེ་བཞིན་ནོ། དེ་མ་སྟེར། བདག་གི་གོས་དེ། ཁྱོད་ཀྱི་ནོར་དེ། ཁ་སང་གི་དུས་དེ། རྗེས་མའི་ལོ་དེ། སྤྱི་སྒྲའི་དཔེར་བརྗོད། འདི་སུ་རེད། རིང་ཐུང་ཅི་ཙམ་ཡོད། སངས་རྒྱས་ཇི་ལྟ་བ་ཡིན། གང་གི་བུ་ཡིན། མིང་ལ་གང་ཟེར། གང་དང་རིགས་འདྲ། བདག་སྒྲའི་དཔེར་བརྗོད། མཁས་པ། ཕྱུག་པོ། ལྷ་ས་བ། མཛའ་བོ། ཇ་མ། དམར་མོ། བློ་ཅན། འབྱོར་ལྡན། དགག་སྒྲའི་དཔེར་བརྗོད། མ་ཤེས། མི་འཐུང་། རྐུན་མ་མིན། བདག་པོ་མེད། ཚིག་ཕྲད་ཅིང་སོགས་ཀྱི་དཔེར་བརྗོད། ཁྱོད་ལ་ཡོད་ཅིང་ངར་མེད་ཅེས། །ཨེ་བདེན་ཞེ་ན་བདེན་ཞེའོ། །བྲོས་ཤིང་སོང་སྟེ་གྲོང་ཞིག་ཏུ། །ལྟོགས་ཞེས་བརྗོད་ཚེ་ཟན་སློངས་ཤིག ། འོ་འུ་འམ་འང་བཞི་ཚིགས་བཅད་ནང་དུ་བྱུང་ཚེ་བར་ཚེག་མི་འབྲི་བའི་ངོ་སྤྲོད། སྐྱོང་ཚུལ་བསྡུས་ཏེ་བསྟན་པའོ། །དང་བོ་ལ། ཞེས་དང་། ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །ཞེས་དང་། བསྐལ་བའམ་བསྐལ་བ་སྟོང་དུ་ཡང་། །ཞེས་དང་། དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །ཞེས་སོ། ། འོ་འུ་འམ་གསུམ་ཚིགས་བཅད་ནང་དུ་བྱུང་ཚེ་བར་ཚེག་འབྲི་བའི་ངོ་སྤྲོད། མགོན་པོ་ཀུན་གྱི་དྲུང་དུ་བདག་མཆི་འོ། །ཞེས་དང་། འཕགས་པ་གནས་བརྟན་གསེར་བེ་འུ། །ཞེས་དང་། ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཞེས་པ་ལྟ་བུས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། ། ༈ བློ་གསལ་གཞོན་ནུ་རིག་བྱེད་སྒོ་མོ་ཆེའི།། གཞུང་ལམ་དཀྱུས་རིང་བགྲོད་པས་ངལ་བ་ན།། རེའུ་མིག་ར་བར་སྨིན་པའི་དཔེར་བརྗོད་ཀྱི།། ཨ་མྲའི་ཤིང་ཐོག་ངལ་གསོའི་བཅུད་དུ་སྟེན།། ཤུ་བྷཾ།། རྟགས་འཇུག་གི་སྙིང་བོ་རིག་བྱེད་སྒོ་མོའི་འབབ་སྟེགས། ༄༅། །རྟགས་འཇུག་གི་སྙིང་བོ་རིག་བྱེད་སྒོ་མོའི་འབབ་སྟེགས་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མཿསྭ་ར་སྭ་སྟི་ཡེ། ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད། ཤེལ་དཀར་ལྕུག་ཕྲན་མཛེས་ལྡན་ཡིད་འཕྲོག་སྐུ། །ཨེ་ཝཾ་བདེ་ཆེན་གདངས་སུ་ཤར་བའི་གསུང་། །ཟབ་རྒྱས་གཙུག་ལག་ཇི་བཞིན་མཁྱེན་པའི་ཐུགས། །ཚངས་སྲས་ལྷ་མོས་བདག་སྙིང་ཁབ་ཏུ་རོལ། །བརྡ་སྤྲོད་རྒྱ་མཚོར་འཇུག་པའི་རྒྱ་ཆེན་གཞུང་། །ཡི་གེའི་རྟགས་གསུམ་གསལ་བྱེད་རྟགས་འཇུག་གི །དོན་གྱི་སྙིང་བོ་བློ་གསལ་སྙིང་ནོར་དུ། །རིག་པའི་འདོད་འཇོའི་ངག་ལས་འདོད་དགུར་སྦྱིན། །མིང་གཞིའི་རྟགས་ཀྱི་ངོས་འཛིན་དང་། །སྔོན་འཇུག་ལྔ་དང་རྗེས་འཇུག་བཅུའི། །རྟགས་ཀྱི་ངོས་འཛིན་འཇུག་ཚུལ་གསུམ། །སྐབས་འདིའི་བཤད་བྱའི་དོན་གྱི་གཙོ། །དང་བོ་མིང་གཞི་རྐྱང་བའི་ངོས། །དབྱངས་མོ་གསལ་བྱེད་ཕོ་རུ་འདོད། །སྒྲ་གདངས་དྲག་པོ་རན་པ་དང་། །ཞན་པ་དེ་ལས་ཞན་པ་དང་། །ཤིན་ཏུ་ལྷོད་པ་ལྔ་ཡི་སྒོས། །ཀཱ་ལིར་ཕོ་དང་མ་ནིང་མོ། །ཤིན་ཏུ་མོ་དང་མོ་གཤམ་སྟེ། །སྡེ་ཚན་ལྔ་རུ་དྲིལ་བར་བྱ། །ཀ་ཅ་ཏ་པ་ཙ་ནི་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཡི་གེར་བཤད།། གཉིས་པ་སྔོན་འཇུག་ལྔ་པོ་ཡི། །རྟགས་ཀྱི་ངོས་འཛིན་འཇུག་ཚུལ་ནི། །བ་ཕོ་ག་ད་གཉིས་མ་ནིང་། །འ་མོ་མ་ནི་ཤིན་ཏུ་མོ། །སྔོན་འཇུག་ཕོ་ཡིག་བ་ཡིག་ནི། །རྐྱང་འདོགས་མགོ་ཅན་ཅི་རིགས་སྒོས། །ཕོ་ཡིག་ཀ་ཅ་ཏ་ཙ་དང་། །མོ་ཡིག་ག་ང་ཇ་ཉ་ད། །ན་ཛ་ཞ་ཟ་ར་ཤ་ས། །བཅུ་དྲུག་ཙམ་གྱི་སྔོན་དུ་འཇུག །སྔོན་འཇུག་མ་ནིང་ག་ཡིག་ནི། །ཕོ་ཡིག་ཅ་ཏ་ཙ་གསུམ་དང་། །མོ་ཡིག་ཉ་ད་ན་ཞ་ཟ། །ཡ་ཤ་ས་ཡི་སྔོན་དུ་འཇུག །སྔོན་འཇུག་མ་ནིང་ད་ཡིག་ནི། །ཕོ་ཡིག་ཀ་པ་མོ་ཡིག་ནི། །ག་ང་བ་མའི་སྔོན་དུ་འཇུག །སྔོན་འཇུག་མོ་ཡིག་འ་ཡིག་ནི། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །བཅུ་བོ་ཁོ་ནའི་སྔོན་དུ་འཇུག །སྔོན་འཇུག་ཤིན་ཏུ་མོ་མ་ནི། །མ་ནིང་ཁ་ཆ་ཐ་ཚ་དང་། །མོ་ཡིག་ག་ཇ་ད་ཛ་དང་། །ཤིན་ཏུ་མོ་ཡིག་ང་ཉ་ན། །བཅུ་གཅིག་ཙམ་གྱི་སྔོན་དུ་འཇུག །མགོ་ཅན་གསུམ་ལ་བརྩེགས་པ་ཟེར། །བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །ཞར་ལ་མི་འཇུག་པ་ཡི་ཚུལ། །བ་དང་ག་ད་མ་ནིང་གི །ཁ་ཆ་ཐ་ཕ་ཚར་མི་འཇུག །འ་དང་མ་ཡིག་ཕོ་ཡིག་གི །ཀ་ཅ་ཏ་པ་ཙར་མི་འཇུག །མདོར་ན་སྔོན་འཇུག་ལྔ་བོ་ནི། །རང་རང་སྡེ་བར་འཇུག་མི་སྲིད། །ཕོ་ནི་སྐད་གདངས་དྲག་པས་འཇུག །མ་ནིང་རན་དང་མོ་ནི་ཞན། །ཤིན་ཏུ་མོ་ནི་ལྷོད་པར་རོ། །སྔོན་འཇུག་དགོས་པ་ཅིའི་ཕྱིར་འཇུག །ཚུལ་འདིར་གསར་ཞུགས་བློ་ཆུང་གིས། །རྒྱ་མཚོའི་གཏིང་བཞིན་རྟོགས་དཀའ་ཡང་། །ཐོག་མར་གོ་སླའི་གཏམ་འདིར་ཉོན། །དངོས་པོ་ལས་དང་དུས་གསུམ་གྱི། །དངོས་པོར་བདག་གཞན་བྱ་ཡུལ་གསུམ། །དཔེར་ན་ཡིག་མཁན་བདག་ཡིན་ལ། །ཡི་གེ་བྲི་བའི་བྱ་བ་གཞན། །བྲི་བྱའི་ཡི་གེ་བྱ་བའི་ཡུལ། །ལས་ལ་བྱ་ལས་བྱེད་ལས་གཉིས། །ཤོག་སྟེང་སྣག་ཚས་ཡི་གེའི་གཟུགས། །བྲིས་པའི་ཆ་ནི་བྱ་བའི་ལས། །སྨྱུ་གུ་བཟུང་ནས་ཡི་གེའི་གཟུགས། །ཤར་ཤར་འབྲི་བ་བྱེད་པའི་ལས། །ཡིག་མཁན་རང་ཉིད་བྱེད་པོ་གཙོ། །སོར་མོ་སྨྱུག་སོགས་བྱེད་པོ་ཕལ། །དུས་ལ་འདས་དང་ད་ལྟ་བ། །མ་འོངས་གསུམ་སྟེ་རིམ་བཞིན་དཔེར། །བྲིས་ཟིན་འདས་པ་འབྲི་བཞིན་པའི། །གནས་སྐབས་དེ་ནི་ད་ལྟ་བ། །འཕྲོ་ནས་བྲི་འགྱུར་མ་འོངས་པ། །བྱ་བའི་ལས་གཞན་མ་འོངས་པ། །བྱེད་པའི་ལས་བདག་ད་ལྟ་བ། །དུས་གསུམ་དབྱེ་བ་ཁྱབ་ཆེ་ཞིང་། །བདག་གཞན་དབྱེ་བ་ཁྱབ་ཆུང་ངོ་། །ཞར་བྱུང་སྐུལ་ཚིག་མང་བོའི་སྡེབ། །སྐབས་འདིའི་བསྟན་བྱའི་ཤུགས་ལས་འབྱུང་། །དེ་ལྟར་དངོས་ལས་དུས་གསུམ་དང་། །བདག་གཞན་བྱ་བྱེད་ཅེས་པ་རྣམས། །དཀའ་བའི་གནས་སུ་གྲགས་ཆེ་ཡང་། །འདི་འདྲའི་དཔེ་ཡིས་ངོ་སྤྲད་ན། །གནག་རྫི་རྣམས་ཀྱང་འབད་མེད་དུ། །མཁས་པའི་ཁྲི་ལ་འགོད་མིན་ནམ། །དེ་ལྟའི་མན་ངག་བློར་བཞག་ནས། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་དོན་ཡང་དཔེར་བརྗོད་དང་། །བསྡུར་བས་གོ་དོན་རགས་ཙམ་ཤེས། །ཕུ་ཐུག་ཆོད་པར་ཤེས་འདོད་ན། །སི་ཏུའི་འགྲེལ་ཆེན་གཅེས་པར་ཟུངས། །གསུམ་པ་རྗེས་འཇུག་བཅུ་བོ་ཡི། །རྟགས་ཀྱི་ངོས་འཛིན་འཇུག་ཚུལ་ནི། །ག་ད་བ་ས་བཞི་ནི་ཕོ། །ང་མ་འ་གསུམ་མོ་ཡིན་ལ། །ན་ར་ལ་གསུམ་མ་ནིང་ངོ་། །ཕོ་ལ་སྐྱེས་བུ་རབ་འབྲིང་ཐ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་ལ་ནི་འགྱུར་བ་དང་། །མཚན་གཉིས་མཚན་མེད་ཅེས་པ་གསུམ། །ག་བ་ས་ཡི་ཡང་འཇུག་ཅན། །རིམ་བཞིན་སྐྱེས་བུ་རབ་དང་འབྲིང་། །ག་ད་བ་སའི་རྗེས་འཇུག་ལས། །ཡང་འཇུག་མེད་པ་སྐྱེས་བུ་ཐ། །མོ་ལ་ཡང་འཇུག་ཡོད་མེད་ཀྱིས། །མོ་ཙམ་དང་ནི་ཤིན་ཏུ་མོ། །མ་ནིང་མིང་གཞིའི་ཕོ་ཡིག་མཐར། །ད་དྲག་ཡོད་མེད་གཉིས་ཀ་དང་། །མོ་མཐར་ཡང་འཇུག་མེད་པ་ཉིད། །འགྱུར་བ་མ་ནིང་ཞེས་སུ་འབོད། །མིང་གཞིའི་མོ་མཐར་ཡང་འཇུག་ཅན། །མཚན་གཉིས་མ་ནིང་ཞེས་སུ་གདགས། །མིང་གཞིའི་མ་ནིང་ཡི་གེའི་མཐར། །ཡང་འཇུག་ཡོད་མེད་གཉིས་ཀ་ལ། །མཚན་མེད་མ་ནིང་ཞེས་སུ་གྲགས། །འདི་ནི་སི་ཏུའི་འགྲེལ་ཆེན་ལུགས། །མཁས་པ་གཞན་རྣམས་གཞན་དུ་འདོད། །གསལ་བྱེད་ཀུན་ལ་རྗེས་འཇུག་བཅུ། །སྦྱོར་དུ་རུང་བར་མཚུངས་ནའང་། །མིང་དོན་སྟོན་དང་མི་སྟོན་གྱི། །ཁྱད་པར་འབྱེད་པ་མཆོག་ཏུ་གཅེས། །རྗེས་འཇུག་ཕོ་གསུམ་ཞུགས་པ་དྲག །མོ་གཉིས་ཞན་དང་མ་ནིང་གསུམ། །ཞུགས་ཚེ་སྒྲ་གདངས་རན་པར་འཇུག །ནང་ཕྲད་དབང་གིས་སོ་སོར་དབྱེ། །རྗེས་འཇུག་ཕོ་ཡིས་མིང་མཐའ་ཡང་། །ཕོ་ཡིག་འདྲེན་པ་ཇི་བཞིན་དུ། །མོ་ཡིས་མོ་དང་མ་ནིང་གིས། །མ་ནིང་ཅན་གྱི་མིང་མཐའ་འདྲེན། །དེ་ཡང་གཙོ་ཆེ་ཙམ་ལ་དགོངས། །བརྗོད་བདེ་དབང་གིས་གཞན་དག་འདྲེན། །གཞན་ཡང་རྣམ་དབྱེ་བརྒྱད་དག་དང་། །སླར་བསྡུ་ལྷག་བཅས་ལ་སོགས་པའི། །ཚིག་ཕྲད་འདྲ་མིན་མང་བོ་ཡང་། །རྗེས་འཇུག་དབང་གིས་སོ་སོ་འཐོབ། །དེ་ཕྱིར་རྗེས་འཇུག་སྟོབས་ཀྱིས་ནི། །མིང་ཚིག་ཡོད་དགུ་འབྱུང་བར་འགྱུར། །ཟུར་བཀོད་རེའུ་མིག་མཛུབ་མོ་ཡིས། །དོན་གྱི་གྲོང་ཁྱེར་མཚོན་པར་ནུས། །དེ་ལྟར་རྟགས་འཇུག་གཞུང་གི་སྙིང་བོའི་ཚིག །དོན་བསྡུས་སྦ་དབྱུག་གཅིག་ལ་ཀུན་ཚང་བ། །འདི་ཉིད་རྣམ་དཔྱོད་ལག་པས་ཡོངས་བསྟེན་ཏེ། །རིག་བྱེད་སྒོ་ཐེམ་མཐོན་པོར་ཡུད་ཀྱིས་བགྲོད།། སྔོན་འཇུག་བ་ཡིག་མིང་གཞིའི་ཡི་གེ་བཅུ་དྲུག་ལ་འཇུག་པའི་དཔེར་བརྗོད། བཀག བཅད། བཏབ། བཙན། བགད། བསྔགས། བརྗོད། བརྙེས། བདག བསྣམས། བརྫི། བཞད། བཟང་། བརླ། བཤལ། བསད། སྔོན་འཇུག་ག་ཡིག་མིང་གཞི་བཅུ་གཅིག་ལ་འཇུག་པའི་དཔེར་བརྗོད། གཅགས། གཏད། གཙང་། གཉིད། གདལ། གནས། གཞུ། གཟི། གཡག གཤམ། གསོ། སྔོན་འཇུག་ད་ཡིག་མིང་གཞི་དྲུག་ལ་འཇུག་པའི་དཔེར་བརྗོད། དཀར། དཔལ། དགག དངོ་། དབང་། དམག སྔོན་འཇུག་འ་ཡིག་མིང་གཞི་བཅུ་ལ་འཇུག་པའི་དཔེར་བརྗོད། འགལ། འཇག འདོད། འབུ། འཛིན། འཁར། འཆལ། འཐག འཕངས། འཚིག སྔོན་འཇུག་མ་ཡིག་མིང་གཞི་བཅུ་གཅིག་ལ་འཇུག་པའི་དཔེར་བརྗོད། མཁན། མཆོག མཐར། མཚལ། མགོ །མཇལ། མདའ། མཛེས། མངགས། མཉེས། མནོལ། སྔོན་འཇུག་ཕོ་ཡིག་འདས་པ་ལ་འཇུག་པའི་དཔེར་བརྗོད། བརྩེ་བས་བསྐྱངས། སྡོང་བོ་བཅད། མིག་གིས་བལྟས། དངོས་པོ་གཞན་ལ་འཇུག་པའི་དཔེར་བརྗོད། བསྟན་བྱའི་ཆོས། བཙོ་བྱའི་ཤ་བསླབ་བྱའི་རིག་གནས། བྱ་བའི་ལས་བསྒྲུབ་པའི་ཕྱིར་འཇུག་པའི་དཔེར་བརྗོད། སྨན་བསྡེབ་པར་བྱ། སྔགས་བཟླ་བར་བྱ། ཁྲིམས་བསྲུང་བར་བྱ། དེ་དག་གི་ཟླས་དྲངས་པའི་བྱེད་པ་པོ་དང་བྱེད་པའི་ཚིག་ལ་བས་འཕུལ་མི་འཐོབ་པའི་དཔེར་བརྗོད། བུ་སྐྱེད་པ་པོ། རྡོ་རྩིག་པ་པོ། ཇ་སྐོལ་བ་བོ། ཆོས་ལ་སྐུལ་བར་བྱེད། ལག་པ་རྐྱོང་བར་བྱེད། མེ་ལ་སྲེག་པར་བྱེད། དེ་དག་གི་ཟླས་དྲངས་པའི་སྐུལ་ཚིག་ལ་བས་འཕུལ་མེད་ཅིང་ཡང་འཇུག་ཐོབ་པའི་དཔེར་བརྗོད། ཆོས་མྱུར་དུ་སྒྲུབས། མཐུན་རྐྱེན་ཚང་བར་སྒྲིགས། དོན་ཞིབ་ཏུ་སོམས། སྔོན་འཇུག་མ་ནིང་གཉིས་བདག་ལ་འཇུག་པའི་དཔེར་བརྗོད། སྡོང་བོ་གཅོད་པ་པོ། སྦྱིན་པ་གཏོང་བ་བོ། ཟས་གཡོ་བ་བོ། རོལ་མོ་འཁྲོལ་བ་བོ། མདུད་པ་འགྲོལ་བ་བོ། རིག་པས་དཔྱོད་པ་པོ། གཞན་ལ་འཇུག་པའི་དཔེར་བརྗོད། གཏུབ་བྱའི་ཤིང་། གཟུང་བྱའི་ཕྲེང་བ། གསག་བྱའི་དགེ་རྩ། དགག་བྱའི་སྐྱོན། དཀྲི་བྱའི་སྐུད་པ། དབུལ་བྱའི་མེ་ཏོག དུས་ད་ལྟ་ལ་འཇུག་པའི་དཔེར་བརྗོད། དགྲ་གསོད་བཞིན་པ། རྡོ་བ་གཅོག་གཞིན་པ། དོན་གཉེར་བཞིན་པ། ཆུ་དགག་གིན་འདུག གད་མོ་དགོད་ཀྱིན་ཡོད། དོན་དཔྱོད་ཀྱིན་ཉལ། སྔོན་འཇུག་མོ་ཡིག་བདག་ལ་འཇུག་པའི་དཔེར་བརྗོད། སྐུད་པ་འཁལ་བ་བོ། ལམ་དུ་འཁྲིད་པ་པོ། དགྲ་འཇོམས་པ་པོ། དུས་ད་ལྟ་བ་ལ་འཇུག་པའི་དཔེར་བརྗོད། སྒོ་ནང་དུ་འཇུག་བཞིན་པ། རྒྱན་ཆ་འདོགས་བཞིན་པ། རྟ་རྒོད་འདུལ་བཞིན་པ། དུས་མ་འོངས་པ་ལ་འཇུག་པའི་དཔེར་བརྗོད། རྗེ་བཙུན་བྱམས་པ་འབྱོན། ལས་ཀྱི་ཉམས་སྟོབས་འགྱུར། སང་གི་ཉི་མ་འཆར། སྔོན་འཇུག་ཤིན་ཏུ་མོ་ཡིག་བདག་ལ་འཇུག་པའི་དཔེར་བརྗོད། མཆོད་པ་པོ། མཐུད་པ་པོ། མདུད་པ་པོ། གཞན་ལ་འཇུག་པའི་དཔེར་བརྗོད། མཆོད་བྱའི་ལྷ། མཐུད་བྱའི་ཐ་གུ །མདུད་བྱའི་མགུལ་ཆིངས། དུས་འདས་པ་ལ་འཇུག་པའི་དཔེར་བརྗོད། མཆོད་ཟིན། མཐུད་པར་བྱས། མདུད་པར་གྱུར། དུས་ད་ལྟ་བ་ལ་འཇུག་པའི་དཔེར་བརྗོད། མཆོད་ཀྱིན་འདུག མཐུད་ཀྱིན་ཡོད། མདུད་བཞིན་གནས། དུས་མ་འོངས་པ་ལ་འཇུག་པའི་དཔེར་བརྗོད། མཆོད་པར་འགྱུར། མཐུད་པར་འགྱུར། མདུད་པར་འགྱུར། ཕོ་ཡིག་སྐྱེས་བུ་རབ་ཀྱི་དཔེར་བརྗོད། འཇིགས། འབྲིང་གི་དཔེར་བརྗོད། སྟོབས། ཐ་མའི་དཔེར་བརྗོད། རྟག དད། འགྲུབ། མོས། མོ་ཙམ་གྱི་དཔེར་བརྗོད། གངས། ཉམས། ཤིན་ཏུ་མོའི་དཔེར་བརྗོད། གང་། སྙམ། མཁའ། འགྱུར་བ་མ་ནིང་གི་དཔེར་བརྗོད། རྐུན། བསྟནད། འཇལ། མཚན་གཉིས་མ་ནིང་གི་དཔེར་བརྗོད། འཛིནད། མཚན་མེད་མ་ནིང་གི་དཔེར་བརྗོད། མཁན། ཐརད། རྗེས་འཇུག་ཕོ་ཡིག་གིས་མིང་མཐའ་ཕོ་ཡིག་འདྲེན་པའི་དཔེར་བརྗོད། ཅིག་ཅར། བསྐལད་པ། ཐུགས་ཀ རྗེས་འཇུག་མོ་ཡིག་གིས་མིང་མཐའ་མོ་ཡིག་འདྲེན་པའི་དཔེར་བརྗོད། ཐམ་ག དགའ་བ། གདུང་མ། རྗེས་འཇུག་མ་ནིང་གིས་མིང་མཐའ་མ་ནིང་འདྲེན་པའི་དཔེར་བརྗོད། དགུན་ཁ། དབྱར་ཁ། རལ་ཁ། བརྗོད་བདེ་དབང་གིས་ཕོས་མོ་ཡིག་འདྲེན་པའི་དཔེར་བརྗོད། ཚད་མ། ལྟད་མོ། ལྷས་མ། མོས་ཕོ་ཡིག་འདྲེན་པའི་དཔེར་བརྗོད། དམ་པ། སྟོང་པ། ལྷ་ཅིག