ཐེག་ཆེན་ཚུལ་འཇུག་

ཡོང་ཁུངས་Wikipedia

༄༅། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། ། ༄༅། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་མདོ་ཙམ་བརྗོད་པ། གང་ཟག་གང་དག་འཁོར་བའི་རྒྱ་མཚོ་ལས་ཐར་པར་འདོད་ཅིང་། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་འདོད་པ་རྣམས་ཀྱིས། ཐོག་མ་ཁོ་ནར་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་ལ་བརྟག་པའྀ་རིགས་སོ། །གང་གི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་བཅིངས་ཏེ། འགྲོ་བ་རྣམས་འཁོར་བའི་རྒྱ་མཚོར་འཁྱམས་སོ་ཞེས་བཀའ་སྤྱི་ལས་གྲགས་པའི་ཕྱིར་རོ། །དེའི་འོག་ཏུ་དེ་རྣམས་ཀྱི་གཉེན་པོར་གྱུར་པའི་ལམ་གྱི་མཆོག་ཏུ་གྱུར་པ་གང་ཡིན་པ་ཞིག་བཙལ་ཏེ། དེ་ལ་གོམས་པར་བྱ་བའྀ་རིགས་སོ། །གང་གི་ཕྱིར་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་ཁོང་དུ་མ་ཆུད་པར། དེའི་གཉེན་པོའང་ཁོང་དུ་ཆུད་པར་མི་འགྱུར་ལ། དེ་དག་ཁོང་དུ་མ་ཆུད་ན་གོམས་པར་བྱ་བའི་ཐབས་ཀྱང་མི་ཤེས་ཏེ། དེ་རྣམས་དང་མ་བྲལ་ན་ཐར་པའི་གོ་སྐབས་མི་རྙེད་པའི་ཕྱིར་རོ། །འདི་དག་ཙམ་གྱིས་ཤེས་བྱ་མ་ལུས་པ་ཁོང་དུ་ཆུད་པར་འགྱུར་ཏེ། གང་གི་ཕྱིར་སེམས་ཀྱི་རང་བཞིན་ཇི་ལྟ་བ་ཡིན་པ་དང་། སེམས་འཁྲུལ་པའི་གནས་སྐབས་དང་། སེམས་མ་འཁྲུལ་བའི་གནས་སྐབས་ཙམ་ཤེས་པས། ཤེས་བྱ་ཐམས་ཅད་འདུས་པའི་ཕྱིར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལྟར། རྣམ་པར་གྲོལ་བའི་སྒོ་ཕྱོགས་གཅིག་ལ་སྐྱེས་པར་ཡང་མི་འགྱུར་རོ། །དེ་ལ་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་ལ་བརྟག་པ་བསྟན་པར་བྱ་སྟེ། འདི་ལྟར་ཉོན་མོངས་པ་ཞེས་བྱ་བ་འདིའི་མཚན་ཉིད་རྫས་སུ་གྲུབ་པ་ཞིག་ཡིན་ཏེ། དེས་འགྲོ་བ་རྣམས་བཅིངས་པར་གྱུརད་ཏམ། འོན་ཏེ་སྤང་བར་བྱ་བའི་རྫས་མེད་ཀྱང་བཅིངས་པ་ལྟ་བུར་སྣང་བར་འགྱུར་བ་ཞིག་ཡིན་ཞེ་ན། ཉོན་མོངས་པ་རྣམས་ལ་ནི་སྤང་བར་བྱ་བའི་རྫས་ཀྱི་མཚན་ཉིད་མེད་པར་ཤེས་སོ། །ཇི་ལྟར་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས། འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་མཐའ་དག་མ་ལུས་པར་སྤངས་ཏེ། སྲིད་པར་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་བཅད་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ་ཞེས་གྲགས་ན། འདི་ལྟར་དགྲ་བཅོམ་པ་རྣམས་ཀྱིས་སྤངས་པའི་ཉོན་མོངས་པ་དེ་རྣམས་ལ། རྫས་ཀྱི་རྣམ་གྲངས་དུ་ཞིག་ཡོད་ཞེས་བརྟགས་ན། རྫས་ཀྱི་རྣམ་གྲངས་རྙེད་པར་མི་འགྱུར་རོ། །ཇི་ལྟ་ཞེ་ན། རེ་ཤིག་འདི་ལྟར། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དེ་དག་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་དེ་དག །རྫས་གཅིག་ཡིན་ནམ། འོན་ཏེ་རྫས་ཐ་དད་རེ་རེ་ཡོད་ཅེས་བརྟག་གྲང་ན། དེ་ལ་རྫས་གཅིག་ཡིན་པར་གྱུར་ན་ནི། སྡུག་བསྔལ་མཐོང་བས་སྤང་བ་འབའ་ཞིག་སྤངས་པས། ཐམས་ཅད་སྤོངས་པར་འགྱུར་ཏེ། དེ་ལྟ་ན་ལམ་གཞན་བསྒོམ་པ་དོན་མེད་པར་འགྱུར་རོ། །གལ་ཏེ་རྫས་ཐ་དད་རེ་རེ་ཡོད་དོ་ཞེ་ན། དེ་ལྟ་ན་ནི་བདེན་པ་བཞི་ནི། ཤེས་བྱ་མ་ལུས་པ་མདོར་བསྡུས་ནས་བདེན་པ་བཞིར་རྣམ་པར་ཕྱེ་བ་ཙམ་དུ་ཟད་པས། ཡུལ་བདེན་པ་བཞི་ལ་དམིགས་པའི་དབང་གིས། སྤང་བར་བྱ་བའི་ཉོན་མོངས་པའང་བཞི་བཞིར་འགྱུར་བར་གདོན་མི་ཟ་སྟེ། དེ་ལྟ་ན་ནི་ཤེས་བྱའི་རབ་ཏུ་དབྱེ་བ་ལ་གྲངས་ངེས་པར་གཟུང་བ་མེད་དེ། འདི་ལྟར་སྡུག་བསྔལ་གྱི་བདེན་པ་འབའ་ཞིག་ལའང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པར་ཤེས་པ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པས། དེའི་དབང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རེ་རེའང་བཞི་བཞིར་འགྱུར་རོ། །དེ་དག་སྡུག་བསྔལ་གྱི་མཚན་ཉིད་དུ་གཅིག་པས་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་ཀུན་འབྱུང་གི་བདེན་པའང་སྡུག་བསྔལ་གྱི་མཚན་ཉིད་ལས་མ་འདས་ཏེ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་མཚན་ཉིད་ཡིན་པ་དང་། གང་ཅི་ཚོར་ཡང་རུང་སྟེ་འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་བཤད་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ཉིད་ཀྱང་ཀུན་འབྱུང་གི་མཚན་ཉིད་ལས་མ་འདས་ཏེ། འདི་ལྟར་མུ་སྟེགས་ཅན་བྱེད་པ་པོར་རྒྱུར་སྨྲ་བ་ལྟར། འདི་ལྟར་རྒྱུ་ནི་འབྲས་བུ་ལ་མི་ལྟོས་ཏེ། རྟག་ཏུ་རྒྱུ་ཁོ་ནའི་བྱ་བ་བྱེད་ལ། འབྲས་བུའང་རྟག་ཏུ་རྒྱུའི་བྱ་བ་མི་བྱེད་དོ་ཞེས་སྨྲ་བ་ལྟར་སངས་རྒྱས་པ་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་སྨྲ་བ་ནི་དེ་ལྟ་མ་ཡིན་ཏེ། རྒྱུའང་འབྲས་བུ་ལ་ལྟོས། འབྲས་བུའང་རྒྱུ་ལ་ལྟོས་ཏེ། དངོས་སུ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་རྣམ་པར་སྨིན་པའི་ཚུལ་གྱིས་ཁུར་ལྟར་གནོད་པའི་བདག་ཉིད་དུ་གྲུབ་པས། སྡུག་བསྔལ་གྱི་མཚན་ཉིད་ཡིན་ལ། དེ་ཉིད་མ་འོངས་པ་ན་སྡུག་བསྔལ་མངོན་པར་འགྲུབ་པའི་གནས་སུ་གྱུར་པས་ཀུན་འབྱུང་བའི་མཚན་ཉིད་ཡིན་ཏེ། དེ་བས་ན་ཕུང་པོ་ལྔ་ཙམ་ལ་དམིགས་ཏེ། ཆོས་བདག་མེད་པ་རྟོགས་པས་ཀྱང་། ཉོན་མོངས་པ་ཐམས་ཅད་སྤངས་པར་གདོན་མི་ཟའོ། །གཞན་ཡང་གང་ཞིག་གིས་ཤེས་བྱ་རྣམས་ལ་རྣམ་པར་དབྱེ་བ་གྲངས་ལས་འདས་པ་ཞིག་ཏུ་རྣམ་པར་ཕྱེ་སྟེ། དེ་རྣམས་ལ་ཆོས་བདག་མེད་པར་རྟོགས་པར་བྱས་ན། དེ་དག་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པ་སྤོང་བར་འགྱུར་བར་གདོན་མི་ཟའོ། །རྣམ་པ་གཅིག་ཏུ་གང་ཟག་གི་དབང་དུ་བྱ་ན། སྐྱེས་བུ་ཞིག་གི་ཕ་ཤིང་གིས་བསད་དེ། དེའི་རྐྱེན་གྱིས་ཤིང་ལ་ཞེ་སྡང་སྐྱེས་པར་གྱུར་ན། དེ་ཤིང་གཅིག་ལ་ཞེ་སྡང་སྐྱེས་པ་ནས། ཤིང་གཉིས་དང་གསུམ་ནས་ཤིང་ཇི་སྙེད་པ་ལ་ཞེ་སྡང་སྐྱེ་བར་གྱུར་པ་ན། ཞེ་སྡང་དེ་དག་ཐམས་ཅད་རྫས་གཅིག་ཡིན་ནམ། འོན་ཏེ་རྫས་ཐ་དད་རེ་རེ་ཡོད། དེ་ལ་གཅིག་ཡིན་ན་ནི་ཤིང་གཅིག་ཐལ་བར་བསྲེགས་པས་ཞེ་སྡང་ཐམས་ཅད་ལྡོག་པར་རིགས་ན་དེ་ལྟའང་མ་ཡིན་ནོ། །གལ་ཏེ་ཐ་དད་རེ་རེ་ཡོད་ན་ནི་དེའི་རྣམ་གྲངས་བརྗོད་པ་ཙམ་ཡང་བསྐལ་པའི་མཐར་ཐུག་པར་བརྗོད་ཀྱང་རྫོགས་པར་མི་འགྱུར་ཏེ། གལ་ཏེ་དེ་དག་སྤང་བར་བྱ་བ་ན། དུས་ཀྱི་མཐའི་སྐད་ཅིག་མ་རེ་རེས་ཞེ་སྡང་རེ་རེ་སྤངས་ཀྱང་ཟད་པར་འགྱུར་བའི་མཐའ་རྙེད་པར་མི་འགྱུར་རོ། །གལ་ཏེ་ཉོན་མོངས་པ་མང་པོ་ལམ་གཅིག་གིས་སྤོངས་པར་འགྱུར་ན། ལམ་གྱི་བྱེ་བྲག་མང་པོའི་བསྒོམ་པ་དོན་མེད་པར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་གཅིག་ལམ་མང་པོས་སྤོང་བར་འགྱུར་ན། ཉོན་མོངས་པའི་བྱེ་བྲག་གསུངས་པ་ཡང་དོན་མེད་པར་འགྱུར་ལ། གལ་ཏེ་ལམ་གྱི་བྱེ་བྲག་རྣམས་ཀྱིས། ཉོན་མོངས་པ་ཅུང་ཟད་ཀྱང་ཉམས་པར་མ་བྱས་ན་ནི། ལམ་མང་པོ་ཡིས་སྤངས་པར་ཡང་མི་འགྱུར་ལ། བྱས་པར་གྱུར་ན་ནི་ཉོན་མོངས་པ་རྫས་གཅིག་དུ་ཡང་མི་འགྱུར་རོ། །དེ་ལྟ་ན་ཉོན་མོངས་པ་རྣམས་ལ་རྫས་ཀྱི་གྲངས་ངེས་པ་མེད་དེ། དེ་བས་ན་ཉན་ཐོས་ཀྱི་ཚུལ་ལྟར་ན། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མ་གྲུབ་བོ། །འོ་ན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཉོན་མོངས་པ་རྣམས་ཇི་ལྟར་སྤངས་ཞེས་བརྗོད་ཅེ་ན། འདི་ལྟར་དགྲ་བཅོམ་པ་རྣམས་ནི། གང་ཟག་ལ་བདག་མེད་པར་རྟོགས་པས། འཇིག་ཚོགས་ལ་ལྟ་བའི་སྒྱུ་མ་མཁན་ཉེ་བར་ཞི་བར་གྱུར་ཏེ། དེས་ཉོན་མོངས་པའི་སྒྱུ་འཕྲུལ་ཐམས་ཅད་ཞི་བར་གྱུར་པར་ཟད་དོ། །འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱང་། སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན། བསོད་ནམས་ཀྱི་ཚོགས་ཚད་མེད་པའི་གནས་སུ་འགྱུར་ལ། བདག་མེད་པའི་ཤེས་རབ་ཀྱིས་ཟིན་ན། ཉོན་མོངས་པའི་དྲི་མ་དག་པར་སྣང་བར་འགྱུར་ཏེ། འོན་ཀྱང་དྲི་མའི་རྫས་ནི་ཡོད་པ་མ་ཡིན་ནོ། །དཔེར་ན་རྨི་ལམ་ལ་བརྟེན་ནས་རྨི་ལམ་སྣང་། སྒྱུ་མ་ལ་བརྟེན་ནས་སྒྱུ་མ་སྣང་ཡང་། གཉིས་ག་ལ་རྫས་མེད་པར་འགོ་མཚུངས་ཤིང་། རྫས་སུ་གྲུབ་པ་ལྟར་སྣང་བ་ཡང་དམིགས་པ་བཞིན་ནོ། །འཕགས་པ་རང་རྒྱལ་བ་རྣམས་ཀྱི་ཚུལ་ལྟར་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་མ་ལུས་པ་སྤངས་ཏེ། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའོ་ཞེས་འབྱུང་བས། དེ་བས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས། རེ་རེ་ལའང་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་གཉིས་གཉིས་སུ་འགྱུར་བས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་བཅུ་གཉིས་བཅུ་གཉིས་སུ་འགྱུར་རོ། །གཞན་ཡང་ཡན་ལག་དེ་དག་རེ་རེའང་བདེན་པ་བཞིའི་མཚན་ཉིད་ཅན་ཡིན་ཏེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་མངོན་པར་འགྲུབ་པའི་སྒོ་ནས། ཁུར་ལྟར་གནོད་པའི་བདག་ཉིད་དུ་གྱུར་པས། སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ། མ་འོངས་པ་ན་སྡུག་བསྔལ་མངོན་པར་འགྲུབ་པའི་གནས་སུ་གྱུར་པས། ཀུན་འབྱུང་གི་བདེན་པ་ཡིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ལ་སོགས་པས། འགོག་པའི་བདེན་པ་ཡིན་ལ། དེ་རྣམས་འགོག་པར་བྱ་བའི་ཕྱིར། རྟེན་འབྲེལ་གྱི་མཚན་ཉིད་ལམ་བསྒོམས་པས། ལམ་གྱི་བདེན་པ་ཡིན་ཏེ། དེ་བས་ན་བདེན་པ་བཞིའི་དབང་གིས། སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་བཞི་བཅུ་རྩ་བརྒྱད་དུ་འགྱུར་རོ། །ཚུལ་འདི་ལྟར་ནའང་ཉོན་མོངས་པ་རྣམས་ལ་རྫས་ཀྱི་གྲངས་ངེས་པར་གཟུང་བ་མི་རྙེད་དོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ཚུལ་ལྟར་ནའང་། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་མཚན་ཉིད་ནི། གང་གིའང་གཟུང་བ་མ་ཡིན་ཞིང་གང་ལའང་འཛིན་པར་བྱེད་པ་མ་ཡིན་ཏེ། གཉིས་པོས་སྟོང་པ་རང་རིག་པ་ཙམ་གྱི་མཚན་ཉིད་ཡིན་པར་གྲུབ་པའི་མཐས་འདོད་ལ། དེ་ལྟར་ན་ནི་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་དུ་འགལ་ཏེ། ཉོན་མོངས་པ་རྣམས་ནི་ཡུལ་ལ་སྐྱེ་བ་ཕྱིན་ཅི་ལོག་གི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །གང་ཡང་འདི་སྐད་དུ། དཔེར་ན་ས་ཁོང་ན་གསེར་ཡོད་པ་ལ། ས་དང་གསེར་དང་སའི་ཁམས་གསུམ་དམིགས་སོ། །དེ་ལ་གསེར་ལ་སར་མཐོང་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའོ། །གསེར་དུ་མཐོང་བ་ནི་ཡང་དག་པར་མཐོང་བའོ། །སའི་ཁམས་ནི་གཉིས་གའི་ཆར་གཏོགས་པའོ། །དེ་བཞིན་དུ་གཞན་གྱི་དབང་གི་མཚན་ཉིད་ལ་གཟུང་བ་དང་འཛིནད་པར་མཐོང་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའོ། །ཡོངས་སུ་གྲུབ་པར་མཐོང་བ་ནི་ཡང་དག་པར་མཐོང་བའོ། །གཞན་གྱི་དབང་ནི་གཉི་གའི་ཆར་གཏོགས་པའོ། །ཞེས་གྲུབ་པའི་མཐའ་ལས་གྲགས་ན། གཞན་དབང་ལ་ཆ་གཉིས་ཀྱི་རྫས་མི་རྙེད་དེ། དེ་ནི་འདི་ལྟར་འགལ་མེའི་འཁོར་ལོ་ལ་འགལ་དུམ་དང་འཁོར་ལོ་དང་གསལ་བ་གསུམ་དམིགས་སོ། །དེ་ལ་འགལ་དུམ་ལ་འཁོར་ལོར་མཐོང་བ་ནི་ཕྱིན་ཅི་ལོག་དུ་མཐོང་བའོ། །འགལ་དུམ་དུ་མཐོང་བ་ནི་ཡང་དག་པར་མཐོང་བའོ། །གསལ་བ་ནི་གཉིས་གའི་ཆར་གཏོགས་པའོ་ཞེས་ཟེར་བ་ལྟ་བུ་ཡིན་ཏེ། འདི་ལྟར་འགལ་དུམ་ཡང་རྫས་སུ་གྲུབ་ལ་འཁོར་ལོ་ཡང་རྫས་སུ་གྲུབ་པ་ཞིག་ན། གསལ་བའང་གཉིས་གའི་ཆར་གཏོགས་པ་ཡོད་པར་གྲུབ་ཏུ་རུང་ལ། གལ་ཏེ་འཁོར་ལོ་རྫས་སུ་གྲུབ་ལ་འགལ་དུམ་རྫས་སུ་མ་གྲུབ་པ་ཞིག་ན། གསལ་བའང་འཁོར་ལོ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། ཆ་གཉིས་པ་མེད་དོ། །འགལ་དུམ་རྫས་སུ་གྲུབ་ལ་འཁོར་ལོ་མ་གྲུབ་པ་ཡིན་ཡང་དེ་བཞིན་ཏེ། དེ་བས་ན་འདིར་འཁོར་ལོར་སྣང་བའི་དུས་ཉིད་ན། འགལ་མེ་གཅིག་ཡུལ་རིམ་གྱིས་གནོན་པ་ཡིན་ཏེ། འཁོར་ལོ་ནི་གཏན་མ་གྲུབ་པས། དེ་བས་ན་གསལ་བའང་འགལ་དུམ་ཉིད་ཡིན་པར་ཟད་དེ། གསལ་བ་ཆ་གཉིས་མེད་དོ། །དེ་བཞིན་དུ་གཉིས་པོའང་རྫས་སུ་གྲུབ། ཡོངས་སུ་གྲུབ་པའང་རྫས་སུ་གྲུབ་པ་ཞིག་ན། ཀུན་དུ་རྟོག་པའང་གཉིས་གའི་ཆར་གཏོགས་སུ་རུང་ན། གཉིས་སུ་སྣང་བའི་དུས་ཉིད་ན་རང་རིག་པའི་མཚན་ཉིད་ཡིན་ཏེ། གཉིས་པོ་གཏན་མ་གྲུབ་པས། དེ་བས་ན་ཀུན་དུ་རྟོག་པ་ཆ་གཉིས་མི་འགྲུབ་བོ། །དེ་བས་ན་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་རྙེད་པར་མི་འགྱུར་རོ། །དེ་ལྟར་དངོས་པོར་ལྟ་བ་རྣམས་ཀྱི་རང་རང་གི་གྲུབ་པའི་མཐའི་དབང་དུ་བྱས་ཀྱང་། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་ཀྱང་མི་རྙེད་ན། དབུའ་མའི་ཚུལ་གྱིས་ཆོས་ཐམས་ཅད་ལ་དོན་དམ་པར་བསྒྲུབ་པར་བྱ་བ་གང་ཡང་མེད་དེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་འདོད་པ་ལ། སྤང་བར་བྱ་བའི་རྫས་རྙེད་པར་ག་ལ་འགྱུར་ཞེས་ཤེས་པར་བྱའོ། །དེ་ལ་འདི་སྐད་དུ་དོན་དམ་པར་སྤང་བར་བྱ་བའི་རྫས་མེད་ཀྱང་ཀུན་རྫོབ་ཏུ་ཡང་དག་པའི་ཀུན་རྫོབ་དང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱང་དམིགས་པས། དེ་བས་ན་ཡང་དག་པའི་ཀུན་རྫོབ་ཏུ་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་ཡོད་པ་ལ་འགལ་བ་མེད་དོ་ཞེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། གང་གི་ཚེ་ཡང་དག་པར་བསྒྲུབ་པར་བྱ་བ་ཞིག་ཡོད་པར་འདོད་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་བྱེ་བྲག་ཇི་སྙེད་དུ་དབྱེ་བ་ཐམས་ཅད་ཀྱང་དེ་བཞིན་དུ་བསྒྲུབ་ཏུ་རུང་བར་འགྱུར་ལ། གང་གི་ཚེ་ཡང་དག་པར་བསྒྲུབ་པར་བྱ་བ་ཞིག་བསྒྲུབ་ཏུ་མེད་པར་འདོད་པ་དེའི་ཚེ། ཀུན་རྫོབ་ཀྱི་བྱེ་བྲག་ཐམས་ཅད་འགོ་མཉམ་པར་འགྱུར་རོ། །གཞན་ཡང་འདི་སྐད་དུ། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཀུནད་རྫོབ་ཀྱི་དབྱེ་བ་རྣམ་པར་གཞག་པ། སྣང་དུ་འདྲ་ཡང་དོན་བྱེད་ནུས་པ་དང་མི་ནུས་པའི་བྱེ་བྲག་གིས་རྣམ་པར་གཞག་སྟེ། འདི་ལྟར་བུམ་པའི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་ལ། བུམ་པའི་གཟུགས་བརྙན་གྱི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་མི་ནུས་པ་ལྟ་བུའོ། །ཞེས་རྣམ་པར་གཞག་པ་འདི་ཉིད། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་བསྒྲུབ་པར་ཟད་དེ། ཆོས་ཀྱི་རྫས་ཀྱིས་བྱ་བ་བྱེད་པར་བསྒྲུབ་པ་ནི་མ་ཡིན་ནོ། །དེ་ལ་གང་ཟག་གི་རྫས་བསྒྲུབ་པ་ཇི་ལྟ་བུ་ཞེ་ན། ཕྱི་དང་ནང་གི་རྒྱུད་དུ་གཏོགས་པ་རྣམ་པ་གཉིས་ཏེ། དེ་ལ་ནང་གི་རྒྱུད་ནི། སྐྱེས་པ་དང་བུད་མེད་དང་མི་དང་ལྷ་ལ་སོགས་པའི་གང་ཟག་གི་རྒྱུད་དུ་གཏོགས་པ་རེ་རེ་རྫས་རེ་རེར་འཛིན་ཏེ། ཆོས་ཀྱི་དབང་ལྟར་ན་ནི། གང་ཟག་རེ་རེའང་། ཁམས་དྲུག་པ་སྐྱེ་མཆེད་དྲུག་པ་ཕུང་པོ་ལྔ་པ་སྟེ། དུ་མ་འདུས་པ་ཙམ་ལ་གཅིག་གི་བློ་འབྱུང་བར་ཟད་དེ། ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་རྫས་མི་རྙེད་དོ། །ཕྱི་རོལ་གྱི་རྒྱུད་ཀྱི་དབང་དུ་ན། ཀ་བ་དང་བུམ་པ་ལ་སོགས་པ་མཐུན་པ་གཅིག་གི་རྒྱུན་གནས་པ་ལ། བུམ་པའི་ངོ་བོ་ཉིད་གཅིག་ཅེའམ། ཀ་བའི་ངོ་བོ་ཉིད་གཅིག་ཅེས་འཛིན་ཏེ། ཆོས་ནི་དེ་དག་ཀྱང་ཁམས་ལྔ་པ་ཕྱིའི་སྐྱེ་མཆེད་དྲུག་པ་ཙམ་སྟེ། བུམ་པའི་ངོ་བོ་ཉིད་གཅིག་གི་རྫས་མི་རྙེད་དོ། །དེ་བས་ན་འདི་ལྟར་བུམ་པས་ནི་ཆུ་འཛིན་པའི་བྱ་བ་བྱེད་དོ་ཞེས་བྱ་བ་འདིའང་། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་བསྒྲུབ་པ་སྟེ། ཆོས་ཀྱི་རྫས་ལྟར་ན་བློ་གང་ལ་དོན་གྱི་མཚན་ཉིད་གང་སྣང་བ་དེ་ཉིད་ཆོས་ཡིན་ཏེ། དེ་ལྟ་ན་བུམ་པའི་གཟུགས་བརྙན་བུམ་པའི་དབང་གིས་སྣང་བ་ཡིན་པས་ན། བུམ་པའི་ཁ་དོག་དང་དབྱིབས་ཀྱི་དབང་ཡིན་པར་ཟད་དེ། རེག་བྱ་ལ་སོགས་པའི་མ་ཡིན་ནོ། །ཁ་དོག་གི་བྱ་བ་ནི་གཟུགས་བརྙན་གྱིས་ཀྱང་བྱེད་དེ། བྱ་བ་བྱེད་པ་ཡང་ཕལ་ཆེར་ཕན་གནོད་ཀྱིས་གཞག་པ་ཡིན་ན། འདི་ལྟར་ཉི་མའི་གཟུགས་བརྙན་གྱིས་ནི་མིག་ལ་གནོད་པར་བྱེད་དོ། །ཟླ་བའི་གཟུགས་བརྙན་གྱིས་ནི་ཕན་པར་བྱེད་དོ། །གཉིས་གས་ཀྱང་གྲིབ་མ་སེལ་བར་བྱེད་དོ། །ཆུ་འཛིན་པར་བྱེད་པ་ནི་རེག་བྱ་ཡིན་ཏེ། ཁ་དོག་གིས་ནི་མ་ཡིན་ནོ། །དེ་བས་ན་ཁ་དོག་དང་རེག་བྱ་གཉིས་འགྲན་ཟླར་གཞག་དུ་མེད་དེ། ཆོས་ཐ་དད་ཀྱིས་བྱ་བ་ཐ་དད་བྱེད་པར་ཟད་དོ། །དེ་བས་ན་འདི་ལྟར་བུམ་པས་ནི་ཆུ་འཛིན་པའི་བྱ་བ་བྱེད། བུམ་པའི་གཟུགས་བརྙན་གྱིས་ནི་མི་བྱེད་དོ་ཞེས་གཞག་པ་འདི་ནི། འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་འདོད་དུ་ཟད་དེ། གང་ཟག་ཉིད་མ་གྲུབ་པར་དེ་ལ་བྱ་བ་བྱེད་པའི་རྫས་ག་ལ་ཡོད་དེ། འདི་ལྟ་བུ་བསྒྲུབ་པ་ནི་ཆུས་ཁྱེར་བ་རྩྭ་དྲུངས་བྱུང་ལ་འཇུ་བ་དང་འདྲའོ། །དེ་ལ་འདི་སྐད་དུ། དོན་དམ་པར་བསྒྲུབ་པར་བྱ་བ་མི་འདོད་ན། ཀུན་རྫོབ་ཙམ་ནི་མ་བརྟགས་ན་ཉམས་དགའ་བ། བརྟགས་ན་རིགས་པའི་སྤུངས་མི་བཟོད་པ་ཡིན་པས། རིགས་པས་གནོད་པ་ལ་འགལ་བ་མེད་དོ་ཞེ་ན། འོ་ན་ཀུན་རྫོབ་དུ་བསྒྲུབ་པ་ཙམ་ལ་རིགས་པ་མི་དགོས་པ་ཞིག་ན། སྣང་དུ་འདྲ་ཡང་དོན་བྱེད་ནུས་པ་དང་མི་ནུས་པའི་བྱེ་བྲག་གིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྣམ་པར་གཞག་གོ་ཞེས་པ་དེ་ཉིད་རིགས་པ་མ་ཡིན་ནམ། འདི་ལྟར་ཡང་དག་པར་སྒྲུབ་ཀྱང་རུང་། རེ་ཤིག་ཙམ་དུ་སྒྲུབ་ཀྱང་རུང་སྟེ། རང་རང་གི་ཚད་ཙམ་སྒྲུབ་པར་བྱེད་པའི་རིག་པའི་སྤུངས་ཙམ་ཡང་མི་བཟོད་ན། ཐ་སྙད་ཙམ་ཡང་ཇི་ལྟར་འགྲུབ་པར་འགྱུར། དཔེར་ན་དགྲའི་དཔུང་འཇོམས་པར་བྱེད་པའི་གླང་པོ་ཆེ་ལ་དཔུང་གི་ཚོགས་ཁུར་ནས་ཐོ་བའི་ལྕགས་ཀྱིས་བསྐུལ་བའི་སྤུངས་བཟོད་པ་ལྟ་བུ་མ་ཡིན་དུ་ཟིན་ཀྱང་། ཞིང་ཙམ་རྨོ་བའི་བྱ་བ་བྱེད་པའི་བ་ལའང་གཉའ་ཤིང་ཁུར་ནས། འཁྲི་ཤིང་གི་ལྕག་གིས་བསྐུལ་བའི་སྤུངས་ཙམ་ཡང་མི་བཟོད་ན། ཞིང་རྨོ་བའི་བྱ་བ་བྱེད་ཅེས་བྱ་བའི་ཐ་སྙད་ཀྱང་ཇི་ལྟར་འཇུག་སྟེ། ར་སྐྱེས་ཀྱི་སྤུངས་དང་བྱེ་བྲག་དུ་གྱུར་པ་ཅི་ཞིག་ཡོད། དེ་བཞིན་དུ་དོན་དམ་པར་རྫས་སུ་ཡོད་པར་བསྒྲུབ་པའི་རིགས་པའི་སྤུངས་མི་བཟོད་ཀྱང་། ཡང་དག་པའི་ཀུན་རྫོབ་ཙམ་དུ་རྫས་སུ་ཡོད་པར་བསྒྲུབ་པ་ལ་ཡང་། ཆོས་ཀྱི་རྫས་ཀྱིས་བྱ་བ་བྱེད་པར་མི་སྒྲུབ་པར། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པར་སྒྲུབ་པ་འདི་ལ། ཡང་དག་པའི་ཀུན་རྫོབ་ཅེས་ཀྱང་ཇི་ལྟར་ཐ་སྙད་འཇུག་སྟེ། འཇིག་རྟེན་ཕལ་པའི་ལྟ་བ་དང་བྱེ་བྲག་དུ་གྱུར་པ་ཅི་ཞིག་ཡོད། འདི་ལྟ་བུའི་ལྟ་བ་ཡ་བྲལ་འཆང་བ་འདི་ནི། ཤིན་ཏུ་ངོ་མཚར་བའི་གནས་ཡིན་ནོ། །དཔེར་ན་སྔོན་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས། མིའི་འདོད་པས་མ་ངོམས་ནས་སུམ་ཅུ་རྩ་གསུམ་ཀྱི་གནས་སུ་ཕྱིན་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་བགོས་ཏེ། ལྷའི་དབང་པོ་དང་ལོངས་སྤྱོད་མཉམ་པར་ཐོབ་པ་ལས། དེ་ལས་ཀྱང་འདོད་པའི་བརྣབ་སེམས་ཆེར་སྐྱེས་པས། དེའི་དབང་གིས་འཛམ་བུ་གླིང་ཉིད་དུ་སླར་ལྷུང་སྟེ། རྨོངས་པར་གྱུརད་ནས་མི་རྣམས་ལ་དྲིས་པ། ཡུལ་འདི་སུའི་ཡུལ་ཡིན། སླར་སྨྲས་པ། བདག་ཅག་རྣམས་ཀྱིས་རྒན་རབས་རྒན་རབས་རྣམས་ལས་ཐོས་ན། ཡུལ་འདི་ནི་དང་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བའི་ཡུལ་ཡིན་ནོ་ཞེས་ཐོས་སོ་ཞེས་སྨྲས་པ་དང་། འདོད་པའི་སེམས་ནད་ཀྱིས་མར་མེ་རླུང་གིས་བསྐྱོད་པ་བཞིན་དུ་དེ་ཉིད་དུ་ཤི་བར་གྱུརད་ཏོ། །དེ་ལྟར་གྱུར་པ་མི་རྣམས་ཀྱིས་ཐོས་པ་དང་། ཤིན་ཏུ་ངོ་མཚར་བའི་གནས་སུ་གྱུརད་ཏེ་སྨྲས་པ། སྤྱི་བོ་ལས་བྱུང་རིན་ཆེན་བདུན་ཐོབ་གྲགས་པ་མཐའ་ཡས་འདི། །ལྷ་དབང་བརྒྱ་བྱིན་མཉམ་པས་འདི་ལས་ལྷག་པའི་མི་མ་བྱུང་། །འདོད་པའི་ནད་ཀྱིས་ཤི་བས་འདི་ལས་དམན་པའི་མིའང་མེད། །ཨེ་མ་འོ་ཀྱི་ཧུད་འདི་ལ་བདག་ཅག་རྣམས་ཀྱིས་མཚར་དུ་བརྩིས། །ཅེས་སྨྲས་པ་ལྟ་བུ་སྟེ། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་ཐམས་ཅད་ཉེ་བར་ཞི་སྟེ། བསྒྲུབ་པར་བྱ་བ་གང་ཡང་མི་སྒྲུབ་པར་ལྟ་བཞིན་དུ། ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་སྤང་བ་དང་བླང་བར་བྱ་བའི་རྫས་ཡོད་པར་འཛིན་པ་འདི་ནི། ཤིན་ཏུ་མི་འཚམ་པ་འཛིན་པ་སྟེ་ངོ་མཚར་བའི་གནས་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབ་པར་བྱ་བ་མི་འདོད་ན། ཀུན་རྫོབ་ཐམས་ཅད་འགོ་མཉམ་པར་འགྱུར་བ་ཇི་ལྟ་བུ་ཞེ་ན། དཔེར་ན་ཐག་པ་ལ་སྦྲུལ་དུ་མཐོང་བའི་ཚེ། ཐག་པ་ནི་ཡང་དག་པར་ཡོད་པའོ། །སྦྲུལ་ནི་གཏན་མེད་པའོ། །ཐག་པར་མཐོང་བའི་བློ་ནི་ཡང་དག་པའི་ཤེས་པའོ། །སྦྲུལ་དུ་མཐོང་བའི་བློ་ནི་འཁྲུལ་བའི་ཤེས་པའོ། །འཁྲུལ་ན་མ་དག་པ་ཡིན་པའི་ཕྱིར་བློ་དེ་ཉིད་ཀྱང་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པས། དེའི་བདག་ཉིད་ཐོབ་པར་མི་འགྱུར་ཏེ། གཞན་ལས་གཞན་དུ་བཏགས་པ་ཙམ་མོ། །དེ་ནས་ཡང་ཐག་པ་དེ་ཉིད་ལ་ཞིབ་ཏུ་བརྟགས་ན། རྩྭའམ་སྤུའི་ཆ་ཤས་དུ་མ་འདུས་པ་ཙམ་དུ་མཐོང་སྟེ། ཐག་པ་ཟླུམ་རིལ་གཅིག་པུའི་བློ་ཞིག་པ་ན། ཆ་ཤས་འདུས་པ་ཙམ་ནི་ཡང་དག་པར་ཡོད་པའོ། །ཐག་པ་དང་སྦྲུལ་ནི་འགོ་མཉམ་སྟེ་གཏན་མེད་པའོ། །ཆ་ཤས་འདུས་པ་ཙམ་དུ་མཐོང་བའི་བློ་ནི་ཡང་དག་པའི་ཤེས་པའོ། །ཐག་པའི་བློ་ནི་སྦྲུལ་གྱི་བློ་དང་འདྲ་སྟེ་འཁྲུལ་པའི་ཤེས་པའོ། །དེ་ནས་ཡང་སྤུ་དང་རྩྭ་དེ་ཉིད་ལ་ཞིབ་དུ་བརྟགས་ན། རྡུལ་འདུས་པ་ཙམ་དུ་མཐོང་སྟེ། སྤུ་དང་རྩྭའི་ཆ་ཤས་ཀྱང་མ་གྲུབ་པར་རྟོགས་པ་ན། དོན་དང་བློའི་ཚུལ་ཐམས་ཅད་སྔ་མ་བཞིན་ནོ། །དེ་ནས་ཡང་རྡུལ་དེ་ཉིད་ལ་བློས་རྣམ་པར་ཕྱེ་ན། རྡུལ་ཉིད་ཀྱང་མ་གྲུབ་པར་རྟོགས་ཏེ། གཟུགས་ཀྱིས་སྟོང་པའི་སྟོང་པ་ཉིད་ཙམ་ཡོད་པར་མཐོང་བ་དེའི་ཚེ། དོན་དང་བློར་བཅས་པ་ཐམས་ཅད་སྔ་མ་བཞིན་ནོ། །དེ་ནས་ཡང་སྟོང་པ་ཉིད་ལ་རྣམ་པར་བརྟགས་ན། སྟོང་པ་ཞེས་བྱ་བ་འདིའང་དངོས་པོ་ལ་ལྟོས་ནས་རྣམ་པར་བཞག་པ་ཙམ་སྟེ། དངོས་པོ་ཉིད་མ་གྲུབ་ན་སྟོང་པ་ཉིད་མི་འགྲུབ་སྟེ། གང་ཞིག་སྟོང་། ཆོས་གང་གིས་སྟོང་། སུའི་སྟོང་པ་སྟེ། བསྒྲུབ་པར་བྱ་བའི་ཆོས་གང་ཡང་མེད་པར་རྟོགས་པ་ན། དོན་ཐམས་ཅད་མེད་པར་འགོ་མཉམ་མོ། །བློ་ཐམས་ཅད་འཁྲུལ་པར་འགོ་མཉམ་མོ། །འཁྲུལ་པ་ཐམས་ཅད་ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་པར་འགོ་མཉམ་མོ། །དེ་ལྟར་མ་ཡིན་པ་ཐམས་ཅད་དེའི་བདག་ཉིད་ཐོབ་པ་མེད་པར་འགོ་མཉམ་མོ། །བདག་ཉིད་ཐོབ་པ་མེད་པར་གྱུར་པ་ན། དོན་དང་བློ་གཉིས་ག་ལའང་མཚན་ཉིད་འགོ་མི་མཉམ་པ་མེད་དོ། །དེ་ལ་དང་པོ་སྦྲུལ་དུ་མཐོང་བ་ན་སྐྲག་སྟེ་སྡང་བ་སྐྱེས་སོ། །དེ་ནས་ཐག་པར་མཐོང་བ་ན་སྡང་བ་སྤངས་པའི་རློམ་སེམས་འབྱུང་སྟེ། ཆགས་པ་སྐྱེས་པའི་བློ་འབྱུང་ངོ་། །དེ་ནས་ཐག་པའི་བློ་ཞིག་པ་ན་ཐག་པ་ཟླུམ་རིལ་ལ་ཆགས་པའི་བློ་སྤངས་ནས། དུ་མ་འདུས་པ་ཙམ་ལ་ཆགས་པའི་བློ་སྐྱེ་སྟེ། ཇི་སྲིད་དུ་དངོས་པོར་ལྟ་བ་མ་ལོག་པ་དེ་སྲིད་དུ་ཆགས་སྡང་སྤང་བ་དང་སྐྱེ་བའི་བློ་ནི་ལྡོག་པར་མི་འགྱུར་མོད་ཀྱི། དོན་གྱི་མཚན་ཉིད་ལ་ནི་ཡང་དག་པར་གཞག་པའི་རྫས་མ་གྲུབ་ཙམ་ན། རེ་ཤིག་བར་གཞག་པའི་རྫས་དང་འགོ་མི་མཉམ་པར་མི་འགྲུབ་སྟེ། སྣང་བ་ཙམ་ལ་མི་སྐུར་པ་མ་གཏོགས་པ། མཚན་ཉིད་ཐམས་ཅད་འགོ་མཉམ་མོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་བྱེ་བྲག་དུ་སྣང་བ་ཐམས་ཅད་ནི་འདི་ལྟ་སྟེ། ཐུན་མོང་གི་སྣང་བ་མཐུན་པ་ཞིག་གཞིར་བྱས་པ་ལ། བྱེ་བྲག་མི་མཐུན་པར་སྣང་བ་ནི་འདི་ལྟར། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བ་དག་དང་། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པར་སྣང་བ་དག་དང་། ཉེ་བར་སྤྱོད་པ་དང་བཅས་པ་དང་ཉེ་བར་སྤྱོད་པ་དང་ལྡན་པ་མ་ཡིན་པར་སྣང་བ་དག་དང་། ཕྱིན་ཅི་ལོག་དུ་སྣང་བ་དང་ཕྱིན་ཅི་མ་ལོག་པར་སྣང་བ་དང་། གཉི་གའི་ཆ་དང་ལྡན་པར་སྣང་བ་རྣམས་དང་། ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་ལོག་དང་བཅས་པ་དང་། ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་དག་དང་། སྣང་བ་རྟེན་གཞི་ཡོད་པ་དང་། རྟེན་གཞི་མེད་པ་དང་། རྟེན་གཞི་ཡང་དག་པ་མ་ཡིན་པ་དང་ལྡན་པ་རྣམས་དང་། བྱ་བ་བྱེད་ནུས་པ་དང་ནུས་པ་མ་ཡིན་པར་སྣང་བ་དག་དང་། རྫས་སུ་ཡོད་པ་དང་བཏགས་པའི་ཡོད་པར་སྣང་བ་དག་དང་། ཀུན་ཏུ་བརྟགས་པ་དང་མཚན་ཉིད་པར་སྣང་བ་ལ་སོགས་ཏེ། ཀུནད་རྫོབ་དུ་སྣང་བའི་བྱེ་བྲག་རྣམ་པར་གཞག་པ་ཐམས་ཅད་ཀྱང་ཇི་ལྟར་གྲགས་པ་བཞིན་དུ་སོ་སོའི་བྱེ་བྲག་ཡོད་པར་བསྒྲུབ་དུ་རུང་བ་དང་། ཐམས་ཅད་འགོ་མཉམ་པར་འགྱུར་བའི་སྐབས་སུ་འགྱུར་རོ། །དེ་ལ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བ་དག་གང་ཞེ་ན། དེ་ལ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་དབང་དུ་ན། ཐུན་མོང་གི་ལས་ཀྱི་དབང་གིས་གྲུབ་པའི་གཟུགས་ཀྱི་བྱེ་བྲག་མེ་ལྟ་བུ་གཅིག་ལ་ཞེ་འམ། ཕྱི་རོལ་གྱི་དོན་མེད་པར་སྨྲ་བའི་དབང་ལྟར་ན། ཐུན་མོང་གི་ལས་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཕྱི་རོལ་གྱི་དོན་ལྟར་སྣང་བ། གཟུགས་ཀྱི་བྱེ་བྲག་མེར་སྣང་བ་གཅིག་ལ་ཞེས་ཆོས་ཅན་གཅིག་ཐུན་མོང་དུ་གྲུབ་པ་གཞིར་བྱས་པ་ལ། ནང་གི་བྱེ་བྲག་མི་མཐུན་པར་སྣང་བ་ནི་འདི་ལྟར། མི་རྣམས་དང་དུད་འགྲོ་ཕལ་ལ་ནི་མེ་ལ་རེག་ན་འཚིག་པར་སྣང་སྟེ། སྡུག་བསྔལ་གྱི་གནས་སུ་སྣང་ངོ་། །དུད་འགྲོའི་རིགས་ལས་རི་དྭགས་མེའི་གཙང་སྦྲ་ཅན་ཞེས་བྱ་བ་ནི། མེ་ཡིས་ཁྲུས་བྱེད་དེ་འཚིག་པར་མི་འགྱུར་ཞིང་སྤུའི་ཁ་དོག་དང་གྲ་ཤིན་དུ་རྒྱས་པར་འགྱུར་ཏེ། ཆུའི་བྱ་བ་མེས་བྱེད་དོ། །དུད་འགྲོའི་རིས་ལས་མེའི་བྱི་བ་ཞེས་བྱ་བ་ནི་མེ་རྒོད་རྒྱུན་དུ་གནས་པའི་གནས་དག་ན་གནས་ནས། མེ་དོང་རབ་ཏུ་འབར་བ་དག་དུ་ཞུགས་ཏེ། གནས་དང་ཟས་ཀྱི་བྱ་བ་ཐམས་ཅད་མེས་བྱེད་དོ། །ཡི་དྭགས་ཀྱི་རིགས་ལས་མེའི་ཡི་དྭགས་མ་ཞེས་བྱ་བ་དང་། ལྷའི་རིགས་ལས་ལྷའི་དྲང་སྲོང་བྲམ་ཟེའི་རིགས་སྦྱིན་བསྲེག་ལེན་པར་བྱེད་པ་མེ་ལྷ་ཞེས་བྱ་བ་རྣམས། ལུས་ཉིད་མེའི་ཁམས་ལས་གྲུབ་པ་ཡོད་པར་གྲགས་སོ། །འདི་ལྟ་བུ་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བ་དག་གོ །དེར་ཡང་མ་ཟད་དེ་རྩྭ་ལྟ་བུ་གཅིག་ལ་དུད་འགྲོ་ཕལ་ལ་ནི་ལོངས་སྤྱོད་པའི་གནས་སུ་སྣང་སྟེ། སྲོག་འཛིན་པའི་བྱ་བ་ཡང་བྱེད་དོ། །ཕལ་དང་མི་རྣམས་ལ་ནི་དེ་ལྟར་མི་སྣང་སྟེ། འཚོ་བའི་བྱ་བ་ཡང་མི་བྱེད་དོ། །འདི་ལྟ་བུའང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པའི་བྱེ་བྲག་དག་གོ །གཞན་ཡང་སེམས་ཅན་དམྱལ་བའི་གནས་ན། ལྕགས་བསྲེགས་པའི་ས་གཞི་དང་ཤལ་མ་རིའི་ཚལ་ལྟ་བུ་སྡུག་བསྔལ་གྱི་གནས་སུ་སྣང་བ་དང་། ལྷའི་གནས་ན་དཔག་བསམས་ཀྱི་ཤིང་དང་བུམ་པ་བཟང་པོ་ལ་སོགས་པ་ལོངས་སྤྱོད་ཀྱི་གནས་སུ་སྣང་བ་དེ་དག །སོ་སོ་རང་རང་གི་སྣང་བ་ཁོ་ན་ཙམ་ནི་མ་ཡིན་ཏེ། འགྲོ་བ་མིར་གྱུར་པ་རྣམས་ཀྱིའང་ཐུན་མོང་གི་ལས་ཀྱི་དབང་གིས་གྲུབ་པའམ། ཐུན་མོང་གི་ལས་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཐུན་མོང་གི་དོན་དུ་སྣང་བར་ནི་གྲུབ་མོད་ཀྱི། འོན་ཀྱང་དེ་དག་གི་དབང་གིས་མི་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ཡང་མི་བྱེད་དོ། །དེར་ཡང་མ་ཟད་དེ་མི་རྣམས་ཀྱི་བཟའ་བ་དང་བཏུང་བ་དང་བགོ་བ་ལ་སོགས་པ་མངོན་སུམ་དུ་གྲུབ་ཅིང་ཐུན་མོང་དུ་ལོངས་སྤྱོད་དུ་རུང་བ་ཡིན་མོད་ཀྱི། ལ་ལ་ནི་དབང་ཕྱུག་གཞན་དང་གཞན་གྱིས་དབང་བྱས་ཏེ་ལོངས་སྤྱོད་པའི་དབང་མེད་དོ། །ལ་ལ་ནི་རང་དབང་ཐོབ་སྟེ་ཅི་དགར་ལོངས་སྤྱོད་དོ། །འདི་ལྟ་བུ་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་དང་མི་མཐུན་པར་སྣང་བའི་བྱེ་བྲག་དག་གོ །དེ་ལ་ཡོངས་སུ་དག་པ་དང་ཡོངས་སུ་དག་པ་མ་ཡིན་པར་སྣང་བ་དག་གང་ཞེ་ན། འདི་ལྟར་ཆུ་ཀླུང་གངྒཱ་ལྟ་བུ་གཅིག་ལ། མི་དང་ཡི་དྭགས་གཉི་གས་ཀྱང་ས་ཕྱོགས་ཞིག་ན། ཆུ་ཀླུང་ཆེན་པོ་ཞིག་འབབ་པར་ནི་མཐུན་པར་སྣང་སྟེ། གཞི་ཆོས་ཅན་ཐ་དད་ནི་མེད་དོ། །འོན་ཀྱང་ཡི་དྭགས་རྣམས་ལ་ནི་ཆུར་ཡང་སྣང་ལ་མ་དག་པར་ཡང་སྣང་སྟེ། རྣག་ལ་སོགས་པས་ཡོངས་སུ་གང་ཞིང་ལོངས་སྤྱོད་དུ་མི་རུང་བར་སྣང་ངོ་། མི་རྣམས་ལ་ནི་ཆུར་ཡང་སྣང་ཞིང་དག་པར་སྣང་སྟེ། དྲི་མ་མེད་ཅིང་ལོངས་སྤྱོད་དུ་རུང་བར་སྣང་ངོ་། །གཞན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་གླིང་བཞི་པའི་འཇིག་རྟེན་འདི་ཉིད་ཡོངས་སུ་མ་དག་པའི་ཞིང་ཁམས་ཡིན་པར་གྲགས་ཏེ། དེ་བཞིན་དུ་ཚེ་དང་ལྡན་པ་ཤ་རིའི་བུ་ན་རེ། ངས་ནི་བཅོམ་ལྡནད་འདས་ཀྱི་ཞིང་འདི་མཐོན་དམན་དང་གཅོང་རོང་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་ན་རེ། ཚེ་དང་ལྡན་པ་ཤ་རིའི་བུ་དེ་སྐད་མ་ཟེར་ཅིག །ཁྱོད་རང་གི་སེམས་ལ་མཐོན་དམན་ཡོད་པར་ཟད་དེ། བཅོམ་ལྡན་འདས་ཀྱི་ཞིང་ལ་ནི་ཡོངས་སུ་མ་དག་པ་མེད་དོ། །ངས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་རིན་པོ་ཆེའི་གཞི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་དག་པར་མཐོང་ངོ་ཞེས་ཟེར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དུ་སངས་རྒྱས་ཀྱི་ཞིང་འདི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་སྣང་བར་མཛད་ནས། ཤ་རིའི་བུ་ལ་བཀའ་སྩལ་པ། ཅི་ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ། དམུས་ལོང་རྣམས་ཀྱིས་མི་མཐོང་ངོ་། །ཤ་རིའི་བུས་གསོལ་པ། ཉི་མ་དང་ཟླ་བས་མ་ནོངས་ཀྱི། དམུས་ལོང་རྣམས་ཀྱིས་ནོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་འདི་ནི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་རྟག་དུ་འདི་འདྲ་བ་སྟེ། ཁྱེད་རྣམས་ཀྱིས་མ་མཐོང་ངོ་། །དཔེར་ན་ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་གཅིག་གི་ནང་ནས་བདུད་རྩིའི་ཟས་ཟའང་། ཇི་ལྟར་བསོད་ནམས་བསགས་པ་བཞིན་དུ་བདུད་རྩིའི་རོ་སོ་སོར་མྱོང་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་ཀྱང་ཇི་ལྟར་ལས་དག་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡང་མ་དག་པ་དང་དག་པར་མཐོང་ངོ་ཞེས་གསུངས་སོ། །དེ་བས་ན་སྣང་བ་འདི་ལྟ་བུ་ལ་ཐམས་ཅད་དུ་ཐ་དད་པར་སྣང་བ་མ་ཡིན་ཏེ། གཞི་གཅིག་ཏུ་སྣང་ངོ་། །ཐམས་ཅད་དུ་མཐུན་པར་སྣང་བ་མ་ཡིན་ཏེ། དག་པ་དང་མ་དག་པ་སོ་སོར་སྣང་ངོ་། །འདི་ལྟ་བུ་ནི་ཡོངས་སུ་དག་པ་དང་ཡོངས་སུ་དག་པ་མ་ཡིན་པར་སྣང་བའི་བྱེ་བྲག་དག་གོ །དེ་ལ་ཉེ་བར་སྤྱོད་པ་དང་བཅས་པ་དང་ཉེ་བར་སྤྱོད་པ་དང་ལྡན་པ་མ་ཡིན་པར་སྣང་བ་དག་གང་ཞེ་ན། འདི་ལྟར་འགྲོ་བ་མིར་གྱུར་བ་གཉིས་ལྷན་ཅིག་ན་གནས་པ་ལས། གཅིག་ནི་ར་རོའམ་བརྒྱལ་བར་གྱུརད་ཏེ། ཚོར་བ་དང་ཉེ་བར་སྤྱོད་པའི་འདུ་ཤེས་དང་མི་ལྡན་ནོ། །གཅིག་ནི་དྲན་པ་དང་ཤེས་བཞིན་དུ་ལྡན་ཏེ་གནས་པ་ལས། གཉིས་ག་ལ་མེས་མཉམ་དུ་རེག་པར་གྱུར་པ་ལ། གཅིག་ནི་མེས་རེག་པའི་སྡུག་བསྔལ་ཉམས་སུ་མ་མྱོང་བཞིན་དུ་ཚིག་གོ །གཅིག་ནི་མྱོང་བཞིན་དུ་ཚིག་སྟེ། གཉིས་གའང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པར་སྣང་བ་ཡིན་པས་ཚིག་ནི་མཉམ་དུ་ཚིག་གོ །འདི་ལྟ་བུ་ནི་ཉེ་བར་སྤྱོད་པ་དང་བཅས་པ་དང་ཉེ་བར་སྤྱོད་པ་དང་ལྡན་པ་མ་ཡིན་པར་སྣང་བའི་བྱེ་བྲག་དག་གོ །དེ་ལ་ཕྱིན་ཅི་ལོག་དུ་སྣང་བ་གང་ཞེ་ན། འགལ་མེ་མྱུར་དུ་བསྐོར་བ་ལ་འཁོར་ལོར་སྣང་བ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་སྣང་བ་གང་ཞེ་ན། གང་དོན་ཇི་ལྟ་བ་བཞིན་དུ་སྣང་བའོ། །གཉིས་གའི་ཆ་དང་ལྡན་པར་སྣང་བ་གང་ཞེ་ན། ཐག་པ་ལ་སྦྲུལ་དུ་མཐོང་བའི་ཚེ་དབང་པོའི་ཤེས་པ་ནི་ཐག་པའི་རྣམ་པར་སྣང་ངོ་། །རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ནི། སྦྲུལ་གྱི་རྣམ་པར་སྣང་བ་དང་ཡང་ལྡན་ཏེ། འདི་ལྟ་བུ་ནི་གཉིས་གའི་ཆ་དང་ལྡན་པར་སྣང་བ་ཞེས་བྱའོ། །དེ་ལ་ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་ལོག་དང་བཅས་པ་གང་ཞེ་ན། གང་བྱིས་པ་རྣམས་ཀྱི་མདུན་དུ་འགལ་མེ་བསྐོར་བ་ལྟ་བུའོ། །ཕྱིན་ཅི་ལོག་དུ་སྣང་བ་མཐོང་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་གང་ཞེ་ན། མཁས་པ་རྣམས་ཀྱི་མདུན་དུ་འགལ་མེ་བསྐོར་བ་ལྟ་བུའོ། །དེ་ལ་སྣང་བ་རྟེན་གཞི་དང་བཅས་པ་གང་ཞེ་ན། འགལ་མེ་མྱུར་དུ་བསྐོར་བས་འཁོར་ལོར་སྣང་བ་དང་། རབ་རིབ་ཅན་ལ་ཟླ་བ་གཉིས་སུ་སྣང་བ་དང་། གྲུར་ཞུགས་པ་ལ་རི་གཡོ་བར་སྣང་བ་རྣམས་སོ། །རྟེན་གཞི་མེད་པ་གང་ཞེ་ན། རབ་རིབ་ཅན་ལ་ནམ་མཁའ་ལ་སྐྲ་ཤད་སྣང་བ་དང་། ལང་ཏང་ཙེ་ཟོས་པ་ལ་ནམ་མཁའ་ཁབ་ཀྱིས་གང་བར་སྣང་བ་དང་། གཞན་ཡང་སྣང་བའི་བག་ཆགས་ལས་གཞན་དུ་སྣང་བ་འབྱུང་སྟེ། འདི་ལྟར་རྒྱལ་པོའི་དམག་མི་དང་རྔ་སྒྲའི་ཆ་དང་ལྡན་པར་ལམ་དུ་ཞུགས་ཏེ། ཡུན་རིང་དུ་ལྷན་ཅིག་འགྲོགས་པ་ལས། ཕ་རོལ་གྱི་སྡེའི་སོ་མཚམས་སུ་ཕྱིན་པ་དང་། དེས་རང་གི་སྡེའི་དམག་གི་ཆ་བོར་ཏེ་ཕ་རོལ་གྱི་དམག་མི་བྱུང་ངམ་མ་བྱུང་ལྟར་ཕྱིན་པ་དང་། དེས་ཕ་རོལ་གྱི་གཟུགས་ནི་མ་མཐོང་རྔ་སྒྲ་ནི་གྲགས་པར་ཐོས་ཏེ། དེས་རང་གི་བག་ཆགས་ཀྱིས་རྔའི་སྒྲ་གྲགས་པར་སྣང་བ་ཙམ་ཡིན་པར་མ་རྟོགས་ནས། རིང་མོ་ཞིག་ན་ཚུར་ཕ་རོལ་གྱི་དམག་ཚོགས་བྱུང་ངོ་སྙམ་སྟེ། གཟུགས་མ་མཐོང་ཡང་རྔ་སྒྲ་གྲག་གོ་སྙམ་དུ་སེམས་པ་ལྟ་བུའོ། །རྟེན་གཞི་ཡང་དག་པ་མ་ཡིན་པ་དང་ལྡན་པ་གང་ཞེ་ན། གང་སྨིགས་རྒྱུ་ལ་ཆུར་མཐོང་བ་ལྟ་བུ་སྟེ། སྨིགས་རྒྱུ་ཉིད་ཀྱང་རྟེན་གཞི་འབྱུང་བ་ཆེན་པོའ་མེད་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟ་བུའི་རྫས་མེད་པ་ཡིན་ན། དེ་ལས་ཀྱང་ཆུའི་རྣམ་པ་འབྱུང་བ་ལྟ་བུའོ། །སྣང་བ་འདི་དག་མཐུན་པ་དང་མི་མཐུན་པའི་དབང་གིས། འགྲོ་བ་སོ་སོའི་རྒྱུད་ལ་བྱ་བ་བྱེད་ནུས་པར་སྣང་བ་ནི། ནུས་པ་མ་ཡིན་པར་སྣང་བར་འགྱུར་རོ། །ནུས་པ་མ་ཡིན་པ་ནི་ནུས་པར་སྣང་བར་འགྱུར་རོ། །རྫས་སུ་ཡོད་པར་སྣང་བ་ནི་བཏགས་པའི་ཡོད་པར་སྣང་བར་འགྱུར་རོ། །བཏགས་པའི་ཡོད་པར་སྣང་བ་ནི་རྫས་སུ་ཡོད་པར་སྣང་བར་འགྱུར་རོ། །ཀུན་དུ་བརྟགས་པ་བར་སྣང་བ་ནི་མཚན་ཉིད་པར་སྣང་བར་འགྱུར་རོ། །དེ་བས་ན་སོ་སོའི་མཚན་ཉིད་ཀྱི་བྱེ་བྲག་འདི་དག་སོ་སོར་གྲུབ་པར་སྒྲུབ་པར་བྱེད་པ་ན། ཡང་དག་པར་བསྒྲུབ་པར་བྱ་བ་གཅིག་ཀྱང་ཡོད་པར་སྒྲུབ་ཅིང་། གང་ཟག་ཐུན་མོང་གི་སྣང་བ་ཡང་མཐུན་པ། བྱེ་བྲག་གི་སྣང་བ་ཡང་མཐུན་པ། ཁོ་རེ་ཆུང་ངུ་ཙམ་ལ་སྒྲུབ་པར་བྱེད་ན། ཀུན་རྫོབ་ཀྱི་བྱེ་བྲག་དེ་དག་ཐམས་ཅད་ཇི་ལྟར་གྲགས་པ་བཞིན་དུ་བསྒྲུབ་ཏུ་རུང་བར་འགྱུར་རོ། །ཡང་དག་པར་བསྒྲུབ་པར་བྱ་བ་མི་འདོད་ན། གང་ཟག་སྣང་བ་མཐུན་པ་རྣམས་ལ་སྒྲུབ་ཀྱང་བྱེ་བྲག་མི་འགྲུབ་སྟེ། ཀུན་རྫོབ་ཐམས་ཅད་འགོ་མཉམ་པར་འགྱུར་རོ། །གལ་ཏེ་གང་ཟག་སྣང་བ་མི་མཐུན་པ་རྒྱ་ཆེན་པོའི་དབང་དུ་སྒྲུབ་པར་བྱེད་ན། ཡང་དག་པར་བསྒྲུབ་པར་བྱ་བ་ཅིག་འདོད་དུ་ཟིན་ཀྱང་། སྣང་བ་གཅིག་གིས་གཅིག་བསལ་ཏེ། བྱེ་བྲག་གང་ཡང་མི་འགྲུབ་ཅིང་། ཐམས་ཅད་འགོ་མཉམ་པར་འགྱུར་རོ། །དེ་བས་ན་དབུ་མ་དང་གསང་བ་བླ་ན་མེད་པའི་ཚུལ་གྱིས་ནི། ཆོས་ཐམས་ཅད་ལ་ཡང་དག་པར་བསྒྲུབ་པར་བྱ་བ་གང་ཡང་མི་སྒྲུབ་ཅིང་། གདུལ་བྱ་ཚད་མེད་པའི་དབང་དུ་གསུངས་པ་ཡིན་པས། འཇིག་རྟེན་གྱི་གྲགས་པའི་བྱེ་བྲག་ཐམས་ཅད་ཀྱང་། རང་རང་གི་སྣང་ཚད་ཙམ་དུ་ཟད་ཀྱི་མཚན་ཉིད་ནི་འགོ་མཉམ་པར་འགྱུར་ཏེ། འདི་ལྟར་རྨི་ལམ་གྱི་བུམ་པའི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་ནུས་པར་སྣང་ལ། བུམ་པའི་གཟུགས་བརྙན་གྱི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་མི་ནུས་པར་སྣང་སྟེ། འོན་ཀྱང་རྨི་ལམ་གྱི་སྣང་ཚོད་ཙམ་ལས་མ་གཏོགས་པ། རང་གི་ངོ་བོ་ལ་ནི། བྱ་བ་བྱེད་ནུས་པ་དང་མི་ནུས་པའི་མཚན་ཉིད་ཐ་དད་མེད་དོ། །དེ་བས་ན་ཆོས་ཐམས་ཅད་ནི། སྒྱུ་མ་ལྟ་བུའོ། །སྨིགས་རྒྱུ་ལྟ་བུའོ། །རྨི་ལམ་ལྟ་བུའོ། །གཟུགས་བརྙན་ལྟ་བུའོ། །སྤྲུལ་པ་ལྟ་བུའོ་ཞེས་གསུངས་སོ། །དེ་ལ་སྒྱུ་མའི་མཚན་ཉིད་གང་ཞེ་ན། འདི་ལྟར་སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་དང་གསེག་མ་ལ་སོགས་པ་ལ་འདྲ་གཟུགས་བྱས་ཏེ། གྱོ་མོ་ལ་སྔགས་ཀྱིས་བཏབ་ནས་སྦྱོར་བ་གོམས་པས་བསྣུན་ན། སྐྱེས་པ་དང་བུད་མེད་དང་རྟ་དང་གླང་པོ་ལ་སོགས་པའི་གཟུགས་སྣ་ཚོགས་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ན་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་སྒྱུ་མ་ཡིན་པའི་ཕྱིར་མཚན་ཉིད་གང་ཡང་ཡོད་པ་མ་ཡིན། སྒྱུ་མ་བསྡུས་ནས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་སྒྱུ་མ་བསྡུས་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ། །ཞེས་རྣམ་པར་གཞག་པའང་མེད་དེ། འདི་ལྟར་སྣང་བ་དང་མི་སྣང་བ་གཉིས་གའང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས་སྒྱུ་མ་སྒྱུ་མ་ཞེས་བརྗོད་དོ། །དེ་ལ་སྨིགས་རྒྱུའི་མཚན་ཉིད་གང་ཞེ་ན། ས་ཕྱོགས་ན་ས་རྒོ་ཉེ་བར་གནས་པ་དང་། ཉི་མ་ཚ་བས་གདུངས་པ་དང་། སེར་བུའི་བཞོལ་ཕྱོགས་སུ་བབ་པ་དང་། ལྟ་བ་པོ་རྒྱང་མ་ན་གནས་པའི་རྐྱེན་གྱིས། ཀླུང་ཆུས་གང་བ་ལྟ་བུར་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར། མཚན་ཉིད་གང་ཡང་ཡོད་པ་མ་ཡིན། ཉི་མ་ནུབ་ནས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་ཉི་མ་ནུབ་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། འདིའ་ལྟར་སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས། སྨིགས་རྒྱུ་སྨིགས་རྒྱུ་ཞེས་བྱའོ། །དེ་ལ་རྨི་ལམ་གྱི་མཚན་ཉིད་གང་ཞེ་ན། སྐྱེས་བུ་གཉིད་ཀྱིས་ལོགས་པའི་རྨི་ལམ་ན། ཀུན་དགའི་ར་བ་དང་སྐྱེད་མོས་ཚལ་ལ་སོགས་ཏེ་ལོངས་སྤྱོད་ཀྱི་གནས་ཀྱང་དམིགས་ཤིང་སྣང་བར་འགྱུར་ལ། བཙོན་ར་དང་ཁྲི་མུན་ལ་སོགས་ཏེ་སྡུག་བསྔལ་གྱི་གནས་ཀྱང་དམིགས་ཤིང་སྣང་བར་འགྱུར་ཏེ། དེ་དང་པོ་འབྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་རྨི་ལམ་ཡིན་པའི་ཕྱིར་མཚན་ཉིད་གང་ཡང་ཡོད་པ་མ་ཡིན། གཉིད་སད་ནས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་གཉིད་སད་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ། ། ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་ག་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པར་རྨི་ལམ་རྨི་ལམ་ཞེས་བརྗོད་དོ། །དེ་ལ་གཟུགས་བརྙན་གྱི་མཚན་ཉིད་གང་ཞེ་ན། འདི་ལྟར་མེ་ལོང་ལ་སོགས་པ་དང་པའི་གཟུགས་དང་བཞིན་ལ་སོགས་པ་གསལ་བའི་གཟུགས་ཉེ་བར་གནས་པ་ན། གཟུགས་བརྙན་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་འབྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར། མཚན་ཉིད་གང་ཡང་ཡོད་པ་མ་ཡིན། རྐྱེན་ཞིག་མ་ཚང་བས་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདིའ་སྐད་དུ་རྐྱེན་མ་ཚང་བའི་དབང་གིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བས་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པར་གཟུགས་བརྙན་གཟུགས་བརྙན་༼རྨུགས་སངས་ལ་བསྣན་འདུག །རྫོགས་ཆེན་ཤིང་པར་ལ་མེད། ༽ཞེས་བྱའོ། །དེ་ལ་སྤྲུལ་པའི་མཚན་ཉིད་གང་ཞེ་ན། འདི་ལྟར་ཡེ་ཤེས་ཀྱི་སྤྲུལ་པའམ། ཏིང་ངེ་འཛིན་གྱི་སྤྲུལ་པའམ། དེ་མ་ཡིན་པ་རིག་སྔགས་གྲུབ་པའི་སྤྲུལ་པ་དག་ཀྱང་། འདི་ལྟར་མེ་ཏོག་དཀར་པོ་ལ་སྔགས་ཀྱིས་བཏབ་སྟེ་ནམ་མཁའ་ལ་གཏོར་ན། དེ་བཞིན་གཤེགས་པ་སྟོང་སྙེད་ལ་སོགས་པ་ནམ་མཁའ་ལ་བཞུགས་པར་སྣང་བར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་སེར་པོ་ལ་བཏབ་སྟེ་གཏོར་ན་དགྲ་བཅོམ་པ་མང་པོ་སྣང་བར་འགྱུར་རོ། །མེ་ཏོག་དམར་པོ་ལ་བཏབ་སྟེ་གཏོར་ན་ལྷའི་རྣམ་པ་མང་པོ་སྣང་བར་འགྱུར་རོ། །མེ་ཏོག་སྔོན་པོ་ལ་བཏབ་སྟེ་གཏོར་ན་གནོད་སྦྱིན་དང་སྲིན་པོ་མང་པོ་སྣང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་སྤྲུལ་པ་ཡིན་པའི་ཕྱིར་མཚན་ཉིད་གང་ཡང་ཡོད་པ་མ་ཡིན། སྤྲུལ་པ་བསྡུས་ན་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་སྤྲུལ་པ་བསྡུས་པའི་རྐྱེན་གྱིས་དབང་པོའི་སྤྱོད་ཡུལ་དུ་མ་གྱུརད་ནས་མི་སྣང་བ་ཙམ་དུ་ཟད་དེ། དེའི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པའང་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས་སྤྲུལ་པ་སྤྲུལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་སྣ་ཚོགས་སྣང་བ་འདི་དག་ཐམས་ཅད་ཀྱང་། ཇི་སྲིད་དུ་གཟུང་བ་དང་འཛིནད་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་ཉེ་བར་གནས་པ་དེ་སྲིད་དུ། དངོས་པོ་སྣ་ཚོགས་སྣང་བ་འབྱུང་བར་འགྱུར་ཏེ། དེ་དང་པོ་བྱུང་བའི་ཚེ་ནའང་གང་ནས་ཀྱང་མ་བྱུང་། སྣང་བ་ཉིད་ཀྱི་ཚེ་ནའང་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་པའི་ཕྱིར། མཚན་ཉིད་གང་ཡང་ཡོད་པ་མ་ཡིན། གཟུང་བ་དང་འཛིན་པ་གཉིས་ཀྱི་བག་ཆགས་ཟད་ན་འགགས་ཤིང་མི་སྣང་བར་འགྱུར་ཏེ། དེའི་ཚེའང་གང་དུའང་མ་སོང་། གང་ཡང་འདི་སྐད་དུ་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་བའི་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ནས་མི་སྣང་བ་ཙམ་དུ་ཟད་དེ། སྣང་བ་འདི་དག་གི་སྐད་ཅིག་མའི་རྒྱུན་ནི་འཆད་ཅིང་ལྡོག་པའང་མ་ཡིན་ནོ་ཞེས་རྣམ་པར་གཞག་པའང་མེད་དེ། སྣང་བ་དང་མི་སྣང་བ་གཉིས་གའང་དབྱེར་མེད་པར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་མོད་ཀྱི། ཇི་སྲིད་དུ་རྐྱེན་ཉེ་བར་གནས་ཀྱི་བར་དུ་སྣང་བའང་དམིགས་ལ། སྣང་བ་ཙམ་དེའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལ་དོན་གྱི་ཆ་གཞན་བསྒྲུབ་པར་བྱ་བ་ནི་གང་ཡང་མེད་པས། དེ་བས་ན་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ། སྨིགས་རྒྱུ་ལྟ་བུ། རྨི་ལམ་ལྟ་བུ། གཟུགས་བརྙན་ལྟ་བུ། སྤྲུལ་པ་ལྟ་བུའོ་ཞེས་བརྗོད་དོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་འདི་ལྟ་བུ་ཡིན་པའི་ཕྱིར། ཤིན་ཏུ་འཁྲུལ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་པ་རྣམས་ལ་རྫས་ཀྱི་མཚན་ཉིད་མི་རྙེད་དོ། །འདི་ལྟར་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མེད་པར་བསྟན་པའི་རིགས་པ་འདི་དག །ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་ཡོད་པར་འདོད་པའི་གྲུབ་མཐའ་རྣམས་ལ་གནོད་པ་དམིགས་པ་འདིའང་། གཞན་གྱི་གྲུབ་མཐའ་དང་འགལ་བས་གནོད་དོ་ཞེས་བརྗོད་པ་ནི་མ་ཡིན་ཏེ། རང་རང་གི་གྲུབ་མཐའ་ཉིད་ཀྱིས་རང་རང་གི་གྲུབ་མཐའ་འཇོམས་པར་བྱེད་པ་མཐོང་བ་བརྗོད་པ་ཡིན་ཏེ། དཔེར་ན་ནགས་ལ་རླུང་གི་གནོད་པ་བྱུང་ན་ཤིང་སྐྱབས་སུ་ཤིང་འགྱུར་ཏེ། ཤིན་ཏུ་གནོད་པར་ཡང་མི་འགྱུར་ལ། ནགས་ལ་མེའི་གནོད་པ་བྱུང་ན་ཤིང་གཤེད་དུ་ཤིང་འགྱུར་ཏེ། སྐྱབས་མེད་ཅིང་ལྷག་མ་མ་ལུས་པའི་བར་དུ་ཡང་འགྱུར་བ་བཞིན་ནོ། །འོ་ན་རང་གིས་རང་ལ་གནོད་པའི་གྲུབ་མཐའ་དེ་དག་སུ་ཞིག་སྒྲུབ་པར་བྱེད་ཅེ་ན། འདི་ནི་གྲུབ་མཐའ་འཛིནད་པ་རང་རང་གི་བློ་དྲི་མ་མེད་པར་མཐོང་བ་རྣམས་ཀྱིས་སྐྱོན་མེད་པར་བསྒྲུབས་པ་ཡིན་མོད་ཀྱི། དེ་བས་བློ་ཟབ་ཅིང་ཡངས་པ་རྣམས་ཀྱིས་བལྟས་ན། ཆུ་བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱས་པ་མཐོང་བ་བརྗོད་པ་ཡིན་ནོ། །དཔེར་ན་སྔོན་བྱུང་བ་ཚངས་པ་སའི་མེ་ཏོག་ཅེས་བྱ་བས། ཚངས་པ་མི་འཆི་བ་ཞེས་བྱ་བ་ལ་སྨྲས་པ། ཀྱེ་མ་ཚངས་པ་ཁྱོད་ཀྱི་བློ། །ཤིན་དུ་དྲི་མ་མེད་པ་དག །བློ་གྲོས་ལྡན་པ་ངས་བལྟས་ན། །ཚིག་རེ་ལ་ནི་བརྙོགས་པ་བཞིན། །ཞེས་པ་ལྟ་བུ་སྟེ། ཚངས་པ་མི་འཆི་བའི་བློ་རང་གིས་ཤིན་དུ་དྲི་མ་མེད་པར་མཐོང་བས་སྨྲས་པའི་ཚིག་རྣམས། ཚངས་པ་སའི་མེ་ཏོག་གིས་བལྟས་ན། ཚིག་རེ་རེ་ལའང་བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱེད་པར་མཐོང་བ་བཞིན་ནོ། །དེ་ཡང་འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས་ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་རྣམ་གྲངས་ཀྱི་མཚན་ཉིད་དུ་ཡོད་པར་འདོད་དེ། དེའི་དབང་གིས་རྣམ་གྲངས་ཀྱི་དབྱེ་བ་བྱས་པས། དེ་ཉིད་ཀྱིས་གྲངས་ཀྱི་ངེས་པ་ཉམས་པར་བྱས་ཏེ། བརྙོགས་པ་བཞིན་དུ་རང་གི་འདོད་པའི་རྫས་ཉམས་པར་བྱས་སོ། །རྣལ་འབྱོར་སྤྱོད་པའི་ཚུལ་ལས་སྤང་བར་བྱ་བའི་རྫས་ཀྱི་མཚན་ཉིད་འདོད་པས། མཚན་ཉིད་ཀྱི་དབྱེ་བ་བྱས་པས། བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱས་སོ། །དབུ་མའི་ཚུལ་ལས་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཁྱད་པར་གྱི་དབྱེ་བ་བྱས་པས། དེ་ཉིད་ཀྱིས་བརྙོགས་པ་བཞིན་དུ་རང་གིས་རང་ཉམས་པར་བྱས་པ་བརྗོད་པ་ཙམ་ཡིན་ཏེ། གསང་བ་བླ་ན་མེད་པའི་ཚུལ་དང་འགལ་བས་གནོད་དོ་ཞེས་ནི་མ་སྨྲས་ཏེ། འདི་ནི་གནོད་དུ་ཟིན་ཀྱང་རང་རང་གི་གྲུབ་པའི་མཐའ་སྐྱབས་ལ་ཞེན་པས་གནོད་པར་མཐོང་བར་ཡང་མི་འགྱུར་རོ། །རང་རང་གི་གྲུབ་པའི་མཐའ་ཉིད་ཀྱིས་རང་འཇོམས་པར་བྱེད་པ་སྣང་བ་བརྗོད་པ་ནི། སྐྱབས་མེད་ཅིང་ལྷག་མ་མ་ལུས་པའི་བར་དུ་ཡང་འགྱུར་བས། དེ་བས་ན་སྐྱོན་འདི་དག་བརྗོད་པ་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པར་འདོད་པ་རྣམས་ཀྱིས། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མེད་པར་ཤེས་པར་བྱ་ཞིང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འགོ་མཉམ་པར་བསྟན་པའི་སྐབས་ཏེ། དང་པོའོ།།  །། འདིར་བརྒལ་བ་བཀའ་རྣམས་ལས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གསུངས་པ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པའི་སྒོ་ནས་ཀྱང་སྒྱུ་མ་ལྟ་བུའི་སྒྲ་འཇུག་ལ། ཆོས་དང་གང་ཟག་ལ་བདག་མེད་ཅིང་ངོ་བོ་ཉིད་རྣམ་པ་གསུམ་གྱི་ངོ་བོ་ཉིད་མེད་པ་རྣམ་པའང་གསུམ་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ཞིང་། རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེ་བས་སྒྱུ་མ་ལྟ་བུའི་སྒྲ་འཇུག་གོ །ཆོས་རྣམས་ལ་དོན་དམ་པའི་ངོ་བོ་ཉིད་མེད་པས། ཡང་དག་པའི་ཀུན་རྫོབ་དུ་རྫས་སུ་ཡོད་པར་འདོད་དུ་ཟད་ཀྱང་། སྒྱུ་མ་ལྟ་བུར་གསུངས་པར་ཟད་དེ་སྒྱུ་མ་དང་ཕུང་པོ་གཉིས་ཤིན་དུ་འགོ་མཉམ་པ་ནི་མ་ཡིན་ནོ། །ཇི་ལྟའ་བུ་ཞེ་ན། སྒྱུ་མ་ནི་སྐད་ཅིག་ཙམ་སྣང་བ་ཡིན་ལ། འགྲོ་བའི་ཕུང་པོ་ནི་ཡུན་རིང་དུ་བརྟན་པར་སྣང་བ་ཡིན་ནོ། །སྒྱུ་མ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་ཟིན་པའང་མ་ཡིན་ཏེ། ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་ཅན་མ་ཡིན་ལ། འགྲོ་བའི་ཕུང་པོ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་ཟིན་པ། ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་ཅན་ཡིན་པས། དེ་བས་ན་འདི་གཉིས་ཤིན་དུ་འགོ་བསྙམ་དུ་མི་རུང་ངོ་། །དེ་ལ་འདི་བརྗོད་པར་བྱ་སྟེ། འདི་ལྟ་བུའི་བྱེ་བྲག་དུ་སྣང་བ་ནི། སྒྱུ་མ་དང་སྤྲུལ་པ་ལའང་ཡོད་དེ། འདི་ལྟར་སྤྲུལ་པ་དག་ལའང་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱིས། འགྲོ་བའི་དོན་དུ་སྤྲུལ་པ་རྣམ་པར་འཕྲུལ་པ་ལ་ལ་དག ། བསྐལ་པའམ་བསྐལ་པ་ལས་ལྷག་པར་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པ་ཡོད་དོ། །ལ་ལ་ནི་ལོ་གཅིག་དང་ཟླ་བ་གཅིག་དང་ཞག་གཅིག་དང་ཉིན་གཅིག་དང་སྔ་དྲོ་གཅིག་དང་ཆུ་ཚོད་གཅིག་ཙམ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་པ་ཡོད་དོ། །དེ་རྣམས་ལའང་ལ་ལ་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པར་སྣང་ཞིང་མ་ཟིན་པར་སྒྲུབ་པར་བྱེད་དོ། །ལ་ལ་ནི་ཟིན་པར་སྣང་ཞིང་ཟིན་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡོད་དོ། །ལ་ལ་ནི་མ་ཟིན་པར་སྣང་ཞིང་མ་ཟིན་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡོད་དོ། །ལ་ལ་ནི་མ་ཟིན་པར་སྣང་ཞིང་ཟིན་པར་སྒྲུབ་པར་བྱེད་པ་ཡོད་དེ། །འོན་ཀྱང་སྤྲུལ་པའི་མཚན་ཉིད་ལ་ནི་བྱེ་བྲག་མེད་དེ་འགོའ་མཉམ་མོ། །འདི་ལྟར་གཟུགས་བརྙན་དག་ལ་ཡང་པྲ་སེ་ནའི་སྔགས་གྲུབ་པས་མངོན་པར་བསྔགས་པའི་མེ་ལོང་ལ་གཞོན་ནུ་མ་གཙང་མས་བལྟས་ན། ལྐོག་ཏུ་གྱུར་པ་རྐུན་མོའི་གཟུགས་བརྙན་མཐོང་བ་ཡོད་ལ། ཕལ་པས་ནི་མ་ཡིན་ཏེ། གཟུགས་བརྙན་གྱི་མཚན་ཉིད་ལ་ནི་བྱེ་བྲག་མེད་དོ། །རྨི་ལམ་དག་ལའང་ལྷ་ཁྱད་པར་ཅན་གྱི་དབང་གིས་ལྟས་ཉེ་བར་སྟོན་པའི་རྨི་ལམ་མཐོང་བ་དག་མ་འོངས་པའི་དངོས་པོའི་ལྟས་སྟོན་པར་ནུས་པ་ཡོད་དོ། །ཕལ་གྱིས་ནི་མ་ཡིན་ཏེ་རྨི་ལམ་གྱི་མཚན་ཉིད་ལ་ནི་བྱེ་བྲག་མེད་དོ། །སྨིགས་རྒྱུ་དག་ལའང་རྐྱེན་གྱི་དབང་གིས་ལ་ལ་ནི་ལམ་སྒྲིབ་པའི་བྱ་བ་བྱེད་ལ། ལ་ལས་ནི་མ་ཡིན་ཏེ། སྨིགས་རྒྱུའི་མཚན་ཉིད་ལ་ནི་བྱེ་བྲག་མེད་དོ། །སྒྱུ་མ་དག་ལའང་སྒྱུ་མའི་གསང་སྔགས་ཀྱི་བདེན་པའི་མཐུ་ཆེ་ཆུང་གི་དབང་གིས། ལ་ལ་ནི་ཅུང་ཟད་ཙམ་སྣང་ལ། ལ་ལ་ནི་དེ་བས་ཡུན་རིང་དུ་སྣང་ངོ་། །ལ་ལ་ནི་ཁ་དོག་དང་དབྱིབས་ཙམ་སྣང་ལ། ལ་ལ་ནི་དྲི་དང་རོ་དང་རེག་བྱའང་སྣང་སྟེ། འདི་ལྟར་སྒྱུ་མ་མཁན་བཟང་པོས། བཅོམ་ལྡནད་འདས་ལ་ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་སད་པའི་ཕྱིར། སྒྱུ་མའི་ལོངས་སྤྱོད་ཀྱི་རྣམ་པ་མང་པོ་སྤྲུལ་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་པས། བཅོམ་ལྡན་འདས་དུས་མཁྱེན་ཅིང་རྒྱུད་རིག་པས་དེ་བཞིན་དུ་གཤེགས་ཏེ། བཟང་པོས་སྤྲུལ་པའི་སྒྱུ་མའི་ལོངས་སྤྱོད་རྣམས་ཀྱང་བརྟན་པར་བྱིན་གྱིས་བརླབས་ནས་གདུགས་ཚོད་ཀྱང་གསོལ། སྨོན་ལམ་ཡང་ཡོངས་སུ་རྫོགས་པར་མཛད་དེ། འདི་སྐད་དུ། གང་གིས་བྱིན་དང་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་གསུངས་ཏེ། ཚོགས་རྣམ་པ་གཉིས་རྫོགས་པར་བྱེད་པའི་སྒྱུ་མའང་ཡོད་དོ། །དེ་ཡང་བཟང་པོའི་གསང་སྔགས་ཀྱི་བྱིན་རླབས་ནི་མཐུ་ཆུང་བས། དེ་ལྟ་བུར་བརྟན་པར་སྣང་བར་ནུས་པ་ཡང་མ་ཡིན་ན། བཅོམ་ལྡན་འདས་ཀྱི་བདེན་པའི་བྱིན་རླབས་དེ་བས་མཐུ་ཆེས་ཆེ་བས། བརྟན་པར་སྣང་བར་ནུས་པ་སྟེ། འོན་ཀྱང་སྒྱུ་མའི་མཚན་ཉིད་ལ་ནི་བྱེ་བྲག་དུ་གྱུར་པ་མེད་དེ་འགོ་མཉམ་མོ། །སེམས་ཀྱིས་ཡོངས་སུ་ཟིན་པར་སྣང་བའང་རང་གི་ཉམས་སུ་མྱོང་བ་མ་གཏོགས་པ། གཞན་གྱི་སྤྱོད་ཡུལ་དུ་སྣང་བ་ནི་བྱེ་བྲག་མེད་པར་དུས་ཡུན་རིང་པོར་སྣང་བར་ནུས་པ། སྒྱུ་མ་མཁན་གྱི་སྔགས་ཀྱི་མཐུ་ཆེ་བ་རྣམས་ལ་འབྱུང་སྟེ། འདི་ལྟར་རྒྱལ་པོ་ར་མ་ནའི་བུ་འབའ་ལེ་ཞེས་བྱ་བ་དྲང་སྲོང་ལ་བཅོལ་ནས། མས་གྲོང་གཞན་ཞིག་དུ་བྱ་བ་ཞིག་གི་ཕྱིར་ཕྱིན་པ་དང་། བུ་མ་ཕྱིར་འབྲངས་པ་དང་དྲང་སྲོང་གིས་མ་ཚོར་ཏེ། བུ་སྟོར་ནས་བཙལ་བས་ནི་མ་རྙེད། ཐབས་གཞན་མྱེད་ནས། སྒྱུ་མའི་བུ་འབའ་ལེ་ཅི་འདྲ་བ་ཞིག་བྱས་ཏེ་བསྡད་པ་དང་། ལྷ་མོ་སི་ཏ་ལོག་ཙམ་ན་བུ་འབའ་ལེ་ཡང་མ་ཕྱི་ནས་ཚུར་བྱུང་། བཅོལ་ས་ན་ཡང་བུ་འབའ་ལེ་ཅིག་འདུག །མས་ཀྱང་ངོ་མ་ཤེས་པར་གྱུར་ནས། ཅིག་ཀྱང་བརྫུས་ཏེ་སྐྱེས་པའི་བུ་ཅིག་ཡིན་པར་བསམས་ཏེ། གཉིས་ག་ཁྲིད་ནས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། ཞིབ་ཏུ་བསྙད་པ་དང་། རྒྱལ་པོའང་དེ་བཞིན་དུ་བསམས་ནས། དུས་ཡུན་རིང་མོར་སྲས་འབའ་ལེ་མཆེད་གཉིས་ཀྱིས་རྒྱལ་པོའི་སྲས་ཀྱི་བྱ་བ་བྱས་སོ། །འདི་ལྟ་བུའང་དྲང་སྲོང་གི་མཐུ་སྒྱུ་མ་མཁན་ལས་ཆེས་ཆེ་བས། སྒྱུ་མ་དེའང་སྒྱུ་མ་གཞན་པས་བརྟན་པར་སྣང་ངོ་། །དེ་བཞིན་དུ་སྒྱུ་མའི་གསང་སྔགས་ཀྱི་མཐུ་ནི་ཆུང་བས་བརྟན་པར་སྣང་བར་མི་ནུས་པར་ཟད་ལ། ལས་དང་ཉོན་མོངས་པའི་མཐུ་ནི་དེ་བས་ཆེས་ཆེ་བས། དེ་བས་ན་ལས་དང་ཉོན་མོངས་པས་སྤྲུལ་པ་རྣམས་ཡུན་རིང་དུ་བརྟན་པར་སྣང་བར་ཟད་དོ། །ཀུན་བརྟགས་པའི་གཟུགས་དང་དབང་འབྱོར་བའི་གཟུགས་ཀྱང་དེ་འདྲ་སྟེ། སྔོན་བྱུང་བ་རྣལ་འབྱོར་བྱ་བར་འདོད་པའི་གང་ཟག་གཅིག །སློབ་དཔོན་ལ་ལུང་ནོད་དུ་ཕྱིན་པ་དང་། སློབ་དཔོན་གྱིས་སྒོམ་ནུས་སམ་མི་ནུས་སད་པའི་ཕྱིར་སྒོམ་པའི་ལུང་མ་ཕོག་པར། འདི་སྐད་དུ་ཁྱོད་ཀྱིས་མགོ་ལ་མ་ཧེའི་རྭ་ཤིན་དུ་ཆེ་བ་གཉིས་ཡོད་པར་སྒོམས་ཤིག་ཅེས་སྨྲས་སོ། །དེས་དེ་བཞིན་དུ་མཉན་ཏེ་རང་གི་གནས་སུ་ཕྱིན་ནས་མི་གཡོ་བར་བསྒོམས་པ་དང་། ནམ་ཞིག་ཏིང་ངེ་འཛིན་ཐོབ་སྟེ། མ་ཧེའི་རྭ་མངོན་སུམ་བཞིན་དུ་གསལ་བར་གྱུརད་ཏོ། །དེ་ནས་ལག་པས་བྱུགས་པ་དང་གཟུང་དུ་རུང་བ་ནི་མི་སྣང་ངོ་། །དེའི་ཚེ་ཀུནད་བརྟགས་པའི་གཟུགས་ཅེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཡུན་རིང་དུ་བསྒོམས་པས་ནམ་ཞིག་ན་རེག་ཏུ་རུང་བར་གྱུར་ཏོ། །དེས་བསམས་པ་མ་ཧེའི་རྭ་ནི་གྲུབ་ན། འདིས་ཇི་ལྟར་བྱ་བ་སློབ་དཔོན་ལ་དྲིའོ། །སྙམ་བསམས་ནས་སྒོར་འབྱུང་བར་གཟས་པ་ལས། སྒོ་ལ་མ་ཤོང་སྟེ། གྲོང་མི་རྣམས་སྦྲན་ནས་ངའི་སྒོ་འདི་ཤིག་ཅིག་ཅེས་སྨྲས་པ་དང་། གྲོང་མི་རྣམས་ཀྱིས་ཕྱིན་པ་ན་མི་དེའི་མགོ་ལ་མ་ཧེའི་རྭ་ཤིན་དུ་བཟང་བ་འདུག་གོ །དེ་ནས་སྒོ་བཤིག་སྟེ་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་དང་། སློབ་དཔོན་ཡང་ངོ་མཚར་སྐྱེས་ཏེ་ལུང་ལེགས་པར་ཕོག་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །བྱ་བ་བྱེད་ནུས་པའི་རྭ་དེ་ནི་རང་ལ་ནུས་པ་ཙམ་ན་དབང་འབྱོར་པའི་གཟུགས་ཅེས་བྱ་སྟེ་ཡིད་ཀྱི་ཡུལ་ལོ། །དེ་ཀུན་ཀྱི་ཐུན་མོང་དུ་དབང་པོ་གཟུགས་ཅན་གྱི་སྤྱོད་ཡུལ་དུ་གྱུར་ཙམ་ན། གྲུབ་པའི་གཟུགས་ཅེས་བྱ་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་གཟུགས་དང་བྱེ་བྲག་མེད་དོ། །རང་གི་རྟོག་པ་མ་ཡིན་པ་གཞན་གྱི་སྨོན་ལམ་གྱིས་ཀྱང་ལུས་འགྲུབ་སྟེ། སྔོན་བྱུང་བ་ཐ་ག་བ་ཞིག་ནགས་ཚལ་དུ་ཐགས་ཆ་གཅོད་དུ་ཕྱིན་པ་དང་། ཤིང་ལེགས་པ་རྣམས་ལ་ཤིང་འདི་ལྟ་བུ་ནི་ངའི་ཐགས་ཆ་ཙམ་གྱི་ཕྱིར་གཅད་པར་མི་རིགས་སོ་སྙམ་དུ་བསམས་ཏེ། འཚམས་པའི་ཤིང་ཚོལ་དུ་ཕྱིན་པ་དང་རྙེད་པར་མ་གྱུར་ནས། དཀའ་བས་ནགས་ཀུན་བསྐོར་བ་དང་། ནགས་ཀྱི་ལྷ་མོ་དགའ་བར་གྱུར་ནས་དྲུང་དུ་ཕྱིན་ཏེ། མི་ཁྱོད་བྱ་བ་འཕྲ་མོའི་ཕྱིར་ཤིང་ལེགས་པ་མི་གཅོད་པ་ནི་ལེགས་སོ། །དངོས་གྲུབ་ཅི་འདོད་ཅེས་སྨྲས་པ་དང་། དེས་རང་གིས་འདམ་མ་ཤེས་ཏེ་གྲོགས་པོ་ཞིག་ལ་དྲིས་པ་དང་། གྲོགས་པོ་བློ་ཆུང་སྟེ་ཡུ་བུ་ཅག་ཐ་ག་བ་ཡིན་པས། མདུན་རྒྱབ་གཉིས་གས་ཐགས་འཐག་ཤེས་པ་ཞིག་མི་རུང་ངམ་ཟེར་ནས། དེར་མཉན་ཏེ་ལྷ་མོའི་དྲུང་དུ་ཕྱིན་ནས། མདུན་རྒྱབ་གཉིས་གས་ཐགས་འཐག་ཤེས་པ་ཅིག་འཚལ་ལོ་ཞེས་བགྱིས་པ་དང་། ལྷ་མོས་དེ་བཞིན་དུ་གྱུརད་ཅིག་ཅེས་སྨྲས་མ་ཐག་དུ། ལྟག་པར་ཡང་བྱད་དབང་པོ་ཚང་བ་ཅིག་བྱུང་བར་གྱུར་ཏོ། །ལག་པ་གཉིས་དང་རྐང་པ་གཉིས་ཀྱང་རྒྱབ་དུ་བྱུང་སྟེ། མི་མ་ཡིན་པའི་ལུས་འདྲ་བ་ཅིག་དུ་གྱུརད་ཏོ། །དེས་གྲོང་དུ་ཕྱིན་པ་དང་གྲོང་མི་རྣམས་ན་རེ། འདྲེ་མངོན་སུམ་དུ་བྱུང་ངོ་ཞེས་ཟེར་ཏེ། རྡོ་རུབ་བྱས་པས་མི་དེ་ཤི་བར་གྱུརད་ཏོ། །དེ་ནས་དེ་བཞིན་དུ་བཞག་པ་དང་རོ་དེ་བརྟན་པར་འདུག་ནས། མི་རྣམས་ན་རེ་ཀྱེ་མ་འདྲེ་བསད་པ་ལ་ནི་རོ་མི་འོང་ན། འདི་ཅི་ཞིག་ཡིན་ཟེར་ཏེ་བཤས་པ་དང་། ཤ་དང་ཁྲག་དང་རུས་པ་དང་དབང་པོ་ཐམས་ཅད་ཀྱང་མི་ཉིད་དུ་འདུག་པ་ལ་ཡན་ལག་མང་བར་འདུག་ནས། གཏམ་གྲགས་པ་དང་ཐ་ག་བ་གྲུབ་པ་ཐོབ་པ་ཡིན་པར་ཐོས་སོ། །དེ་ལྟར་གཞན་གྱི་སྨོན་ལམ་གྱི་མཐུས་ཀྱང་ལས་ཀྱི་རྣམ་པར་སྨིན་པའི་ལུས་དང་བྱེ་བྲག་མེད་པར་འགྲུབ་བོ། །ཅུང་ཟད་བྱེ་བྲག་དུ་ན། ལས་དང་ཉོན་མོངས་པའི་མཐུ་ནི་དུས་ཕྱིས་སྣང་བར་འགྱུར། མཉམ་པར་བཞག་པའི་མཐུ་ཆེན་པོ་ནི་མཐོང་བའི་ཆོས་ལ་སྣང་བར་འགྱུར། བདེན་པའི་ཚིག་གྲུབ་པ་རྣམས་ཀྱི་སྨོན་ལམ་བཏབ་པའི་མཐུས་ནི་དེ་མ་ཐག་དུ་སྣང་བར་འགྱུར་རོ། །འདི་ལྟར་རྒྱུ་དང་རྐྱེན་གཞན་དང་གཞན་གྱི་དབང་གིས་སྣ་ཚོགས་སུ་སྣང་བ་ཙམ་དུ་ཟད་དོ། །སྒྱུ་མ་ཞེས་བྱ་བའི་ངེས་པའི་ཚིག་ཀྱང་། མ་ཡ་ཞེས་བྱ་བའི་སྒྲ་སླུ་ཞིང་ཡང་དག་པའ་མ་ཡིན་པའི་དོན་སྟོན་པའོ། །ནིར་མ་ན་ཞེས་བྱ་བ་རང་གི་ངོ་བོ་ཉིད་མ་ཡིན་པ་གཞན་དང་གཞན་དུ་རྣམ་པར་འཕྲུལ་པ་སྟེ་སྤྲུལ་པ་ཞེས་བྱའོ། །དེ་ལྟར་ན་སྣང་བའི་དངོས་པོ་ཐམས་ཅད་ཀྱང་རང་གི་ངོ་བོ་ཉིད་ཐོབ་པ་མེད་དེ། རྒྱུ་རྐྱེན་གཞན་དང་གཞན་གྱི་དབང་གིས་སྣང་ཞིང་། སླུ་བའི་ཆོས་ཅན་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་ཁོ་ན་ཙམ་སྟེ། དེ་བས་ན་སྣང་བའི་དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་སྤྲུལ་བ་དང་འགོ་མཉམ་པ་ཁོ་ན་ཙམ་དུ་ཤེས་པར་བྱའོ། །ཡང་གཞན་དག་གིས་བརྒལ་བ། རྒྱུ་དང་འབྲས་བུར་སྣང་བའི་དངོས་པོ་འདི་དག་ནི་ཡུན་རིང་དུ་བརྟན་པར་སྣང་བ་ཙམ་དུ་མ་ཟད་དེ། རྒྱུ་དང་འབྲས་བུའི་སྐད་ཅིག་མའི་རྒྱུན་ནི་དུས་ནམ་དུའང་འཆད་ཅིང་ལྡོག་པར་མི་འགྱུར་ཏེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ལའང་སྣང་བའི་ཕྱིར་དང་། གལ་ཏེ་རྒྱུན་ཆད་པར་གྱུར་ན་ཆད་པར་སྨྲ་བ་ཉིད་དུའང་འགྱུར་རོ། །དེ་ལ་འདི་བརྗོད་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ནི། འདི་ལྟར་རྒྱུ་ཡོད་ན་འབྲས་བུ་འབྱུང་བར་འགྱུར་ལ། རྒྱུ་དང་རྐྱེན་འགགས་ན་འབྲས་བུའང་འགགས་པར་འགྱུར་ཏེ། འདི་ཉིད་ཙམ་མཐའ་གཉིས་བསལ་བའི་རྣམ་པར་གྲོལ་བའི་ལམ་པོ་ཆེ་ཡིན་པར་གསུངས་ཀྱི། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་ལྡོག་གོ་ཞེས་མ་གསུངས་སོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་གསུང་རབ་མཐའ་དག་དང་། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་མཐའ་དག་ལ། འཇིག་རྟེན་གྱི་གཙུག་ལག་དང་མཆོད་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱག་རྒྱས་བཏབ་པ་ནི། རྟེན་འབྲེལ་གྱི་སྙིང་པོ་ཡིན་ཏེ། འདི་ལྟར། ཡེ་ངྷ་རྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་དུན་ཏེ་ཥང་ཏ་ཐ་ག་ཏོ་ཧྱ་བ། ཏད་ཏེ་ཥན་ཙ་ཡོ་ནི་རོ་ངྷ། ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ། ཞེས་བྱ་བ་འདིས་རྒྱས་བཏབ་པ་ཐམས་ཅད། སངས་རྒྱས་ཀྱི་ཕྱག་རྒྱས་བཏབ་པར་ཤེས་སོ། །འདིའི་དོན་ནི། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེའམ། ཆོས་གང་རྒྱུས་འབྱུང་དེ་དག་ནི། །རྒྱུ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུང་བ་དགེ་སྦྱོང་ཆེ། །ཞེས་བཤད་དེ། འདི་ལྟར་ཆོས་རྣམས་ནི་འཇིག་རྟེན་པའི་སྟོན་པ་རྣམས་ཀྱིས་བཤད་པ་ལྟར། བྱེད་པ་པོས་མ་བྱས། དབང་ཕྱུག་གིས་མ་སྤྲུལ། རང་བཞིན་གྱིས་མ་བྱུང་། དུས་ཀྱིས་མ་བསྒྱུར། རྒྱུ་མེད་པ་ལས་མ་བྱུང་སྟེ། ཆོས་རྣམས་ནི་རྒྱུ་དང་རྐྱེན་ལས་བྱུང་བར་གསུང་བ་འདིའང་། དེ་བཞིན་གཤེགས་པས་ཡིན་ཏེ་གཞན་གྱིས་མ་ཡིན་ནོ། །ཆོས་གང་རྒྱུ་འགགས་པས་འབྲས་བུ་འགག་པར་འགྱུར་བ་འདིའང་། འདི་སྐད་གསུངས་པ་དགེ་སྦྱོང་ཆེན་པོ་སངས་རྒྱས་བཅོམ་ལྡནད་འདས་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ན་འདི་སྐད་སྨྲ་བ་གཞན་མེད་དོ་ཞེས་བཤད་པ་སྟེ། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་ལྡོག་གོ་ཞེས་ནི་མ་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་བཤད་པའི་མདོ་གཞན་ལས་ཀྱང་། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་འབྱུང་ལྡན་འགྱུར་ཅིང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེའང་འདྲེན་པས་མཁྱེན་ཏེ་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་རབ་ཏུ་མི་གནས་པ། །ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །ཞེས་གསུངས་པའི་དོན་ཡང་དེ་འདྲའོ། །དགེ་སློང་དག་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདིར་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་འཁོར་བ་ཇི་སྲིད་པའི་ཕུང་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དང་། འདི་འགགས་པས་འདི་འགག་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས། འཁོར་བ་ཇི་སྲིད་པའི་ཕུང་པོ་འགག་པར་འགྱུར་རོ་ཞེས་གསུངས་པའི་དོན་ཡང་དེ་འདྲ་སྟེ། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་འཆད་དོ་ཞེས་ནི་མ་གསུངས་སོ། །མཐའ་གཉིས་བསལ་བའང་གང་ཟག་པ་འཕོ་བ་མེད་པ་ཉིད་ཀྱིས་རྟག་པའི་མཐའ་བསལ་བ་ཡིན་ཏེ། འདི་སྐད་དུ། ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བའང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟ་བུའོ། །རྒྱུ་དང་རྐྱེན་ལས་སྐྱེ་བ་ཉིད་ཀྱིས་ཆད་པའི་མཐའ་བསལ་བ་ཡིན་ཏེ། འདི་སྐད་དུ། ཤིན་ཏུ་འཕྲ་བའི་དངོས་ལའང་། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། རྐྱེན་ལས་བྱུང་བའི་དོན་མ་མཐོང་། ཞེས་བཤད་པ་ལྟ་བུ་ཡིན་ཏེ། རྒྱུ་འབྲས་ཀྱི་རྒྱུན་ནམ་ཡང་མི་འཆད་པས་ཆད་པའི་མཐའ་བསལ་བ་ཡིན་ནོ་ཞེས་ནི་མ་བཤད་དོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་སྣང་བའང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་སྣང་བ་ནི། ད་དུང་འཛིན་པ་གཉིས་ཀྱི་བག་ཆགས་མ་ཟད་པའི་དབང་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་ནི། དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་འམ་མི་མངའ་བ་ཉིད་ཀྱང་བརྟག་པར་བྱ་བ་གཞན་ཡོད་དོ། །དེ་བས་ན་འདི་ལྟ་བུའི་གྲུབ་མཐའ་འཛིན་པའི་གང་ཟག་ནི། དཔེར་ན་སྐྱེས་བུ་ཕོ་རོག་གི་ཁུ་འཕྲིག་ཅན་ཞིག །ལམ་པོ་ཆེ་སྲོལ་བཏོད་པ་ཞིག་ཏུ་རྒྱུ་བ་ལས། ལམ་གྱི་གཞི་ཅུང་ཟད་ཅིག་འགྱུར་བ་མཐོང་བས། རླིབས་ཡོད་པར་དོགས་ཏེ་ལམ་གྱི་མཐར་བཟུར་བ་ལས། ཤིང་ཚལ་ཟུག་པར་གྱུར་པ་ལྟ་བུ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ། རྒྱུ་དང་རྐྱེན་ཡོད་ན་འབྲས་བུ་འབྱུང་བར་འགྱུར་ལ། རྒྱུ་དང་རྐྱེན་འགགས་ན་འབྲས་བུ་འགག་པར་འགྱུར་བ། མཐའ་གཉིས་བསལ་བར་གྱུར་པ་རྣམ་པར་གྲོལ་བ་ལམ་པོ་ཆེའི་སྲོལ་བཏོད་པར་ཞུགས་པ་ལས། འདི་ལྟར་གལ་ཏེ་རྒྱུ་འབྲས་ཀྱི་རྒྱུན་ཆད་པར་གྱུར་པ་ན་ཆད་པའི་ལྟ་བར་ལྟུང་བར་དོགས་ནས། རྒྱུན་གྱི་རྟག་པར་འཛིན་པའི་མཐའ་ལ་བཟུང་བས། དངོས་པོར་ལྟ་བའི་ཤིང་ཚལ་ཟུག་པར་གྱུར་པ་ཡིན་ནོ། །ཡང་གཞན་དག་གིས་བརྒལ་བ། ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་ཡོངས་སུ་མ་དག་པའི་སྤྱོད་ཡུལ་རྣམས་ནི། རྒྱུ་འགགས་པས་འབྲས་བུ་འགག་པར་འགྱུར་བ་བདེན་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ལས་བསྒྲུབས་པའི་རྣམ་པར་སྨིན་པའི་སྐུ་དང་། ཡོངས་སུ་དག་པའི་ཞིང་གི་བཀོད་པ་དང་། སྐུ་གསུང་ཐུགས་མི་ཟད་རྒྱན་ཀྱི་འཁོར་ལོ་ཕུན་སུམ་འཚོགས་པར་སྣང་བ་ནི་ལྡོག་པར་མི་འགྱུར་རོ། །དེ་ལ་འདི་བརྗོད་པར་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ལུས་དང་སྤྱོད་ཡུལ་ཡོངས་སུ་དག་པ་འཛིན་ཅིང་སྣང་བའི་རྒྱུ་དང་རྐྱེན་དུ་འགྱུར་བ་ནི་བདེན་མོད་ཀྱི། སྣང་བའི་དངོས་གཞིའི་རྒྱུ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལ་རེ་ཤིག་བསོད་ནམས་ཀྱི་ཚོགས་ནི་གང་གི་ཚེ་གནས་ངན་ལེན་གྱི་ལས་ཀྱིས་གནོད་པར་འགྱུར་བའི་གཞི་ཡོད་པ་དེའི་ཚེ། བསོད་ནམས་ཀྱི་ལས་ཀྱིས་ཀྱང་ཕན་འདོགས་པར་སྣང་སྟེ། དཔེར་ན་གཞི་རས་ཡུག་དཀར་པོ་ཡོད་ན། དྲི་མས་ཀྱང་གནོད་པ་བསྒོར་རུང་། ཁྲུས་ཀྱིས་ཀྱང་འདག་ཏུ་རུང་། ཚོན་བཟང་པོས་ཀྱང་བསྒོར་རུང་ལ། གཞི་མེད་ན་དེ་ལྟ་མ་ཡིན་པ་བཞིན་ནོ། །འདི་ལྟར་ས་དང་ཆུ་དང་དུས་ཀྱི་ཁམས་དང་ལྡན་ན། ས་བོན་སྣ་ཚོགས་རང་རང་གི་འབྲས་བུ་འབྱིན་པར་འགྱུར་ཏེ། དེ་ལས་ཆུ་ཙམ་མེད་ཀྱང་སྐྱེ་བར་མི་ནུས་སོ། །དེ་བཞིན་དུ་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པའི་ས་གཞི་ལ། སྲེད་པའི་རླན་གྱིས་བརླན་ན་ལས་ཀྱི་ས་བོན་ཐམས་ཅད་སྐྱེ་བར་འགྱུར་ཏེ། སྲེད་པའི་རླན་ཙམ་དང་བྲལ་ཡང་ལས་ཀྱི་ས་བོན་རྣམས་སྐྱེ་བར་མི་འགྱུར་ཏེ། །འདི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་དམིགས་པ་དང་བཅས་པའི་ས་ལ་གནས་ཀྱང་སྲེད་པའི་རླན་དང་བྲལ་བས་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་ཕུང་པོའང་སྐྱེ་བར་མི་བྱེད་པ་བཞིན་ནོ། །གཞན་ཡང་འདི་ལྟར་ཇི་སྲིད་དུ་ཆུ་ཀླུང་གི་གནོད་པ་ཡོད་པ་དེ་སྲིད་དུ། གྲུ་གཟིངས་ཀྱིས་ཀྱང་ཕན་འདོགས་པའི་བྱ་བ་བྱེད་ལ། །ཆུ་ཀླུང་གི་གནོད་པ་དང་བྲལ་ཏེ་སྐམ་ས་ལ་འགྲོ་བ་དེའི་ཚེ་གྲུ་གཟིངས་ཀྱིས་ཀྱང་ཕན་འདོགས་པའི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་གནས་ངན་ལེན་གྱི་ལས་ཀྱིས་གནོད་པ་ཡོད་པ་དེ་སྲིད་དུ། བསོད་ནམས་ཀྱི་ལས་ཀྱིས་ཀྱང་ཕན་འདོགས་པར་བྱེད་ལ། གང་གི་ཚེ་གནས་ངན་ལེན་གྱི་ལས་ཀྱིས་གནོད་པ་མེད་པ་དེའི་ཚེ༑ བསོད་ནམས་ཀྱི་ལས་ཀྱིས་ཕན་འདོགས་པའང་མེད་དོ། །གང་ཕན་གནོད་ཐམས་ཅད་དང་བྲལ་བ་དེ་ཉིད་བྱང་ཆུབ་ཅེས་སངས་རྒྱས་ཀྱིས་ཀྱང་གསུངས་ཏེ། འདི་སྐད་དུ། དཔེར་ན་ཆུས་གང་ཆུ་ཀླུང་གི། ཕ་རོལ་འགྲོ་བའི་འགྲོ་གང་དག །རྩྭ་དང་ཤིང་ལ་སོགས་བསྡུས་ནས། །ཆུ་ལས་བརྒལ་བའི་གཟིངས་བྱས་ཏེ། །དེ་ལ་འཇུག་ཏེ་ལེགས་བརྒལ་ནས། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་བསྐྱེད་ནས་ཀྱང་། །ཆོས་དང་ཆོས་མིན་རྣམ་སྤངས་ནས། །བྱང་ཆུབ་བདེ་བར་ཐོབ་པ་བཞིན། །ཞེས་གསུངས་པའམ། སྒྱུ་མ་འདྲ་བའི་དངོས་པོ་ཀུནད། །འབྱིན་དང་སྡུད་པར་བྱེད་པ་པོ། །དེས་ན་དེ་ལ་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་བསོད་ནམས་སྡིག་མེད་པ། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། བྱང་ཆུབ་ཀྱི་མཚན་ཉིད་ནི་ངེས་པའི་དོན་དུ་ན། སྡིག་དང་བསོད་ནམས་གཉིས་ག་ཉེ་བར་ཞི་བའི་མཚན་ཉིད་ཙམ་ཡིན་ནོ། །བྱང་ཆུབ་ནི་ཞི་བ་མྱ་ངན་ལས་འདས་པའི་མཚན་ཉིད་ཅེས་གསུངས་པའང་འདི་ལྟ་བུ་ཡིན་ཏེ། སྒྲའི་བསྟན་ཆོས་ལས་ཀྱང་། ཎིརྦ་ན་ཞེས་བྱ་བ། མེ་ཤི་བའི་མིང་ཡང་ཡིན། དགེ་སློང་མྱ་ངན་ལས་འདས་པའི་མིང་ཡང་ཡིན་ཏེ། ཎིརྦ་ཎོ་ཨ་ག་ནི་ཞེས་བྱ་བ་མེ་ཤི་བའི་མིང་སྟེ། འདི་ལྟར་མེ་ཤི་ཞེས་བརྗོད་པ་ན། འབར་བའི་མཚན་ཉིད་ཉེ་བར་ཞི་བར་ཟད་དེ། གང་དུའང་མ་སོང་གང་ནའང་མི་གནས་པ་ཙམ་ལ་ཎྀརྦ་ཎ་ཞེས་ཟེར་རོ། །ཎིརྦ་ཎོ་བི་ཀྵུ་ཞེས་བྱ་བ་དགེ་སློང་མྱ་ངན་ལས་འདས་པའི་མིང་ཡིན་ཏེ། འདི་ལྟར་དོན་དམ་པའི་དགེ་སློང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འབར་བ་ཉེ་བར་ཞི་བ་ཙམ་ལ་མྱ་ངན་ལས་འདས་ཞེས་བརྗོད་དོ། །གང་དུའང་མ་སོང་གང་ནའང་མི་གནས་པ་ཙམ་གྱི་མཚན་ཉིད་ལ་ཎིརྦ་ཎ་ཞེས་ཟེར་རོ། །དེ་བས་ན་བསོད་ནམས་ཀྱི་ལས་ཀྱང་སྣང་བ་དག་པར་བྱེད་པའི་རྐྱེན་ཡིན་ཡང་། དངོས་གཞིའི་རྒྱུ་དང་རྐྱེན་ནི་མ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ཀྱང་མ་ཡིན་ཏེ། དེ་ལ་རེ་ཤིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་རྩ་བ་ཚད་མེད་པ་བསགས་པའི་རྒྱུན་དང་། ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་དང་། དྲན་པའི་དབང་ལས་སྐྱེས་པ་ཡིན་ཡང་། ཡེ་ཤེས་ཀྱི་མཚན་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་མཚན་ཉིད་དུ་སྐྱེ་བས། སྣང་བའི་རྐྱེན་དུ་མི་འཚམ་སྟེ། དཔེར་ན་བསྐལ་པའི་མེ་འབར་བ་ནི་མངོན་པར་འདུ་བྱེད་པ་རྣམས་ཀྱི་འདུ་འཕྲོད་ཀྱི་རྐྱེན་དུ་མི་འཚམ་པ་བཞིན་ནོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་གཟུང་འཛིན་དུ་སྣང་བ་དང་བཅས་ཤིང་། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་ལ་བརྟེན་ཏེ་སྐྱེ་བས། སྣང་བ་ལ་བརྟེན་ཏེ་སྐྱེ་བ་ནི་ཡིན་མོད་ཀྱི། དེའི་མཚན་ཉིད་ནི་སྣང་བ་ཕྱིན་ཅི་ལོག་དང་བཅས་པ་ཡིན་ཡང་། མཐོང་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་ཡིན་ཏེ། དཔེར་ན་མཁས་པ་རྣམས་ཀྱི་མདུན་དུ་འགལ་མེ་བསྐོར་བ་བཞིན་ནོ། །དེ་བས་ན་དེའང་རྐྱེན་དུ་མི་འཚམ་སྟེ། དཔེར་ན་བུད་ཤིང་མང་པོ་སྤུངས་པ་ལས་མེ་སྦར་ན། དེ་ན་ཤིང་ཚིག་པ་ཡང་ཡོད། མ་ཚིག་པ་ཡང་ཡོད། ཉེ་བར་ཚིག་པའང་ཡོད་ལ། མེ་དེའང་ཤིང་ལ་བརྟེན་ཏེ་སྐྱེ་བ་ཡིན་མོད་ཀྱི། འོན་ཀྱང་མེ་དེ་ནི་ཤིང་གི་རྒྱུན་ཡུན་རིང་དུ་གནས་པར་བྱེད་ཅིང་རྒྱས་པར་བྱེད་པའི་རྐྱེན་མ་ཡིན་ཏེ། ཤིང་ཉམས་པར་བྱེད་པའི་རྐྱེན་དུ་ཉེ་བར་གནས་སོ། །དེ་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་འཛིན་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ས་བོན་དང་བཅས་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སྐྱེ་སྟེ། ཆོས་ཐམས་ཅད་སྒྱུ་མ་དང་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་དེ། རང་གི་ངོ་བོ་ཉིད་མེད་དེ་མིང་དང་རྒྱུ་མཚན་གྱིས་སྟོང་པ། རྒྱུ་དང་རྐྱེན་ལས་སྐྱེ་བ་ཙམ་དུ་ཐུགས་སུ་ཆུད་པ་ཡིན་པས། སྣང་བའི་རྒྱུན་རྒྱས་པར་བྱེད་པའི་རྐྱེན་དུ་མི་འཚམ་མོ། །རྒྱུ་དང་རྐྱེན་མེད་པར་སྐྱེད་པ་དང་། རྒྱུ་དང་རྐྱེན་དུ་མི་རུང་བ་ལས་སྐྱེ་བའི་ཆོས་ནི་ཅུང་ཟད་ཙམ་ཡང་མེད་དེ། དེ་བས་ན་སྣང་བའི་རྣམ་པར་ཤེས་པ་གནས་གྱུར་པའི་ཚེ། དག་པ་འཇིག་རྟེན་པའི་ཡེ་ཤེས་སྐྱེ་བའི་རྒྱུ་དང་རྐྱེན་གཞན་མི་རྙེད་དོ། གང་ཡང་འདི་སྐད་དུ་དོན་དམ་པར་སྐྱེ་བ་མི་འདོད་ན། ཀུན་རྫོབ་སྒྱུ་མ་ཙམ་དུ་སྐྱེ་བར་སྣང་བ་ལ་འགལ་བ་མེད་དོ་ཞེ་ན། དོན་དམ་པར་རང་བཞིན་མེད་ན་ཀུན་རྫོབ་དུ་སྐྱེ་བར་མི་འགྱུར་ཞེས་འགལ་བ་ནི་མེད་ན། རྒྱལ་བས་གསུངས་པའི་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི། དོན་དམ་པར་འདོད་ཀྱང་རུང་ཀུན་རྫོབ་དུ་འདོད་ཀྱང་རུང་སྟེ། རྐྱེན་རྣམས་རྒྱུན་ཆད་པར་གྱུར་ཀྱང་། འབྲས་བུ་དམིགས་པར་འགྱུར་བ་ལ་འགལ་བ་མེད་པ་ནི། ཀུན་རྫོབ་ཙམ་དུ་ཡང་མེད་ལ་ཆ་ཤས་ཙམ་དུ་ཡང་ཡོད་དུ་མི་རུང་ངོ་། །དེ་བས་ན་ཡོངས་སུ་དག་པའི་སྣང་བའང་རྒྱུན་མི་འཆད་ཅེས་བརྗོད་དུ་མི་རུང་ངོ་། །ཡེ་ཤེས་ཆེན་པོའི་རྟེན་གྱི་བདག་ཉིད་རྣམ་པར་སྨིན་པའི་སྐུ་མངའ་ཞེས་ཟེར་བའང་། བདག་ཏུ་ལྟ་བ་བག་ཆགས་དང་བཅས་ནས་སྤངས་པ་ལ་ལུས་ཁོར་བུ་འཛིན་ཅིང་གནས་བེགས་གླིང་ན་གནས་པར་ཇི་ལྟར་འགྱུར། སྣང་བའི་རྒྱུན་གནས་སུ་མི་རུང་ན། དེ་བཞིན་གཤེགས་པ་རྣམས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་བར་གང་གིས་བསྒྲུབ། ཡོང་ནི་བློ་ཞིབ་མོས་བརྟགས་ན། དེ་བཞིན་གཤེགས་པ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱང་མངའ་བར་བསྒྲུབ་ཏུ་མི་རུང་བར་སྣང་སྟེ། གང་གི་ཕྱིར་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་བཞག་གི་དུས་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི། བྱང་ཆུབ་སེམས་དཔའ་ཤེས་པ་ཚོགས་བརྒྱད་དུ་སྨྲ་བའི་གཞུང་ལྟར་ན། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པ་གནས་མ་གྱུར་པ་ས་བོན་ཐམས་ཅད་པ་ལ་བརྟེན་ནས། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ལ། དགེ་བའི་རྩ་བ་ཚད་མེད་པ་བསགས་པའི་ས་བོན་དང་། ཡུལ་ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་དང་། དྲན་པའི་དབང་ལས་སྐྱེས་པའི་ཤེས་རབ་དང་ཏིང་ངེ་འཛིན་དང་ལྡན་པའི་ཡིད་བདག་ཏུ་ལྟ་བའི་གནས་དང་བྲལ་ཞིང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་སྣང་བ་དང་བྲལ་བར་སྐྱེས་པ་ན། ཟག་པ་མེད་པའི་སེམས་འཇིག་རྟེན་ལས་འདས་པའི་སེམས་སམ་ཡེ་ཤེས་ཞེས་གདགས་པ་ཐོབ་པ་ཡིན་ན། རྣམ་པར་སྨིན་པའི་ཀུན་གཞི་གནས་གྱུར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟོག་པའི་ཡེ་ཤེས་དེའི་རིགས་མཐུན་པའི་ཡེ་ཤེས་དེ་ལྟ་བུ་རྒྱུ་རྐྱེན་གང་ལ་བརྟེན་ཏེ་སྐྱེ། གལ་ཏེ་ཀུན་གཞི་གནས་གྱུར་པ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པས། དེ་ཉིད་མི་རྟོག་པའི་ཡེ་ཤེས་ཡིན་ནོ་ཞེའམ། དེ་ཉིད་ལས་ཡིད་གནས་གྱུར་པའི་སོ་སོར་རྟོགས་པའི་ཡེ་ཤེས་དོན་དམ་པའི་བདེན་པའི་ཡུལ་ཅན་སྐྱེའོ་ཞེས་བརྟག་གྲང་ན། དེ་ཉིད་ཡིན་པར་གྱུར་ན་ནི་གནས་འཕོ་བ་འགལ་ལོ། །གལ་ཏེ་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ནོ་ཞེ་ན་ནི། ནན་གྱིས་ཀུན་བརྟགས་པ་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པར་ཁུངས་དབྱུང་དུ་རུང་བར་འགྱུར་རོ། །གལ་ཏེ་དེ་ལས་སྐྱེས་པ་ཡིན་ནོ་ཞེ་ན་ནི། དེའི་རྒྱུ་དང་རྐྱེན་བཙལ་དགོས་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་འདྲའོ། །གཅིག་པུར་སྨྲ་བའི་གཞུང་ལྟར་ན། དཔེར་ན་གསེར་རྔུལ་གྱི་རྡོ་ལས་མེས་བཞུ་བས་གསེར་རྔུལ་བྱུང་བ་ན། དང་པོ་རྡོར་སྣང་བ་བསྟན་པ་ལས་ཕྱིས་གསེར་བྱུང་བ་མཐོང་བ་ན། གསེར་རྔུལ་གྱི་རྒྱུ་ཅན་གྱི་རྡོ་ལས་གསེར་རྔུལ་བྱུང་ངོ་སྙམ་དུ་ཐ་སྙད་འདོགས་སོ། །དེ་ནས་གསེར་རྔུལ་གྱི་བདག་ཉིད་བརྟན་པ་ཐོབ་པ་ན། སྐབས་སུ་རྐྱེན་གྱིས་གཡའ་ལྡང་བ་མཐོང་བ་ལས། གཡའི་རྒྱུ་ཅན་གྱི་གསེར་རྔུལ་ལས་གཡའ་ལྡང་ངོ་སྙམ་དུ་ཐ་སྙད་འདོགས་སོ། །ཞིབ་མོའི་བློས་བརྟགས་ན་དེ་གཉིས་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་ཏེ། གསེར་རྔུལ་དང་རྡོ་གཉིས་གའང་སའི་ཁམས་ཀྱི་མཚན་ཉིད་གཅིག་ཡིན་པ་ལས། མེས་ཉེན་ཅིང་ཁམས་ངན་པ་སྔོན་ལ་ཟད་པར་འགྱུར། བཟང་པོ་ཕྱི་ན་ལུས་པར་འགྱུར་བ་ལས། ཁམས་ངན་པ་ཕལ་ཆེ་བ་ན་རྡོ་ཡིན་ནོ་སྙམ་མོ། །ཁམས་བཟང་པོ་སྣང་བར་གྱུར་པ་ན་དེར་གསེར་རྔུལ་བྱུང་ངོ་སྙམ་མོ། །དེ་ནས་གསེར་རྔུལ་གྱི་བདག་ཉིད་སྣང་ནས་རྐྱེན་གྱིས་ཁམས་ངན་པ་སྣང་བ་ལ། གསེར་རྔུལ་ལས་གཡའ་ལྡང་ངོ་སྙམ་མོ། །དེ་ནས་གསེར་ཚུར་ལ་སོགས་པའི་རྐྱེན་གྱིས་དྲི་མ་མི་སྣང་བ་ན་གསེར་རྔུལ་དག་གོ་སྙམ་མོ། །དེ་བཞིན་དུ་ཤེས་པའི་ཁམས་གཅིག་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་འདུ་བྱེད་ཀྱིས་སྦྱངས་པའི་དུས་ན། ཤེས་པའི་ཁམས་ངན་པ་སྔོན་ལ་ཟད་ཅིང་བཟང་པོ་ཕྱི་ནས་ལུས་པ་ལ། སེམས་དང་ཡེ་ཤེས་སུ་ཐ་སྙད་འདོགས་སོ། །ཡང་རྐྱེན་འགས་ནི་དྲི་མ་མི་སྣང་ལ་རྐྱེན་འགས་ནི་དྲི་མ་ལྡང་བ་ལ། རྣམ་པར་མི་རྟོག་པ་དང་དག་པ་འཇིག་རྟེན་པར་ཐ་སྙད་འདོགས་སོ། །ཚུལ་འདི་ལྟར་ནའང་ཁམས་བཟང་པོ་ཁམས་ངན་པ་དང་བྲལ་བ་མེད་དེ། གསེར་རྔུལ་ཡང་མེས་བསྲེགས་ཤིང་ཚུར་དུ་ཇེ་བཟང་དྲི་མ་ཇེ་ཆུང་འགྱུར་ཏེ། མཐར་ལྷན་ཅིག་ཟད་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའང་ཤེས་པའི་ཁམས་གཅིག་ཡིན་པའི་ཕྱིར། ངན་པ་དང་བྲལ་བའི་བཟང་པོ་ཁོ་ན་མེད་པས། མཐར་སྣང་བར་མི་འགྱུར་རོ། །གནོད་པ་འདི་ནི་ཚོགས་བརྒྱད་དུ་འདོད་ཀྱང་གནོད་པ་ལས་མ་གྲོལ་ཏེ། ཡིད་ཟག་མེད་དུ་སྐྱེས་པས་ཀུན་གཞིའི་ས་བོན་ཐམས་ཅད་འཇོམས་པའི་དུས་ན། ཤེས་རིག་དུ་སྐྱེ་བའི་ས་བོན་ཞིག་ལྷག་མར་ལུས་པ་ནི། རྒྱུ་མཚན་གང་ཡང་རྙེད་པ་མ་མཐོང་ངོ་། །ཡོངས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའང་། ཚུལ་གཉིས་གའི་ལྟར་ནའང་ཤེས་རིག་གི་མཚན་ཉིད་ལས་མ་འདས་པར་བསྒྲུབ་ཏུ་མི་རུང་སྟེ། འདི་ལྟར་ཡེ་ཤེས་དེ་ཚོར་བ་དང་མཚུངས་པར་ལྡན་པར་སྐྱེའམ་བྲལ་བར་སྐྱེ། གལ་ཏེ་ཚོར་བ་དང་ལྡན་ན་ནི་མི་རྟོག་པར་ཡང་ཇི་ལྟར་འགྱུར། བྲལ་ན་ནི་ཤེས་རིག་དུའང་ཇི་ལྟར་འགྱུར། ཚོར་བ་ལ་མ་ལྟོས་ན་བེམས་པོར་ཡང་ཐ་སྙད་ཇི་ལྟར་མི་གདགས། དེ་ལྟར་ན་ཚོར་བ་དང་བྲལ་བར་སྨྲ་ན་ནི་རྩོད་མི་དགོས་སོ། །ཡང་ལ་ལ་དག་འདི་སྐད་དུ། ཆོས་ཉིད་ཀྱི་བག་ཆགས་ལས་འབྱུང་ངོ་། །རང་གི་ཉེ་བར་ལེན་པའི་རྒྱུ་ལས་འབྱུང་ངོ་ཞེས་ཟེར་ན། ཆོས་ཉིད་ཀྱི་བག་ཆགས་གཞན་གྱིས་བསྒོས་པ་ཞིག་གམ་མ་བསྒོས་པ་ཞིག །བསྒོས་ན་ནི་ཆོས་ཉིད་དུའང་ཇི་ལྟར་རུང་། མ་བསྒོས་ན་ནི་རང་བཞིན་རྒྱུར་སྨྲ་བར་ཇི་ལྟར་མི་འགྱུར། ཉེ་བར་ལེན་པའི་རྒྱུ་དེ་ཡང་རྐྱེན་གཞན་གྱི་དབང་ལ་ལྟོས་པ་ཞིག་གམ་མ་ལྟོས་པ་ཞིག །མ་ལྟོས་ན་ནི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་ཡང་ཇི་ལྟར་འགྱུར། བྱེད་པ་པོ་རང་དབང་ཐོབ་པ་རྒྱུར་སྨྲ་བར་ཡང་ཇི་ལྟར་མི་འགྱུར། ལྟོས་ན་ནི་རྒྱུ་རྐྱེན་སྤྱི་དང་རང་བཞིན་བྱེ་བྲག་ཏུ་གྱུརད་པ་ཅི་ཞིག་ཡོད། གལ་ཏེ་འདི་སྐད་དུ། འདི་ནི་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་ཡིན་ཏེ། རིགས་པ་གཞན་གྱིས་བསྒྲུབ་ཀྱང་མི་དགོས། །གནོད་པ་བྱར་ཡང་མེད་ཞེས་ཟེར་ན་ནི། ཆོས་ཉིད་ཀྱི་རིགས་པའི་ཡུལ་དང་ཚད་དང་ཐལ་བ་ལ་སོགས་པ་འོག་ནས་འཆད་དོ། །དེ་བས་ན་རྣམ་པར་བྱང་བའི་ཆོས་སུ་སྣང་བ་རྣམས་ཀྱི་རྒྱུ་འབྲས་ཀྱི་རྒྱུན་མི་ལྡོག་གོ་ཞེས་བསྒྲུབ་ཏུ་མི་རུང་སྟེ། ཆོས་ཐམས་ཅད་ནི་སྒྱུ་མ་དང་འགོ་མཉམ་མོ། །འོ་ན་འདི་སྐད་དུ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། བྱང་ཆུབ་ཀྱི་མཚན་ཉིད་དོན་དམ་པ་ཞི་བ་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་མཚན་ཉིད་དེ། ཇི་ལྟར་སྒྱུ་མ་ལྟ་བུར་བཞག་ཅེ་ན། འདིའང་བྱང་ཆུབ་ཀྱི་མཚན་ཉིད་ནི་ཐ་སྙད་དང་བྲལ་མོད་ཀྱི། འགྲོ་བ་རྣམས་ཀྱིས་བྱང་ཆུབ་ཐོབ་པ་འདུས་མ་བྱས་ཀྱི་མཚན་ཉིད་ཐོབ་ཏུ་ཡོད་དོ་ཞེས་ཐ་སྙད་ཀྱི་ཤེས་པ་ལ་དམིགས་པས། དམིགས་སུ་ཡོད་པ་ན་ཡོད་པར་སྒྲུབ་པ་ནི་སྒྱུ་མ་ལྟ་བུ་ཡིན་ཏེ། འདི་སྐད་དུ། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ནས། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ཀྱིས་བསྒོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཞེས་གསུངས་པ་ལྟ་བུའམ། ཇི་སྐད་དུ་མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ནའང་། དེའང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་སྨྲའོ་ཞེས་གསུངས་པ་ལྟ་བུ་སྟེ། གང་ཡོད་པའི་ཐ་སྙད་ཀྱི་ཡུལ་དུ་གཞག་ཏུ་རུང་བ་ཐམས་ཅད་སྒྱུ་མ་ལྟ་བུ་མ་ཡིན་པ་མེད་དོ། །མྱ་ངན་ལས་འདས་པ་རང་གི་ངོ་བོའི་དབང་དུ་བརྗོད་ན་ནི། སྒྱུ་མ་ལྟ་བུའི་མཚན་ཉིད་དུ་བསྒྲུབ་པའི་མཚན་གཞི་མེད་དེ། འོན་ཀྱང་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ། ཁྱབ་པ་ངེས་པའི་ཚིག་ཏུ་གསུངས་པ་ཁ་ཅིག་ཚིག་ལྷག་མ་ཅན་དུ་གསུངས་པར་མདོ་ལས་འབྱུང་སྟེ། འདི་སྐད་དུ། །ཆུ་བོ་ཐམས་ཅད་གྱ་གྱུར་འབབ། །བུད་མེད་ཐམས་ཅད་སྒྱུ་གཅམ་བཅས། །ནགས་ཚལ་གཏོགས་པ་ཐམས་ཅད་ནི། །གདོན་མི་ཟ་བར་ཤིང་དུ་ངེས། །བྱས་པ་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །ཆོས་ཀུན་སྒྱུ་མ་ལྟ་བུའོ། །ཞེས་ཁྱབ་པ་ངེས་པའི་ཚིག་དུ་གསུངས་ནས། ཡང་དེ་ཉིད་ཚིག་ལྷག་མ་ཅན་དུ་གསུངས་པ། །ཆུ་བོ་ཐམས་ཅད་གྱ་གྱུར་འབབ། །ནེ་ར་འཛའ་ན་དྲང་པོར་འགྲོ། །བུད་མེད་ཐམས་ཅད་སྒྱུ་གཅམ་བཅས། །དགྲ་བཅོམ་མ་ལ་སྒྱུ་གཅམ་མེད། །ནགས་ཚལ་ཐམས་ཅད་ཤིང་དུ་ངེས། །རིན་ཆེན་ནགས་ཚལ་ཤིང་མ་ཡིན། །བྱས་པ་ཐམས་ཅད་མི་རྟག་སྟེ། །བདེར་གཤེགས་སྐུ་མཆོག་རྟག་པར་བཞུགས། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །མི་རྟོག་ཡེ་ཤེས་སྐྱེས་པ་བདེ། །ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །མྱ་ངན་འདས་པ་སྒྱུ་འཕྲུལ་བྲལ། ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་གང་མཚན་ཉིད་འཛིན་པར་ཡོད་པ་ནི་ཆོས་ཞེས་དངོས་སུ་བསྒྲུབ་ཏུ་རུང་ལ། མཚན་ཉིད་མེད་པའི་མཚན་ཉིད་ཅན་ཞེས་བརྗོད་པ་ནི་བཏགས་པ་ཙམ་དུ་ཟད་དོ། །གང་ཡང་འདི་སྐད་དུ་ཡེ་ཤེས་ཆེན་པོའི་རྒྱུན་ཙམ་ཡང་མི་དམིགས་ན། ཐུགས་རྗེ་ཆེན་པོའི་མཛད་པ་འབྱུང་བ་རྟེན་མེད་པའི་ཕྱིར། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་ཇི་ལྟར་མི་འགྱུར། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་སྒྲའང་ཇི་ལྟར་འཇུག་ཅེ་ན། དེ་ནི་འདི་ལྟར་སྔོན་ཀྱི་ལས་ཀྱིས་འཕངས་པས་འདུ་བྱེད་རྣམས་གནས་པའི་དུས་ངེས་པ་མངོན་པར་འགྲུབ་པ་ན། འགྲོ་བ་རྣམས་ཀྱི་སྤྱི་ཐུན་གྱི་ལས་ཀྱི་དབང་གིས། སྣོད་ཀྱི་འཇིག་རྟེན་བསྐལ་པ་ཆེན་པོ་གཅིག་གི་བར་དུ་འཇིག་ཆགས་སྟོངས་གནས་མཐུན་པར་འགྲུབ་པར་འཕེན་ནུས་ན། སངས་རྒྱས་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ། ཕ་རོལ་དུ་ཕྱིན་པ་བཅུའི་སྒོ་ནས་འགྲོ་བའི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་བསྒྲུབས་པའི་དབང་གིས། ཐུགས་རྗེའི་སྤྱོད་པ་འགག་པ་མེད་པར་འཕེན་ནུས་པ་ལ་མི་ནུས་པའི་གནས་ཀྱང་ཅི་ཞིག་ཡོད་ལ། ངོ་མཚར་བའི་གནས་ཀྱང་ཅི་ཞིག་ཡོད། ཡང་འདི་སྐད་དུ་སྣོད་ཀྱི་འཇིག་རྟེན་འགྲུབ་པ་ནི་འགྲོ་བ་རྣམས་ཀྱི་རྒྱུན་རྒྱུད་མ་ཆད་པ་ལ། འཇིག་རྟེན་མངོན་པར་འགྲུབ་པའི་ལས་དེ་ལྟར་བྱུང་བ་ཡོད་པའི་དབང་ཡིན་ནོ་ཞེ་ན། དེ་ལྟ་ན་འཇིག་རྟེན་སྟོངས་པའི་ཚེ་འཇིག་རྟེན་མངོན་པར་འགྲུབ་པར་ཇི་ལྟར་འགྱུར། ཡང་འདི་སྐད་དུ་སྔོན་གྱི་འཕེན་པའི་ལས་དང་ད་ལྟར་བྱུང་བའི་ལས་ཆ་མཉམ་པ་ལས་འཇིག་རྟེན་འགྲུབ་བོ་ཞེ་ན། དེ་ལྟ་ན་དགྲ་བཅོམ་པ་སྐྱེས་ནས་མྱ་ངན་ལས་འདས་པ་རྣམས་འདུས་མ་བྱས་ཐོབ་མ་ཐག་དུ་ལུས་ཇི་ལྟར་འཇིག་པར་མི་འགྱུར། སྐུ་གདུང་རིང་བསྲེལ་ཀྱང་ཅི་ལ་ལུས། དེ་བས་ན་སྔོན་གྱི་ལས་ཀྱི་ཤུགས་དྲག་པོས་འཕངས་པ་ནི། ད་ལྟར་བྱུང་བའི་ལས་ལ་ལྟོས་མི་དགོས་སོ། །གལ་ཏེ་ད་ལྟར་བྱུང་བའི་ལས་ཀྱི་རྩལ་དྲག་པོ་ཡོད་ནའང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལྡོག་ནུས་ནའང་འགལ་བ་མེད་དོ། །གཞན་ཡང་འདི་ལྟར་དྲང་སྲོང་འགའི་སྨོན་ལམ་གྱི་མཐུས། དྲང་སྲོང་ཤི་ནས་ལོ་བརྒྱའམ་སྟོང་འདས་ཀྱང་རུང་སྟེ། གང་དུ་སྨོན་ལམ་བཏབ་པའི་ཕྱོགས་དེར་དགེ་ཤིས་དང་གནོད་སྡིག་འབྱུང་བ་འཕེན་ནུས་ན། སངས་རྒྱས་ཐམས་ཅད་ཀྱིས་དང་པོ་སྨོན་པའི་ཐུགས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ས་དགུ་པ་སྨོན་ལམ་ཡོངས་སུ་རྫོགས་པའི་མཐར་ཐུག་པར་སྨོན་ལམ་ཚད་མེད་པ་བསྒྲུབས་པའི་མཐུས། གདུལ་བྱ་རྣམས་ལ་ཇི་ལྟར་འཚམ་པའི་འཕྲུལ་པ་སྣང་བར་འཕེན་ནུས་པ་འདི་ལ། དེ་ལྟར་མི་རུང་བའི་གནས་ཀྱང་ཅི་ཞིག་ཡོད་ལ། ངོ་མཚར་བའི་གནས་ཀྱང་ཅི་ཞིག་ཡོད། ཡང་འདི་སྐད་དུ་དྲང་སྲོང་གི་སྨོན་ལམ་གྱི་རྟེན་ཡུལ་དང་སེམས་ཅན་ལ་བྱིན་གྱིས་བརླབས་ཏེ་བཞག་པ་ཡིན་ནོ་ཞེ་ན། ཚུལ་འདི་ལ་བཀག་པ་མེད་དེ། སྨོན་ལམ་འདེབས་པ་པོ་རང་གི་རྒྱུད་ལ་མི་རྟེན་ན། སེམས་ཅན་ལ་རྟེན་བཅས་པ་འདོད་པ་ཉིད་ཡིན་ཏེ། འདི་ལྟར་སྙིང་རྗེའི་ཡུལ་ཡང་སེམས་ཅན་ཡིན་ཏེ། འདི་སྐད་དུ་འགྲོ་བ་རྣམས་ཀྱི་ཉོན་མོངས་པའི་ནད་མ་སོས་ཀྱི་བར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་སྙུན་མི་གདངས་སོ། །ཞེས་འབྱུང་བ་དང་། སྨོན་ལམ་གྱི་མཐའ་བསྟན་པ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པར། །བདག་གི་སྨོན་ལམ་མཐའ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཡང་འདི་སྐད་དུ། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་དུ་བཅས་པ་རྣམས་ཀྱི། རྡུལ་འཕྲ་མོ་རེ་རེ་དང་བ་སྤུའི་བུ་ག་རེ་རེ་ལའང་། ཐུགས་རྗེ་ཆེན་པོའི་བྱིན་བརླབས་གྲངས་མེད་པ་འཇུག་གོ། ཞེས་ཀྱང་བཤད་པ་ཡིན་ནོ། །འདི་དག་ཙམ་དུ་བཤད་པ་འདི་ནི་རིགས་པ་ཙམ་དུ་མ་ཟད་ཀྱི། ངེས་པའི་དོན་ཀྱི་མདོ་རྣམས་ལས་ཀྱང་གསལ་བར་མང་དུ་འབྱུང་སྟེ། འདི་སྐད་དུ། འདུས་མ་བྱས་ཀྱིས་ཕྱེ་བ་ནི། འཕགས་པའི་གང་ཟག་གོ ། ཞེའམ། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་རྒྱུད་དུ་མི་བརྟག་སྒྲ་དང་ནི། །ཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། ཞེའམ། ཇི་སྲིད་མཚན་ཉིད་རྣམ་བཞག་པ། །དེ་དག་བྱིས་པའི་སྤྱོད་ཡུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ་། །ཞེའམ། དེ་བཞིན་གཤེགས་པ་དགེ་ཆོས་ཟག་མེད་ནི། །ཆོས་ཀྱི་སྐུ་མཆོག་ཡིན་ཏེ་དེ་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་མེད་དེ། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་དུ་སྣང་། །ཞེའམ། རྟག་དུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཞེའམ། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་གི་ངོ་བོ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ཡིན་པར་ལུང་དང་རིགས་པ་གཉིས་གས་མངོན་ནོ། །དེ་ལྟ་ན་སེམས་ཅན་དང་སངས་རྒྱས་རང་བཞིན་མཉམ་སྟེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཐམས་ཅད་ནི་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །གང་གིས་དོན་འདི་ལྟ་བུ་རྟོགས་ཏེ། བདག་དང་སངས་རྒྱས་དབྱེར་མེད་པའི་བློ་དང་ལྡན་ཞིང་། ཕུང་པོ་ལྔ་སྒྱུ་མ་ཙམ་དུ་སྣང་བའང་དེ་བཞིན་གཤེགས་པ་ཉིད་ཡིན་པའི་བློ་དང་ལྡན་ན། ལམ་གྱི་མཆོག་ཡིན་ཏེ། གང་གིས་ཁྱད་པར་ཡོད་པར་མཐོང་བ་ནི་ལམ་གྱི་མཆོག་མ་ཡིན་ནོ། །དོན་ཀྱི་ཚུལ་འདི་ལྟ་བུ་ནི་གསང་སྔགས་ཀྱི་ཚུལ་འབའ་ཞིག་དུ་མ་ཟད་ཀྱི། ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་པ་ཡིན་ཏེ། འདི་ལྟར་འཕགས་པ་སྡོང་པོས་བརྒྱན་པའི་མདོ་ལས། །གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། ལ་ལ་དག་ཕུང་པོ་རྒྱལ་བའི་དཀྱིལ་འཁོར་དུ་བསྟན་པ་ལ་སྐུར་པ་རྣམས། འདི་ལྟ་བུའི་དོན་སྟོན་པའི་མདོ་སྡེ་རྣམས་ལའང་མཉམ་དུ་བསྐུར་དགོས་སོ། །ཡང་ལམ་གྱི་དོན་དུ་གཉེན་པོའི་དོན་ལ་དགོངས་ནས་ཀུན་བརྟགས་ཙམ་བསྒོམས་པར་བསྟན་པ་ཡིན་པར་འདོད་ན། གོང་དུ་སྨོས་པའི་ཀུན་བརྟགས་པ་དང་། དབང་འབྱོར་པའི་གཟུགས་ལ་སོགས་པ་བསྟན་པ་དང་། གཞན་ཡང་ཀུན་དུ་རྟོག་པ་དང་ཀུན་དུ་བརྟགས་པའི་མཚན་ཉིད་འོག་ནས་འཆད་དོ། །ཡང་གཞན་དག་གིས་བརྒལ་བ། ཉོན་མོངས་པ་རྣམས་ལ་སྤང་བར་བྱ་བའི་རྫས་མེད་ཅིང་། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ན། འོ་ན་འགྲོ་བ་རྣམས་གང་གིས་བཅིངས་ཏེ་འཁོར་བའི་རྒྱ་མཚོར་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར། དེ་ལ་འདི་བརྗོད་པར་བྱ་སྟེ། འདི་ལྟར་འཆིང་བར་བྱེད་པ་མེད་ཀྱང་བཅིངས་པ་ལྟར་སྣང་བ་ལས། སྡུག་བསྔལ་མྱོང་བར་སྣང་བར་འགྱུར་ཏེ། དཔེར་ན་རྒྱལ་པོའི་བུའམ་ཁྱིམ་བདག་གི་བུ་གཞོན་ནུ་ཤེད་མ་བྱེ་བ་འདོད་པས་རྒྱགས་ཤིང་མྱོས་པ་ཞིག །རྩེད་མོའི་ཕྱིར་རང་གི་ཁྱིམ་དུ་ཞུགས་ཏེ། དེས་བང་མཛོད་ན་ཟ་མ་ཏོག་གི་ནང་ན། ནོར་བུ་རིན་པོ་ཆེ་རས་དམར་པོའི་ནང་དུ་དྲིལ་ཏེ་བཞག་པའང་ཕྱུང་སྟེ་བཏུང་བའི་ནང་དུ་བསྐྱུར། །ཟ་མ་ཏོག་གི་ཐག་པའང་འབྲས་ཆན་གྱི་ནང་དུ་བསྐྱུར། དེ་བཞིན་དུ་བྱ་བ་མང་པོས་གཡེན་སྤྱོས་ཤིང་རྩེ་བ་ལས། དེ་ཉིད་ཀྱི་རྐྱེན་ཀྱིས་བཀྲེས་པར་གྱུར་ནས་ཟས་ཚོལ་དུ་ཕྱིན་པ་ལས། འབྲས་ཆན་གྱི་ནང་ན་སྦྲུལ་འདུག་པར་མཐོང་། དེ་ནས་རབ་ཏུ་སྐྲག་སྟེ་ཕྱིར་ལོག་ནས་བཏུང་བ་ཚོལ་དུ་ཕྱིན་པ་ན། བཏུང་བ་ཁྲག་ཏུ་གྱུར་པར་མཐོང་ནས་ཡང་ཕྱིར་ལོག་སྟེ་སྐྲག་པ་དང་། བཀྲེས་པ་དང་སྐོམ་པས་ཉེན་པར་གྱུར་ནས་ངུ་ཞིང་ང་རོ་ཆེན་པོ་འདོན་ཞིང་འདུག་པ་ལས། ཉེ་གནས་ཞིག་གིས་དྲུང་ཏུ་ཕྱིན་ཏེ་སྨྲས་པ། བུ་ཁྱོད་ཅིའི་ཕྱིར་ངུ་། ང་བཀྲེས་ཤིང་སྐོམ་ནས་ཟས་ཚོལ་དུ་ཕྱིན་ན། འབྲས་ཆན་གྱི་ནང་ན་ནི་སྦྲུལ་འདུག །བཏུང་བ་ནི་ཁྲག་དུ་གྱུར་ནས་འཇིགས་ཤིང་སྐྱུག་བྲོ་ལ་བཀྲེས་ཤིང་སྐོམ་ཡང་བཟའ་བའི་དབང་མེད་དེ་ངུའོ། །དེ་ནས་ཉེ་གནས་དེས་གཞོན་ནུ་དེ་གདམ་ངག་གི་གནས་ཅུང་ཟད་ཀྱང་མེད་པ་ཞིག་ཡིན་ན་ནི། འདི་སྐད་དུ་བུ་མ་ངུ་ཤིག་ངས་སྦྲུལ་ཡང་བསལ་ཁྲག་ཀྱང་བསལ་ལ་དྲི་མ་དང་བྲལ་བའི་བཟའ་བཏུང་སྦྱིན་ནོ་ཞེས་སྨྲས་ཏེ། ཐག་པ་དང་ནོར་བུ་བསལ་ནས་བཟའ་བཏུང་བྱིན་པ་ན། གཞོན་ནུ་དེ་འདི་སྙམ་དུ་ཉེ་གནས་འདིས་དྲི་མ་བསལ་ནས། དྲི་མ་དང་བྲལ་བའི་བཟའ་བཏུང་བྱིན་ནོ་སྙམ་དུ་བསམས་ཏེ་སྡུག་བསྔལ་གྱི་འཆིང་བ་ལས་གྲོལ་ལོ། །གལ་ཏེ་གཞོན་ནུ་དེ་གདམ་ངག་བསྟན་པའི་གནས་ཅུང་ཟད་ཡོད་པ་ཞིག་ཡིན་ན་ནི། འདི་སྐད་དུ་འདི་ན་སྦྲུལ་ག་རེ། འདི་ནི་ཁྱོད་རང་གིས་བཞག་པའི་ཐག་པ་ཡིན་ན། འདི་ན་ཁྲག་ག་རེ། འདི་ནི་ཁྱོད་རང་གིས་བཞག་པའི་ནོར་བུའི་འོད་ཡིན་ན། ཞེས་བརྗོད་པ་ན། གཞོན་ནུ་དེས་བཟའ་བཏུང་རྣམས་གདོད་མ་ནས་དྲི་མ་དང་བྲལ་བར་ཤེས་ནས་བཅིངས་པ་ལས་གྲོལ་ལོ། །དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ཡང་། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཤེས་ཏེ་དངོས་པོར་ལྟ་བའི་དབང་གིས་ཉོན་མོངས་པས་བཅིངས་པར་སྣང་ཞིང་སྡུག་བསྔལ་མྱོང་བར་སྣང་སྟེ། འདི་ལྟར་སྒྱུ་མ་ཙམ་དུ་སྣང་བ་ལ་དངོས་པོར་ཞེན་ཏོ། །དེ་ལས་མཚན་མར་འཛིན་ཏོ། །དེ་ལས་སྨོན་ཆགས་འབྱུང་སྟེ་ཉོན་མོངས་པ་རྣམས་ཀུན་ནས་འཁྲུག་གོ །དེའི་དབང་གིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་དོ། །དེའི་དབང་གིས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་སྣང་བར་འགྱུར་རོ། །སྣང་བའི་དབང་གིས་ཡང་དངོས་པོར་ཞེན་པ་འབྱུང་བ་ལ་སོགས་པ་འབྱུང་བ་སྔ་མ་བཞིན་ནོ། །ཡང་འདི་སྐད་དུ། དེ་ལྟ་ན་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་མཚན་ཉིད་རྒྱུ་དང་འབྲས་བུའི་ཚུལ་དུ་འབྱུང་བ་འདི་ཉིད་ཁོ་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡིན་མོད། རྫས་སུ་ཡོད་པའང་དེ་ཉིད་ཡིན་མོད་ཞེ་ན། འདི་ལྟར་དངོས་པོར་སྣང་བ་རྣམས་ལ་དངོས་གཞི་གཞན་མི་ཚོལ། དངོས་གཞིའི་ཆ་གཞན་མི་ཚོལ། ཡོན་ཏན་གྱི་ཆ་གཞན་མི་ཚོལ། རྟེན་གཞི་གཞན་མི་ཚོལ་ན། མཚན་མར་སྣང་བ་ཙམ་ལ་མཚན་ཉིད་ཅེས་འདོགས་ན་ནི་འདོགས་སུ་ཟད་དེ་བཟོད་པར་བྱའོ། །དེ་ལ་དངོས་གཞི་གཞན་ཚོལ་བ་གང་ཞེ་ན། དཔེར་ན་རས་ཡུག་སྔོན་པོ་མཐོང་བ་ན། རྣམ་པར་ཤེས་པ་ཉིད་སྔོན་པོའི་རྣམ་པར་སྣང་བ་ཙམ་མ་གཏོགས་པ། དོན་རང་གི་མཚན་ཉིད་འབྱུང་བ་ཆེན་པོ་ལས་གྲུབ་པ། བྱ་བ་བྱེད་ནུས་ཤིང་རྫས་སུ་ཡོད་པའི་དངོས་གཞི་གཞན་ཤེས་པར་བྱ་བ་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་དངོས་གཞིའི་ཆ་ལས་གཞན་སྒྲུབ་པར་བྱེད་པ་གང་ཞེ་ན། འདི་སྐད་དུ་སྣང་བ་འདི་ནི་རས་ཡུག་གི་སྔོན་པོ་ཙམ་ཡིན་གྱི། སྔོན་པོའི་ཆ་གཞན་བཻ་ཌཱུརྱ་དང་ཨིན་དྲ་ནི་ལ་དང་ལོ་མ་ལ་སོགས་པ་སྔོན་པོའི་ཆ་གཞན་དང་། རས་ཡུག་འདི་ཉིད་ཀྱིའང་སྒྲིབ་གཡོགས་ཀྱིས་མ་ཆོད་པ་ཙམ་སྣང་བར་ཟད་དེ། སྒྲིབ་གཡོགས་ཀྱིས་ཆོད་པ་རྣམས་ཀྱི་སྔོན་པོའི་ཆ་མ་མཐོང་བ་ཤེས་པར་བྱ་བ་གཞན་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་ཡོན་ཏན་གྱི་ཆ་གཞན་སྒྲུབ་པར་བྱེད་པ་གང་ཞེ་ན། འདི་སྐད་དུ། འདི་ནི་རས་ཡུག་གི་ཁ་དོག་དང་དབྱིབས་ཙམ་མཐོང་བར་ཟད་དེ། འདིའི་རིགས་དང་རྒྱུ་དང་འབྱུང་ཁུངས་དང་བཟོ་དང་ལྕི་ཡང་དང་འཇམ་རྩུབ་དང་ནུས་པ་དང་རིན་ཐང་ལ་སོགས་པ་ཤེས་པར་བྱ་བ་གཞན་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་རྟེན་གཞི་གཞན་སྒྲུབ་པར་བྱེད་པ་གང་ཞེ་ན། འདི་ལྟར་ལོ་མ་སྔོན་པོ་ལ་རས་ཡུག་སྔོན་པོར་མཐོང་བའི་ཚེ། འདི་སྐད་དུ་འདི་ནི་རས་ཡུག་སྔོན་པོ་ལྟ་བུར་སྣང་བ་སྟེ། འདིའི་དངོས་གཞི་ནི་ལོ་མ་སྔོན་པོ་ཡིན་ཏེ། མ་ཤེས་པ་ཤེས་པར་བྱ་བ་གཞན་ཡོད་དོ་ཞེས་ཟེར་བ་ལྟ་བུའོ། །འདི་ལྟར་མཚན་ཉིད་གཞན་སྒྲུབ་པར་བྱེད་པ་འདི་རྣམས་ནི། གང་ཟག་དང་ཆོས་ཀྱི་རྫས་ཡོད་པར་འདོད་པ་ལས་བྱུང་བ་ཡིན་ཏེ། དེ་ལ་དངོས་གཞི་ཆ་གཞན་སྒྲུབ་པར་བྱེད་པ་དང་ཡོན་ཏན་གྱི་ཆ་གཞན་སྒྲུབ་པར་བྱེད་པ་གཉིས་ནི། གང་ཟག་གི་རྫས་འདོད་པ་ལས་བྱུང་ངོ་། །དངོས་གཞི་གཞན་སྒྲུབ་པར་བྱེད་པ་དང་། རྟེན་གཞི་གཞན་སྒྲུབ་པར་བྱེད་པ་གཉིས་ནི། ཆོས་ཀྱི་རྫས་ཡོད་པར་འདོད་པ་ལས་འབྱུང་སྟེ། འདི་ལྟར་གང་ཟག་གི་རྫས་འདོད་པ་རྣམས་རས་ཡུག་དམིགས་པ་ན། དེ་རིགས་མི་མཐུན་པ་བུམ་པ་ལ་སོགས་ལས་ཀྱང་བཟློག །རིགས་མཐུན་པ་རས་ཡུག་གཉིས་པ་ལ་སོགས་པ་ལས་ཀྱང་བཟློག་ནས། རས་ཡུག་གི་ངོ་བོ་ཉིད་གཅིག་རྫས་སུ་སྒྲུབ་པར་བྱེད་པ་ན། ཁ་དོག་དང་རེག་བྱ་ལ་སོགས་པ་ཐམས་ཅད་ངོ་བོ་དེའི་ཡོན་ཏན་གྱི་བྱེ་བྲག་ཡིན་པར་འཛིན་ཏེ། དེ་བས་ན་ངོ་བོ་གཅིག་གི་ཡོན་ཏན་གྱི་ཆ་གཅིག་མཐོང་ཡང་ཆ་གཞན་མ་མཐོང་བར་འགྱུར་རོ། །བུམ་པ་ལ་སོགས་པ་གཞན་དང་རས་ཡུག་གཉིས་པ་ལ་སོགས་པ་གཞན་ཡང་ངོ་བོ་སོ་སོ་རེ་རེ་ཡིན་པས། དེ་རྣམས་ལ་ཡོད་པའི་སྔོན་པོའང་། རས་ཡུག་གི་སྔོན་པོ་དང་ཐ་དད་དེ་རས་ཡུག་གི་སྔོན་པོའི་དངོས་གཞི་ལས་ཆ་གཞན་ཡིན་ནོ། །དེ་བས་གང་ཟག་གི་རྫས་ཞིག་ནས་ཆོས་ཀྱི་རྫས་ཙམ་སྒྲུབ་པར་བྱེད་པ་ན། ཆ་དེ་གཉིས་ལྡོག་སྟེ། འདི་ལྟར་རས་ཡུག་སྔོན་པོ་མཐོང་ཡང་རུང་ལོ་མ་སྔོན་པོ་མཐོང་ཡང་རུང་སྟེ། རྣམ་པར་ཤེས་པ་སྔོན་པོའི་རྣམ་པར་སྐྱེས་པ་ན། དེའི་ངོ་བོ་ཉིད་མ་ལུས་པར་མཐོང་བ་སྟེ། དངོས་གཞིའི་ཆ་གཞན་མ་མཐོང་བའང་མེད་ལ་ཡོན་ཏན་གྱི་ཆ་གཞན་མཐོང་བའང་མེད་དོ། །ཞེས་བྱ་བ་འདིར་འགྱུར་རོ། །དེ་ལ་ཆོས་ཀྱི་རྫས་འདོད་པ་ན་ཕྱི་རོལ་གྱི་དོན་རྫས་སུ་འདོད་པའི་ཚེ་ནི། དངོས་གཞི་གཞན་སྒྲུབ་པར་བྱེད་པར་འགྱུར་ཏེ། གོང་དུ་བརྗོད་པ་བཞིན་དུ་རས་ཡུག་སྔོན་པོ་མཐོང་བ་ན། རྣམ་པར་ཤེས་པ་ཉིད་སྔོན་པོར་སྣང་བ་ཙམ་༼ལས་གཞན་དུ། ཞེས་རྫོགས་ཆེན་ཤིང་པར་ལ་མཆན་ཡོད།༽མ་གཏོགས་དོན་རང་གི་མཚན་ཉིད་དོན་བྱེད་ནུས་པ་རྫས་སུ་ཡོད་དོ་ཞེས་འདོད་པར་འགྱུར་རོ། །གང་གི་ཚེ་ཕྱི་རོལ་གྱི་དོན་རྫས་སུ་མེད་པར་འདོད་ལ་རྣམ་པར་ཤེས་པ་རྫས་སུ་འདོད་པ་དེའི་ཚེ། འདི་སྐད་དུ་རས་ཡུག་སྔོན་པོ་མཐོང་ན་ཁྱེད་འདོད་པ་ལྟར་ཤེས་པ་ལས་གུད་ན་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་ཤེས་པ་ཉིད་སྔོན་པོ་ལྟ་བུར་སྣང་བ་ན། སྣང་བའི་དངོས་གཞི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་མཚན་ཉིད་གཞན་རྫས་སུ་ཡོད་པའི་མཚན་ཉིད་ཤེས་པར་བྱ་བ་ཡོད་དོ་ཞེས་སྒྲུབ་པར་འགྱུར་རོ། །འདི་ལྟ་བུ་དག་སྒྲུབ་པར་མི་བྱེད་ན་མཚན་མ་སྣང་བ་ཙམ་ལ་མཚན་ཉིད་དུ་འདོགས་པ་ཙམ་ལ་སྐྱོན་དུ་མི་གཟུང་ངོ་། །ཡང་གཞན་དག་གིས་བརྒལ་པ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ན། སྣང་བའི་གནས་ཀྱང་ཅི་ཞིག་ཡོད། འཁྲུལ་པའི་གནས་ཀྱང་ཅི་ཞིག་ཡོད། སྣང་བ་ལ་ཡང་སྣང་གཞི་དགོས་ལ་འཁྲུལ་པ་ལ་ཡང་འཁྲུལ་གཞི་དགོས་པ་མ་ཡིན་ནམ། དེ་ལ་འདི་བརྗོད་པར་བྱ་སྟེ། སྣང་བ་དང་འཁྲུལ་པ་ལ་གཞི་མེད་ཀྱང་། རྐྱེན་ཉེ་བར་གནས་ན་སྣང་དུ་རུང་ཞིང་འཁྲུལ་དུ་རུང་ངོ་། །དངོས་པོ་རྣམས་ཀྱི་འགལ་བ་ནི་གཞི་དངོས་པོར་མ་གྲུབ་པ་ལ། དེ་ལྟར་དངོས་པོར་གྲུབ་པ་ཅིག་བྱུང་ན་འགལ་གྱི། སྨིགས་རྒྱུ་ལྟར་སྣང་བ་ཉིད་ན་དངོས་པོ་གཟོད་མ་ནས་ཐ་མར་མ་གྲུབ་པ་བཞིན་ནོ། །ཡང་གཞི་ངོ་བོ་ཉིད་མེད་པར་རྟོགས་ལ་འཕྲལ་དུ་དངོས་པོར་འཁྲུལ་ན་ནི་འགལ་གྱི། ངོ་བོ་ཉིད་མེད་པ་ཡིན་ཡང་དེ་ལྟར་མ་རྟོགས་ཤིང་གོམས་པར་མ་བྱས་པ་ལ་འགལ་བ་ཅི་ཞིག་ཡོད། འོ་ན་སྣང་འཁྲུལ་ལ་གཞི་མི་དགོས་ན། རྐྱེན་གང་ཡིན་ཞེ་ན། འདི་གཉིས་ནི་གཅིག་གི་རྒྱུར་གཅིག་འགྱུར་ཏེ། འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་ངོ་། །མེད་བཞིན་དུ་སྣང་བའི་དབང་གིས་བློ་དེ་འཁྲུལ་པ་ཡིན་ནོ། །འོ་ན་འདི་གཉིས་དང་པོ་གང་སྔ་ཞེ་ན། འདི་དག་ནི་འགོ་མཉམ་སྟེ། དཔེར་ན་རྨི་ལམ་ན་ཕྱི་རོལ་གྱི་དོན་མེད་བཞིན་དུ་དོན་དུ་སྣང་བའི་བློ་སྐྱེས་པ་ན། གང་གི་ཚེ་དོན་མེད་བཞིན་དུ་དོན་དུ་སྣང་བའི་རྣམ་པར་ཤེས་པ་སྐྱེས་པའི་སྐད་ཅིག་མ་དང་པོ་དེ་ཉིད་ཀྱི་ཚེ། བློ་འཁྲུལ་པར་སྐྱེས་པ་ཡིན་ནོ། །གང་གི་ཚེ་བློ་འཁྲུལ་པར་སྐྱེས་པའི་སྐད་ཅིག་མ་དང་པོ་དེ་ཉིད་ཀྱི་ཚེ། དོན་དུ་སྣང་བའི་རྣམ་པ་དང་བཅས་པར་སྐྱེས་པ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་འགོ་མཉམ་མོ། །དེ་བཞིན་དུ་འགྲོ་བའི་འཁྲུལ་སྣང་ཐམས་ཅད་ཕན་ཚུན་འགོ་མཉམ་མོ། །འོ་ན་འཁྲུལ་སྣང་འདི་གང་ཞིག །གང་ན། དུས་ཇི་ཙམ་ནས་འཁྲུལ་ཅེ་ན། རེ་ཤིག་ཐ་སྙད་ཙམ་དུ་ནི་གང་སུ་ཞིག་འཁྲུལ་ན་ནི་རྒྱུད་དྲུག་གི་སེམས་ཅན་རྣམས་འཁྲུལ་ལོ། །གང་ན་འཁྲུལ་ན་ནི་ཁམས་གསུམ་གྱི་འཁོར་བ་ན་འཁྲུལ་ལོ། །དུས་ཇི་ཙམ་ནས་འཁྲུལ་ན་ནི་ཐོག་མ་མེད་པའི་དུས་ནས་འཁྲུལ་ལོ། །ཞེས་ཐ་སྙད་ཙམ་དུ་བརྗོད་པར་ཟད་དེ། དངོས་སུ་དེ་ལྟར་མ་ཡིན་ནོ། །ཇི་ལྟར་ཞེ་ན་ཡུལ་དང་དུས་དང་གང་ཟག་དུ་སྣང་བ་ཉིད་འཁྲུལ་སྣང་ཡིན་ཏེ། དཔེར་ན་རྨི་ལམ་ན་དོན་མེད་བཞིན་དུ་དོན་དུ་སྣང་བ་ན་སྣང་བའི་བྱེ་བྲག་ནི། ཡུལ་དང་དུས་དང་གང་ཟག་དུ་སྣང་བའི་སྒོ་ནས། བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་སྣང་སྟེ། འདི་ལྟར་གང་ཟག་བདག་དང་གཞན་རྣམས། ཡུལ་ཡིད་དུ་འོང་བའམ་མི་འོང་བའི་ས་ཕྱོགས་ཞིག་ན་གནས་ཤིང་། བདེ་བའམ་སྡུག་བསྔལ་ཉམས་སུ་མྱོང་བར་སྤྱོད་པ་དེ་དག །དུས་ཡུན་རིང་མོའམ་ཐུང་ངུ་ཞིག་ན་གནས་པར་སྣང་མོད་ཀྱི། སྣང་ཙམ་ཉིད་ན་ཡུལ་ཡང་མེད། གང་ཟག་ཀྱང་མེད། དུས་ཀྱང་མེད། བདེ་སྡུག་ཀྱང་མེད་དོ། །འོན་ཀྱང་མེད་བཞིན་དུ་ཡོད་པ་ལྟར་སྣང་ངོ་། །དེ་བཞིན་དུ་མ་རིག་པའི་གཉིད་ཀྱི་དབང་དུ་གྱུར་པའི་འགྲོ་བ་རྣམས། ཐོག་མ་མེད་པའི་དུས་ཅན་ནས་འཁོར་བར་སྣང་མོད་ཀྱི། རང་གི་ངོ་བོ་ནི་ཀུན་གཞི་སེམས་ཀྱི་སྐད་ཅིག་མ་གཅིག་ལ། འཇིག་རྟེན་མཐའ་ཡས་པར་སྣང་སྟེ། དེ་ཡང་གཟུགས་བརྙན་མེ་ལོང་གི་ཕུག་ན་གནས་པར་ཡང་སྣང་། ཁ་ན་གནས་པར་ཡང་སྣང་མོད་ཀྱི། མེ་ལོང་ལ་ཕུག་མེད་པས་གཟུགས་བརྙན་ལ་གནས་ཐ་དད་མེད་དོ། །དེ་བཞིན་དུ་སེམས་ལ་གནས་ཐ་དད་མེད་པས་འཇིག་རྟེན་ལ་རྒྱ་ཆེ་ཆུང་མེད་དོ། །དུས་ཀྱང་རྨི་ལམ་ན་དུས་ཆུ་ཚོད་གཅིག་ཙམ་ཡང་མ་འདས་པར། བསྐལ་པའམ་བསྐལ་པ་ལས་ལྷག་པའི་ཚེ་ཐུབ་པར་རྨིའང་དུས་ཡུན་རིང་མོ་འདས་པའང་མེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཞག་བདུན་གྱིས་བསྐལ་པ་ཆེན་པོ་འདའ་བར་བྱིན་གྱིས་རློབས་སྟེ། ཞག་བདུན་ཀྱང་བློའི་སྣང་བ་ཙམ་བསྐལ་པ་ཆེན་པོའང་བློའི་སྣང་བ་ཙམ་སྟེ། དུས་ཡུན་རིང་མོ་ཐུང་ངུར་བསྡུས་པ་མེད་དོ། །ཞག་བདུན་ལ་བསྐལ་པ་གྲངས་མེད་པར་བྱིན་གྱིས་རློབ་སྟེ། དེའི་ཚེའང་དུས་ཐུང་ངུ་དུས་རིང་པོར་བསྲིངས་པ་མེད་དོ། །དེ་བཞིན་དུ་འཁོར་བ་ཐོག་མ་མེད་པའི་དུས་ཅན་དུ་འདོད་པ་རྣམས་ཀྱང་། བློ་དུས་ལྟར་འཁྲུལ་པ་ཙམ་དུ་ཟད་དོ། །འོ་ན་སྣང་བ་ཐམས་ཅད་འཁྲུལ་སྣང་ཡིན་ན། འཁྲུལ་པའི་བློ་ལ་ཚུལ་ཇི་ལྟར་སྣང་བར་འགྱུར་ཞེ་ན། འདི་བརྗོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཀུན་དུ་རྟོག་ཅན་ཡང་དག་མ་ཡིན་ཀུན་དུ་རྟོག་པས་རྩོམ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་དུ་གྱུརད་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །ཞེས་གསུངས་པ་ལྟ་བུ་སྟེ། འགྲོ་བ་རྣམས་ཀྱི་སེམས་ནི་མ་རིག་པའི་དབང་དུ་སོང་བས། ཐོག་མའི་རྩོམ་པ་མེད་པ་ནས་རང་བཞིན་གྱིས་ཀུན་དུ་རྟོག་པ་ཅན་དུ་གྱུར་ཅིང་། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བསླད་པས། དེའི་དབང་གིས་སེམས་དང་སེམས་ལས་བྱུང་བ་ཉིད་ཡུལ་གྱི་དངོས་གཞི་གསུམ་དུ་སྣང་སྟེ། དེ་ལ་དངོས་གཞི་གསུམ་ནི་སེམས་དང་སེམས་ལས་བྱུང་བ་ཉིད་ཕུང་པོ་གསུམ་དུ་སྣང་བ་ཡིན་ཏེ། གསུམ་གང་ཞེ་ན། སེམས་དང་ཡིད་དང་རྣམ་པར་རིག་པའོ། །འདི་ཡང་ཤེས་པ་ཚོགས་བརྒྱད་དུ་སྨྲ་བ་ནི། སེམས་ནི་ཀུནད་གཞི། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད། རྣམ་པར་རིག་པ་ནི་ཚོགས་དྲུག་ཅེས་འདོད་དོ། །གཅིག་པུར་སྨྲ་བ་ནི་ཤེས་པའི་ངོ་བོ་ཉིད་གཅིག །རྒྱུ་དང་རྐྱེན་གྱི་བྲེ་བྲག་གིས་ཕྲ་རགས་སུ་སྐྱེ་བ་ཙམ་དུ་ཟད་དེ། དཔེར་ན་མཚོའི་ངོ་བོ་ཉིད་གཅིག་ལ་གཤེར་ཞིང་མཉེན་ལ་གཡོ་བ་མེད་པར་གནས་པའི་མཚན་ཉིད་དང་། རང་གི་ཉེ་བར་ལེནད་པའི་རྐྱེན་ཀྱིས་རྟག་དུ་ཅུང་ཟད་ཙམ་གཡོ་བ་དང་། ཕྱི་རོལ་གྱི་རྐྱེན་གྱིས་རླབས་དྲག་ཞན་དང་མང་ཉུང་དུ་གཡོ་བར་བྱེད་པ་བཞིན་དུ། རྣམ་པར་ཤེས་པའང་ཤེས་ཤིང་རིག་པའི་མཚན་ཉིད་ནུས་པ་སྣ་ཚོགས་ཅན་གྱི་བདག་ཉིད་དུ་གནས་པ་ནི་སེམས་ཞེས་བྱ། དེ་ཉིད་རང་གི་ཉེ་བར་ལེན་པའི་དབང་གིས་རྟག་དུ་ངར་འཛིན་པའི་བདག་ཉིད་ལ་ནི་ཡིད་ཅེས་བྱ། དེ་ཉིད་ཡུལ་དང་དབང་པོའི་སྒོ་ནས་ཕྲ་རགས་སྣ་ཚོགས་མངོན་དུ་སྐྱེ་བ་ལ་ནི། རྣམ་པར་ཤེས་པ་ཞེས་བྱ་ཞེས་ཟེར་ཏེ། དོན་བསྡུས་ན་དེ་ལྟར་ཕུང་པོ་གསུམ་གྱི་དབང་གིས་ཡུལ་གསུམ་དུ་སྣང་བ་ལ་བྱའོ། །དེ་ལ་སེམས་དོན་དུ་སྣང་བ་ནི། འདི་སྐད་དུ། འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །ཞེས་གསུངས་པ་སྟེ། རྣམ་པར་རིག་པ་རྣམས་ཀྱིས་འདུ་བྱེད་སྣ་ཚོགས་ཀྱི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་བག་ཆགས་སེམས་ལ་བསགས་པའི་དབང་གིས། སེམས་ཉིད་མཐུ་བརྟས་པར་གྱུར་པ་ན། ཕྱིའི་ཡུལ་དང་དབང་པོ་དང་བཅས་པའི་ལུས་ལྟ་བུར་སྣང་ངོ་། །འདི་ནི་འཁྲུལ་སྣང་རྟེན་གཞི་མེད་པ་ཡིན་ཏེ། རབ་རིབ་ཅན་གྱི་སྐྲ་ཤད་དང་། རྒྱལ་པོའི་དམག་མིའི་རྔ་སྒྲ་དང་། མི་སྡུག་པ་བསྒོམས་པ་རྣམས་ཀྱི་རུས་གོང་ལྟར། ཕྱི་རོལ་གྱི་རྟེན་གཞི་མེད་པར་ནང་གི་རྐྱེན་གྱི་དབང་གིས་སྣང་ངོ་། །ཡུལ་གྱི་དངོས་གཞི་གཉིས་པ་ནི། བག་ཆགས་བསགས་པའི་རྒྱུན་ལ་དམིགས་རྐྱེན་ཡིད་ལས་བརྟག་པའི་བདག་ནི་མེད། །ཅེས་གསུངས་པ་སྟེ། སེམས་བག་ཆགས་དང་བཅས་པའི་རྒྱུན་ལ་བདག་དུ་དམིགས་ཤིང་རློམ་སེམས་པ་ནི་ཡིད་དེ། འདིས་སེམས་ལ་བདག་མེད་བཞིན་དུ་བདག་ཏུ་བཟུང་བས་ན། དེའི་དབང་གིས་སྦྲུལ་ལྕེ་གཉིས་པ་བཞིན་དུ་བདག་དང་གཞན་དུ་འབྱེད་པར་བྱེད་དོ། །འདི་ནི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ཡིན་ཏེ། འགལ་མེ་ལས་འཁོར་ལོ་དང་ཐག་པ་ལས་སྦྲུལ་དུ་སྣང་བ་བཞིན་དུ། སེམས་ལ་དམིགས་ནས་བདག་དུ་སྣང་ངོ་། །ཡུལ་གྱི་དངོས་གཞི་གསུམ་པ་ནི། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་འཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །ཞེས་གསུངས་པ་སྟེ། རྣམ་པར་རིག་པ་སེམས་ལས་བྱུང་བ་དང་བཅས་པ་འདུ་བྱེད་རིགས་པར་སྐྱེ་བས་བསྒྲིབས་ནས། སེམས་དོན་དང་སེམས་ཅན་དུ་སྣང་བ་འདུ་བྱེད་ཆ་ཕྲ་བ་མ་རྟོགས་པ་ལས་དངོས་པོ་སྣ་ཚོགས་གཞན་དང་གཞན་དུ་ཞེན་པ་སྐྱེའོ། །འདི་ནི་འཁྲུལ་སྣང་རྟེན་གཞི་ཡང་དག་པ་མ་ཡིན་པ་དང་བཅས་པ་ཡིན་ཏེ། དཔེར་ན་སྨིགས་རྒྱུ་བ་ཡིན་པར་མ་ཤེས་པ་ལས་ཆུར་ཞེན་པའམ། བག་འདྲའི་རྩེད་མོ་བྱེད་ཅིང་གནས་པ་ལས། དེ་རྐྱེན་གཞན་ཞིག་གིས་བློ་དཀྲུགས་ཏེ། ཆགས་སྡང་ཆེར་སྐྱེས་པའི་སྐབས་ཞིག་དུ། རང་གིས་བྱས་པའི་བག་འདྲའི་རྩེད་མོ་སྣང་བ་ལ། སྐྱེས་པའམ་བུད་མེ་གཞན་ཞིག་དུ་མཐོང་སྟེ། དངོས་པོར་ཞེན་ཅིང་ཆགས་སྡང་སྐྱེས་པ་ལྟ་བུ་ཡིན་ནོ། །འཁྲུལ་སྣང་འདི་གསུམ་ཡང་གཅིག་གི་རྐྱེན་དུ་གཅིག་གྱུར་པ་ཡིན་ཏེ། རྣམ་པར་རིག་པའི་དངོས་པོ་རྣམས་སེམས་སྣང་བར་མ་ཤེས་ཏེ། དངོས་པོ་གཞན་དང་གཞན་དུ་ཞེན་ཅིང་། འདུ་བྱེད་སྣ་ཚོགས་ཀྱིས་ལས་ཀྱི་བག་ཆགས་སྣ་ཚོགས་སེམས་ལ་བསགས་པའི་དབང་གིས་སེམས་འཁྲུལ་པ་དོན་དང་སེམས་ཅན་དུ་སྣང་བ་བྱུང་ངོ་། །དེའི་དབང་གིས་ཡིད་བདག་དང་གཞན་དུ་རློམ་སེམས་ཤིང་འབྱེད་པར་འབྱུང་ངོ་། །དེ་གཉིས་ཀྱི་དབང་གིས་རྣམ་པར་རིག་པ་སེམས་དབང་པོར་སྣང་བ་ལ་བརྟེན་ནས་ཡུལ་དུ་སྣང་བས་འདྲ་གཞི་བྱས་ཏེ། དངོས་པོ་སྣ་ཚོགས་སུ་ཞེན་ཅིང་སྣང་ལ། ཡིད་བདག་དུ་རློམ་སེམས་པ་ལ་བརྟེན་ནས་རྣམ་པར་རིག་པ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པ་སྐྱེ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཟག་པ་དང་བཅས་པར་བྱིན་གྱིས་རློབ་པར་བྱེད་དོ། །དེའི་དབང་གིས་བདག་སྣ་ཚོགས་དང་ཆོས་སྣ་ཚོགས་ཀྱི་བློ་སྐྱེ་བས་སྲིད་པའི་འཁོར་ལོ་རྒྱུན་མི་འཆད་པ་ཡིན་ནོ། །འཁྲུལ་སྣང་འདི་དག་ལས་བཟློག་པར་འདོད་ན། སྣང་བ་ཐམས་ཅད་སེམས་ཉིད་སྣང་བ་ཡིན་པར་ཤེས་ཏེ། བདག་དུ་འཛིན་པའི་རྟོད་ཕུར་ཕྱུང་། དངོས་པོ་དང་མཚན་མར་ལྟ་བའི་ཞེན་པ་བཟློག་པས་སྣང་བ་མ་ལོག་ཀྱང་སེམས་ལ་བདག་དུ་ལྟ་ཞིང་ཡུལ་ལ་མཚན་མར་འཛིན་པའི་བློ་ལོག་པ་ན། གནས་ངན་ལེན་གྱི་ལས་རྣམས་ཀྱང་མཐུ་ཆུང་བར་འགྱུར་རོ། །བསོད་ནམས་ཀྱི་ལས་རྣམས་ཀྱང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་འགྱུར་ཏེ། དཔེར་ན་རྨི་ལམ་ན་དོན་སྣང་བ་དག་གཉིད་ཅུང་ཟད་བསྲབས་པར་གྱུར་ནས་རྨི་ལམ་དུ་ཤེས་པ་ན། སྣང་བ་མ་ལོག་ཀྱང་ཞེན་པ་ལོག་པས་ཆགས་སྡང་སྐྱེད་མི་ནུས་པ་ལྟ་བུའོ། །དེ་ནས་ཀྱང་གཉིད་སད་པ་ན་སྣང་བ་ཉིད་ཀྱང་ལོག་ན་ཆགས་སྡང་ལྟ་ག་ལས་སྐྱེ། དེ་བཞིན་དུ་དངོས་པོར་ལྟ་བའི་ཞེན་པ་དང་བྲལ་ཏེ། སྒྱུ་མ་ཙམ་དུ་སྣང་བ་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པས་སྣང་བ་ཉིད་ཀྱང་ལོག་པར་གྱུར་པ་ན། ཉོན་མོངས་པ་དང་ལས་མངོན་པར་འདུ་བྱེད་པར་ཇི་ལྟར་འགྱུར་ཏེ། དེ་བས་ན་ཆོས་རྣམས་ཀྱི་རང་བཞིན་ཤེས་པ་དང་མ་ཤེས་པ་ཙམ་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ཐ་སྙད་བཏགས་པ་ཙམ་མ་གཏོགས་པ། འདི་ལ་བསལ་བར་བྱ་བའི་རྫས་སམ། གཞག་པར་བྱ་བའི་རྫས་ཀྱི་ངོ་བོ་གང་ཡང་མེད་དེ། འོན་ཀྱང་མ་ཤེས་པའི་དུས་ན་འཁྲུལ་སྣང་གི་ཚུལ་དེ་ལྟར་སྣང་བ་ཙམ་ཡིན་ནོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འགོ་མཉམ་པར་བསྟན་པ་ལ། བརྒལ་ལན་བསྟན་པའི་སྐབས་ཏེ་གཉིས་པའོ།།  །། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་མཚན་ཉིད་ཡིན་པར་རྟོགས་པ་ནི། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པར་ནུས་པ་ཡིན་ལ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འགོ་མཉམ་པ་རྟོགས་པ་ཚད་དུ་ཆུད་ཅིང་མཐར་ཕྱིན་པ་ནི་རྫོགས་པ་ཆེན་པོའི་ཚུལ་ཡིན་ནོ། །དེ་ལ་འདི་སྐད་དུ་རྫོགས་པ་ཆེན་པོའི་ཚུལ་གྱིས་འཁྲུལ་སྣང་འདི་དག་དམིགས་པར་འདོད་དམ་མི་འདོད་ཅེ་ན། ཅི་འདི་དག་སྣང་ངམ་མི་སྣང་ཅེས་འདྲི་བར་བྱེད་དམ། འོན་ཏེ་སྣང་བ་ལ་མཚན་ཉིད་ཡོད་དམ་མེད་ཅེས་འདྲི་བར་བྱེད། དེ་ལ་སྣང་ངམ་མི་སྣང་ཅེས་འདྲི་ན་ནི། མི་སྣང་ན་ལྟ་བ་སྣ་ཚོགས་ཀྱི་རྩོད་པའི་གཞི་ཅི་ལ་བྱེད་དེ། ཐུན་མོང་གི་དབང་པོའི་མཐུན་སྣང་འདི་ལ་སྣང་མི་སྣང་ནི་སུའང་མི་རྩོད་དོ། །གལ་ཏེ་སྣང་བ་ལ་མཚན་ཉིད་ཡོད་དམ་མེད་འདྲི་ན་ནི། མཚན་ཉིད་ཡོད་པར་འཛིན་ན་རྫོགས་པ་ཆེན་པོའི་ཚུལ་སྒྱུ་མ་ལྟ་བུ་མཐར་ཕྱིན་པར་རྟོགས་པར་ཡང་ཇི་ལྟར་འགྱུར་ཏེ། དེ་ལྟ་བས་ན་ལྟ་བ་མཐོན་དམན་ནི་སྣང་བ་ལ་དངོས་པོར་ཞེན་པ་ཆེ་ཆུང་གི་བྱེ་བྲག་ཙམ་སྟེ། དཔེར་ན་ཆུའི་ནང་ན་སྦྲུལ་ནག་པོའི་གཟུགས་བརྙན་སྣང་བ་ལ། ཁ་ཅིག་གིས་ནི་སྦྲུལ་ཉིད་དུ་མཐོང་སྟེ་སྐྲག་ནས་སྤོང་བར་བྱེད་དོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་སྒྱུ་མ་ལྟ་བུ་ཡིན་ཡང་། ཉན་ཐོས་རྣམས་ཀྱིས་དངོས་པོར་མཐོང་སྟེ་སྤོང་བར་བྱེད་དོ། །ཁ་ཅིག་གིས་ནི། གཟུགས་བརྙན་དུ་ཤེས་ཀྱང་རེག་ན་ཉེས་པ་ཡོད་པར་མཐོང་ནས་སྨན་བསྟེན་ཏོ། །དེ་བཞིན་དུ་ཕ་རོལ་དུ་ཕྱིན་པའི་ཚུལ་ནི། ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང་། བྱ་བ་བྱེད་ནུས་པ་ཡོད་པར་ལྟ་བས། ཤེས་བྱ་ལ་ཡེ་ཤེས་བསྐྱེད་པ་དང་སྙིང་རྗེ་ཆེན་པོའི་སྨན་བསྟེན་པར་བྱེད་དོ། །ཁ་ཅིག་གིས་ནི། གཟུགས་བརྙན་དུ་ཤེས་པས་རེག་ཀྱང་མི་གནོད་པར་རྟོགས་ཀྱང་། ཉམ་ང་བས་རང་གིས་རེག་མི་ནུས་ཀྱི་གཞན་ལ་སྐུལ་ནི་ནུས་སོ། །དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ཕྱི་པའི་ཚུལ་གྱིས། དམན་པའི་སྤྱོད་པ་དང་རྫས་རྣམས་ལ་སྐྱོན་མེད་པར་རྟོགས་ཀྱང་། རང་གིས་བག་ཡངས་སུ་སྤྱོད་ནི་མི་ནུས། ལྷ་ལ་དབུལ་བ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་དང་། དངོས་གྲུབ་ཀྱི་རྫས་ལ་སོགས་པར་ནི་སྤྱོད་ནུས་སོ། །ཁ་ཅིག་གིས་ནི། རེག་ན་སྐྱོན་མེད་པར་ཡང་ཤེས་རེག་ཀྱང་ནུས་ལ། ཉམ་ང་བ་དེ་ཉིད་མྱུར་དུ་མེད་པར་བྱ་བའི་ཕྱིར། ཆེད་དུ་རྫི་བའི་བརྟུལ་ཞུགས་སྤྱོད་དོ། །དེ་བཞིན་དུ་རྣལ་འབྱོར་ནང་བའི་ཚུལ་ཀྱིས་ཆོས་མཉམ་པ་ཉིད་མྱུར་དུ་ཉམས་སུ་ལོན་པར་བྱ་བའི་གཉའ་ནོན་དུ། ཆོས་ལ་དགེ་སྡིག་མེད་པ་དང་ཟས་ལ་གཙང་སྨེ་མེད་པའི་བརྟུལ་ཞུགས་ཆེད་དུ་དང་དུ་བླངས་ཏེ་སྤྱོད་དོ། །ཁ་ཅིག་གིས་ནི། གཟུགས་བརྙན་གྱི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའི་བློ་དང་ལྡན་པས་སྤྱོད་པ་དེ་དག་ཐམས་ཅད་བྱིས་པའི་སྤྱོད་པར་མཐོང་སྟེ། འདི་ལྟར་དངོས་སུ་སྤོང་བ་ལ་སོགས་པ་གཞན་ལྟ་ཞོག་གི། གཟུགས་བརྙན་གཅིག་ལ་དཔའ་དཔའ་ལྟར་རྫི་བ་དེ་ཉིད་ཀྱང་བྱིས་པའི་བློ་ཅན་དུ་མཐོང་སྟེ། བླང་བའམ་དོར་བའམ་དེའི་རྐྱེན་ཀྱིས་མངོན་པར་འདུ་བྱེད་པའི་བློ་གང་ཡང་སྐྱེད་མི་ནུས་ཤིང་། གཡོ་རྩོལ་མི་འབྱུང་ངོ་། །དེ་བཞིན་དུ་རྫོགས་པ་ཆེན་པོའི་ཚུལ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤིན་དུ་འགོ་མཉམ་པ་ཉིད་དུ་རྟོགས་ཤིང་མཐར་ཕྱིན་པར་ཁོང་དུ་ཆུད་པས། དེ་བས་ན་སྣང་བའི་དབང་གིས་བློ་མི་རྨོངས་ཤིང་མངོན་པར་འདུ་བྱེད་པ་སྐྱེད་མི་ནུས་ཤིང་། མི་ལེན་མི་འདོར་མི་གཡོ་མི་རྩོལ་ལོ། །དེ་ལྟར་སྒྱུ་མ་ལྟ་བུ་མཐར་ཕྱིན་པར་རྟོགས་པ་འདི་ནི། བདེན་པ་གཉིས་དབྱེར་མེད་པར་རྟོགས་པའང་མཐར་ཕྱིན་པར་གྲུབ་པ་ཡིན་ནོ། །དེ་ཡང་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པར་འདོད་པ་ཙམ་གྱིས་བདེན་པ་གཉིས་དབྱེར་མེད་པར་རྟོགས་པའི་གྲངས་སུ་མི་ཆུད་དེ། འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས་ཀྱང་། འདུ་བྱེད་རྣམས་མི་རྟག་པའི་མཚན་ཉིད་དུ་འདོད་པ་ན། མི་རྟག་པ་ཉིད་འདུ་བྱེད་ལས་གཞན་ཡིན་པར་མི་འདོད་དོ། །རྣལ་འབྱོར་སྤྱོད་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཉིས་པོས་སྟོང་པའི་མཚན་ཉིད་ཅན་དུ་འདོད་པ་ན། སྟོང་པ་ཉིད་གཞན་དབང་ལས་གཞན་ཡིན་པར་མི་འདོད་དོ། །དེ་ལྟར་ན་ཆོས་ཅན་ལ་ཆོས་ཉིད་ཡོད་པར་འདོད་པ་དག་ཀྱང་གཞན་ཡིན་པར་མི་འདོད་ན། དབུ་མ་པ་ཆོས་རྣམས་རང་བཞིན་མེད་པ་ཉིད་ཡིན་པར་འདོད་པ་ལ། གཞན་དུ་འདོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འོན་ཀྱང་བདེན་པ་གཉིས་ཀྱི་བློ་མི་འདོར་བས། གཉིས་སུ་མེད་པར་ལྟ་བའི་གྲངས་སུ་མི་ཆུད་དེ། ནམ་ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ཀུན་དུ་བརྟགས་པའི་མཚན་ཉིད་དང་འགོ་མཉམ་པར་རྟོགས་པ་དེའི་ཚེ། བདེན་པ་གཉིས་དབྱེར་མེད་པར་ལྟ་བ་ཞེས་བྱའོ། །སྒྱུ་མ་དང་སྤྲུལ་པ་ལ་སོགས་པ་ནི་སྣང་བ་ཙམ་དམིགས་པས། དེ་དག་དང་ཕྱི་ནང་གི་དངོས་པོ་སྣང་བ་གཉིས་སྣང་བར་འདྲ་བས་མཚན་ཉིད་འགོ་མཉམ་པར་བསྒྲུབ་དུའང་རུང་ན། ཀུན་དུ་བརྟགས་པ་ནི་མུ་སྟེགས་ཅན་གྱི་བདག་རྟག་པ་ལ་སྩོགས་པ་ལྟ་བུ་གཏན་མེད་པ། སྒྲོ་སྐུར་གྱི་གནས་སུ་གྱུར་པ་རི་བོང་གི་རྭ་དང་འདྲ་བ་ཡིན་ལ། ཕྱི་ནང་གི་དངོས་པོ་འདི་དག་ནི་རྒྱུ་དང་རྐྱེན་ལས་སྐྱེ་བ་མངོན་སུམ་དང་མི་དམིགས་པས་གྲུབ་པ་ཡིན་ན། དེ་གཉིས་ཇི་ལྟར་འགོ་མཉམ་པར་བྱ། གལ་ཏེ་ཀུན་དུ་བརྟག་པའི་དངོས་གཞི་གཅིག་རྙེད་ན་ནི་མཉམ་མི་མཉམ་གཞལ་དུའང་རུང་ན། ཀུན་དུ་བརྟགས་པ་ལ་དངོས་གཞི་ཉིད་མ་གྲུབ་པར། གང་དང་གང་མཉམ་པར་བསྒྲུབ་ཅེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། ཀུན་དུ་བརྟགས་པ་དང་དོན་རང་གི་མཚན་ཉིད་པར་བསྒྲུབ་པའི་མཚན་གཞི་ནི་སྣང་བ་ཉིད་ཡིན་ཏེ། མུ་སྟེགས་ཅན་གྱི་གྲུབ་མཐའ་ཡན་ཆད་ནས། རྫོགས་པ་ཆེན་པོའི་ལྟ་བ་ལ་ཐུག་གི་བར་དུ། ལྟ་བའི་བྱེ་བྲག་ཐམས་ཅད་སྣང་བ་མཚན་ཉིད་གཞིར་བྱས་ཏེ། དེའི་མཚན་ཉིད་ཇི་ལྟར་ཡིན་པ་དང་ཇི་ལྟར་ཡོད་པ་ལ་རྩོད་དོ། །དེ་ལ་ཡིན་པ་ནི་བདེན་པར་སྒྲུབ་པའོ། །ཡོད་པ་ནི་དམིགས་པར་སྒྲུབ་པའོ། །སྣང་བ་དེ་ཉིད་ལ་གཞན་ཀྱིས་ཀུན་དུ་བརྟགས་པ་འགེགས་པར་བྱེད་པ་ན། མེད་པ་དང་མ་ཡིན་པར་འགོགས་སོ། །དེ་ལ་མེད་པར་དགག་པས་ནི་གཞན་གྱིས་ཀུན་བརྟག་པ་ཙམ་འགེགས་པར་བྱེད་དོ། །མ་ཡིན་པར་དགག་པས་ནི་དེའི་སྟེང་དུ་རང་འདོད་པའི་མཚན་ཉིད་པའང་སྒྲུབ་པར་བྱེད་དོ། །དགག་སྒྲུབ་འདི་བཞིའི་ཚུལ་ནི་འདིར་སྨོས་པ་ཙམ་སྟེ་འོག་ནས་འཆད་དོ། །འདི་ལྟར་དགག་སྒྲུབ་འདི་བཞིའི་ཚུལ་གྱིས་གཞན་གྱི་གྲུབ་མཐའ་འགེགས་ཤིང་རང་གི་གྲུབ་མཐའ་སྒྲུབ་པ་ན། ལྟ་བ་ཐམས་ཅད་ཀྱང་བྱེ་བྲག་མེད་པར་རྒྱུ་དང་རྐྱེན་ལས་འབྲས་བུ་བྱུང་བར་འདོད་པ་དང་། མངོན་སུམ་དང་མི་དམིགས་པས་གྲུབ་པར་འདོད་པར་མཐུན་པ་ལས། གང་ཞིག་གིས་མཚན་ཉིད་པར་ཡོད་པ་དང་ཡིན་པར་བསྒྲུབས་པ་དེ། གཞན་དག་གིས་དེ་ལྟ་བུའི་མཚན་ཉིད་དུ་མེད་པ་དང་མ་ཡིན་པར་བཀག་སྟེ། ཀུན་དུ་བརྟགས་པ་ཡིན་པར་སྒྲུབ་བོ། །འདི་བཞིན་དུ་ལྟ་བ་མཐོན་དམན་རིམ་པར་སྒྲུབ་པར་བྱེད་པ་ན། དང་པོ་རང་རང་གི་ལྟ་བ་ཐམས་ཅད་མཚན་ཉིད་པ་ཡིན་པར་གྲུབ་བོ། །དེ་གཞན་དང་གཞན་གྱིས་ཀུན་དུ་བརྟགས་པ་ཡིན་པར་སྒྲུབ་བོ། །དེ་བཞིན་དུ་རིམ་པར་གྲུབ་པ་ན་མཐར་དོན་གང་རང་གི་མཚན་ཉིད་པ་ཁོ་ན་ཡིན་ཏེ། ཀུན་དུ་བརྟགས་པ་མ་ཡིན་པའི་དོན་ལྷག་མ་ལུས་པའང་མི་རྙེད་དོ། །དེ་དག་ཀྱང་མུ་སྟེགས་ཅན་རྟག་པར་ལྟ་བ་བྱེད་པ་པོ་རྒྱུར་