མ་ནིང་གིས་མོ་ཡིག་འདྲེན་པའི་དཔེར་བརྗོད། སྟོན་མོ། དར་བ། རྒྱལ་བ། ཞེས་པ་ལྟ་བུའོ། ། ༈ རྣམ་དཔྱོད་མིག་དཀྱུས་རིང་བའི་སྐལ་བཟང་ཚོགས།། རིག་བྱེད་སྒོ་མོའི་འབབ་སྟེགས་མཐོན་པོའི་ཁར།། བགྲོད་དེ་མཁས་པའི་གོ་འཕང་ལེན་འདོད་ན།། རེ་ཞིག་དཔེར་བརྗོད་སྦྲང་ཆང་འདི་ཐུངས་ཤིག ། ཤུ་བྷཾ། ། རྣམ་དབྱེ་བརྒྱད་དང་ཚིག་ཕྲད་བཤད་པ་བློ་མཆོག་རོལ་བའི་རྫིང་བུ། ༄༅། །གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་རྣམ་དབྱེ་བརྒྱད་དང་ཚིག་ཕྲད་བཤད་པ་བློ་མཆོག་རོལ་བའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། ། ༄༅། །ད་ནི་སློབ་དཔོན་ཐོན་མིས་མཛད་པའི་ཡི་གེའི་བསྟན་བཅོས་བརྒྱད་ཀྱི་ནང་ཚན་གསལ་བྱེད་སུམ་ཅུའི་སྦྱོར་བ་རྒྱས་པར་སྟོན་པའི་ཆ་ནས་སམ། མཆོད་བརྗོད་ཀྱི་ཚིགས་བཅད་གཉིས་དང་རྩོམ་པར་དམ་བཅའི་ཚིགས་བཅད་གཅིག་དོར་བའི་ཤུལ་ན་རྐང་བ་གཅིག་གིས་མ་ཚང་བའི་ཚིགས་བཅད་སུམ་ཅུ་ཡོད་པའི་ཆ་ནས་སུམ་ཅུ་བ་ཞེས་བརྗོད་པའི་བསྟན་བཅོས་ཀྱི་བརྗོད་བྱའི་གཙོ་བོ་རྣམ་དབྱེ་བརྒྱད་ཀྱི་རྣམ་གཞག་གོ་སླ་བར་བཤད་ན། རྣམ་དབྱེ་བརྒྱད་ནི། མིང་ཙམ་བརྗོད་པ། ལས་སུ་བྱ་བ། བྱེད་པ། དགོས་ཆེད། འབྱུང་ཁུངས། འབྲེལ་བ། གནས་གཞི། བོད་པའོ།། དེ་ཡང་ཤིང་ཞེས་བརྗོད་པའི་ཚེ་ཡལ་ག་ལོ་འདབ་དང་ལྡན་པ་ཙམ་གོ་བར་བྱེད་པ་དང་བོ་དང་། ཤིང་དེ་ལ་མིག་གིས་ལྟ་བའམ་སྟ་རེས་གཅོད་པ་ལྟ་བུ་བྱ་བ་ལ་སྦྱོར་བ་ནི་གཉིས་པ་དང་། ཤིང་གིས་ཁང་བ་བཟོ་ཞེས་པ་ལྟ་བུ་བྱེད་པ་ལ་སྦྱོར་བ་ནི་གསུམ་པ་དང་། ཤིང་གི་དོན་དུ་ཆུ་འདྲེན་ཞེས་པ་ལྟ་བུ་ཡུལ་དེར་ཕན་འདོགས་པར་སྟོན་པ་བཞི་བ་དང་། ཤིང་ལས་འབྲས་བུ་འབྱུང་ཞེས་པ་ལྟ་བུ་དངོས་པོ་དེ་གང་ལས་བྱུང་བའི་ཁུངས་སྟོན་པ་ལྔ་བ་དང་། ཤིང་གི་ཡལ་ག་ཞེས་པ་ལྟ་བུ་ཆ་ཅན་དེ་ཆ་ཤས་གང་དང་འབྲེལ་བར་སྟོན་པ་དྲུག་པ་དང་། ཤིང་ལ་བྱ་ཚང་ཆགས་ཞེས་པ་ལྟ་བུ་གཞི་དེར་ཆོས་དེ་ལྡན་པའམ་གནས་པར་སྟོན་པ་བདུན་པ་དང་། ཀྱེ། ཤིང་གི་བདག་པོ་ཞེས་པ་ལྟ་བུ་འབོད་པའི་ཚིག་གསལ་བར་བྱས་པ་ནི་བརྒྱད་པའོ། །དེ་ལ་རྣམ་དབྱེ་དང་བོ་མིང་ཙམ་བརྗོད་པ་ཞེས་པ་ནི། ཚིག་ཏུ་གྲུབ་པའི་གཞི་མིང་གི་བརྗོད་པ་ཐམས་ཅད་དེ། གོ་སླ་བའི་དཔེར་བརྗོད་ཀྱིས་མཚོན་ན། མིག རྣ། སྣ། ལྕེ། ལུས་ཞེས་པ་དང་། གཟུགས། སྒྲ། དྲི། རོ། རེག་བྱ་ཞེས་པ་དང་། ཕྱེ་མ་ལེབ། རི་དྭགས། སྦྲང་མ། ཉ། གླང་ཆེན་ཞེས་བྱ་བ་རྣམས་སོ། །རྣམ་དབྱེ་དང་བོ་དང་འབྲེལ་བའི་སླར་བསྡུ་སྦྱོར་ཚུལ་ནི། རྗེས་འཇུག་རང་འདྲའི་མཐར་གོ་ངོ་དོ་ནོ་སོགས་སྦྱར་བ་སྟེ། གཅིག་གོ །སྟོང་ངོ་། །བརྒྱད་དོ། །བདུན་ནོ། །ཁྲིབ་ཁྲིབ་བོ། །གསུམ་མོ། །ལྔའོ། །དུང་ཕྱུར་རོ། །འབྱིང་རྡུལ་ལོ། །གཉིས་སོ། །ཞེས་པ་དང་། མིག་གོ །སྙིང་ངོ་། །གཉིད་དོ། རྐན་ནོ། །རྒྱབ་བོ། །རྨི་ལམ་མོ། །མགོའོ། །ཆུ་སེར་རོ། །རྙིལ་ལོ། །ལུས་སོ། །ཞེས་པ་དང་། དང་ཀྱོག་གོ །ཕྱི་རྐང་ངོ་། །སྦྲུལ་ཤད་དོ། །མཆན་ནོ། །ཆད་བསབ་བོ། །གླེགས་བམ་མོ། །དཔེ་ཆའོ། །གཟབ་གཤར་རོ། །དབྱངས་གསལ་ལོ། །རྒྱུགས་བྲིས་སོ། །ཞེས་པ་ལྟ་བུ་སྟེ་སྐབས་ཀྱི་དོན་དེ་རེ་ཞིག་དེ་ཙམ་གྱིས་ཚར་བ་སྟོན་པས་ན་སླར་བསྡུ་དང་། ཚིག་གི་ཟླ་བོ་རེ་ཞིག་བསྡུས་པས་ན་ཟླ་སྡུད་དང་། སྐབས་ཀྱི་དོན་རྫོགས་པར་བྱས་པས་ན་རྫོགས་ཚིག་ཅེས་ཟེར་བ་རྣམས་རྣམ་གྲངས་སོ། །སུ་རུ་ཏུ་དུ་ན་ར་ལ་སྟེ་བདུན་ནི་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་ན་ལ་དོན་གྱི་ཡི་གེ་ཞེས་བྱ་ལ། དེ་དག་རྣམ་དབྱེ་གཉིས་པ་དང་། བཞི་བ་དང་། བདུན་པ་དང་། དེ་ཉིད་དང་། ཚེ་སྐབས་ཏེ་དོན་ལྔ་ལ་འཇུག་པའི་ཚིག་ཕྲད་དོ།། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཞེས་པ་ནི། བྱ་བའི་གཞི་གང་ཡང་རུང་བ་ལ་བྱ་བ་ཅི་ཞིག་བྱེད་པའམ་བྱས་པ་གསལ་བར་སྟོན་པའི་ཚིག་སྟེ། ཡུལ་དབུས་སུ་སྐྱེས། སློབ་གྲྭ་རུ་ཞུགས། ཡི་གེར་སྦྱངས། རྟག་ཏུ་བརྩོན། མཁས་པའི་གྲལ་དུ་ཆུད། མདོ་དབུས་གཙང་གསུམ་ན་གྲགས། ཐམས་ཅད་ལ་ཕན་ཐོགས། ཞེས་པ་དང་། གོས་སུ་བཏགས། ཚོས་སྔོན་པོ་རུ་བསྒྱུར། བཟོ་བོར་གཏད། མདུན་རྒྱབ་ཏུ་ཚད། ཚད་ལྡན་དུ་དྲས། གོན་ན་རན། ལུས་ལ་དྲོ། ཞེས་པ་དང་། ཤར་ཕྱོགས་སུ་སོང་། རྨ་ཆུ་ཁ་རུ་སླེབས། ལན་གྲུར་ཐོན། པེ་ཅིན་རྒྱལ་ཁབ་ཏུ་འགྲོ་འདོད་སྐྱེས། མེ་འཁོར་དུ་བསྡད། སྤྱོད་ལམ་ཅི་བྱས་ན་ཆོག ཡུད་ཙམ་ལ་ཐོན། ཞེས་པ་ལྟ་བུའོ།། རྣམ་དབྱེ་གསུམ་པ་བྱེད་པ་ཞེས་པ་ནི། བྱེད་པ་པོ་གཙོ་ཕལ་གང་ཡང་རུང་བས་བྱ་བ་ཅི་བྱས་གསལ་བར་སྟོན་པའི་ཚིག་སྟེ། འཇིགས་མེད་ཀྱིས་བཤད། དངོས་གྲུབ་ཀྱིས་བརྩད། ཆོས་གྲགས་ཀྱིས་བརྩམས། སྟག་གིས་བསད། གླང་གིས་དྲུད། དགེ་རྒན་གྱིས་ཁྲིད། མང་ཙམ་གྱིས་ཉན། སློབ་གཉེར་གྱིས་བརྩོན། དལ་གྱིས་བསླབས། ལག་པས་བྲིས། ཁ་ཡིས་སྐྱོར། ཞེས་པ་ལྟ་བུའོ།། རྣམ་དབྱེ་བཞི་བ་དགོས་ཆེད་ཅེས་པ་ནི། བྱ་བ་དེ་དང་དེས་ཡུལ་གང་ལ་ཕན་ཐོགས་པའི་ཆེད་དུ་སྦྱར་བའི་ཚིག་གསལ་བར་སྟོན་བྱེད་དེ། ཁ་ཟས་སུ་གཡོ་སྐོལ་བྱེད། བཟའ་བཅའ་རུ་སྣོད་སྤྱད་བསྒྲིགས། ཕ་མར་གང་བཟང་ཕུལ། ལོ་ཏོག་ཏུ་ས་བོན་འདེབས། འབྲེག་སྤྱད་དུ་ཟོར་བ་བརྡུངས། ཡོས་བརྔོ་ན་མེ་འབུད། ཕྱེ་རྩམ་ལ་སྒྲོ་བ་བཟོས། ཞེས་པ་ལྟ་བུའོ།། རྣམ་དབྱེ་ལྔ་བ་འབྱུང་ཁུངས་ནི། གཞི་གང་ལས་དངོས་པོ་དེ་འབྱུང་བའི་ཁུངས་སྟོན་པའི་ཚིག་སྟེ། ཉི་མའི་དཀྱིལ་འཁོར་ནས་ཚ་རླབས་སྤྲོས། ཕྱིའི་རྒྱ་མཚོ་ནས་རླངས་པ་ཐོན། བར་སྣང་ནས་སྤྲིན་འཐིབས། སྤྲིན་ལས་ཆར་བབས། གློག་ལས་འོད་འཆར། འབྲུག་སྒྲ་ལས་རྨ་བྱ་སྦྲུམ། ཞེས་པ་ལྟ་བུའོ།། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི་རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་ནམ། ཆ་དང་ཆ་ཅན་ལྟ་བུ་ཕན་ཚུན་འབྲེལ་བའི་དོན་ཅན་དུ་སྦྱོར་བའི་ཚིག་ཕྲད་དེ། ང་ཚོ་བོད་ཀྱི་རྒྱལ་ཁམས། འཇིག་རྟེན་རབ་ཀྱི་ཡུལ་གྲུ། །སངས་རྒྱས་ཆོས་ཀྱི་འབྱུང་ཁུངས། །གླིང་ཆེན་དྲུག་གི་ཡ་གྱལ། །ཡ་ཀྲིག་གླིང་གི་ལྟེ་བ། །སྔོན་གྱི་རྒྱལ་བོ་སྲོང་བཙན། །ཀོང་ཇོ་ཡུམ་གྱི་རྒྱལ་ཁབ། །གསེར་གྱི་རྒྱ་ཕིབས་འོད་འབར། །ལྷ་ས་དཔལ་གྱི་ཇོ་ཁང་། །རང་རེའི་བོད་ན་ཞུགས་འདི། །ངོ་མཚར་བརྒྱ་ཡི་གཏམ་མོ། །ཞེས་པ་ལྟ་བུའོ།། རྣམ་དབྱེ་བདུན་པ་གནས་གཞི་ནི། གཞི་གང་ལ་ལྡན་པའམ་བརྟེན་པའི་དོན་དུ་སྦྱར་བའི་རྣམ་དབྱེ་སྟེ། ལྷོ་ཕྱོགས་སུ་རྒྱ་གར་མཆིས། མེ་རུ་མོན་ཡུལ་ཡོད། སྲིན་པོར་པར་སིག་གནས། ནུབ་ཏུ་སུའུ་ལེན་བརྗིད། བྱང་དུ་སོག་པོ་གཏམས། ཤར་ན་ཁྲོ་ཞན་རྒྱས། དེ་དག་གི་ལྟེ་བ་ལ་ཀྲུང་གོ་ཆགས། ཞེས་པ་ལྟ་བུའོ།། རྣམ་དབྱེ་བརྒྱད་པ་བོད་པ་ནི་མཆོག་དམན་བར་མའི་ཡུལ་གང་ཡིན་པ་འབོད་པའི་ཚིག་ཏུ་སྟོན་བྱེད་ཀྱི་ངག་སྟེ། ཀྱེ་ཀྱེ་རིག་བཟང་བློ་གསལ་གྲོགས་པོ། །ཀྭ་ཡེ་ཕྱི་བཤོལ་ལེ་ལོ་སྤོངས་དང་། །ཝ་ཡེ་རིག་གཞུང་རྒྱ་མཚོར་སློབས་ཤིག །ལྔ་རིག་པཎ་ཆེན་གྲལ་ལ་དབང་ངོ་། །ཞེས་པ་ལྟ་བུའོ།། ད་ནི་ཚིག་ཕྲད་གལ་ཆེ་བ་འགའ་ཞིག་བརྗོད་པར་བྱ་ན། ལ་དོན་གྱི་ཡི་གེ་ཡུལ་གང་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་ངོ་བོ་གཅིག་པའི་དོན་ཅན་དུ་སྦྱར་བ་ནི་དེ་ཉིད་ཅེས་བྱ་སྟེ། དཔེར་ན། ཆོས་སུ་གྲུབ། ཡོད་པ་རུ་ངེས། རྒྱུན་པར་ཡོད། རབ་ཏུ་བདེན། འོད་དུ་འཚེར་ཞེས་པ་ལྟ་བུ་སྟེ། འདི་ནི་རྣམ་དབྱེ་གཉིས་པའི་བྱེ་བྲག་གོ ། ཡང་ལ་དོན་ཚེ་སྐབས་ལ་འཇུག་པ་ནི། གཞོན་དུས་སུ་རིག་པ་བཟང་། སྔ་མོ་རུ་སློབ་དཔོན་བསྟེན། ད་ལོར་སྦྱངས་པ་མཐར་ཕྱིན། ནམ་ཞིག་ཏུ་མཁས་པར་འགྱུར། སང་ཕོད་དུ་ཡོན་ཏན་འགྲན། དེ་དུས་ན་རྒྱལ་ཁབ་ལ་ཕན་ཐོགས། ཞེས་པ་ལྟ་བུ་སྟེ་འདི་ནི་རྣམ་དབྱེ་བདུན་པའི་བྱེ་བྲག་གོ །ལ་དོན་ཟེར་དོན་ནི། སུ་སོགས་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་ཞིང་། མཐའི་གསལ་བྱེད་ཡིན་པས་དེ་ལྟར་བཏགས་ལ། འོན་ཀྱང་ན་ལ་གཉིས་ནི་དེ་ཉིད་ལ་མི་འཇུག་གོ ། ཀྱང་འང་ཡང་གསུམ་རྒྱན་སྡུད་ལ་འཇུག་ཚུལ་ནི། དཔེར་ན། དཀར་ཡང་དཀར་ལ་འོད་ཀྱང་ཆེ། །ཞེས་པ་ལྟ་བུ་ནི་མཐུན་པའི་ཚིག་རྒྱན་དང་། ཡར་ངོར་འཕེལ་ཡང་མར་ངོར་འགྲིབ། ཅེས་པ་ལྟ་བུ་ནི་མི་མཐུན་པའི་ཚིག་རྒྱན་དང་། ཟླ་བ་ནི་གཟའ་བདུན་གྱི་ནང་ཚན་ཡང་ཡིན་ལ་རྒྱུ་སྐར་གྱི་བདག་པོའང་ཡིན་ནོ། ཞེས་པ་ལྟ་བུ་ནི་སྡུད་པའོ།། ནས་ལས་དགར་སྡུད་ལ་འཇུག་ཚུལ་ནི། རྒྱ་མཚོ་རྣམས་ཀྱི་ནང་ནས་ཞི་བདེ་རྒྱ་མཚོ་རྒྱ་ཆེ། ཞེས་པ་ལྟ་བུ་དགར་གཞི་དགར་ཆོས་རིས་མཐུན་པ་ལ་ནས་དང་། རྒྱ་ནག་ལས་བོད་ཉུང་། ཞེས་པ་ལྟ་བུ་དགར་གཞི་དགར་ཆོས་རིས་མི་མཐུན་པ་ལ་ལས་དང་། ཚེས་གཅིག་ནས་ཚེས་བཅོ་ལྔའི་བར། ཞེས་པ་ལྟ་བུ་ནས་སྒྲ་སྡུད་པ་ལ་འཇུག་པའི་དཔེར་བརྗོད་དེ། དགར་སྡུད་འདི་གཉིས་ནི་རྣམ་དབྱེ་ལྔ་བའི་ཕྱོགས་སུ་གཏོགས་སོ། །དེ་ལྟར་ཕྱོགས་ཙམ་བཤད་པ་འདིས་སུམ་ཅུ་བའི་གཞུང་དོན་རྒྱ་ཆེར་རྟོགས་པའི་ཐབས་ལ་འབད་པར་བྱའོ།། ཚིག་གི་ལོ་འདབ་སྟུག་པོས་མ་བསྒྲིབས་པར།། གཞུང་དོན་འབྲས་བཟང་རྗེན་པར་སྟོན་བྱེད་པའི།། གོ་སླ་མཉན་འོས་རིག་པའི་སྒྲ་སྙན་འདི།། ཀྱེ་ཀྱེ་བློ་གསལ་དགྱེས་པའི་སྐྱེས་སུ་བསྐྲུན།། ཅེས་བྱ་བ་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་དགུང་ལོ་གྱ་གཅིག་པ་དཔའ་བོ་ལྕགས་འབྲུག་གི་ནག་ཟླའི་ཉ་ལ་དུས་འཁོར་གྱི་རྒྱུད་གསུངས་པ་ཤམྦྷ་ལའི་རྒྱལ་བོ་ཟླ་བཟང་གིས་ཉན་ཏེ་ལོ་ངོ་བཞིར་རྒྱལ་སྲིད་བསྐྱངས། ལོ་ལྔ་བ་ཤིང་སྤྲེལ་ནས་ཆོས་རྒྱལ་དྲུག་གིས་ལོ་དྲུག་བརྒྱ། དེ་ནས་རིགས་ལྡན་དགུ་བ་ཡན་ལ་ལོ་དགུ་བརྒྱ། རིགས་ལྡན་བཅུ་བ་དང་བཅུ་གཅིག་པའི་ཁྲི་ལོ་མེ་མཁའ་རྒྱ་མཚོ་སྟེ་བཞི་བརྒྱ་དང་གསུམ། དེ་ནས་རབ་བྱུང་དང་བོའི་མགོ་བཙུགས་ཏེ་རབ་བྱུང་བཅོ་ལྔ་ཡན་ལ་ལོ་དགུ་བརྒྱ། དེ་ནས་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ནས་བགྲང་བྱ་ཉེར་དྲུག་འདས་ཏེ་ཉེར་བདུན་པ་ཆུ་མོ་སྦྲུལ་གྱི་ལོ། སྤྱིའི་ལོ་ཚོགས་ཆིག་སྟོང་དགུ་བརྒྱ་ང་གསུམ་པའི་ཆོ་འཕྲུལ་ཟླ་བའི་ཉ་ལ། ཚེ་ཏན་ཞབས་དྲུང་རིག་པའི་འདོད་འཇོ་ནས་བྲིས་པ་ཛ་ཡནྟུ།། །། ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན། ༄༅། །གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ༄༅། །དེ་ལྟར་བོད་ཡིག་ཐོག་མར་ཚུལ་ཇི་ལྟ་བུས་བྱུང་བ་དང་། དེ་བཟོ་མཁན་གྱི་སློབ་དཔོན་དང་། དེ་རྒྱལ་བོ་སུའི་རིང་ཡིན་པ་དང་། བོད་ལ་རྒྱལ་རབས་ཇི་ལྟར་བྱུང་བ་དང་། བོད་ཀྱི་ཡུལ་གྲུའི་ཆགས་ཚུལ་སོགས་བཤད་པའི་སྒོ་ནས་གླེང་བསླངས་ཤིང་བློ་རྒྱ་ཇེ་འཕེལ་དུ་གཏོང་བའི་ཐབས་བཅོས་ནས། ད་ནི་ཡི་གེའི་རྣམ་གཞག་དངོས་བཤད་པ་ལ་དོན་ཚན་གསུམ་སྟེ། དང་བོ་བློ་མ་རྒྱས་པའི་སྐབས་སུ་ཉེ་བར་མཁོ་བ་ཐོབ་ཐང་གི་རྣམ་གཞག གཉིས་པ་བློ་ཅུང་ཟད་རྒྱས་པའི་སྐབས་སུ་ཉེ་བར་མཁོ་བ་རྣམ་དབྱེ་བརྒྱད་ཀྱི་རྣམ་གཞག གསུམ་པ་བློ་བཟང་ཙམ་རྒྱས་པའི་སྐབས་སུ་ཉེ་བར་མཁོ་བ་ཡི་གེའི་རྟགས་ཀྱིས་འཇུག་པའི་རྣམ་གཞག་གོ །རེ་ཞིག་དང་བོ་དེ་འཆད་པར། སྤྱིར་ཡི་གེ་དངོས་ནི་སྐད་ཀྱི་གདངས་ལས་ཐོན་པའི་སྒྲའི་རྣམ་འགྱུར་མི་འདྲ་བ་རྣམས་ཡིན་ལ། དེ་མཚོན་བྱེད་དུ་ཡིག་གཟུགས་སོ་སོ་འབྲི་བའི་སྲོལ་བྱུང་ངོ་། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དུས་སུ་འཇིག་རྟེན་དུ་ཡིག་རིགས་དྲུག་ཅུ་རྩ་བཞི་འབྲི་སྲོལ་ཡོད་པར་མདོ་རྒྱ་ཆེར་རོལ་བ་ལས་གསུངས་ཏེ། འདི་ལྟར། ཚངས་པའི་ཡི་གེ ཁ་རོ་ཥྚིའི་ཡི་གེ པདྨའི་སྙིང་བོའི་ཡི་གེ ཨངྒའི་ཡི་གེ བངྒའི་ཡི་གེ མ་གྷ་དྷའི་ཡི་གེ བཀྲ་ཤིས་པའི་ཡི་གེ སོར་མོའི་ཡི་གེ ཤཱ་ཀ་ནའི་ཡི་གེ ཡ་པ་ནའི་ཡི་གེ པ་ག་ལེའི་ཡི་གེ བ་རུ་ཤའི་ཡི་གེ འགྲོ་ལྡིང་བའི་ཡི་གེ ཀི་ར་ཏའི་ཡི་གེ ལྷོ་ཕྱོགས་པའི་ཡི་གེ དྲག་ཤུལ་ཅན་གྱི་ཡི་གེ གྲངས་ཀྱི་ཡི་གེ སྤྱིའུ་ཚུགས་པའི་ཡི་གེ རྗེས་སུ་མཐུན་པའི་ཡི་གེ བྲུ་ཤའི་ཡི་གེ ཁ་ཆེའི་ཡི་གེ རྒྱའི་ཡི་གེ བུ་ནའི་ཡི་གེ ཧུ་ནའི་ཡི་གེ འབྲིང་རྒྱས་སུ་བྲི་བའི་བའི་ཡི་གེ རྒྱལ་གྱི་ཡི་གེ ལྷའི་ཡི་གེ ཀླུའི་ཡི་གེ གནོད་སྦྱིན་གྱི་ཡི་གེ དྲི་ཟའི་ཡི་གེ མིའམ་ཅིའི་ཡི་གེ ལྟོ་འཕྱེ་ཆེན་པོའི་ཡི་གེ ལྷ་མ་ཡིན་གྱི་ཡི་གེ ནམ་མཁའ་ལྡིང་གི་ཡི་གེ རི་དྭགས་འཁོར་ལོའི་ཡི་གེ བྱ་རོག་སྒྲ་ཅན་གྱི་ཡི་གེ ས་བླའི་ཡི་གེ བར་སྣང་གི་ཡི་གེ བ་ལང་སྤྱོད་ཀྱི་ཡི་གེ སྒྲ་མི་སྙན་གྱི་ཡི་གེ ལུས་འཕགས་པོའི་ཡི་གེ འདེགས་པའི་ཡི་གེ བཞག་པའི་ཡི་གེ བསྣན་པའི་ཡི་གེ རྒྱ་མཚོའི་ཡི་གེ རྡོ་རྗེའི་ཡི་གེ སྤྲིངས་ཡིག་དང་ལན་གྱི་ཡི་གེ རྣམ་འཐོར་གྱི་ཡི་གེ རིངས་མེད་ཀྱི་ཡི་གེ བསྟན་བཅོས་སྐོར་བའི་ཡི་གེ རྩིས་སྐོར་བའི་ཡི་གེ འདེགས་པ་སྐོར་བའི་ཡི་གེ བཞག་པ་སྐོར་བའི་ཡི་གེ རྐང་བས་བྲིས་པའི་ཡི་གེ ཚིག་ལན་གཉིས་སུ་གདབ་པ་མཚམས་ཀྱི་ཡི་གེ ཚིག་གི་མཚམས་བཅུར་བརྒྱུད་པའི་བར་གྱི་ཡི་གེ བླ་ཐབས་སུ་བསྣན་པའི་ཡི་གེ སྒྲ་ཐམས་ཅད་ཀུན་ཏུ་བསྡུས་པའི་ཡི་གེ རིག་པ་དང་མཐུན་པའི་ཡི་གེ རྣམ་པར་འདྲེས་པའི་ཡི་གེ དྲང་སྲོང་གིས་དཀའ་ཐུབ་སྤྱད་པའི་ཡི་གེ ལྡིང་པའི་ཡི་གེ ས་བལྟ་བའི་ཡི་གེ ནམ་མཁའ་བལྟ་བའི་ཡི་གེ སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ སྙིང་བོ་ཐམས་ཅད་ཀུན་ཏུ་བསྡུས་པའི་ཡི་གེ འབྱུང་བོ་ཐམས་ཅད་ཀྱི་སྒྲ་བསྡུས་པའི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིའོ། །དེ་ཡང་རེ་རེ་ནས་བགྲངས་ན་རེ་བདུན་དུ་འགྱུར་བས་ས་བླ་དང་བར་སྣང་གཅིག་ཏུ་བགྲང་ཞིང་། འདེགས་བཞག་བསྣན་གསུམ་གཅིག་ཏུ་བརྩི་ཞེས་མཁས་པ་དག་གིས་བཤད་དོ། །དེར་བོད་ཀྱི་ཡི་གེ་དང་ཧོར་གྱི་ཡི་གེ་སོགས་མ་བགྲངས་པ་ནི་དེ་དག་ཕྱིས་སུ་བཟོས་པའི་རྒྱུ་མཚན་གྱིས་ཡིན་ནོ།། བོད་ཡིག་གི་ལད་མོའི་ཁུངས་རྒྱ་གར་ཡིན་པས་ཐོག་མར་རྒྱ་གར་གྱི་ཡི་གེའི་གྲངས་ཀ་ཙམ་ངེས་པར་ཤེས་དགོས། དེ་ལ་དབྱངས་བཅུ་དྲུག་དང་། གསལ་བྱེད་སོ་བཞི་སྟེ་དབྱངས་གསལ(ཨཨཱཨིཨཱིཨུཨཱུརྀརཱྀལྀལཱྀཨེཨེེཨོོཨཾཨཿ། ཀཁགགྷང་། ཙཚཛཛྷཉ། ཊཋཌཌྷཎ། ཏཐདདྷན། པཕབབྷམ། ཡརལཝ། ཤཥསཧ། ཀྵ།) ལྔ་བཅུའོ། །དེའི་ནང་ནས་བོད་ལ་མཁོ་བའི་ཨི་ཨུ་ཨེ་ཨོ་སྟེ་དབྱངས་བཞི་དང་། གསལ་བྱེད་ཀྱི་གྷ་ཛྷ་ཌྷ་དྷ་བྷ་སྟེ་འཐུག་པོ་ལྔ་དང་། ཊ་ཋ་ཌ་ཎ་ཥ་སྟེ་ལོག་པ་ལྔ་དང་། མཇུག་གི་ཀྵ་ཡིག་སྟེ་བཅུ་གཅིག་དོར་བའི་ལྷག་མ་ཉེར་གསུམ་གྱི་སྟེང་། ཅ་ཆ་ཇ་གསུམ་དང་། ཞ་ཟ་འ་གསུམ་སྟེ་དྲུག་གསར་དུ་བསྣན། དབྱངས་ཐོག་མ་ཨ་ཡིག་གསལ་བྱེད་ཀྱི་མཐར་སྦྱར་བས་སུམ་ཅུར་བྱས། དེ་ལ་མིང་གཞི་རྐྱང་བ་ཉི་ཤུ། སྔོན་འཇུག་ལྔ། རྗེས་འཇུག་བཅུ། རྐང་བ་ཅན་གྱི་ཡི་གེ་དགུ བུའི་ཡི་གེ་བཅུ་དྲུག མའི་ཡི་གེ་བདུན། འཕུལ་རྟེན་དང་མ་བུ་གང་ཡང་མི་བྱེད་ཅིང་རང་ས་འཛིན་པའི་ཡི་གེ་བཅུ། ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས། མེད་ཀྱང་རུང་བའི་ཡི་གེ་གཅིག སྟེང་ན་ཞྭ་ལྟར་ལྡིང་བ་གསུམ། འོག་ན་གདན་ལྟར་མཛེས་པ་གསུམ་བཅས་གཏན་ལ་ཕབ། འཐུག་པོ་ལྔ་དང་ལོག་པ་ལྔ་དང་རྀ་ལྀ་སོགས་དབྱངས་ལྷག་མ་རྣམས་ད་ལྟའི་བོད་ཡིག་གི་འབྲི་སྲོལ་འདི་ནི། རྒྱ་གར་སྐད་ཀྱི་གཟུངས་སྔགས་བོད་དུ་འགྱུར་དུས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་བཅོས་པར་གྲགས་སོ། །མིང་གཞི་རྐྱང་བ་ཉི་ཤུ་ནི། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ། སྔོན་འཇུག་ལྔ་ནི། ག་ད་བ་མ་འ། རྗེས་འཇུག་བཅུ་ནི། ག་ང་ད་ན་བ་མ་འ་ར་ལ་ས། རྐང་བ་ཅན་གྱི་ཡི་གེ་དགུ་ནི། ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ། བུའི་ཡི་གེ་བཅུ་དྲུག་ནི། ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ལ་ཧ། མའི་ཡི་གེ་བདུན་ནི། ཀ་ག་བ་ཟ་ར་ལ་ས། རང་ས་འཛིན་པའི་ཡི་གེ་བཅུ་ནི། ཁ་ཆ་ཐ་ཕ་ཚ་ཝ་ཞ་ཡ་ཤ་ཨ། ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས་ནི། ག་བ། མེད་ཀྱང་རུང་བའི་ཡི་གེ་གཅིག་ནི། ཝ། སྟེང་ན་ཞྭ་ལྟར་ལྡིང་བ་གསུམ་ནི། གུག་གུ་འགྲེང་བུ། རྣ་རུ། འོག་ན་གདན་ལྟར་མཛེས་པ་གསུམ་ནི། ཡ་སྟ། ར་སྟ། ཞབས་ཀྱུའོ། །ཅ་ཆ་སོགས་ཡི་གེ་དྲུག་གསར་དུ་རྙེད་པའི་རྐྱེན་ནི། ཐོན་མིས་ལེགས་སྦྱར་སྐད་འགའ་ཞིག་བསྒྱུར་དཀའ་བ་བྱུང་ནས་ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་ཙ་ན། རྒྱུས་མེད་པའི་མི་ཞིག་སླེབས་པར། ཐོན་མིས་ཁྱེད་གང་ནས་བྱོན་དྲིས་པར། ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་བྱས་པས་ཟ་ཧོར་དུ་འགྲོ་ཟེར། གང་བྱེད་དུ་འགྲོ་བྱས་པས་ཇ་ཉོ་རུ་འགྲོ་ཟེར། ནམ་སླེབས་བྱས་པས་ཅི་ཆ་ཟེར་བའི་ཚིག་ལ་བརྟགས་ནས་རྙེད་པར་གྲགས་སོ།། ད་ནི་གོ་སླ་བའི་ཆེད་དུ་ཚིགས་བཅད་དུ་བསྡེབས་ནས་བརྗོད་པ། གུག་གུ་ཞབས་ཀྱུ་འགྲེང་བུ་དང་།། རྣ་རུ་བཞི་ལ་དབྱངས་ཞེས་བརྗོད།། ཀ་སྡེ་ཅ་སྡེ་ཏ་སྡེ་དང་།། པ་སྡེ་ཙ་སྡེ་ཞ་སྡེ་དང་།། ར་སྡེ་ཧ་ཨ་སྡེ་བ་ཕྱེད།། ཀ་ཁ་སུམ་ཅུ་གསལ་བྱེད་དོ།། ག་ང་ད་ན་བ་མ་འ།། ར་ལ་ས་ནི་རྗེས་འཇུག་བཅུ།། ག་ད་བ་མ་འ་སྔོན་འཇུག ། ལྷག་མ་མིང་གཞི་རྐྱང་བ་ཡིན།། ད་ས་གཉིས་ནི་ཡང་འཇུག་སྟེ།། ད་དྲག་ས་དྲག་ཅེས་ཀྱང་བརྗོད།། མགོ་ཅན་གསུམ་དང་འདོགས་ཅན་བཞི།། ར་མགོ་ལ་མགོ་ས་མགོ་དང་།། ཡ་སྟ་ར་སྟ་ལ་བཏགས་དང་།། ཝ་བཏགས་ཞེས་བྱ་འདོགས་ཅན་བཞི།། ར་མགོ་བཅུ་གཉིས་ལ་མགོ་བཅུ།། ས་མགོ་བཅུ་གཅིག་ཡ་སྟ་བདུན།། ར་སྟ་བཅུ་གཅིག་ལ་བཏགས་དྲུག ། ཝ་བཏགས་བཅུ་གཉིས་ཡོད་པ་ཡིན།། ན་མ་ས་ཡི་མགོ་ཅན་ལ།། ར་སྟ་འདོགས་པའི་སྐབས་ཤིག་ཡོད།། ཙ་ལ་ར་མགོ་ཕ་ཡིག་ལ།། ཡ་སྟ་བྱུང་ཚེ་ཝ་བཏགས་སྲིད།། རྗེས་འཇུག་བཅུའི་དཔེར་བརྗོད། རྒྱ་ནག གཙང་། བོད། མོན། ཡོ་རུབ། སྐུ་འབུམ། དཔའ་རི། ཧོར། བལ་བོ། དབུས། ཡང་ན། མིག སྙིང་། ཐོད་པ། སེན་མོ། རྩིབ། འགྲམ་པ། གཉའ་བ། སོར་མོ། དཔྲལ་བ། རུས་པ། ཡང་ན། སྒོག་པ། བཙོང་། ཚོད་མ། སྲན་མ། ཕུབ་མ། རྩམ་པ། བཟའ་བ། ཟར་མ། ནང་ཁྲོལ། འབྲས། སྔོན་འཇུག་ལྔའི་དཔེར་བརྗོད། གསེར། དངུལ། བཞོན་པ། མཁོ་ཆས། འབྲུ། ཡང་ན། གསུས་པ། དཔུང་བ། བརླ། མགོ །འདོམ་པ། ཡང་ན། གཟིམ་ཁང་། དཔར་ཁང་། བཞུགས་ཁང་། མཛོད་ཁང་། འགྲུལ་ཁང་། ད་དྲག་གི་དཔེར་བརྗོད། ལྟད་མོ་བསྟནད། སྐད་ཡིག་བསྒྱུརད། མགྱོགས་པར་བསྐུལད། ཡང་ན། རྟ་ལ་བསྐྱོནད། རླངས་འཁོར་བསྐོརད། སྡོང་བོ་བསྒུལད། ཡང་ན། གྲོགས་ལ་བསྟུནད་ཏེ་འགྲོ། ལག་པས་བསྐྱོརད་ཏེ་འོངས། ཇ་བསྐོལད་ཏེ་དྲངས། ས་དྲག་གི་དཔེར་བརྗོད། བོད་ཀྱི་རིགས། གོས་ཀྱི་མདངས། རལ་གྲིའི་ཤུབས། ཁང་བའི་ཚོམས། ཡང་ན། ནགས་ཚལ། གངས་རི། ཆུ་རླབས། འཐུག་རྔམས། ཡང་ན། རང་གི་གཟུགས། ཚོགས་པའི་དམངས། དམག་གི་སྟོབས། ཁང་བའི་ཁྱམས། ར་མགོའི་དཔེར་བརྗོད། ཆུ་རྐ། བྱ་རྒོད། རྔ་མ། རྗུད་པ། བྱ་རྙི། ཞོན་རྟ། ཐག་རྡང་། རྣ་འབྱོག རྦ་ཀློང་། རྨོན་དོར། རྩྭ་ཤིང་། བྲག་རྫོང་། ལ་མགོའི་དཔེར་བརྗོད། ལྐོག་མ། ལྒང་བུ། ལྔ་བརྒྱ། ལྕགས་སླང་། ལྗང་ཁུ། ལྟེ་བ། ལྡུམ་བུ། སྟག་ལྤགས། ལྦུ་བ། ཀོ་ལྷམ། ས་མགོའི་དཔེར་བརྗོད། སྐར་མ། སྒོ་ང་། སྔོན་པོ། སྙེ་མ། སྟར་ག སྡོང་བོ། སྣུམ་ཞག སྤུན་གྲོགས། སྦུད་པ། སྨ་ར། བཀའ་སྩལ། ཡ་སྟའི་དཔེར་བརྗོད། བཀའ་བཀྱོན། འཁྱགས་རོམ། བགྱི་བ། དཔྱིད་ཀ ཕྱགས་མ། དབྱར་ཁ། དམྱལ་བ། ར་སྟའི་དཔེར་བརྗོད། བཀྲག་མདངས། བྱ་ཁྲ། གྲོང་ཁྱེར། སླེ་ཏྲེས། ཐྲིག་ཐྲིག དྲ་མ། དཔྲལ་བ། ཕྲེང་བ། འབྲེང་བ། སྲང་བར། ཧྲིལ་བོ། ལ་བཏགས་ཀྱི་དཔེར་བརྗོད། ཀླ་ཀློ། གློག་སྒྲོན། སྤྱི་བླུགས། ཟླ་བ། རླུང་། སློག་པ། ཝ་བཏགས་ཀྱི་དཔེར་བརྗོད། ཀྭ་ཡེ། ཁྭ་ཏ། གྭ་བ། ཉྭ་སྟི། དྭ་ཕྲུག ཚྭ་ཀི ཞྭ་མོ། ཟྭ་ཚོད། རྭ་ཅོ། ལྭ་བ། ཤྭ་འོད། ཧྭ་གོར། སྐར་མ་སྣྲོན་དང་། སྣྲུབས། གོས་ངུར་སྨྲིག རྩྭ་སྔོན། ཕྱྭ་གཡང་། ཐོབ་ཐང་ཇི་ལྟར་སྦྱོར་ཚུལ་ནི། ས་སུ་ག་བ་ད་དྲག་ཏུ།། ང་ད་ན་མ་ར་ལ་དུ།། འ་མཐར་ར་རུ་ཅི་རིགས་སྦྱར།། དཔེར་བརྗོད་ནི། ཟས་སུ་གཡོས། ལག་ཏུ་བཟུང་། ཐབ་ཏུ་བླུགས། ཤིན་ཏུ་ཁོལ། གང་དུ་བཟའ། སྣོད་དུ་ལོངས། ཡུན་དུ་བཞེས། སྣུམ་དུ་སྦགས། སྡེར་དུ་དཀྲུགས། དཀར་ཡོལ་དུ་འཐུངས། ཅོག་རྩེར་བཤམས། ལྟོ་བ་རུ་མིད། ད་བ་ས་ཀྱི་ག་ང་གི ། ན་མ་ར་ལའི་རྗེས་སུ་གྱི།། མཐའ་རྟེན་མེད་དང་འ་མཐར་འི།། རྐང་བ་སྐོང་ཚེ་ཡི་འཐོབ་བོ།། དཔེར་བརྗོད། བོད་ཀྱི་ཡི་གེ ཁབ་ཀྱི་མིག ཆོས་ཀྱི་དགོན་པ། ཁུ་བྱུག་གི་སྐད། རང་གི་ཁང་བ། ཡོན་ཏན་གྱི་གཏེར། གནམ་གྱི་སྤྲིན། གསེར་གྱི་མདངས། དངུལ་གྱི་གཡའ། རྨ་བྱའི་སྒྲོ། ལྷ་ཡི་ཡུལ། ག་ད་བ་སའི་རྗེས་སུ་ཀྱང་།། ང་ན་མ་འ་ར་ལ་ཡང་།། རྗེས་འཇུག་མེད་མཐར་འང་ངམ་ཡང་།། དཔེར་བརྗོད། ཐོག་ཀྱང་འཕངས། འཇའ་འོད་ཀྱང་ཤར། ཆབ་ཀྱང་ཆགས། གོས་ཀྱང་སྦངས། འཕྲང་ཡང་བཤིག སྨན་ཡང་བཅོམ། ལམ་ཡང་བཟོས། མཐོ་དམའ་ཡང་རན། སྒར་ཡང་བཏབ། རྔུལ་ཡང་བྱུང་། རྟ་ཡང་མགྱོགས། མཚོན་ཆའང་བཟང་། སྟེ་ཏེ་དེ་གསུམ་ལྷག་བཅས་ཏེ།། མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ།། ད་དེ་ན་ར་ལ་ས་ཏེ།། ག་ང་བ་མ་འ་རྣམས་དང་།། རྗེས་འཇུག་མེད་མཐར་ས་སྟེ་འཐོབ།། མཚམས་སྦྱོར་བའི་ལྷག་བཅས་ཀྱི་དཔེར་བརྗོད། གོམ་པ་སྤོས་ཏེ་འགྲོ །སྒོ་ཕྱེ་སྟེ་སླེབས། བགད་དེ་ངོ་ཤེས། དམ་བཅའ་བའི་དཔེར་བརྗོད། སྲོག་ཆགས་འདི་ནི་གླང་བོ་ཆེ་ཡིན་ཏེ། སྣ་ཞགས་དང་ལྡན་ནོ། །སྒྲ་ཆོས་ཅན། མི་རྟག་སྟེ། འདུས་བྱས་ཡིན་པའི་ཕྱིར། གཞན་འདྲེན་པའི་དཔེར་བརྗོད། ས་རྒྱ་ཆེ་སྟེ་ལ་ལུང་མང་། ཐང་ཡངས་ཏེ་རི་མགོ་དམའ། ཆུ་མོད་དེ་ཞིང་ས་ཉུང་། གམ་ངམ་དམ་ནམ་བམ་མམ་འམ།། རམ་ལམ་སམ་ནི་འབྱེད་སྡུད་སྒྲ།། རྗེས་འཇུག་རང་འདྲའི་མཐར་སྦྱར་བྱ།། ད་དྲག་ཅན་མཐར་ཏམ་ཞེས་སྦྱར།། ཐེ་ཚོམ་དྲི་བ་ལ་ཡང་འཇུག ། འབྱེད་པའི་དཔེར་བརྗོད། མཚོ་སྔོན་ཞིང་ཆེན་དུ་མི་རིགས་བདུན་ཡོད་དེ། རྒྱའམ། བོད་དམ། སོག་པོའམ། ཧོས་ཧོས་སམ། ཟ་ལར་རམ། ཧོར་རམ། ཧ་སག་གོ །སྡུད་པའི་དཔེར་བརྗོད། ཉི་མའམ། ཟླ་བའམ། མིག་དམར་རམ། ལྷག་པའམ། ཕུར་བུའམ། པ་སངས་སམ། སྤེན་པ་ནི་གཟའ་བདུན་ནོ། །ཐེ་ཚོམ་གྱི་དཔེར་བརྗོད། ཁྱོད་འགྲོའམ། འཆག་གམ། ཉལ་ལམ། འདུག་པར་འདོད། ནི་སྒྲ་དགར་དང་བརྣན་པ་འོ།། དགར་བའི་དཔེར་བརྗོད། རྒྱ་ནག་ནི་ཀྲུང་གོའི་མི་རིགས་གཞན་ལས་ཤིན་ཏུ་མང་། མའོ་ཙེ་ཏུང་ནི་སྐྱེས་མཆོག་གཞན་ལས་ཁྱད་པར་དུ་འཕགས། བརྣན་པའི་དཔེར་བརྗོད། སྟོན་པ་ནི་སངས་རྒྱས་ཡིན། བསམ་བྱ་ནི་ཆོས་ཡིན། འགྲོ་ས་ནི་ཐར་བ་ཡིན། དང་ནི་འབྱེད་སྡུད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག ། འབྱེད་པའི་དཔེར་བརྗོད། གླིང་ནི་དྲུག་སྟེ། ཡ་ཞི་ཡ་དང་། ངི་ལོ་བྷ་དང་། ཨ་ཧྥས་ལི་ཀྱ་དང་། ནོ་ཏ་ལི་ཡ་དང་། ལྷོ་ཨ་མེ་རི་ཀ་དང་། བྱང་ཨ་མེ་རི་ཀའོ། །སྡུད་པའི་དཔེར་བརྗོད། བྱ་ཁྱུང་དང་། སྐུ་འབུམ་དང་། གསེར་ཁོག་དང་། དགོན་ལུང་ནི་བྱང་གི་དགོན་ཆེན་བཞིའོ། །རྒྱུ་མཚན་གྱི་དཔེར་བརྗོད། མྱུར་མོར་སོང་དང་མུན་མི་རུབ། མཐོན་པོས་བོས་དང་གོ་བར་འགྱུར། ཚེ་སྐབས་ཀྱི་དཔེར་བརྗོད། ནམ་ལངས་པ་དང་མལ་ལས་ལྡང་། ཉི་མ་ཤར་བ་དང་སློབ་གྲྭ་ལ་འགྲོ །གདམས་ངག་གི་དཔེར་བརྗོད། བརྩོན་འགྲུས་གྱིས་དང་མཁས་པར་འགྱུར། གདམས་ངག་ཉོན་དང་ཕན་པར་འགྱུར། གང་སུ་ཅི་ཇི་སྤྱི་སྒྲ་སྟེ།། གང་ཟག་ལ་ནི་སུ་འཐོབ་ཅིང་།། དྲི་བར་ཅི་དང་དཔེ་ལ་ཇི།། གང་ནི་དེ་དག་ཀུན་ལ་འཇུག ། ཁྱོད་སུའི་བུ་ཡིན། ཁྱོད་ཀྱི་ཡུལ་བ་ཚད་ཅི་ཙམ་ན་ཡོད། ཁྱོད་ཀྱི་ཕ་ཁྱིམ་ཇི་འདྲ་བ་ཡིན། ཁྱོད་གང་གི་རིགས་ཡིན། ཁྱོད་ཀྱི་རུས་མིང་ལ་གང་ཟེར། ཁྱོད་ཀྱི་ཡོན་ཏན་གང་དང་མཚུངས། པ་པོ་བ་བོ་མ་མོ་དང་།། ཅན་ལྡན་རྣམས་ནི་བདག་པོའི་སྒྲ།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། པ་ཡིག་བདག་སྒྲ་ལ་འཇུག་པའི་དཔེར་བརྗོད། འབྲོག་པ། སྨད་པ། གྲུབ་ཐོབ་པ། ཆོས་པ། འཇིག་རྟེན་པ། ལམ་པ། མིང་མཐའི་པ་ཡིག་བདག་སྒྲ་མ་ཡིན་པའི་དཔེར་བརྗོད། མེད་པོ། ཕྱུག་པོ། བཙན་པོ། མིང་མཐའི་པོ་ཡིག་བདག་སྒྲ་མ་ཡིན་པའི་དཔེར་བརྗོད། འཐུག་པོ། བམ་པོ། ཞིམ་པོ། བ་ཡིག་བདག་སྒྲ་ལ་འཇུག་པའི་དཔེར་བརྗོད། རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ། མིང་མཐའི་བ་ཡིག་བདག་སྒྲ་མ་ཡིན་པའི་དཔེར་བརྗོད། རྐང་བ། བཅའ་བ། དར་བ། འོལ་བ། ཀ་བ། བོ་ཡིག་བདག་སྒྲ་ལ་འཇུག་པའི་དཔེར་བརྗོད། རྟུལ་བོ། སྤྱང་བོ། དབུལ་བོ། མིང་མཐའི་བོ་ཡིག་བདག་སྒྲ་མ་ཡིན་པའི་དཔེར་བརྗོད། བྲ་བོ། མགོ་བོ། སེ ར་བོ། མ་ཡིག་བདག་སྒྲ་ལ་འཇུག་པའི་དཔེར་བརྗོད། ཉུལ་མ། བཙོན་མ། ཇ་མ། ཆང་མ། གཡས་མ། བྱང་མ། མ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པའི་དཔེར་བརྗོད། ཨ་མ། བག་མ། རུལ་མ། སྦྲུམ་མ། རྒོད་མ། ༧བླ་མ། གོང་མ། ཟ་མ། ཟངས་མ། རིལ་མ། གཏོར་མ། མོ་ཡིག་བདག་སྒྲ་ལ་འཇུག་པའི་དཔེར་བརྗོད། སྲུན་མོ། གཡུང་མོ། དམར་མོ། འབྱོར་མོ། ཕེར་མོ། མོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པའི་དཔེར་བརྗོད། ཇོ་མོ། བཙུན་མོ། བུ་མོ། རྒྱ་མོ། མཛོ་མོ། ༧ཕྲ་མོ། བ་མོ། ལད་མོ། སོར་མོ། འཇོལ་མོ། སྲ་མོ། དྲང་མོ། ཅན་ལྡན་བདག་སྒྲ་ལ་འཇུག་པའི་དཔེར་བརྗོད། ཤེས་རབ་ཅན། སྙིང་རྗེ་ཅན། ཤོམ་ཅན། བརྩེ་ལྡན། འབྱོར་ལྡན། གནག་ལྡན། མ་མི་མིན་མེད་དགག་སྒྲ་སྟེ།། མ་མི་གཉིས་པོ་སྔོན་ལ་སྦྱར།། མིན་མེད་གཉིས་པོ་རྗེས་སུ་སྦྱོར།། ངས་མ་རིག འདིས་མི་ཤེས། དགོན་པ་འདི་མིན། སློབ་གྲྭ་འདི་ན་མེད། ག་ད་བ་དང་ད་དྲག་མཐར།། ཅིང་ཅེས་ཅེའོ་ཅེ་ན་ཅིག ། ང་ན་མ་འ་ར་ལ་དང་།། རྗེས་འཇུག་མེད་མཐར་ཞིང་ཞེས་དང་།། ཞེའོ་ཞེ་ན་ཞིག་རྣམས་དང་།། ས་མཐར་དམིགས་བསལ་ཞེས་མ་གཏོགས།། ཤིང་ཤིག་ཤེའོ་ཤེ་ན་འཐོབ།། དེ་དག་གི་དཔེར་བརྗོད། བརྟགས་ཤིང་དཔྱད་ནས་བོད་ལ་གངས་ལྗོངས་ཞེས་ཟེར་བའི་དོན་གང་ཡིན་ཞེ་ན། བརྗིད་ཅིང་མཐོ་བའི་གངས་རི་མང་བོས་བསྐོར་བའི་ཡུལ་ལྗོངས་ཤིག་ཏུ་གྲུབ་པ་ལ་གངས་ལྗོངས་ཤེའོ། །ས་མཐར་ཤེས་འབྲི་ན་སེམས་ཀྱི་ཤེས་པ་ལ་ནོར་བ་འབྱུང་བས་ཕྱིས་ཀྱི་མཁས་པ་རྣམས་ནས་དམིགས་བསལ་དུ་ཞེས་འབྲི་བར་མཛད་པ་ཤིན་ཏུ་ལེགས་སོ།། ཡི་གེའི་མགོ་འདྲེན་དབུ་ཁྱུད་དེ།། དང་ཀྱོག་བེརྒ་ཞེས་ཀྱང་ཟེར།། དབུ་ཁྱུད་ནི་སྔགས་ཀྱི་གཟུངས་མང་བོར་ཨོཾ་ཡིག་གིས་མགོ་འདྲེན་པ་ལྟར་ཝརྟུ་ལའི་ཨོཾ་ཡིག་གི་གཟུགས་ॐབྲིས་པ་རིམ་གྱིས་འགྱུར་ནས་༄ད་ལྟའི་དབུ་ཁྱུད་ཀྱི་འབྲི་སྲོལ་འདི་དར་བར་གྲགས་སོ།། ཤད་ལ་ཆིག་ཤད་ཉིས་ཤད་དང་།། བཞི་ཤད་རིན་ཆེན་སྤུངས་ཤད་(༑)དང་།། སྦྲུལ་གཟུགས་འཁྱིལ་བ་ལྟ་བུའི་(༈)ཤད།། ཚིགས་བཅད་མཐའ་ལ་ཉིས་ཤད་འཐོབ།། ལྷུག་པའི་རྣམ་གྲངས་སོ་སོ་དང་།། དོན་ཚན་ཕལ་ཆེར་མཐའ་དང་ནི།། བོད་ཚིག་སྐབས་སུ་ཆིག་ཤད་འབྲི།། རྫོགས་ཚིག་སྐབས་སུ་ཉིས་ཤད་འཐོབ།། སྡེ་ཚན་ཆེ་བ་རྫོགས་པ་དང་།། ལེའུའི་མཚམས་སུ་བཞི་ཤད་འབྲི།། ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ།། ཚུགས་ཐུབ་ཆེད་དུ་སྤུངས་ཤད་འབྲི།། སྤྱིར་ཀ་ག་ཤ་གསུམ་ཕྱི་རྐང་ཅན་གྱི་ཡི་གེ་ཡིན་པས་ཤད་ཀྱི་མཚམས་སུ་ཁེལ་ཚེ་དེ་གསུམ་གྱི་རྐང་བས་ཤད་ཀྱི་གོ་ཆོད་ལ། སྤུངས་ཤད་ཐོབ་པའི་སར་བྱུང་ཚེ་དེ་གསུམ་གྱི་རྐང་བས་ཤད་གོ་མི་ཆོད་པའི་ཞིབ་ཆ་ཤེས་དགོས་སོ།། ལེའུ་མཚམས་ལྟ་བུའི་བར་དག་ཏུ།། སྦྲུལ་ཤད་འབྲི་བའི་ལག་ལེན་ཡོད།། རྐང་བ་ཤད་དང་མི་འདྲེས་ཆེད།། ང་མཐར་ཤད་གོང་ཕྱི་ཚེག་འབྲི།། ཤད་དང་མི་འདྲེས་ཞེས་པའི་དོན། ངའི་རྐང་བ་ཤད་དང་འདྲེས་ན་དངུལ་ཆུ་ཡབ་སྲས་ཀྱི་གསུངས་ལྟར་བ་ཡིག་ཏུ་ནོར་དོགས་ཡོད་ཟེར་བ་ལས་གཞན་སྨྲ་རྒྱུ་མེད་ལ། དེ་ལྟ་ན། འ་ཡིག་གི་རྐང་བ་ཤད་དང་འདྲེས་ན་ལ་ཡིག་ཏུ་ནོར་དོགས་ཡོད་པས་འ་མཐར་ཤད་གོང་བར་ཚེག་མི་འབྲི་བའི་རྒྱུ་མཚན་ཅི་ལ་ཐུག མི་འདྲེས་པ་ཙམ་གྱི་ཆེད་ཡིན་པར་སྨྲ་ན། ཇ་ཛ་འ་ར་བཞི་བོའི་རྐང་བ་ང་ཡིག་གི་རྐང་བ་དང་འབྲི་ཚུལ་མཚུངས་པས་དེ་དག་ལའང་ཤད་གོང་ཚེག་འབྲི་དགོས་པར་འགྱུར་རོ།། འོ་འུ་འམ་འང་བྱུང་བའི་ཚེ།། རྐང་བ་ཚང་དང་མ་ཚང་བའི།། དབང་གིས་ཚེག་བར་ཐོབ་པ་དང་།། མི་འཐོབ་པ་ཡི་སྐབས་གཉིས་ཡོད།། འདི་དག་གི་དཔེར་བརྗོད་དཔེ་ཆའི་འདོན་ཆ་རྣམས་ལས་བཙལ་ཏེ་ཤེས་པར་བྱ། དེ་ལྟར་ཡི་གེའི་ཐོབ་ཐང་གི་རྣམ་གཞག་གོ་སླ་ཞིང་རྒྱས་པར་བཤད་ནས་ད་ནི་བོད་ཡིག་བྲིས་ཚད་བཀླག་པར་བྱར་ཡོད་པའི་ཡི་གེའི་གྲངས་ཀ་ཅི་ཙམ་ཞིག་ཡོད་པ་ཤེས་པར་འདོད་ན་འདི་ལྟར། གསལ་བྱེད་རྐྱང་བ་སུམ་ཅུ་དང་། ར་མགོ་བཅུ་གཉིས། ལ་མགོ་བཅུ། ས་མགོ་བཅུ་གཅིག །ཡ་སྟ་བདུན། ར་སྟ་བཅུ་གཅིག ལ་བཏགས་དྲུག་སྟེ་ཉིས་བརྩེགས་ཅན་ང་བདུན། རྐ་རྒ་རྨ་ཡ་སྟ་ཅན་དང་། སྐ་སྒ་སྤ་སྦ་སྨ་ལྔ་ཡ་སྟ་ར་སྟ་གཉིས་ཀ་ཐོབ་པས་བཅུ། སྣ་ལ་ར་སྟ་ཐོབ་པ་སྟེ་སུམ་བརྩེགས་ཅན་བཅུ་བཞི། གས་འཕུལ་བཅུ་གཅིག ཅ ཉ ཏ ད ན ཙ ཞ ཟ ཡ ཤ ས། དས་འཕུལ་དྲུག ཀ ག ང པ བ མ། བས་འཕུལ་བཅུ། ཀ ག ཅ ཏ ད ཙ ཞ ཟ ཤ ས། མས་འཕུལ་བཅུ་གཅིག ཁ ག ང ཆ ཇ ཉ ཐ ད ན ཚ ཛ། འས་འཕུལ་བཅུ། ཁ ག ཆ ཇ ཐ ད ཕ བ ཚ ཛ། སྟེ་རྐྱང་འཕུལ་ཞེ་བརྒྱད། ད་ཡིས་ཡ་རའི་འདོགས་ཅན་འཕུལ་བ་དགུ ཀྱ གྱ པྱ མྱ ཀྲ གྲ པྲ བྲ། བས་ར་མགོ་ཅན་འཕུལ་བ་བཅུ། རྐ རྒ རྔ རྗ རྙ རྟ རྡ རྣ རྩ རྫ། བས་ལ་མགོ་ཅན་འཕུལ་བ་གཉིས། ལྟ ལྡ། བས་ས་མགོ་ཅན་འཕུལ་བ་བརྒྱད། སྐ སྒ སྔ སྙ སྟ སྡ སྣ སྩ། བས་ཡ་སྟ་ཅན་འཕུལ་བ་གཉིས། ཀྱ གྱ། བས་ར་སྟ་ཅན་འཕུལ་བ་གསུམ། ཀྲ གྲ སྲ། བས་ལ་བཏགས་ཅན་འཕུལ་བ་བཞི། ཀླ ཟླ རླ སླ། སྟེ་ཉེར་དགུ བས་སུམ་བརྩེགས་ཅན་འཕུལ་བ་དྲུག རྐྱ རྒྱ སྐྱ སྒྱ སྐྲ སྒྲ། སྟེ་བ་ཡིས་བརྩེགས་འདོགས་འཕུལ་བ་སོ་ལྔ། མ་ཡིས་ཡ་རའི་འདོགས་ཅན་འཕུལ་བ་བཞི། ཁྱ གྱ ཁྲ གྲ འ་ཡིས་ཡ་རའི་འདོགས་ཅན་འཕུལ་བ་དགུ། ཁྱ གྱ ཕྱ བྱ ཁྲ གྲ དྲ ཕྲ བྲ། སྟེ་བརྩེགས་འདོགས་ཅན་འཕུལ་བ་ང་བདུན་ནོ། །དེ་ཐམས་ཅད་བསྡོམས་པས་ཉིས་བརྒྱ་དང་དྲུག་ཡོད་པ་ལ་ལུས་ཀྱི་ཡི་གེ་ཞེས་བྱའོ། །དེ་བརྩི་གཞིར་བྱས་པའི་སྟེང་དུ་དབྱངས་བཞིའི་ཡན་ལག་དང་ལྡན་པའི་དབྱེ་བས་ཆིག་སྟོང་སུམ་ཅུ། དེའི་སྟེང་དུ་འ་མཐའ་དོར་བའི་རྗེས་འཇུག་དགུའི་དབྱེ་བས་ཆིག་ཁྲི་སུམ་བརྒྱ་ཐམ་པ། དེའི་སྟེང་ག་ང་བ་མ་བཞིར་ས་དྲག་ཐོབ་པའི་དབྱེ་བས་བཞི་སྟོང་ཆིག་བརྒྱ་ཉི་ཤུ་བསྣན་པས་ཆིག་ཁྲི་བཞི་སྟོང་བཞི་བརྒྱ་ཉི་ཤུ་ཐམ་པ། དེའི་སྟེང་དུ་ན་ར་ལ་གསུམ་ལ་ད་དྲག་ཐོབ་པའི་དབྱེ་བས་སུམ་སྟོང་དགུ་བཅུ་བསྣན་པས་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་བཅུ་ཐམ་པ། དེའི་སྟེང་དུ་ཝ་བཏགས་བཅུ་གཉིས་ལ་རྩྭ་ཕྱྭ་གྲྭ་གསུམ་བསྣན་པས་བཅོ་ལྔ་དང་། དབྱངས་བཞི། དབུ་ཁྱུད། ཤད། བར་ཚེག་སྟེ་སྲོག་རྐྱེན་གྱི་ཡི་གེ་བདུན་བཅས་བསྣན་པས་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་འབྱུང་བ་ནི་བོད་ཡིག་ལ་བྲིས་ནས་བཀླག་ཏུ་རུང་བའི་ཡི་གེའི་གྲངས་ཏེ། ཉེ་བར་མཁོ་བའི་ཡི་གེ་ནི་སྟོང་ཕྲག་བརྒྱད་དུ་འདུ་ཞེས་སྔོན་བྱོན་མཁས་པ་རྣམས་ཀྱིས་གསུངས་སོ།། ལྔ་རིག་མཁས་པའི་རིན་ཆེན་གླིང་མཆོག་ཏུ།། ཚེགས་མེད་བགྲོད་པའི་ཡིག་སྦྱོར་གྲུ་གཟིངས་འདི།། ཤིན་ཏུ་གོ་སླའི་འཕྲུལ་གྱིས་སྦྱར་བ་སྟེ།། བློ་གསལ་གཞོན་ནུའི་ཚོགས་དག་དགྱེས་དགུར་རོལ།། ཅེས་བྱ་བ་ནི་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་བདུན་པའི་བགྲང་བྱ་སོ་གསུམ་པ་ས་ཕག་ལོར་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ནས་བརྩིས་པའི་ལོ་གྲངས་ལྔ་བརྒྱ་སོ་བཞི་བ། རྒྱལ་ཁབ་སྤྱིས་བརྩི་གཞིར་བྱེད་པའི་ལོ་ཚོགས་ཆིག་སྟོང་དགུ་བརྒྱ་ང་གཉིས་པའི་དགུན་གྱི་དུས་སུ། ཚེ་ཏན་ཞབས་དྲུང་རིག་པའི་འདོད་འཇོ་ནས་བྲིས་པ་ཤུ་བྷཾ་མསྟུ།། །། བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ། ༄༅། །བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ་ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད། འཇི༵གས་མེ༵ད་ཡེ་ཤེས་གཏེར་མཛོད་ད༵མ་པའི་སྐུ། །ཆོ༵ས་ཕུང་སྣ་ཚོགས་ཁམས་བཞིན་གཟིགས་པའི་གསུང་། །ཨེ་ཝཾ་མཉམ་སྦྱོར་བདེ་སྟོང་ཐུགས་དང་ལྡན། །ལུས་ཅན་རྒྱ་མཚོའི་སྤྱི་གཙུག་རྒྱན་དུ་ལྷམ། །གངས་རིའི་ཕྲེང་བས་བསྐོར་བའི་འཇིག་རྟེན་དུ། །རྒྱལ་བསྟན་ཉིན་བྱེད་འཆར་བའི་སྐྱ་རེངས་ཀྱི། །ཡི་གེའི་སྲོལ་ཆེན་ཐོག་མར་འབྱེད་མཛད་པ། །འཇམ་དབྱངས་རྣམ་སྤྲུལ་ཐོན་མིའི་ཞབས་ལ་འདུད། །གསུང་རབ་རྒྱ་མཚོར་བགྲོད་པའི་གྲུ་བོ་ཆེ། །བརྡ་དག་གཞུང་ལུགས་རྒྱས་བསྡུས་མང་མཆིས་ཀྱང་། །འདིར་ནི་གསར་སློབ་དཔྱོད་ལྡན་དོན་གཉེར་འགའི། །བློ་དང་འཚམ་ཕྱིར་གོ་སླའི་སྐད་ཀྱིས་བརྩམ།། ཀ༽ སྐར་མ་པ་སངས་དུང་གི་མདོག་ལྟར་དཀར། །སྐོར་ཚན་ཕྱེ་སྟེ་ཡུལ་གྲུའི་མཐའ་ལ་བསྐོར། །སྐུ་མཆོག་ཁྱོད་ཀྱི་ཕྱག་ནི་དཀུ་ལ་བརྟེན། །ཕག་ཏུ་བསྐུངས་ནས་རྐོང་བུའི་སྣོད་རྣམས་ཁྱེར། །ཐོབ་པའི་སྐལ་བ་བསྐལ་པའི་བར་དུ་བསགས། སྲེད་པའི་བརྐམ་པ་ཉི་མས་བསྐམ་མི་འགྱུར། །རྐན་གྱི་ངོས་སུ་ཚེར་མ་ཡོད་རེ་སྐན། །མ་འགྱངས་སྐྱེན་པར་མཁོ་བའི་མཐུན་རྐྱེན་སྒྲུབ། །འོ་ཞོ་དཀྲུགས་པས་སྣོད་དུ་སྤྲིན་ལྟར་དཀྲིགས། །རྐྱང་གི་ཤ་ཡིས་བུ་དང་བུ་མོ་བསྐྱངས། །ཤ་མེད་ཀེང་རུས་དུར་གྱི་ཁྲོད་དུ་བཀང་། །ལྐོག་མའི་གནས་ན་ཤུན་པའི་སྐོགས་པ་མང་།། ཁ༽ ཁང་བརྩེགས་མཐོན་པོར་ང་རྒྱལ་དྲེགས་པས་ཁེངས། །ཁམ་ཟས་ཟོས་པས་ལུས་ཀྱི་འབྱུང་ཁམས་རྒྱས། །ཁོར་ཡུག་ཀུན་ཏུ་འཁོར་ལོའི་བགྲོད་པ་མང་། །སྨན་གྱི་མཁན་པ་ཁན་ལ་སུ་ཡིས་འཇོག །འདབ་ཆགས་ཁྲུང་ཁྲུང་སྒོ་ངའི་སྦུབས་ནས་འཁྲུངས། །ཁྱོགས་ཀྱི་ཁང་བཟང་འཁྲི་ཤིང་འཁྱོག་པོས་འཁུར། །བྱ་རྒྱལ་ཁྱུང་ཆེན་ཞོན་ན་བྱ་བ་འཁྱོངས། །ཆུ་འཛིན་འཁྲིགས་དུས་ལག་པའི་མཁྲིག་མ་ན། །འཐབ་རྩོད་འཁྲུག་པས་ཕན་ཚུན་འཛིངས་པར་འཁྲུགས། །ཁྲུ་ཚད་ལོངས་པའི་གདོང་ཕྱིས་ཆུ་ཡིས་འཁྲུད། །སྡོང་བོའི་འཁྲི་ཤིང་ཁྲི་ཕྲག་ས་ལ་བཙུགས། །རོལ་མོ་འཁྲོལ་བཞིན་ནང་ཁྲོལ་ཟ་བར་རྩོམ།། ག༽ རྨ་ཆེན་གངས་རི་གང་ནས་བལྟས་ཀྱང་བརྗིད། །ཉིན་གུང་གྲལ་གྱི་གོང་ནས་གསོལ་སྟོན་འཐུངས། །དགུང་ལོ་དུ་ལོན་ཐུགས་ཀྱི་དགོངས་པར་ཞོག །རི་དྭགས་དགོ་བ་སྒོ་ཡི་ཕྱི་ན་རྒྱུགས། །རྟ་རྒོད་རྒོད་མ་གད་མོ་དགོད་བཞིན་བཏུལ། །གཅིན་སྣོད་ལྒང་བུ་རི་ཡི་སྒང་ལ་འཕངས། །རྩམ་པ་བགམས་ཏེ་དགྲ་བོའི་ཀླད་པ་འགེམ། །སྒོག་པ་ཟོས་རྗེས་རྨ་ཡི་ཤུན་པ་དགོག །མཚེར་ས་གོལ་བས་ཟོག་རྣམས་དོན་མེད་གོད། །རྒྱང་རིང་ལམ་ནས་སེང་གེའི་གད་རྒྱངས་ཐོས། །ཀོ་རློན་བརྒྱངས་ནས་དུས་ཚོད་རིང་ཞིག་བགྱངས། །རྔ་སྦུབ་སྒྲ་ཡིས་བསྟན་དགྲ་ཕྱེ་མར་བརླགས།། ང༽ ངག་ཚིག་བཙན་པོས་ཕོ་ཉ་ཕྱོགས་སུ་མངགས། །ངལ་དུབ་ལས་ཀྱིས་མངལ་གྱི་ཕྲུ་གུ་ལྷུང་། །ཞིམ་མངར་སྨན་གྱིས་ངར་སྐད་མཐོན་པོ་འབྱིན། །མངན་བགྲངས་སྐྱོན་གྱིས་ངན་འགྲོའི་གནས་སུ་འཕེན། །ལེགས་སྦྱར་སྔགས་སྐད་ཤེས་ན་ཀུན་གྱིས་བསྔགས། །རྔོན་པའི་མདའ་ཡིས་སྔོན་ན་ཡོད་པ་བསད། །རྔོ་ནད་བྱུང་བས་ལྭ་བ་སྔོ་སྐྱ་གོན། །ངང་བ་འཕུར་བ་མཁའ་ལས་ལྷུང་བས་སྔངས། །མུ་ངས་བྱུང་ན་ངེས་པར་ཡི་རེ་མུག །རྟ་ཡི་རྔོག་མ་ཆུ་ཡི་ངོགས་སུ་བཀྲུ། །རྔ་མའི་ཉག་མ་སྔ་མའི་གྲི་ཡིས་བཅད། །རྔ་བརྡུངས་ཚེ་ན་སྔ་རྔོད་ཚོད་མ་ཟ།། ཅ༽ རྟ་མཆོག་ཅང་ཤེས་མདུན་ནས་རྒྱུག་ཅིང་མཆོངས། །རྩི་ཤིང་ཐམས་ཅད་རྨིག་པ་རྣོན་པོས་བཅད། །ཞབས་ཀྱིས་བཅགས་སར་བསྡད་ནས་དཀར་ཡོལ་བཅག །ཐག་པས་བཅིངས་ཏེ་སྤར་མོ་གཅིག་ཏུ་བཅངས། །དགྲ་བཅོམ་པ་རྣམས་མི་སྨྲ་གཅོམ་བསྐྱུངས་བཞུགས། །གཅི་བ་བཏང་བས་ལྕི་བ་གཤེར་བར་བྱས། །རྟ་རྨིག་ལྕགས་ཀྱིས་བཏུམས་ནས་ལྕག་གིས་བྲབ། །རི་རབ་ལྕོག་ཏུ་འགྲོ་བར་བློས་མི་ལྕོགས། །རང་ཉིད་གཅིག་པུར་སྡོད་ལ་བློ་ཡིས་ལྕིགས། །ཅོང་གི་རོལ་མོ་ཅུང་ཟད་ཤེད་ཀྱིས་བརྡུངས། །སྨྲ་བྱེད་ལྕེ་ཡིས་གཅེས་པའི་གཏམ་དག་ཤོད། །གཅོང་ནད་བྱུང་ཚེ་གཅུང་གིས་ཅི་ལ་ཕན།། ཆ༽ དམ་པའི་ཆོས་ཀྱིས་བློ་ཁ་འཆོས་པར་བྱེད། །མཆོང་ལྡིང་བྱས་ནས་རིན་ཆེན་མཆོང་ཞིག་རྙེད། །ཁ་ཟས་མཆོག་ལ་ཆོག་ཤེས་བསྟེན་ན་ལེགས། །ཆང་གིས་སྦགས་པའི་ཆངས་བུ་ག་ལ་ཞིམ། །ཆོལ་ཟངས་ནང་དུ་འཐུངས་ན་འཆོལ་བར་རྩི། །ཡལ་ག་ཆག་པའི་ངོས་ན་སྦྲང་རྩི་ཆགས། །ཆར་བ་བབས་པའི་རྗེས་སུ་ཉི་མ་འཆར། །འབྲི་ཁལ་ཆིག་སྟོང་མཆིག་དང་མཆིག་གུར་འཐག །དམ་ཆོས་འཆད་པས་དགེ་སེམས་ཆད་པ་འཐུད། །ཤིང་ཐོག་ཆ་ཤས་ཙམ་ཞིག་འཆའ་བར་བྱེད། །ཆབ་ཀྱིས་བྲན་པ་ལྐོག་ཏུ་འཆབ་ཅིང་སྦེད། །འཆམ་གྱི་ལྟད་མོར་ཁྲོམ་ཚོགས་ཆམ་མེར་བརྡལ།། ཇ༽ འཇིག་རྟེན་ཁམས་སུ་འཇིགས་པའི་གཅན་གཟན་མང་། །འཇག་མའི་རྩྭ་ཡི་སྐྱེ་དབྱིབས་སེམས་ལ་འཇགས། །འཇི་བས་སོ་བཏབ་ཤ་པགས་འཇུ་སྙམ་བྱེད། །ལུས་ཀྱི་སྐེ་མཇིང་རྒྱ་མཚོའི་འཇིང་དུ་ནུབ། །མཇུག་མ་ལྡན་པ་ར་བའི་ནང་དུ་འཇུག །རིན་ཐང་འཇལ་དུ་མེད་པའི་རྟེན་ལ་མཇལ། །འཇེབས་པའི་སྐད་སྙན་ཅན་དེ་འཇབས་ནས་འོང་། །བྱི་འུ་འཇོལ་མོ་འཇོ་སྒེག་ཉམས་དང་ལྡན། །ཏིལ་གྱི་རྗང་བུ་ལྗང་ཁུའི་ཚོན་མདངས་བཀྲ། །རྗེ་བོ་མཆོག་གིས་རྗེའུ་རིགས་ཡོངས་ལ་བྱམས། །མཆོད་ཅིང་རྗེད་པར་ནམ་ཡང་བརྗེད་མི་བྱ། །ཤ་རྗུད་ཟོས་པས་གཟི་བརྗིད་འབྱུང་མི་སྲིད།། ཉ༽ ཉ་ཤ་ཟོས་པས་ཉྭ་བཞི་སྦོམ་པོར་གྱུར། །མཉན་པས་ཆུ་ལས་བསྒྲལ་བའི་སྐད་ལ་ཉན། །སྣ་ཉེག་ཁྱི་གུ་ཉག་ཐག་ཕྲ་མོས་བཏགས། །ཉམ་ཐག་གྱུར་ཚེ་ལུས་ཀྱི་གཟི་མདངས་ཉམས། །ཉེ་རིང་བྱེད་པའི་ཆགས་སྡང་ཉེས་པ་སྤངས། །ལག་པ་གཉིས་ཀྱིས་ནང་ཁྲོལ་གཉེ་མ་བླངས། །སྙེས་ནས་བསྡད་དེ་འབྲུ་ཡི་སྙེ་མ་བཅད། །སྙིང་སྟོབས་ཅན་དེ་ནམ་ཡང་བསྙེངས་པ་མེད། །སྙུང་བུས་ཕིགས་ནས་ཡོ་བྱད་བསྙུངས་པར་བྱས། །ཡིན་ནམ་སྙམ་ནས་འབར་འབུར་མེད་པར་བསྙམས། །སོ་ཡི་རྙིལ་ལ་དྲུད་ནས་མེ་ཏོག་རྙིད། །གཉིད་ལས་སད་ཚེ་དགྲ་ཚོགས་ས་མཐར་བསྙིལ།། ཏ༽ ཏིང་ཤགས་འཁྲོལ་བཞིན་དམན་ལ་སྦྱིན་པ་བཏང་། །གཞན་ལ་སྟེར་མཁན་འདོད་དགུའི་གཏེར་དུ་འགྱུར། །རལ་གྲིས་གཏུབས་ནས་མཁའ་ལ་སྤྲིན་ལྟར་གཏིབས། །ཤིང་སྡོང་སྟག་པ་མི་འགྱུར་རྟག་པ་མིན། །གཅན་གཟན་སྟག་གཟིག་གཉའ་ལྟག་འདི་ནས་མཆོངས། །སྟེགས་བུའི་སྟེང་ནས་སྟེག་ཅིང་སྒེག་ཉམས་བྱེད། །སྤྲང་བོར་གཏོགས་ཚད་ལྟོགས་ཤིང་སྐོམ་པས་གཟིར། །མདའ་ལྟོང་སྦྱར་ནས་ཕ་རོལ་སྟོང་ཕྲག་བསད། །སྟུག་པོའི་གོས་གྱོན་རྟུག་པ་འདོར་བར་དཀའ། །མི་གཡོ་བརྟན་པོའི་སྒང་ནས་ལྟད་མོ་བསྟན། །ལྟ་བྱེད་མིག་གིས་གཟུགས་མཚར་དཔལ་ལ་བལྟ། །རྟོག་དཔྱོད་བཏང་ནས་གསུང་རབ་དོན་ཀུན་རྟོགས།། ཐ༽ མཐུ་སྟོབས་བསྐྱེད་དེ་ལག་པས་མེ་ཏོག་འཐུ། །མིག་གིས་མཐོང་ནས་ཆུ་གཙང་ཧུབ་གཅིག་འཐུངས། །མཐིང་གོས་གྱོན་བཞིན་ཐང་ལ་ཡན་དུ་སོང་། །ཐལ་བའི་ཕུང་བོ་སྒོ་ཡི་ཐད་ཀར་སྤུངས། །ཐུགས་འདྲིས་ཆེ་བ་ཕན་ཚུན་ཐུག་ཕྲད་མཛད། །ཐོ་རངས་དུས་སུ་མཐོ་རིས་གནས་སུ་གཤེགས། །ཐབས་ཀྱིས་བཅོས་པའི་ཐབ་ཀ་ཤིན་ཏུ་འཕྲོད། །ནམ་མཁའི་ཐོག་གིས་བྲག་རི་ཐོགས་མེད་ཕིགས། །ཐུབ་པའི་སྤྱན་སྔར་འཁོར་ཚོགས་སྤྲིན་ལྟར་འཐིབས། །ཐོལ་བྱུང་ཚིག་གིས་ཉེས་ཀུན་མཐོལ་ལོ་བཤགས། །རྟ་ཡི་ཐོང་གར་དར་དཔྱངས་ཐུང་ངུ་བཏགས། །གདན་ཆ་འཐུག་པོའི་སྟེང་ནས་ཐུག་པ་དྲངས།། ད༽ དལ་འབྱོར་རྟེན་ལ་དད་པ་ཤུགས་དྲག་སྒོམ། །དོང་གི་ནང་ནས་གཡས་འཁྱིལ་དུང་ཞིག་རྙེད། །མི་དང་མི་མིན་རང་རང་གནས་སུ་དེངས། །ཁང་བ་དོག་པོར་དོགས་པའི་གནས་འདི་ཤེས། །ཐག་རྡང་ཁུགས་ལ་རྒྱུག་ཅིང་ལྡིང་ནས་རྩེ། །དཔའ་གདེང་ཆེ་བ་སྟོན་ཕྱིར་ཁ་ཡང་གདངས། །སྡོང་བོའི་རྩ་ནས་བསྡད་དེ་རྔ་ཆེན་རྡུང་། །གདུགས་ཀྱི་མཆོད་རྫས་གདུག་རྩུབ་ཅན་གྱིས་འཛིན། །དོལ་གྱི་ནང་དུ་ཉ་ཡི་དོད་ཅིག་བཟུང་། །བདུག་སྤོས་དྲི་ཡིས་སྡུག་བསྔལ་སེལ་བར་བྱེད། །ལྡབ་ལྡིབ་སྨྲ་སྐབས་ཁང་བའི་ཡང་ཐོག་བརྡིབས། །སྡེ་བའི་འདབས་ནས་འགྲུལ་བར་བདེ་ཞུས་བྱས།། ན༽ ནགས་ཚལ་འཐུག་པོར་མུན་ནག་འཐིབས་ནས་འདུག །ནངས་པར་ལངས་ནས་ཁང་བའི་ནང་དུ་བསྡད། །ནན་ཏན་འབད་པས་ཕ་རོལ་ཟིལ་གྱིས་མནན། །ནལ་བུ་སྐྱེས་པའི་མ་དེ་ནད་ཀྱིས་ཐེབས། །རྣག་ཁྲག་གཅོད་ཕྱིར་སྣག་ཚའི་ཐིག་ལེ་བྱ། །གནངས་གཞེས་ཉིན་པར་ཆོས་སྦྱིན་གནང་ཞེས་ཐོས། །གོས་སྣེ་བསྣར་ཏེ་རྒྱུ་སྐར་སྣར་མ་ལྟ། །སྣྲོན་གྱི་སྐར་མ་ཤར་ཚེ་ཆུ་འདི་སྣོན། །བལ་གོས་སྣམ་བུ་འདི་རྣམས་སྦྱིན་པར་གཏོང་། །དགྲ་བཅོམ་རྣམ་པ་འདི་དག་གནམ་དུ་འཕུར། །ནེའུ་གསིང་ཐང་ལ་ནས་ཀྱི་མྱུ་གུ་སྐྱེ། །སྲོག་ཆགས་ནེའུ་ལེ་ནེ་ཙོས་སྒོ་ལ་བསྐྲད།། པ༽ དཔག་ཚད་དུ་ཡོད་བློ་ཡིས་དཔགས་ཏེ་འཇལ། །སློབ་གྲྭའི་དཔོང་སར་དམག་དཔུང་གྲལ་དུ་བསྒྲིགས། །པུ་ཤུའི་རྩེ་ནས་པི་ཝང་སྙན་པར་སྦྲེང་། །པུར་རྒྱལ་ཡུལ་དུ་པིར་གྱིས་རི་མོ་འབྲི། །རི་དཔངས་མཐོ་སར་བདེན་རྫུན་དཔང་དུ་བཙུགས། །སྤང་ལྗོངས་གནས་སུ་སྡིག་སྒྲིབ་སྤངས་པར་གདམས། །སྤོང་བ་བ་ཡིས་ཡོ་བྱད་སྤུང་མི་བྱ། །སེང་གེའི་པགས་པ་ཁྱི་ལྤགས་ལས་ཁྱད་འཕགས། །པྲོག་ཞུའི་རྒྱན་ཆ་སྤྲོག་མའི་སྣོད་དུ་བཞག །སྤྱང་ཀི་བཟུང་ནས་ཆུ་ཡི་གཏིང་ལ་སྤྱིངས། །སྙན་ངག་དཔེར་བརྗོད་དཔར་མ་ཤིན་ཏུ་དག །དཔའ་བོའི་མགྲིན་པར་བྱི་རུའི་རྒྱན་ཕྲེང་སྤ།། ཕ༽ རི་ཡི་ཕང་ནས་མདའ་མཁན་དེ་ཡིས་འཕངས། །ཕོངས་ཤིང་དབུལ་ཚེ་འཕོངས་སྐྱོབ་གོས་ཀྱང་མེད། །འཕན་མེད་བདེ་བར་གནས་ཕྱིར་གཞན་ཕན་སྒྲུབ། །བྲག་ཕུག་གནས་སུ་ཕུགས་ཀྱི་དོན་ཆེན་སོམས། །ཤ་རྒྱས་ཕག་པ་ནམ་ཡང་འཕག་འཕག་བྱེད། །གཅན་གཟན་འཕར་བ་གླང་གི་ཕར་ཚུར་རྒྱུག །ཕོ་བའི་མེ་དྲོད་ཉམས་ཚེ་འཕོ་བར་ཉེ། །ལག་ཏུ་ཕུབ་བཟུང་རྒྱ་ཕིབས་སྟེང་དུ་འགྱིང་། །ཕུར་མ་དཔྱངས་པའི་ཀླད་དུ་འདབ་ཆགས་འཕུར། །འཕྲ་རྒྱན་ཕྲ་རགས་དོ་ཀེར་རྩེ་ལ་འདོགས། །ལམ་འཕྲང་དོག་པོར་ཕྲེང་བ་བགྲང་བར་དཀའ། །ཕྱུག་པོའི་ཁྱིམ་དུ་གནག་ཕྱུགས་བགྲང་ལས་འདས།། བ༽ བག་ཕྱེའི་ཁ་ཟས་བགས་ཀྱིས་ཟོས་ན་ཕན། །བང་དུ་ཆར་བབས་གོ་རེའི་རྡོག་པོ་བངས། །བྱིང་རྨུགས་སེལ་ཕྱིར་བྱང་གི་ཕྱོགས་སུ་འཆག །ངོ་བྱད་ལྟ་བའི་མེ་ལོང་བྱི་དོར་བྱེད། །བྲག་གི་རྩ་ནས་སྐྲ་དང་ཁ་སྤུ་བྲེག །གཞན་དུ་བྲོས་ནས་ས་ཡི་ཁུང་བུ་བྲུས། །ལག་ཆུ་འབྲིམ་ཚེ་འབྲུམ་བུའི་ནད་ལ་འཛེམ། །འབག་བཟོའི་རྟེན་ལ་དྲི་མས་འབགས་མི་རུང་། །སྐད་ཀྱིས་བོས་ཚེ་སྙན་པའི་དུང་ཡང་བུས། །བུལ་ཏོག་ལེན་ཕྱིར་སྒོ་ཡི་ཕྱི་རུ་བུད། །རྐང་བའི་བོལ་ཞེས་བརྗོད་པ་བོད་སྐད་དངོས། །ཀོ་བའི་འབྲེང་ཐག་བཟང་ངན་འབྲིང་གསུམ་ཡོད།། མ༽ བྱི་རུ་དམར་བོ་ཟོང་མིན་སྨར་གྱིས་ཉོས། །སྨ་ར་སྐྱེས་ཚད་མཐོ་དམའ་མེད་པར་སྐྱེ། །མོས་པ་སྐྱེས་པའི་མུས་ལ་སློབ་སྦྱོང་གྱིས། །རྒྱུད་མངས་སྦྲེང་མཁན་ངག་ཏུ་གླུ་ཚིག་མང་། །བུ་མོའི་མག་པ་དམག་གི་གཙོ་བོར་བསྐོས། །ཆོས་རྣམས་བདེན་པར་མེད་པ་ཤིན་ཏུ་མད། །མཆོག་དམན་ཀུན་ལ་ཕན་པ་སྨན་སྦྱིན་ཏེ། །རྨ་ཡི་རིགས་ལ་དོམ་མཁྲིས་བཟང་བར་སྨྲ། །མིག་གཉིས་ཞར་ན་ངེས་པར་ཡི་རེ་མུག །མུ་གེ་དུས་སུ་མི་རྣམས་ཟས་ཀྱིས་བྲེལ། །མེལ་ཚེ་བྱེད་མཁན་མལ་ནས་འདུག་པར་དཀའ། །ཉོན་མོངས་སྤང་ཕྱིར་ཐུན་མོང་ལམ་རྣམས་སྒོམས།། ཙ༽ གཙོད་རུའི་དོན་དུ་བྱིས་པ་འདི་གཉིས་རྩོད། །རྩམ་པ་ཟོས་རྗེས་ཡི་གེ་འབྲི་མགོ་བརྩམ། །ཁར་རྩང་གཙང་བོ་བརྒལ་ནས་ཆུ་ལ་བསྐུར། །སྒོག་རིགས་ཙོང་གི་དོན་དུ་ཕྱེ་འདི་བཙོངས། །རྩུབ་མོའི་རྡོ་གཉིས་གཙུབས་ན་མེ་སྟག་འཕྲོ། །མང་བོ་བརྩེགས་ན་ཁབ་ཀྱིས་གཙགས་མི་ནུས། །རྩིབ་ཀྱི་རུས་པས་འཁོར་ལོ་རྩིབས་བརྒྱད་བྲིས། །བརྩེ་ལྡན་མ་ཡི་བུ་ཆུང་རྩེད་མོ་རྩེ། །འབད་རྩོལ་ལྡན་པའི་ལས་ཀྱིས་འདོད་དགུ་སྩོལ། །སྐར་རྩིས་འབྲི་སྐབས་གྲངས་རྣམས་བརྩིས་ནས་འབྲི། །རལ་གྲིའི་རྩེ་མོས་གནོད་བྱེད་དགྲ་ལ་གཙེ། །སྲོག་ཆགས་རྩངས་པ་མི་གཙང་ཁྲོད་དུ་ཉུལ།། ཚ༽ པད་མའི་ཚལ་དུ་ཕ་མར་ཕྱག་འཚལ་ཏེ། །རང་གིས་སྐྱོན་མཚང་ཅི་བྱས་ཚང་བར་མཐོལ། །མཚོ་ཡི་ནང་གི་ཉ་མོ་ཤིན་ཏུ་ཚོ། །ཚོང་བ་དེ་ཡི་སྟོབས་འབྱོར་འདི་དང་མཚུངས། །ཡི་གེའི་ཚེག་ཙམ་འབྲི་བར་དཀའ་ཚེགས་མེད། །ངོ་མཚར་སྐྱེད་པའི་ལྟད་མོ་ཚར་མི་འགྱུར། །འབྲོག་པའི་མཚེར་སར་ཚེར་མའི་ལྡུམ་བུ་སྐྱེ། །མཚན་མ་བཏབ་པའི་སྡེ་ཚན་མང་དུ་ཡོད། །ཚོན་རྩི་མང་བོས་མཚོན་ཆའི་རི་མོ་འབྲི། །ཚོམས་ཀྱི་ཁང་བར་མཎྜལ་ཚོམ་བུ་སྤུངས། །སྐུ་ཚབ་གསར་བ་ཤིན་ཏུ་སྐྲག་ནས་འཚབས། །རྒྱམ་ཚྭ་ལྕེ་འབིགས་མྱངས་ན་ཤིན་ཏུ་ཚ།། ཛ༽ མཛེ་ནད་ཅན་གྱི་གདོང་བ་ག་ན་མཛེས། །འཛེང་རྡོ་བཟོ་ལ་རྡོ་བཟོ་མཆོག་ཏུ་མཛངས། །ཕན་བདེའི་མཛད་པ་འཛད་མེད་ཀུན་ལ་སྨན། །འཛམ་བུའི་གླིང་དུ་འགོ་ནད་རིམས་ལ་འཛེམ། །རྒྱལ་བོའི་མཛོད་དུ་ཙིག་འཛིན་མཛོལ་བུ་མང་། །སྐས་ཁར་འཛེག་སྐབས་དྲི་ཆུ་ས་ལ་འཛགས། །ཛ་ལང་དགྲ་བོ་མཛའ་བཤེས་ཡིན་དོགས་མེད། །འཛེར་ཁུང་འདྲ་བའི་ཁ་ནས་ཁ་ཆུ་འཛར། །བཞི་སྲང་འཛོམ་དུ་མ་བུ་ལྷན་ཅིག་འཛོམས། །ཕུག་ཏུ་འཛུལ་ནས་མཛུབ་མོ་ཁ་རུ་འཛུད། །རྫི་མ་སྟུག་པོ་ཅན་དེ་རྐང་བས་བརྫི། །རྫིང་བུའི་ནང་དུ་རྡོ་ཡི་ཕུང་བོ་བརྫངས།། ཝ༽ པི་ཝང་སྦྲེངས་པས་ཕ་ཝང་ཚང་ནས་སྤུར། །གཅན་གཟན་ཝ་སྐྱེས་ཁང་བའི་ཝ་ཁར་མཆོངས། །ལྕགས་ཀྱི་ཝང་ལོང་སེམས་ལ་ཝ་ལེར་ཡོད། །ཤེས་བྱའི་གནས་ཀུན་ཡིད་ལ་ཝལ་ཝལ་ཤར།། ཞ༽ རྐང་བ་ཞ་བོ་ཞྭ་མོ་མགོ་ལ་གྱོན། །ཞགས་པས་འཆིང་བཞིན་སྣུམ་ཞག་ཁོལ་མ་འཐུང་། །ཞོགས་ཀའི་དུས་སུ་ཡི་གེ་འདི་རུ་ཞོག །སྤང་གཞོངས་ཉམས་དགའ་གཞོང་བའི་སྣོད་དུ་ཟ། །གཞུངས་བཟང་ཁྲེལ་ཡོད་ཅན་གྱིས་གཞུང་དོན་རྟོགས། །ཚིག་ཕྲད་ཞེས་སོགས་མི་བརྗེད་ཞེ་ལ་བཞག །སྟོང་གསུམ་ཞིང་གི་ཞེང་ཚད་བསམ་ལས་འདས། །དཔའ་ཞུམ་དུས་སུ་ཞིམ་པའི་རོ་མི་མྱོང་། །ཆར་ཞོད་ཆེ་སྐབས་གཡག་རོག་ཞོལ་བོ་བྲོས། །གཞོགས་སུ་བསྡད་ནས་ཤིང་གི་ཐུར་མ་བཞོགས། །མདའ་གཞུ་རྐེད་ལ་བཏགས་ནས་མར་གྲོད་བཞུ། །གཞི་ཁྱིམ་ཁང་བར་མིང་སྲིང་བཞི་ཙམ་ཡོད།། ཟ༽ ཟག་བཅས་སྤངས་པས་འཁོར་བའི་དུག་ཆུ་ཟགས། །ཉི་མའི་ཟེར་གྱིས་ཟར་མའི་མེ་ཏོག་བཞད། །ཟངས་དང་འཁར་བ་ལ་སོགས་ཟང་ཟིང་སྟེ། །གཟིངས་སུ་བཞག་ནས་སྨིན་མ་གཟེང་བཞིན་བསྐྱལ། །ཕ་མའི་དྲིན་གཟོ་ཕྱིར་དུ་བཟོ་རིག་བསླབ། །ལག་པས་བཟུང་བའི་གཟོང་གིས་རྡོ་བ་ཕིགས། །ཆང་གིས་བཟི་ནས་གཟི་ཡི་རྒྱན་ཆ་བོར། །ཟ་མ་ཀུན་ལས་ཟྭ་ཚོད་ཤིན་ཏུ་དམན། །གཟིག་ལྤགས་གསར་བ་སྤྱན་གཟིགས་རྟེན་དུ་ཕུལ། །གཟུགས་ཕུང་འཚོ་ཕྱིར་ཤ་གཟུག་ཆས་ཀར་བསྒྲིགས། །ཟླ་བོའི་དྲུང་ནས་སློབ་སྦྱོང་བསྐྱར་ཞིང་བཟླ། །ཁང་བ་ཟླུམ་པོར་གྱོད་ངན་ཁ་མཆུ་བཟླུམས།། འ༽ མ་འོངས་དུས་ན་འགྲོ་འོང་བྱེད་མི་ཁོམ། །ཉི་མའི་འོད་ཤར་ཚེ་ན་འོལ་བ་གྲག །འུག་པ་གྲག་དུས་འུད་ཀྱིས་འཇིག་རྟེན་གང་། །འོ་མ་དུས་དང་དུས་སུ་འཐུངས་ན་འོས།། ཡ༽ ས་ཁོད་ཡངས་སར་ལྕི་ཡང་སྲང་ལ་ཚད། །གཡི་ཡི་པགས་པ་གཡུ་རྡོ་གཅིག་གིས་ཉོས། །ལག་པ་གཡས་པས་ཁ་ཟས་ལེགས་པར་གཡོས། །ཡུར་བའི་ཆུ་དྲངས་སྙེ་མ་གཡུར་དུ་ཟ། །རྣམ་གཡེང་སྤངས་ཤིང་མ་ཡེངས་སེམས་ཀྱིས་སྒོམ། །ཡུད་ཙམ་ཞིག་ལ་ཡུལ་གྲུ་ཀུན་ཏུ་འཁྱམས། །ཡོས་ཚིག་ཟ་བཞིན་བདེན་པའི་ཡུས་དག་བཤད། །ཡིད་ཀྱི་གཏིང་ནས་རྗེས་སུ་ཡི་རང་བྱས། །གཡེར་མ་ཟོས་པས་གཉིད་འཐུག་ཡེར་གྱིས་སངས། །ཡོད་མེད་བརྟགས་ཏེ་འགོར་བས་དུས་ལས་ཡོལ། །ཡ་རབས་སྤྱོད་པ་གཡའ་བྲལ་གསེར་ལྟར་བཟང་། །གཡག་རྒོད་བྲིས་པ་རི་མོ་ཀུན་ལས་ཡག ། ར༽ རྡོ་རགས་སྤུངས་ཏེ་ཆུ་བོའི་རག་ཏུ་བརྒྱབ། །ལག་པས་རེག་པའི་སྐྲ་གྲིས་སྐྲ་རྣམས་རེགས། །བྲམ་ཟེའི་རིགས་ལ་རིག་བཟང་དུ་མ་སྐྱེ། །རང་གཞན་རིས་འབྱེད་བར་ཐག་ཤིན་ཏུ་རིང་། །དགའ་ཞིང་རངས་ནས་རྒྱུག་ཅིང་རིངས་པར་སླེབ། །ཆུ་བོའི་རབ་ཁར་སྔོན་རབས་གཏམ་དུ་གླེང་། །རམས་ཀྱིས་ཁ་བསྒྱུར་རམ་བུའི་ཐང་ལ་བཀྲམ། །རས་དང་སྣམ་བུ་ཉིན་རེར་རེས་མོས་གྱོན། །འབྲོག་པའི་རུ་བ་རི་ཡི་ཤོད་དུ་གནས། །ཟན་གྱི་རིལ་བུ་དབྱར་དུས་རུལ་ཉེན་ཆེ། །རལ་གྲི་འཛིན་པ་གཤེད་མའི་གཙོ་བོ་རེད། །མུན་རུབ་དུས་སུ་མིག་ནི་རབ་རིབ་གྱུར།། ལ༽ ལག་པའི་ཐལ་མོ་སྦྱར་ནས་ལགས་སོ་ཞུས། །ལང་ཚོ་ཅན་དེ་ག་ཤེད་ལངས་ཏེ་སོང་། །སྲོག་ཆགས་ལུག་གིས་མ་ཎི་ཤེས་ལུགས་མེད། །མིག་མེད་ལོང་བས་གཟུགས་ལ་ལོངས་མི་སྤྱོད། །ལུས་ཁམས་བདེ་བར་ཀུན་གྱིས་ལོས་འདོད་མོད། །ཕྱིན་ཅི་ལོག་གི་སྤྱོད་པས་ལོགས་སུ་འགྲོ། །ལྭ་བ་ཕྲག་ཏུ་ཁུར་ནས་ལ་ལ་འགོས། །ལུ་མའི་ཆུ་ནང་ལུད་པ་འཕེན་མི་རུང་། །ཁ་ཤ་ལེབ་མོ་ཅན་གྱིས་གཏམ་མང་ལབ། །ལི་ཡི་སྣོད་དུ་གློ་ལུ་མི་གཙང་དོར། །ལུང་འཕྲང་བརྒལ་བས་རྐང་བའི་ལོང་བུ་ན། །ལས་ཀྱི་དབང་གིས་ལུས་རྟེན་བཟང་བོ་རྙེད།། ཤ༽ བཤང་གཅི་དོར་ཚེ་གཤང་གི་རོལ་མོ་དཀྲོལ། །སྟོབས་ཤུགས་ཕུད་དེ་ཤུག་པའི་སྡོང་ཆེན་དྲངས། །ཁང་བའི་གཤམ་དུ་བཟའ་བཏུང་སྟོན་མོ་བཤམས། །ས་ཤུན་མེད་པའི་གཤོང་ལ་ཀུན་གྱིས་གཤུང་། མི་ཤིགས་གོང་བུ་ཤིག་གིས་རྨུག་མི་ནུས། །དེ་བཞིན་གཤེགས་པའི་སྤྱན་སྔར་སྡིག་པ་བཤགས། །ཕྲེང་བ་བསྒྲིགས་ཤིང་བཤར་བ་རླན་གྱིས་གཤེར། །དོ་ཤལ་ལག་ཏུ་བཟུང་བཞིན་སྦྲུལ་ཤད་བྲིས། །ཤེད་མོང་ཅན་གྱིས་ཤེལ་སྒོ་གྱེན་དུ་འདེགས། །དགེ་བའི་བཤེས་ཀྱིས་ཤེས་བྱའི་གཤིས་ལུགས་སྟོན། །ཤུ་བའི་ནད་ཀྱིས་ཤི་བའི་བེམ་པོ་དེ། །ཤོལ་ཟླ་གསུམ་པར་རི་ཡི་ཤོད་དུ་སྦས།། ས༽ ཁ་གསག་ཅན་གྱིས་ཉེས་པ་མང་དུ་བསགས། །རི་ཡི་སུལ་དུ་གྲོ་མ་སིལ་བུར་བཏུས། །བསོད་ནམས་ལྡན་པ་སུས་ཀྱང་གསོད་མི་ནུས། །གསེང་ལམ་ནས་འཐོན་ནེའུ་གསིང་ཞིག་ལ་སླེབ། །གསུང་གདངས་སྙན་པོས་མིང་བརྡའི་གནད་གསུངས་ཚེ། །བློ་གསལ་སློབ་མ་མང་བོའི་བློ་མུན་བསལ། །རིན་ཆེན་གསེར་གྱིས་རྒྱན་ཆ་གསར་བ་སྒྲུབ། །སང་གི་དུས་སུ་གཉིད་སངས་སྔ་བར་ལྡང་། །སྲིབ་ཏུ་བསྡད་ནས་འོ་མ་ལེགས་པར་བསྲུབས། །སོར་མོ་གསུམ་གྱིས་གོས་ཀྱི་ཐུ་བ་བསུམས། །བསྲོ་ཁང་ནང་དུ་བྱིས་པ་ཟས་ཀྱིས་གསོ། །སློབ་མའི་ལག་ཏུ་སློ་མའི་སྣོད་མཆོག་འཛིན།། ཧ༽ གོས་ཀྱི་ཧྭ་གོར་ཧ་ཅང་ཆེས་གྱུར་ན། །དགུན་དཔྱིད་ལྷགས་པ་ཆེ་དུས་ལྷག་པར་གྲང་། །འཚུབ་ལྷོང་བྱུང་བས་རྟ་རྒན་གཡང་དུ་ལྷུང་། །སྙན་ངག་ཚིག་ལྷུག་ཁ་ནས་ལྷུགས་པར་བཤད།། ཨ༽ མེ་ཏོག་ཨུག་ཆོས་ཨམ་ཕྲག་ནང་དུ་སྡུད། །ཨང་ཀིའི་ས་རིས་ཨོལ་མདུད་ལམ་ནས་བཤད། །ཨང་རག་གྱོན་ཏེ་ཨོ་རྒྱན་ཡུལ་དུ་འཕུར། །ཨ་ལ་ལ་སྟེ་འདིར་བཤད་ཨེ་མ་རྨད།། འདིར་སྨྲས་པ། གསུང་རབ་བརྡ་ལ་ཉེ་བར་མཁོ་བ་ཡི།། གདངས་མཐུན་ཡིག་གཟུགས་ཐ་དད་མང་ན་ཡང་།། འདི་རུ་ཉུང་ཟད་གོ་སླར་སྦྱར་བའི་མཐུས།། འགྲོ་བ་འདི་ཀུན་འཇམ་དབྱངས་ལྟ་བུར་ཤོག ། ཅེས་བྱ་བ་ནི་ཚུལ་འདིར་མོས་པའི་དོན་གཉེར་ཅན་མང་བོའི་ངོར། སྙུག་ཐོགས་པ་དབྱངས་ལྡན་རིག་པའི་འདོད་འཇོ་ནས་ཤར་མར་བྲིས་པ་དགེ། །། བོད་ཡིག་དར་ཚུལ་མཚོན་ཙམ་བཤད་པ་བློ་གྲོས་པདྨོའི་ཁ་འབྱེད། ༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ཡང་རྒྱ་གར་རྡོ་རྗེ་གདན་ལས་བྱང་དུ་དཔག་ཚད་བརྒྱས་ཆོད་པའི་གངས་ཅན་གྱི་ལྗོངས་འདི་ལ། པུར་རྒྱལ་ཞེས་བྱ་བའམ་རྒྱ་གར་བས་གནའ་དུས་རིང་མོ་ནས་བྷོ་ཊ་ཅེས་ཟེར་ཏེ། བོད་ཅེས་པའང་བྷོ་ཊ་ཟུར་ཆག་པ་ཡིན་ལ། ལྗོངས་དེའི་སྣོད་བཅུད་ཀྱི་བཀོད་པ་ཡང་། གངས་རི་ཆེན་པོ་ཏེ་སེ། ཇོ་མོ་གངས་དཀར། ཉང་སྟོད་ཧ་བོའི་གངས། འབྲོག་ལ་ཕྱིའི་གངས། ཙ་རི་ཏྲ། བསམ་གཏན་གངས་བཟང་། གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། རྨ་ཆེན་སྦོམ་ར་སོགས་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་མང་བོས་བསྐོར་བ་དང་། མ་ཕམ་གཡུ་མཚོ། སྐྱེམས་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཕག་མཚོ། མཚོ་སྐྱ་རེངས། སྔོ་རེངས། བེའུ་དུག་མཚོ། སྟོང་རི་མཚོ་ནག ཁྲི་ཤོར་རྒྱལ་མོ་སྟེ་མཚོ་སྔོན་པོ་སོགས་གཡུ་ཡི་མེ་ལོང་འདྲ་བའི་མཚོ་མང་བོ་དང་། རྒྱ་གར་ཕྱོགས་སུ་འབབ་པའི་ཆུ་བོ་གངྒཱ་དང་། ཆུ་བོ་སིནྡྷུ་དང་། ཆུ་བོ་ལོ་ཧི་ཏ་སྟེ་ཡར་ཀླུང་གཙང་བོ་རྣམས་དང་། ཁམས་ཀྱི་འབྲི་ཆུ་དང་། ཆུ་བོ་གསེར་ལྡན་ཏེ་རྨ་ཆུ་སོགས་ཀྱི་འབྱུང་ཁུངས་ཀྱང་བོད་ན་ཡོད་ལ། དེར་མ་ཟད་གངས་ཅན་གྱི་ཡུལ་གྱི་མཐའ་མཚམས་ཀྱང་། རྒྱ་ནག་དང་། འབར་མ་སྟེ་མོན་དང་། རྒྱ་གར་དང་། བལ་བོ་དང་། ལི་ཡུལ་དང་། ཧོར་སོགས་རྒྱལ་ཁམས་གཞན་པ་དུ་མ་དང་འདབས་འབྲེལ་བར་ཡོད་པས་ས་ཚིགས་ཀྱི་དབང་དུ་བྱས་ན་བོད་འདི་འཛམ་གླིང་གི་ལྟེ་བ་ཡིན་ཞིང་ཡུལ་གྲུ་གཞན་ལས་ཁྱད་པར་དུ་འཕགས་པ་གཅིག་ཡིན་ནོ།། དེ་ལྟ་བུའི་བོད་ལྗོངས་དེར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་བོ་བྱོན་པ་ནས་བཟུང་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག སའི་ལྡེ་བརྒྱད། འོག་གི་བཙན་གསུམ་སྟེ་རྒྱལ་རབས་ཉེར་དྲུག་དང་། དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་སོགས་རྒྱལ་རབས་བཞིའི་རྗེས་སུ་གནམ་རི་སྲོང་བཙན་བྱོན་ལ། ཡབ་རྒྱལ་བོ་འདི་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་རྒྱལ་བོ་སྲོང་བཙན་སྒམ་པོ་འཁྲུངས། འདི་འཁྲུངས་པའི་ལོ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་ཉག་མ་བཅུ་བ་ས་མོ་གླང་གི་ལོ་སྟེ། ཤམྦྷ་ལའི་རིགས་ལྡན་བཅུ་བ་ཁྲིར་བཞུགས་མེ་མཁའ་རྒྱ་མཚོའི་ལོ་མགོ་ཚུགས་ནས་ལོ་དྲུག་པ་དང་། ད་ལྟ་སྤྱི་ལོ་ཞེས་ཡོངས་སུ་གྲགས་པའི་མགོ་ཚུགས་ནས་ལོ་དྲུག་བརྒྱ་ཉེར་དགུ་བ་ཡིན། སྤྱི་ལོ་འདི་རིགས་ལྡན་གསུམ་པ་བཟང་བོའི་ཁྲི་ལོ་དོན་བརྒྱད་པ་ནས་མགོ་ཚུགས་པ་སྟེ་ཡེ་ཤུ་མ་ཤི་ཀ་འཁྲུངས་པའི་ལོ་ཡིན་པར་གྲགས། སྲོང་བཙན་དགུང་ལོ་བཅུ་གསུམ་གྱི་ཐོག་རྒྱལ་སར་བཞུགས་ཏེ་བོད་ཀྱི་རྒྱལ་རབས་སོ་གཉིས་པ་ཡིན། འདི་རེག་ལ་བོད་ཁམས་སུ་ཡི་གེ་འབྲི་སྲོལ་མ་བྱུང་། དེ་ནས་རྒྱལ་སྲིད་སྐྱོང་བ་ལ་ཡི་གེ་གལ་ཆེ་བར་དགོངས་ནས་བློན་པོ་ཐོན་མི་ཨ་ནུའི་བུ་སཾ་བྷོ་ཊ་འཁོར་བཅས་ལ་གསེར་མང་བོའི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་པར་མངགས། དེས་བྲམ་ཟེ་ལི་བྱིན་ཀ་ར་དང་། པཎྜི་ཏ་ལྷའི་རིག་པ་སེང་གེ་གཉིས་སློབ་དཔོན་དུ་བསྟེན་ནས་མཁས་པའི་ཕ་རོལ་ཏུ་སོན། སླར་བོད་དུ་ཕེབས་ནས་རྒྱ་གར་གྱི་ཡི་གེ་ལྔ་བཅུ་ཐམ་པའི་ནང་ནས་དབྱངས་བཅུ་གཅིག་དང་། འཐུག་པོ་ལྔ་དང་། ལོག་པ་ལྔ་དང་། ཀྵ་ཡིག་རྣམས་བོད་ལ་མི་མཁོ་བས་དོར། ཡི་གེ་དྲུག་གསར་དུ་བརྣན་ནས་བོད་ཡིག་ལ་དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་གཏན་ལ་བབ། ལཉྫ་ལ་དཔེ་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེ་བྱས་ནས་དབུ་མེད་ཀྱི་ཡིག་གཟུགས་འབྲི་བའི་སྲོལ་བཏོད་ཅིང་སུམ་རྟགས་སོགས་ཡི་གེ་ལ་མཁོ་བའི་བསྟན་བཅོས་བརྒྱད་དང་། དང་བོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམ། ཀ་མད་སུམ་ཅུར་བསྒྱུར་བ། རེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མི་མདོ་རྫིའི་སྒྲ་མདོ་སོགས་བརྩམས་པར་གྲགས་སོ།། དེའི་ཚེ་ཐོན་མིས་རྒྱལ་བོ་ལ་ཡི་གེའི་ཕུད་བྲིས་ཏེ་ཕུལ་བ་ནི་འདི་ལྟར། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།། གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།། བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ།། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།། ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག ། དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།། སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས།། སྲོང་བཙནན་སྒམ་པོར་མཚན་གསོལ་བའི།། ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ།། ཞེས་པ་འདི་རྒྱལ་བོ་ལ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ནས་ཐོན་མི་ལ་བཀུར་བཟོས་དཔེ་མེད་པ་མཛད། དེའི་རྐྱེན་གྱིས་བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་དང་འགྲན་སེམས་བྱས་པ་ན་དེ་གཅོག་པའི་ཕྱིར་རྒྱལ་བློན་ཐམས་ཅད་ཚོགས་པའི་དབུས་སུ་གླུ་བླངས་པ་ནི། ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།། ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།། ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།། དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན།། བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།། ཚིག་དབྱངས་ཡིག་རྣམས་ལ་མཁས་པར་བསླབས།། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།། བོད་ཡིག་སུམ་ཅུར་གཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤར།། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། མི་མཁས་པར་སླེབས་པའི་སྔ་མ་ཡིན།། ང་མུན་པ་སེལ་བའི་སྒྲོན་མེ་ཡིན།། རྗེ་རྒྱལ་བོ་ཉི་ཟླའི་ཚུལ་དུ་བཞུགས།། གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།། བོད་ཁ་བ་ཅན་གྱི་མི་རྣམས་ལ།། ང་ཐོན་མི་བཀའ་དྲིན་མི་ཆེ་འམ།། ཞེས་པའོ། །དེའི་ཚེ་བློན་པོ་གཞན་རྣམས་ཀྱིས་མིག་ཆུ་བཏོན་ནས་ཐོན་མི་ལ་བཟོད་གསོལ་ཕུལ་བར་གྲགས་སོ།། སྲོང་བཙན་གྱི་རིང་ལ་རྒྱ་ནག་གི་གོང་མ་ཐང་ཐེ་ཙུང་ངམ། སེང་གེ་བཙན་པོའི་སྦས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས་ནས་རྒྱ་ནག་དང་གཉེན་འབྲེལ་གྱི་ཐོག་མ་བསྒྲིགས། རྟེན་སྐལ་དུ་ཇོ་བོ་ཤཀྱ་མུ་ནེ་བོད་དུ་གདན་དྲངས་ཏེ་ལྷ་སའི་ཇོ་ཁང་བཞེངས་པ་སོགས་མཛད་པ་བསམ་གྱིས་མི་ཁྱབ། བོད་ལ་མི་དགེ་བཅུ་སྤོང་གི་སྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས། དེའི་རྗེས་ནས་རྒྱལ་རབས་སོ་དྲུག་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་གར་ནས་མཁན་ཆེན་བོ་དྷི་ས་ཏྭ་དང་། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་ཆོས་ཀྱི་བྱ་བ་མང་བོ་བྱས། རྒྱལ་བོ་འདིའི་སྐྱེད་ཡུམ་ཡང་རྒྱ་ནག་རྒྱལ་བོའི་སྲས་མོ་ཡིན། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནེ་བཙན་པོའི་རིང་ལ་འབངས་ཀྱི་དབུལ་ཕྱུག་ལན་གསུམ་གྱི་བར་དུ་སྙོམས་པར་མཛད། སྲས་ཐ་ཆུང་མུ་ཏིག་བཙན་པོ་ལ་སྲས་ལྔ་བྱུང་བའི་ཐ་ཆུང་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་གྱི་དུས་སུ་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་གདན་འཛོམས་ཏེ་བཀའ་བསྟན་གྱི་ཆོས་མང་བོ་བསྒྱུར། འདིའི་སྐུ་རིང་ལ་རྒྱ་བོད་ཀྱི་གཡུལ་འཁྲུག་རླབས་ཆེ་བ་བྱུང་ཡང་། མཐར་བསྡུམས་ཏེ་གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོན་ཞང་ཞེས་གླེང་བར་གྲགས། དེའི་རྗེས་སུ་རལ་བ་ཅན་གྱི་ཕུ་བོ་གླང་དར་མ་རྒྱལ་སར་འཁོད། དེའི་རིང་ལ་བསྟན་པ་བསྣུབས་ནས་ལོ་བདུན་ཅུའི་རིང་ལ་བོད་ཡུལ་མུན་པའི་གླིང་དུ་བྱས་སོ། །དེའི་སྐབས་སུ་བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱི་སྐུ་དྲིན་ལས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཏེ་བསྟན་པ་ཕྱི་དར་གྱི་མགོ་བཙུགས་པ་ཡིན་ནོ། །ཚུལ་དེ་ལྟ་བུས་སྔོན་རབས་ངེས་པར་བྱས་ནས་ད་ནི་ད་ལྟའི་ཡིག་རྒྱུན་འདི་ཇི་ལྟར་བྱུང་ཚུལ་བརྗོད་ན། སྤྱི་ལོ་བརྒྱ་ཕྲག་བདུན་པའི་སྨད་ཙམ་ལ་སློབ་དཔོན་ཐོན་མིས་བོད་ཡིག་གི་སྲོལ་ཐོག་མར་ཕྱེ་ནས་ཡི་གེའི་མ་དཔེ་ལྷ་སའི་རྡོ་རིང་ལ་བཏབ་སྟེ་བྲིས་པ་ལ་སྦལ་ནག་ན་ལ་བགྲད་འདྲ་ཞེས་པར་གྲགས། དེའི་རྗེས་སུ་སྲོང་བཙན་གྱི་སྲས་མང་སྲོང་མང་བཙན་གྱི་དུས་སུ་ཡིག་མཁན་ཆ་ངར་རིན་ཆེན་འབར་ཞེས་པས་བྲིས་པ་ལ་ས་ཕག་གཤིབ་འདྲ་ཞེས་པར་གྲགས། དེའི་རྗེས་སུ་མང་སྲོང་གི་སྲས་འདུས་སྲོང་མང་རྗེའི་དུས་སུ། ཡིག་མཁན་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པ་ལ་བྱ་ཕོ་འཇོལ་བ་འདྲ་བ་ཞེས་པར་གྲགས། དེའི་རྗེས་སུ་འདུས་སྲོང་གི་སྲས་མེས་ཨག་ཚོམ་གྱི་དུས་སུ་ཡིག་མཁན་དགེ་བསྙེན་དཀོན་མཆོག་དབང་ཟེར་བས་བྲིས་པ་ལ། ནས་སྔོན་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ་བ་ཞེས་པར་གྲགས། དེའི་རྗེས་སུ་མེས་ཨག་ཚོམ་གྱི་སྲས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིག་མཁན་བྷེ་ཤོ་ཁྲམ་ཟེར་བས་བསམ་ཡས་ཀྱི་རྡོ་རིང་ལ་མ་དཔེ་བྲིས་པར་མུ་ཏིག་སྟར་ལ་བརྒྱས་འདྲ་ཞེས་པར་གྲགས། དེའི་རྗེས་སུ་ཁྲི་སྲོང་གི་སྲས་མུ་ནེ་བཙན་པོའི་དུས་སུ་ཡིག་མཁན་ཚེ་སྤོང་བྱང་ཆུབ་ཟེར་བས་བྲིས་པ་ལ་སྦུར་ནག་བགྲད་པ་འདྲ་བ་ཞེས་སྨད་པའི་གནས་སུ་བྱེད་པ་ཞིག་བྱུང་། དེའི་རྗེས་སུ་མུ་ནེ་བཙན་པོའི་གཅུང་མུ་ཏིག་བཙན་པོའི་རིང་ལ་ཡིག་མཁན་འབྲེ་བ་ཡོན་ཏན་ཟེར་བས་བྲིས་པ་ལ་ཉ་མོ་ཆུ་ནང་ནས་ཕྱུང་བ་འདྲ་བ་ཞེས་པར་གྲགས། དེའི་རྗེས་སུ་མུ་ཏིག་བཙན་པོའི་སྲས་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་གྱི་དུས་སུ་ཡིག་མཁན་མཁས་པ་གྲ་ཤོད་རྣམ་གཉིས་ཀྱིས་བྲིས་པ་ལ་སེང་གེ་གནམ་དུ་འཕྱོངས་འདྲ་ཞེས་པར་གྲགས། འདི་དག་ནི་བསྟན་པ་སྔ་དར་དུས་ཀྱི་ཡིག་མཁན་གྲགས་ཅན་རྣམས་སོ། །བསྟན་པ་ཕྱི་དར་གྱི་དུས་སུ་ཡིག་མཁན་སྒྲོ་གཉའ་ཁྲི་ཞེས་བྱ་བས་གྲ་ཤོད་ཀྱི་རྡོ་རིང་ལ་གཞི་བྱས་ཏེ་བར་གསར་ཟེར་བའི་ཡི་གེ་བྲིས། ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་སུ་ཡིག་མཁན་ཤཱཀྱ་རྡོ་རྗེ་ཟེར་བ་བྱུང་། དེའི་རྗེས་སུ་ཀ་ཁྱུང་རྣམ་གཉིས་ཞེས་པའི་ཡིག་མཁན་མཁས་པ་བྱུང་། ཁྱད་པར་དུ་ཁྱུང་བོ་གཡུ་ཁྲིས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ཏེ་ཡི་གེ་འབྲི་སྐབས་ཆ་ཆེན་ཆ་ཆུང་གི་སྲོལ་བཏོད། དེ་ལ་སློབ་མ་ཡིག་མཁན་བཟང་བ་བཅུ་གཉིས་བྱུང་ཞིང་། ཡང་སློབ་མཁས་པ་ཆེན་པོ་རོང་བོ་སོགས་བྱོན་ཏེ། ད་ལྟ་བདག་ཅག་གི་འབྲི་སྲོལ་འདི་ནི་ཁྱུང་བོ་གཡུ་ཁྲིའི་ཕྱག་རྒྱུན་ཡིན་པར་གྲགས་སོ།། གངས་རིའི་ཕྲེང་བས་རབ་མཛེས་འཇིག་རྟེན་དུ།། གཙུག་ལག་གསལ་བྱེད་བརྡ་སྤྲོད་ཡི་གེའི་སྲོལ།། ཇི་ལྟར་དར་བའི་གཏམ་སྙན་ནོར་བུའི་རྒྱན།། བློ་གསལ་གཞོན་ནུ་དགའ་བའི་དཔྱིད་དུ་སྤེལ།། ཅེས་བོད་ཡིག་གི་འབྱུང་ཁུངས་གསལ་བར་བཤད་པ་འདི་ནི། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་གྱ་གཅིག་པ་དཔའ་བོ་ལྕགས་འབྲུག་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ནས་བརྩིས་པའི་ལོ་ཉིས་སྟོང་བརྒྱད་བརྒྱ་སོ་གསུམ་པ། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་དྲུག་པ་ཆུ་འབྲུག་གི་ལོ། ད་ལྟ་ཡོངས་སུ་གྲགས་པའི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་གཉིས་པའི་དགུན་གྱི་དུས་སུ། རང་རེ་བོད་ཁ་བ་ཅན་གྱི་རིག་གཞུང་ཁྱབ་གདལ་དུ་སྤེལ་བའི་ཆ་རྐྱེན་དུ། ཚེ་ཏན་ཞབས་དྲུང་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ནས་བྲིས་པ་བི་ཛ་ཡནྟུ།། །། སློབ་དཔོན་ཐོན་མིའི་རྩོམ་ཕུད་ཀྱི་སྦྱོར་འགོད་མདུད་རྒྱ་འགྲོལ་བའི་མཐེབ་མཛུབ་ཅེས་བྱ་བ། ༄༅། །ཤེས་རབ་ཀྱི་ནོར་མཆོག་ལྡན་པའི་སློབ་བུ་འཇམ་དབྱངས་གྲགས་པས་དྲི་བ་བྱེད་རྒྱར། རྒྱལ་བོ་སྲོང་བཙན་སྒམ་པོ་ལ། ཆོས་བློན་ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་བཟོས་མཛད་འཕྲལ་ཡིག་ཕུད་ཀྱི་རྩོམ་ལེ་ཚན་གཉིས་ལས་དང་བོ་ནི། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།། གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།། ཞེས་པ་འདིའི་ནང་དོན་ག་འདྲ་ཞིག་རེད་ལགས་ཞེས་དྲི་བ་བྱུང་བར། དེའི་ལན་ལ། ཡིག་ཕུད་ཀྱི་གསུང་རྩོམ་འདི་ནི་དབྱངས་མ་ངེས་པའི་སྙན་ངག་གི་བྱ་དཀའ་བའི་རྒྱན་ཞིག་རེད། དེ་ལ་སྦྱོར་འགོད་ཀྱི་སྒོ་ནས་ཚིག་དོན་འགྲེལ་ན་འདི་ལྟར། སོ་སྐྱེའི་ས་ལས་རིང་དུ་སོང་བས་ན་འཕགས་པ་དང་། བདུད་བཞིའི་གཡུལ་ངོ་ལས་རྣམ་པར་རྒྱལ་བས་མ་ཕམ་པ་སྟེ། དགའ་ལྡན་གྱི་མགོན་པོ་རྗེ་བཙུན་བྱམས་པ་ཆོས་ཅན། མཚན་ཉིད་ཐམས་ཅད་ཡང་དག་པར་ལྡན་པའི་འདྲེན་པ་དམ་པ་ལགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལས་ཐོག་མར་སྐུ་ཡི་ཡོན་ཏན་གྱི་ཆ་ནས་ཞལ་རས་ཏེ་བཞིན་གྱི་དཀྱིལ་འཁོར་དག་ཅིང་གསལ་ལ། ཕལ་བའི་ཚོན་གྱིས་བསྒོས་པ་མ་ཡིན་པར་རང་བཞིན་ནམ་ལྷན་སྐྱེས་སུ་གྲུབ་པའི་ཞལ་གྱི་གཟི་མདངས་བཟང་བར་མ་ཟད། ཐ་མལ་བའི་གདོང་ལྟར་ལྐོག་ཏུ་ལྷུང་བ་དང་། ཞོམ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་ནི། དཔེར་ན། ཟླ་བ་ཉ་གང་བའི་ཚུལ་ལྟར་མཚན་བཟང་དང་ལྡན་པའི་ཕྱིར། ཡང་རྗེ་བཙུན་བྱམས་པ་ཆོས་ཅན། ཁྱེད་ལ་གསུང་གི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོད་དེ། གདུལ་བྱ་རྣམས་ཐར་ལམ་དུ་བཀྲི་བའི་གདམས་ངག་ཟབ་མོའི་ལམ་གྱི་རིམ་པ་གདུལ་བྱའི་སྐལ་བ་དང་འཚམས་པར་རྒྱུན་མ་ཆད་པའི་གསུང་ཚངས་པའི་དབྱངས་དེ་ནི། ལྷ་དང་བཅས་པའི་འཇིག་རྟེན་པའི་རིས་ཐ་དད་པའི་མོས་པ་བཞིན་དུ་ཆོས་ཀྱི་རང་སྒྲ་ལྷང་ལྷང་དུ་སྒྲོགས་པར་མཛད་པའི་ཕྱིར། ཡང་། རྗེ་བཙུན་བྱམས་པ་ཆོས་ཅན། ཁྱོད་ལ་ཐུགས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོད་དེ། རང་དོན་མཐར་ཕྱིན་པ་བརྙེས་པའི་ཚེ་ན་ལས་དང་ཉོན་མོངས་པ་ངན་སོང་ངན་འགྲོའི་རྒྱུར་གྱུར་པ་གང་ཇི་རྙེད་ཅིག་ཡོད་པ་ཀུན་དང་། དེར་མ་ཟད་ཉོན་མོངས་ཀྱི་བག་ཆགས་དང་བཅས་པ་ཐམས་ཅད་སླར་མི་འབྱུང་བའི་ཚུལ་གྱིས་བསལ་བ་སྟེ་རྒྱང་རིང་དུ་དོར་བར་མཛད་པ་དང་། གཞན་དོན་མཐར་ཕྱིན་པ་པརྙེས་པའི་རྟགས་སུ་འགྲོ་བ་རིགས་དྲུག་གའི་རྒྱུད་ཀྱི་ལས་ངན་གྱིས་བཞག་པའི་སྒྲིབ་གཉིས་བག་ཆགས་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་ཕྱིར། རྐང་བ་ཐ་མ་མགོར་ལེན་དོན་ནི། ཚིག་གི་སྡེབ་སྦྱོར་གྱི་ལྷུ་འགྲིག་པ་དང་འགྲེལ་སླ་བའི་དོན་དུའོ།། དྲི་བ་བྱེད་མཁན་ན་རེ། བཀའ་དྲིན་ཆེ། དེ་ལྟར་སྦྱོར་འགོད་བྱས་པའི་སྒོ་ནས་རྩོམ་ཕུད་ལེ་ཚན་དང་བོའི་དགོངས་དོན་སེམས་ལ་ཅུང་ཟད་བབས་བྱུང་། ད་ནི་ལེ་ཚན་གཉིས་པ། བདེ་གཤེགས་བདེན་ངེས་ཡེ་ཤེས་བརྙེས།། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།། ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག ། དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།། ཞེས་པ་འདིའི་ནང་དོན་ག་འདྲ་ཡིན་པ་གསལ་བོ་ཞིག་གསུང་རོགས་ཞུ། འདི་ནི་བྱ་དཀའ་བའི་སྙན་ངག་དབྱངས་ཨེ་ངེས་པ་དང་། ཨི་ངེས་པ། ཨོ་ངེས་པ། ཨུ་ངེས་པའི་སྒོ་ནས་རྩོམ་ཕུད་དུ་མཛད་པ་སྟེ། འདི་ལ་མདོ་སྔགས་གཉིས་ཀྱི་ཐ་སྙད་གང་ལ་སྦྱང་ནས་འགྲེལ་ཆོག་ན་ཡང་། རེ་ཞིག་སྔགས་ཕྱོགས་ཀྱི་ཟ་སྙད་སྦྱར་ནས་འགྲེལ་ན་འདི་ལྟར། བདེ་བའི་ལམ་ནས་བདེ་བའི་སར་གཤེགས་པའི་མི་སློབ་པའི་ཟུང་འཇུག་གི་སྐུ་ཐོབ་པའི་རྡོ་རྗེའི་སྐུ་ཅན་རྣམས་ཆོས་ཅན། བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྒྱལ་བ་ཀུན་གྱི་བགྲོད་པའི་ལམ་གཅིག་པུར་ངེས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་བརྙེས་པ་ཡིན་ཏེ། འོད་གསལ་དོན་དམ་པའི་ཏིང་ངེ་འཛིན་རྟག་ཆད་ཀྱི་མཐའ་གཉིས་ཞི་བ་ཉིད་དེ་གཏན་བྲལ་དུ་གྱུར་པས་ཆོས་ཀྱི་དབྱིངས་སྟོང་བ་ཉིད་མངོན་སུམ་དུ་རིག་ཅིང་སྒྲིབ་མེད་དུ་གཟིགས་པའི་ཐུགས་དག་པ་དོན་གྱི་འོད་གསལ་ཆོས་ཀྱི་སྐུ་དང་། ཤིན་ཏུ་ཕྲ་བའི་གཉུག་མའི་རླུང་སེམས་ལས་གྲུབ་པའི་མཚན་དཔེ་གསལ་རྫོགས་ཀྱི་སྐུ་ཉོན་མོངས་ཕྲ་རགས་ཀྱི་ཚོགས་ཀུན་ནས་བཅོམ་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་དོད་ཐུབ་པའི་སྐུ་དག་པ་སྒྱུ་མའི་གཟུགས་ཀྱི་སྐུ་སྟེ། སྐུ་ཐུགས་ཟུང་དུ་འཇུག་པའི་དང་བོའི་མགོན་པོ་མཆོག་ཏུ་དངོས་གནས་སུ་བཞེངས་པའི་སྐུ་དེ་ཉིད་ཀྱིས་དུག་གསུམ་གྱིས་དྲངས་པའི་སྒྲིབ་གཉིས་ཀྱི་བདུད་འདུལ་བ་ལ་ཐབས་མཁས་དང་ལྡན་ཞིང་། བདུད་དེ་ཉིད་རྣམ་པ་ཀུན་ཏུ་སླར་མི་འོང་བའི་ཚུལ་གྱིས་ཐུལ་བར་མཛད་པ་སྟེ་ཚར་བཅད་པའི་ཕྱིར། ཞེས་དེ་ལྟར་དུ་འགྲེལ་ན་མི་ཆོག་པ་མེད་དམ་སྙམ་མོ།། དྲི་བ་བྱེད་མཁན་ན་རེ། ངེས་པར་བཀའ་དྲིན་ཆེ་ཞུ། རྩོམ་ཕུད་འདི་ལ་འདི་འདྲའི་གོ་སླ་བའི་འགྲེལ་བཤད་བྱས་པ་ཞིག་བདག་གིས་སྔོན་ཆད་མ་མཐོང་བས། ད་རེབ་བདག་ལ་བློ་སྐྱེད་ཆེན་པོ་གནང་སོང་། བཀའ་དྲིན་ཆེ་ཞུ་ལགས། མཇུག་བསྡུ་བའི་ཚིགས་བཅད་ཅིག་འགོད་ན། སྨྲས་པ། དཔལ་ལྡན་ཐོན་མིའི་བྱ་དཀའི་སྙན་ངག་གཞུང་།། འགྲེལ་དཀའི་སྡེབ་སྦྱོར་མདུད་པ་དམ་པོའི་རྒྱ།། གསལ་བར་གྱིས་ཞེས་འཇམ་དབྱངས་གྲགས་པ་ཡིས།། བསྐུལ་ངོར་རིག་པའི་འདོད་འཇོས་འཕྲལ་དུ་བྲིས།། འོན་ཀྱང་དོན་ཟབ་གཏིང་དཔག་དཀའ་བའི་གཞུང་།། བདག་ལྟའི་བྱིས་པའི་རྣམ་དཔྱོད་ཕང་བ་རུ།། ཤོང་མིན་ཕྱིར་ན་མི་འཁྲུལ་མི་སྲིད་པས།། གཟུར་གནས་མཁས་པས་དག་པར་བཅོས་ན་ལེགས།། གངས་ཅན་བོད་ཀྱི་ཡིག་གཟུགས་འབྲི་ཚུལ་གྱི་མཛེས་རྩལ་ཇི་ལྟར་བྱུང་བ། ༄༅། །དུས་རབས་བདུན་པའི་སྟོད་ཀྱི་ཆར་སློབ་དཔོན་ཐོན་མི་སམྦྷོ་ཊས་བོད་ཡིག་གསར་དུ་བཟོས་པ་ནས་བཟུང། རིམ་གྱིས་བཟབས་ནས་འབྲི་དགོས་པ་ལ་གཟབ་མ་དང་། དེ་ཙམ་གཟབ་མི་དགོས་ཤིང་མགྱོགས་པོར་བྲིས་ཆོག་པ་ལ་གཤར་མ་ཞེས་འབྲི་ཚུལ་རིགས་གཉིས་བྱུང་། ད་ལྟ་གཟབ་མའི་ཡི་གེ་ལ་དབུ་ཅན་དང་། གཤར་མའི་ཡི་གེ་ལ་དབུ་མེད་ཀྱི་ཡི་གེ་ཟེར། དབུ་ཅན་དང་དབུ་མེད་ཟེར་དོན་ཡི་གེ་ལ་མགོ་འཐེན་ཡོད་པ་དང་མེད་པའི་སྒོ་ནས་བཏགས་པ་ཡིན། དེས་ན་བོད་ཡིག་ཐོག་མར་འདྲི་སྦྱོང་བྱེད་དུས་གོ་རིམ་དང་ལྡན་དགོས་པའི་ཚུལ་དང་། སྔོན་བྱོན་ཡིག་མཁན་རྣམས་ཀྱིས་ཚུལ་ཇི་ལྟར་དུ་དར་སྤེལ་བཏང་བ་དང་། དེ་ལ་བརྟེན་ནས་ཐབས་གང་གིས་ཡིག་གཟུགས་སྦྱོང་བའི་ཚུལ་ཏེ་ཚན་པ་གསུམ་གྱི་སྒོ་ནས་ཤེས་དགོས། དང་བོ། གོ་རིམ་གྱི་དབང་དུ་བཏང་ན་ཐོག་མར་དབུ་ཅན་གྱི་ཀ་ཁ་སུམ་ཅུ་ཇི་ལྟར་འབྲི་ཚུལ་དང་། དེ་ནས་རིམ་པར་གི་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་རྣམས་སྦྱོར་ཚུལ། ར་ལ་ས་ཡི་མགོ་ཅན་རྣམས་འདོགས་ཚུལ། ཡ་ར་ལ་ཝའི་འདོགས་ཅན་རྣམས་སྦྱོར་ཚུལ་ལ་བྱང་བར་སྦྱང་། དེ་ནས་མིང་དང་ཚིག་གི་ཕྲེང་བ་སྤེལ་བའི་ཚིགས་བཅད་དང་ཚིག་ལྷུག་འབྲི་བར་བསླབ། དེ་ལྟར་དབུ་ཅན་གྱི་འབྲི་ཚུལ་ལེགས་པར་བྱང་ཞིང་ཚད་དང་ལྡན་པར་གྱུར་བ་ན། དབུ་མེད་ཀྱི་ཡི་གེ་སྦྱོང་བའི་མགོ་འཛུགས་དགོས། དབུ་མེད་ཀྱི་ཡི་གེ་ནི་སྣ་ཁ་གཅིག་མ་ཡིན་པར་རྣམ་གྲངས་དུ་མ་ཞིག་ཡོད། དེ་ཡང་ཐོག་མར་སུག་རིང་འབྲི་ཚུལ་སྦྱོང་དགོས། དེ་ཅུང་ཟད་ལོབས་པ་ན་ཚུགས་ཡིག་ཟེར་བ་དབྱིབས་གྲུ་བཞི་ཅན་ཇི་ལྟར་འབྲི་ཚུལ་སྦྱོང་དགོས། དེ་ལོབས་ནས་བར་བྲིས་ཟེར་བ་ཡིག་གཟུགས་ཅུང་ཟད་ཟླུམ་པོ་བྱང་ན་འབྲི་སླ་བ་ཅན་དེ་སྦྱོང་དགོས། དེ་ལེགས་པར་ལོབས་པ་ན་རྒྱུགས་ཡིག་གམ་འཁྱུགས་ཡིག་ཇི་ལྟར་འབྲི་ཚུལ་སྦྱོང་དགོས། མདོར་ན་དབུ་མེད་ཀྱི་འབྲི་ཚུལ་ངེས་པར་རིམ་པ་འདི་ལྟ་བུ་ཞིག་ཡིན་དགོས། བོད་ཀྱི་ཐང་ཡིག་རྣམས་ལེགས་པར་སྦྱངས་པའི་རྗེས་ནས་ལེགས་སྦྱར་སྔགས་ཀྱི་དབྱངས་གསལ་དང་། བརྩེགས་མ་རྣམས་ཇི་ལྟར་འབྲི་ཚུལ་སྤྱི་དང་། ཁྱད་པར་དུ་འཐུག་པོ་ལྔ་དང་ལོག་པ་དྲུག་གི་གུ་ཕྱིར་ལོག་དང་ཀེ་ཤ་ཅན་རྣམས་ཇི་ལྟར་འབྲི་ཚུལ་གཟབ་གཤར་གཉིས་ཀའི་སྟེང་ནས་གཟབ་ཐོན་དུ་སྦྱངས་པའི་མཐར་རིམ་གྱིས་ལཉྫ་དང་ཝརྟུ་སྦྱོང་བའི་བརྩོན་པ་ཡང་བསྟེན་དགོས། དེར་མ་ཟད་མཁས་པའི་ཕྱག་རྒྱུན་ལས་ཐོན་པའི་ཨང་ཀི་འབྲི་ཚུལ། མཚལ་ཐིག་དང་སྣག་ཐིག་འདེབས་ལུགས་སོགས་ཆ་ཕྲ་མོ་རྣམས་ཀྱང་གང་ཞིབ་ཀྱིས་ལེགས་པར་སློབ་དགོས། གོང་དུ་བཤད་པའི་རིམ་པ་དེ་ལྟར་མ་སྦྱངས་པར་རིམ་པ་འཆོལ་བར་སྦྱངས་ན་ནི་སྟག་མཆོངས་སར་ཝ་སྐྱེས་མཆོང་མ་ཐུབ་པར་རྐེད་པ་ཆག་པའི་ཉེན་ཁ་བར་ལམ་ནས་རང་ཐོག་ཏུ་འབབ་ངེས་ཡིན། གཉིས་པ། སྔོན་བྱོན་མཁས་པས་ཚུལ་ཇི་ལྟར་དུ་དར་སྤེལ་མཛད་པ་ནི། དབུ་ཅན་ལ་མཚོན་ན་མཁས་པ་ཆེན་པོ་ཁྱུང་བོ་གཡུ་ཁྲི་ཟེར་བས་ཐིག་ཁོག་ཏུ་དྲངས་ནས་སློབ་པའི་ལག་ལེན་སྤེལ། ཡི་གེ་སོ་སོ་ལ་ཆ་ཆེན་དང་ཆ་ཆུང་གི་རེའུ་མིག་བཟོས་ནས་ཡི་གེའི་མགོ་དང་། རྐེ་དང་། ལུས་དང་། རྐང་བ། མགོ་འདོགས་སོགས་ཐིག་གང་དང་གང་ལ་འབབ་པ་གཞིར་བཟུང་ནས་འབྲི་བ་མ་གཏོགས་སྣང་བ་གང་དྲན་བྱེད་མི་ཆོག ཐིག་ཁོག་ཏུ་དྲངས་ནས་བྲིས་པའི་ཁྱད་ཆོས་ནི། རིང་ཐུང་དང་ཞེང་ཚད་སྙོམས་པ་དང་མཐོ་དམའ་ཚད་དང་ལྡན་པ་དང་ཡ་ཡོ་ཀྱག་ཀྱོག་མི་ཤོར་བ་སྟེ་ཡོན་ཏན་གསུམ་ཚང་། དེ་ལྟ་བས་ན་ཐོག་མར་སྦྱོང་དུས་རབ་ཡིན་ན་ཐིག་ཁོག་ཏུ་དྲངས་ནས་འབྲི། དེ་མིན་ཡང་གང་གཟབ་ཀྱིས་ཡི་གེ་ཆེ་ཆུང་མི་ཤོར་བ་དང་། ཀ་ག་ཉ་ཏ་སོགས་རྐང་རིང་ཅན་གྱི་ཡི་གེ་རྣམས་དང་ང་ཇ་ཛ་སྟེ་རྐང་འབྲིང་གི་ཡི་གེ་དང་། མ་ཟ་སོགས་རྐང་ཐུང་ཅན་གྱི་ཡི་གེ་རྣམས་ཀྱི་ཁྱད་གསལ་བོར་བཏོད་པ་གལ་ཆེ། ཡི་གེ་ཆེ་ཆུང་མི་ཤོར་བའི་ཚད་ནི་ཐིག་ཕྲེང་དང་བོ་ན་གང་ཡོད་ཀྱི་ཡི་གེ་དང་ཐིག་ཕྲེང་འགབ་མ་ན་ཡོད་པའི་ཡི་གེ་གཉིས་དཔར་བརྒྱབ་པ་ལྟ་བུའི་ཇི་མ་ཇི་བཞིན་བྱུང་ཚེ་ཆེ་ཆུང་གི་ཚད་ལ་ལག་བྱང་བའི་རྟགས་ཡིན། དེ་མིན་ཐིག་ཕྲེང་དང་བོའི་ཡི་གེ་རྟ་ལྟ་བུ་དང་ཐིག་ཕྲེང་འགབ་མའི་ཡི་གེ་བྱི་ལ་ལྟ་བུ་ཡིན་ཚེ་ད་དུང་གཞི་ནས་ལེགས་པར་སྦྱོང་དགོས། སྤྱིར་ཡོན་ཏན་གང་དང་གང་སྦྱོང་བ་ལ་ཅུང་ཟད་ཙམ་ཤེས་པ་ནས་བཟུང་ཁེངས་དྲེགས་ང་རྒྱལ་གྱི་མགོ་འཕང་ཇི་མཐོ་དང་ཤེས་མེད་ཀྱང་ཤེས་རློམ་གྱིས་རང་གཞན་སླུ་བའི་ངན་སེམས་དེ་ཐོག་མཐའ་བར་གསུམ་དུ་སྤོང་ཅི་ཐུབ་དང་ཅུང་ཟད་ཙམ་གྱིས་ཚིམས་ནས་སྔོན་སྐྱོད་བྱེད་པའི་གེགས་ཀྱི་དབང་དུ་མི་འགྲོ་བར་མཁས་བྱའི་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་འདི་རྣམ་པ་ཀུན་ཏུ་གལ་ཆེའོ།། གསུམ་པ། ཐོག་མ་ཡི་གེ་སྦྱོང་ཚེ། ལུས་བཟུར་ནས་མི་འདུག་པར་དྲང་ཐད་དུ་འདུག ལུས་ཧ་ཅང་མི་དགྱེ་ཧ་ཅང་མི་སྒུར་བར་རན་པར་འདུག ཅོག་ཙེ་བརྟན་པོ་མཐོ་དམའ་ཚད་དང་ལྡན་པ་ལ་བརྟེན་ནས་འབྲི་བའི་གཞི་སམ་ཌའི་ཀ་ཤིང་ཟེར་བ་གཞི་ནག་པོ་ལ་སྣུམ་བྱུགས་བཏང་། ཐིག་ཤིང་བཟུང་ནས་ཐིག་འདེབས་པའམ་ཐིག་སྐུད་ཀྱིས་ཐིག་འདེབས་པའི་འཕྲུལ་བཀོལ་ནས་བཟུང་རྩམ་པ་འམ་ཕྱེ་བླུགས་པས་དཀར་བོར་སྒྱུར་ཞིང་སྤེན་མའི་སྨྱུ་གུ་ལག་ལེན་ལྟར་བཟོས་པ་སྨྱུག་མཆུ་རིང་བ་ཅན་དབུ་ཅན་འབྲི་ན་སྨྱུ་གུའི་རྒྱབ་ཀྱི་གཡས་ཟུར་ཅུང་ཟད་ཐུང་བའི་མཚམས་ནས་གྲིས་བཅད། དབུ་མེད་འབྲི་ན་དེ་ལས་ལྡོག་སྟེ་བཅད། དེ་ནས་ཁུངས་ལྡན་ཡི་གེའི་ལག་ལེན་ལ་མཁས་པའི་དགེ་རྒན་བཙལ་ནས་དེ་ལ་གུས་འདུད་དང་བརྩི་བཀུར་ལྷག་བསམ་རྣམ་དག་ཡོད་པའི་སྒོ་ནས་འབྲི་སྦྱོང་གི་མགོ་རྩོམ། དེ་ཡང་སྨྱུག་ཁ་སོར་མོས་ཇི་ལྟར་འཛིན་ཚུལ་ནི། ཅུང་ཟད་བསྙལ་བའི་ཚུལ་གྱིས་འཛིན་དགོས། སྨྱུ་གུའི་མཚམས་གང་ནས་འཛིན་པ་དང་སྨྱུག་ཁ་ཇི་ལྟར་འཁྲིད་ཚུལ། ཡིག་གཟུགས་ཀྱི་མགོ་དང་རྐེ་སོགས་སྔ་ཕྱིའི་འབྲི་རིམ། སྨྱུག་ཁ་བསྐོར་ནས་ཕྲ་སྦོམ་བཏོད་ཚུལ་རྣམས་ནི་གཙོ་བོ་དགེ་རྒན་གྱི་ཕྱག་ཁྲིད་ལ་བརྟེན་ནས་སློབ་ན་མ་གཏོགས་ཡིག་ལམ་ནས་ཇི་ཙམ་བཤད་ཀྱང་བརྡར་ཤ་གཅོད་མེ་ཐུབ། རམ་ཌའི་སྟེང་ནས་འབྲི་ཚུལ་སྦྱངས་པ་མཐར་ཕྱིན་པ་ན། སྣག་བུམ་མཚལ་བུམ་སྙུག་མའི་སྨྱུ་གུ་ཆེ་ཆུང་སྣ་ཚོགས་ཤོག་གུ་དཀར་འཇམ་ཅན། ཐིག་ཤིང་། ཞ་སྨྱུག གྲི་ཆུང་སྣོན་པོ་སོགས་ཡིག་མཁན་ལ་མཁོ་བའི་ཅ་ལག་ཡོ་བྱད་ཚང་བར་བསྒྲིགས་ཐོག དགེ་རྒན་གྱི་མདུན་ནས་མཐོང་བ་བརྒྱུད་པའི་ཐབས་ཤེས་གང་ཡོད་ཀྱིས་ཇི་ལྟར་བེད་སྤྱོད་ཚུལ་ལེགས་པར་བསླབ་དགོས། དེ་ལྟ་བུའི་སྒོ་ནས་བོད་ཡིག་ལ་སྦྱངས་ན་བོད་ཡིག་གི་མཛེས་རྩལ་མཐར་ཕྱིན་པ་ཞིག་ཡོང་བར་གདོན་མི་ཟ་ལ། དེ་མ་ཡིན་པར་ཐོག་མ་ཉིད་ནས་ཤོག་གུའི་སྟེང་དུ་གསེར་སྨྱུག་དང་ཞ་སྨྱུག་སྤུ་སྨྱུག་སོགས་བཟུང་ནས་ལས་སླ་བོ་དང་སྟབས་བདེ་བོ་གང་ཡོད་བཀོལ་ནས་རང་དྲན་འབའ་ཞིག་གིས་བོད་ཡིག་འབྲི་ཚུལ་ལ་སྦྱངས་ན་ནི། བོད་ཡིག་གི་མཛེས་རྩལ་མཐར་ཕྱིན་པ་ཞིག་ཡོང་བའི་རེ་བ་ལྟ་ཅི། ས་འདོལ་ནང་དུ་འབུ་གྲོག་མ་སོང་ཤུལ་གྱི་སུག་རྗེས་ལྟ་བུའི་ཡིག་གཟུགས་སམ་ན་ཐང་དང་སྤང་ལྗོངས་སུ་གཡག་རྒོད་རྩྭ་ལ་བཀྲམ་པ་ལྟ་བུའི་ཡིག་གཟུགས་དེར་ལག་པ་ངན་ལང་ལ་སོང་ཚར་རྗེས། ད་གཟོད་ཡིག་གཟུགས་ཡག་པོ་ཞིག་སྦྱོང་འདོད་སྐྱེ་ཐང་ཡང་ཐོག་མར་གོ་རིམ་དང་ལྡན་པའི་སྒོ་ནས་མ་སྦྱངས་པའི་སྐྱོན་གྱིས་མི་དེ་ལ་ཚེ་གང་བོར། ཡིག་གཟུགས་མཛེས་རྩལ་གྱི་ཡོན་ཏན་ཐོན་པ་ནི་དཀའ་མོར་གདའ་འོ།། གངས་ཅན་རིག་པའི་སྐྱེད་ཚལ་ལྡུམ་ར་རུ།། སྐལ་བཟང་མིག་གི་བཅུད་ལེན་མཚར་སྡུག་ཅན།། ལྔ་རིག་མེ་ཏོག་འཇའ་ཚོན་བཀྲ་བའི་མདངས།། བསྐལ་བའི་མཐར་ཡང་ཉམས་པ་མེད་པར་སྨོན།། ཞེས་པའི་འདི་ནི་ཚེ་ཏན་ཞབས་དྲུང་རང་གིས་སློབ་དཔོན་ཞབས་པད་བསྟེན་ནས་ཚེ་གང་བོར་ཡིག་གཟུགས་ཡུན་རིང་སྦྱངས་པའི་ཉམས་མྱོང་སྦྱར་བའི་བསླབ་བྱར་གལ་ཆེ་བ་གཅིག་ཕྱིས་འབྱུང་བློ་གསལ་རྣམས་ལ་སྐྱེས་ཀྱི་ཚུལ་དུ། སྤྱི་ལོའི་ ༨༢ ཟླ་ ༢ བའི་ཚེས་ ༢༠ ལ་བརྩམས་སོ།། །། ཡི་གེའི་དག་ཆ་སྐོར་ལ་མཁོ་བའི་ཟུར་རྒྱན་ཉམས་མྱོང་རྒན་པོའི་མཛུབ་རིས། ༄༅། །ཡི་གེའི་དག་ཆ་སྐོར་ལ་མཁོ་བའི་ཟུར་རྒྱན་ཉམས་མྱོང་རྒན་པོའི་མཛུབ་རིས་ཞེས་བྱ་བ་བཞུགས་སོ།། ༄༅། །བླ་མ་དང་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རིག་པའི་གནས་ཆེན་པོའི་གཞུང་ལུགས་རྣམས་མིའི་ཚེ་ཐུང་གཅིག་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་ཡོང་བ་ལྟ་ཅི། ཐ་ན་ཡི་གེའི་དག་ཆའི་སྐོར་ལ་ཡང་རང་ལ་མཚོན་ན་ཚེ་གང་བོར་འབད་པའི་ཁུལ་བྱས་ཀྱང་དཔྱིས་ཕྱིན་པ་དང་མཐར་ཐུག་པ་ཞིག་ངེས་འདྲོངས་མ་བྱུང་བར་སྣང་ལ། དེ་ཡང་ཡིན་ཏེ། ངེས་ཚིག་སོ་སོར་ཡང་དག་པར་རིག་པ་མ་ཐོབ་ཀྱི་བར་སྐད་ཡིག་ལ་ཐོགས་པ་མེད་པ་ཞིག་མི་འབྱུང་བར་རྒྱལ་བའི་བཀའ་ལས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ད་ལྟ་རང་ལོ་བདུན་ཅུར་ཉེ་བའི་སྐབས་སུ་ཚེ་སྟོད་ལ་པར་དུ་བཀོད་པའི་གླེགས་བམ་རྣམས་སུ་བལྟས་ན་རང་ལ་གཏད་སོ་མེད་པར་ལག་ཏུ་གང་ཡོང་བྲིས་པས་ནོར་བའམ། ལ་ལར་གོ་བ་གཏིང་ཚུགས་པ་ཞིག་མ་ལོན་པར་ཤེས་མདོག་ཁུལ་གྱིས་བྲིས་ནས་ནོར་བའམ། ལ་ལར་ད་དུང་ཡང་ཡིད་གཉིས་ཐེ་ཚོམ་ཆོད་པ་ཞིག་མ་བྱུང་བར་ཡིན་པའི་ཁུལ་གྱིས་བྲིས་པ་མང་ཙམ་ཞིག་མཆིས་པ་ལ་ད་ལྟ་ལོ་དུ་མར་ཉམས་སུ་མྱངས་པའི་ཉམས་མྱོང་དང་གོ་བ་ཅུང་ཟད་ལོན་པ་དག་རྗེས་འཇུག་རྣམས་ལ་ཡང་ཕན་དུ་རེ་བས་འདིར་འགའ་ཟུང་བྲི་བར་བྱའོ།། ཐོག་མཐའ་བར་གསུམ་ཞེས་པའི་མཐའ་དང་གཅིག རབ་འབྲིང་ཐ་གསུམ་ཞེས་པའི་ཐ་དང་གཉིས། དུས་ཚིགས་བཞིའི་ཟླ་བ་དང་བོ་གཉིས་པ་གསུམ་པ་གསུམ་ལ་རིམ་པར་ར་འབྲིང་ཐ་གསུམ་གྱི་མིང་གིས་འབོད་པའི་ཐ་སྟེ་གསུམ་ལས། དང་པོ་དང་གཉིས་པ་གཉིས་ལ་སྔོན་ཆད་ངེས་ཏིག་ཅིག་གཏན་ནས་མ་བྱུང་སྟབས་སྐབས་འགར་མས་འཕུལ་ཡོད་པ་དང་། སྐབས་འགར་མས་འཕུལ་མེད་པ་བྲིས་པ་རྣམས་ནི་ནོར་བའོ། །འོ་ན་ཇི་ལྟར་འབྲི་ཞེ་ན། ཐོག་མ་དང་མཐའ་མ་དང་བར་ཞེས་པའི་ཚེ་ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་ལྟ་བུ་སྟེ་མཐའ་མ་ཞེས་པ་མཇུག་པས་ན་རྣམ་པ་ཀུན་ཏུ་མས་འཕུལ་ཅན་དུ་འབྲི་དགོས་ལ། རབ་འབྲིང་ཐ་གསུམ་ཞེས་པའི་ཐ་མ་ནི་མཆོག་འབྲིང་དམན་གསུམ་གྱི་དམན་པའི་དོན་ཏེ་ཐ་ཆད་པ་དང་ཐ་ཤལ་དང་འཇུག་པ་གཅིག་གོ །དེའི་ཕྱིར་རབ་འབྲིང་ཐ་གསུམ་གྱི་ཐ་ལ་མས་འཕུལ་བྱེད་པ་ནི་ནོར་བའོ། །ཟླ་བ་ར་འབྲིང་ཐ་གསུམ་གྱི་ཐ་ནི་ཐ་ཆུང་གི་དོན་ཏེ་མས་འཕུལ་མི་འཐོབ་པ་དང་། དོན་ཡང་ཐ་ཆད་དང་ཐ་ཤལ་བ་ལྟར་དུ་འབྲེལ་མི་རུང་ངོ་། །དཔེར་ན་སྤུན་ཐ་ཆུང་ཞེས་པ་མས་འཕུལ་མི་འཐོབ་པ་ལྟ་བུའོ། །དེ་ལྟར་ངེས་པའི་སྒོ་ནས་གྲལ་གྱི་མཐའ་མ་དང་། དུས་ཀྱི་མཐའ་མ་དང་། ཚེའི་མཐའ་མ་དང་། བསྐལ་བའི་མཐའ་མ་དང་། བསྟན་པའི་མཐའ་མ་ལ་གང་ཕན་ཞེས་པའི་མཐའ་སོགས་ནི་རྣམ་པ་ཀུན་ཏུ་མས་འཕུལ་ཅན་དུ་བྱེད་དགོས་སོ། །དེ་བཞིན་དུ་ཟླ་བ་ར་འབྲིང་ཐ་ཞེས་པའི་ར་ལ་རབ་ཅེས་མི་འབྲི་བར་ར་ཞེས་འབྲི་དོན་གང་ཡིན་ཞེ་ན། དཔྱིད་ཟླ་ར་བ། དཔྱིད་ཟླ་འབྲིང་བོ། དཔྱིད་ཟླ་ཐ་ཆུང་ཞེས་པའི་སྐབས་སུ་ར་བ་ཞེས་ཚེག་གིས་བར་བཅད་པ་མ་གཏོགས་ཡིན་རྒྱུ་ནི་རབ་ཀྱི་དོན་ཡིན་པ་འདྲ་སྟེ་ཁུངས་ནི་མ་མཐོང་ངོ་། །ཚེག་གིས་བར་གཅོད་པ་དང་མི་གཅོད་པའི་ཁྱད་པར་གཞན་ནི་འོག་ཏུ་འཆད་དོ།། ༈ བཀའ་དྲིན་མཚུངས་མེད་བླ་མ་རྡོ་རྗེ་འཆང་ནས། ཉིན་གཅིག་མཁས་དབང་ཨ་ཁུ་བློ་གྲོས་ལ་བཀའ་འདྲི་གནང་རྒྱུ། གཞུང་དག་པ་རྣམས་སུ་དིང་སང་ཞེས་པའི་དིང་ལ་གི་གུ་འབྲི་བ་དང་། རྒྱལ་བའི་རིང་ལུགས་ཞེས་པའི་རིང་ལ་གི་གུ་འབྲི་དོན་ཅི་རེད་གསུང་། དགེ་བཤེས་པ་ནས་དེ་རིང་ཞེས་པའི་ཡི་གེ་བསྡུས་ནས་དིང་དང་། རང་གི་ལུགས་ཞེས་པ་བསྡུས་ནས་རིང་ལུགས་ཞེས་པ་ཡིན་ནམ་ཞུས། དེ་དུས་བདག་གི་བསམ་པར་ཡང་དེ་ཅི་མ་བདེན་སྙམ་དུ་ཡིད་ལ་དམ་པོར་བཟུང་བར་མ་ཟད། རང་ལུགས་ཡོད་ཚད་སྡེབ་གཅིག་བཅོས་ནས་ཁོང་གི་བཀའ་འབུམ་པར་དུ་འགོད་དུས་ཀྱང་རིང་ལུགས་ཀྱི་གི་གུ་ལེན་ཅི་ཐུབ་བྱ། ཕྱིས་སུ་ལོ་ལོན་ནས་རིག་མཐོང་མང་བོ་བསགས་ཤིང་བསམ་བློ་བཏང་ཚེ་རང་ལུགས་དང་རིང་ལུགས་གཉིས་ནི་དོན་ཐ་དད་པ་ཡིན་པར་ཧ་གོ །ཡིག་ཆ་རྣམས་སུ་གཞན་ལུགས་དགག་པ། རང་ལུགས་གཞག་པ། རྩོད་པ་སྤོང་བ་སྟེ་དགག་གཞག་སྤོང་གསུམ་ཞེས་པའི་སྐབས་ཀྱི་རང་ལུགས་ནི་རང་གཞན་གཉིས་སུ་ཕྱེ་བའི་རང་ཡིན་པས་ན་རྣམ་པ་ཀུན་ཏུ་གི་གུ་ཐོབ་དོན་མེད་ན་ཡང་། རྒྱལ་བའི་རིང་ལུགས་པ་ཆེན་པོ། ཞེས་དང་། མཉམ་མེད་བུ་རམ་ཤིང་བའི་རིང་ལུགས་པ། ཞེས་དང་། མཉམ་མེད་ཙོང་ཁ་བ་ཆེན་པོའི་རིང་ལུགས། ཞེས་དང་། གསང་སྔགས་རིག་པ་འཛིན་པའི་རིང་ལུགས་པ། ཞེས་དང་། དགེ་ལྡན་བསྟན་པའི་རིང་ལུགས་བསྐལ་བའི་སྲིད་དུ་དར་བར་གྱུར་ཅིག །ཅེས་སོགས་ཀྱི་རིང་ལུགས་ནི། རང་གི་ལུགས་ཞེས་བསྡུས་ནས་གི་གུ་ཐོབ་པ་ནི་གཏན་མ་ཡིན་ལ། དུས་ཡུན་རིང་བོའི་བར་དུ་བརྟག་དཔྱད་མཛད་ནས་གྲུབ་པའི་མཐའ་གཞན་དུ་མི་འགྱུར་བར་ཐག་བཅད་པའི་ལུགས་ཡིན་པས་ན་རིང་ལུགས་ཏེ་རིང་ཐུང་གི་རིང་དང་འཇུག་པ་གཅིག་པས་རྣམ་པ་ཀུན་ཏུ་གི་གུ་ཐོབ་དགོས་སོ། །དེའི་ཕྱིར་དཔེ་དག་པ་རྣམས་སུ་གི་གུ་དང་ལྡན་པའི་རིང་ལུགས་ལ་བཟོ་བཅོས་བྱས་པ་ནི་དོན་མ་གོ་བའི་ནོར་བ་ཆེན་པོའོ།། ༈ ཡང་། ཆོད་དང་། ཤོད། སོད་ཅེས་པ་རྣམས་ནི་སྐུལ་ཚིག་ཡིན་པར་ཡོངསསུ་གྲགས་ལ། གྲི་འདིས་མི་ཆོད། སྐུགས་པ་འདིས་སྐད་ཆ་མི་ཤོད། དབྱུག་པ་ཙམ་གྱིས་སྤྱང་ཀི་མི་སོད་ཅེས་སྦྱར་བའི་ཚེ་ན་དེ་དག་སྐུལ་ཚིག་མ་ཡིན་པར་བྱེད་པ་པོ་གཙོ་བོ་དངོས་སུ་མེད་པའི་མ་འོངས་པའི་ཚིག་ཏུ་གྱུར་པ་འདི་རྣམས་དག་ཡིག་སྔ་མ་རྣམས་སུ་གསལ་བར་བཤད་པ་ཞིག་མ་མཐོང་ལ། རིགས་པ་འདིས་འདི་དང་འདྲ་བ་གཞན་ཡང་མང་སྟེ། དཔེར་ན། བུད་ཤིང་འདི་ཙམ་གྱིས་ཇ་མི་ཁོལ། གོས་ལག་མཐིལ་ཙམ་གྱིས་རྒྱབ་མི་ཁེབས། སྤར་གང་གི་སས་ཆུ་ལོག་མི་ཁོག རས་འདི་སྲ་བས་མི་ཤོགས། འབིག་འདིས་ཀོ་བ་མི་ཕིགས། སྨྱུ་གུ་འདིས་ཡི་གེ་མི་ཕྲིས། ཁང་བ་འདི་བཤིག་འདོད་ཀྱང་མི་ཤིགས། རྟ་འདི་རྒོད་དྲགས་པས་མི་ཐུལ། ཞེས་བྱ་བ་ལ་སོགསཔ་མང་དུ་ཡོད་པ་ལྟ་བུའོ། །ཁ་སྐད་འདི་དག་རོང་སྐད་དུ་ཡོད་པའི་ངེས་པ་མི་སྣང་ཡང་། འབྲོག་སྐད་དག་མོའི་ནང་དུ་ཡོད་ངེས་པ་ཡིན་ནོ། །དེ་ཡང་གསལ་བར་བཤད་ན། རྟ་ལ་སྦྱར་ན་སྤྱིར་བཏང་དུ། གདུལ་བྱ་འདུལ་བྱེད་བཏུལ་ཐུལ་ཅིག ཅེས་སྦྱར་བས་དུས་གསུམ་དང་། བདག་གཞན་གཉིས་དང་། སྐུལ་ཚིག་རྣམས་ཚང་བར་བསྟན་ཟིན་ལ། གོང་སྨོས་ལྟར་རྟ་འདི་རྒོད་དྲགས་པས་མི་ཐུབ་གུ། ཞེས་སྨྲས་ཚེ་ད་དྲག་མེད་པའི་ཐུལ་ཡིག་འདི་འབྲི་ན་མ་གཏོགས། གདུལ་དང་བཏུལ་དང་འདུལ་གསུམ་ཁ་སྐད་ལ་སྦྱོར་མི་འོས་པ་བཞིན་དུ་ཡིག་ཐོག་ཏུ་ཡང་འབྲི་མི་འོས་པ་དང་། དེས་ན་དེ་འདྲའི་ཐུལ་སོགས་ནི་མིང་རྐྱང་མ་ཡིན་པའི་ལས་ཚིག་ཡིན་པ་སྨོས་མ་དགོས་ལ། དེ་ལ་མིང་འདོགས་ཇི་ལྟར་བྱེད། ད་དུང་ཁུང་ལྡན་ཞིག་མ་མཐོང་བས་རང་བཟོས་སྨྲ་མི་བཏུབ་བོ། །དེའི་ཕྱིར་ཚུལ་འདི་ལ་མོས་པ་དག་གིས་བརྟག་དཔྱད་ཞིབ་མོ་མཛད་འཚལ་ལོ།། ༈ བར་ཚེག་གིས་ཆོད་པ་དང་མ་ཆོད་པའི་ཚུལ་ལས་བརྩམས་ཏེ་ཅུང་ཟད་སྨོས་ན། གོང་དུ་བཤད་པ་ལྟར་རབ་ལ་བར་ཚེག་གིས་བཅད་ནས་ར་བ་དང་། འདུལ་བའི་གཞུང་ན་མིག་ལ་མི་ག་ཞེས་བར་ཚེག་གིས་བཅད་པ་རེ་གཉིས་ཡོད་པ་དང་། ལེགས་སྦྱར་སྐད་སོར་བཞག་གི་མེ་ཏོག་ཀུ་མུ་ད་ལ། བོད་ཡིག་གི་རྩོམ་ཚིག་རྣམས་སུ་ཀུནྡ་ཞེས་བྲིས་པ་མང་ལ། དེ་ནི་བར་ཚེག་ཕྱིས་པར་མ་ཟད། ཀུམྡ། ཞེས་བརྗོད་མི་བདེ་བས་ཀུནྡ་ཞེས་བྲིས་པ་ཡིན་ལ། འདི་འདྲ་གཞན་ཡང་མང་ངོ་། །གླེགས་བམ་གྱི་སྐད་དོད་དུ་པུསྟི་ཀ་ཞེས་པར་བོད་སྐད་དུ་པོ་ཏི་དང་། པོད་ཅེས་འབྲི་བའང་བར་ཚེག་བསྡུས་པ་དང་། ཐོབ་ཐང་དང་བསྡུན་ན་ཏ་ཡིག་རྗེས་འཇུག་ཏུ་མི་འགྲོ་བས་ད་སྐྱ་བྲིས་པ་དང་། བར་ཚེག་བསྡུས་ནས་མིང་མཐའི་ཡི་གེ་རྗེས་འཇུག་ཏུ་སྦྱར་བ་ཤིན་ཏུ་མང་སྟེ། དཔེར་ན། གསེར་གྱི་སྨྱུ་གུ་ལ་གསེར་སྨྱུག ཧོར་གྱི་ཡི་གེ་ལ་ཧོར་ཡིག ཐ་གུ་ལ་ཐག་པ། བུ་ག་ལ་བུག་པ། སྐྱ་ག་ལ་བྱ་སྐྱག་སོགས་དང་། ཡང་མཁས་པ་རིམ་བྱོན་རྣམས་ཀྱི་བརྡ་ཆད་དུ། དེ་བཞིན་གཤེགས་པ་ལ་དེ་བ་དང་། ཀུན་རིག་དང་ཚེ་དཔག་མེད་ལ་ཀུན་ཚེག །རྡོ་རྗེ་དང་དྲིལ་བུ་ལ་རྡོར་དྲིལ། བཀྲ་ཤིས་ལྷུན་པོ་ལ་བཀྲས་ལྷུན། བཀྲ་ཤིས་འཁྱིལ་ལ་བཀྲས་འཁྱིལ། ཆོས་ཀྱི་རྒྱལ་མཚན་ལ་ཆོས་རྒྱན། བློ་བཟང་རྒྱ་མཚོ་ལ་བློ་རྒྱམ་སོགས་ཤིན་ཏུ་མང་བ་དང་། སོག་རིགས་ཀྱི་དགེ་བཤེས་རྣམས་ཀྱིས་ཚད་མ་ལ་ཚ་ད་མ་དང་། བཀྲ་ཤིས་ལ་རྡ་ཤིས་དང་། དབུ་མ་ཆེན་མོ་ལ་དབུམ་ཆེན་མོ་ཞེས་ཟེར་བ་རྣམས་ནི་བོད་སྐད་ཀྱི་གདངས་དག་མོ་མ་ཐོན་པའི་དབང་གིས་ཟུར་ཆག་པ་མ་གཏོགས་ཚད་ལྡན་གྱི་སྐད་ཡིག་ཏུ་མི་གཏོགས་སོ།། །། དེ་ལྟར་ཕྱོགས་མེད་མཁས་པར་འདོད་པའི་བློས།། དོན་དུ་གཉེར་བའི་རྣམ་དཔྱོད་གྲྭ་ཟུར་ལས།། ཐོན་པའི་དྲན་དབང་མཉེས་བྱེད་མེ་ཏོག་འདི།། རིག་པའི་འདོད་འཇོའི་སོར་མོས་ཉེ་བར་བསྐྲུན།།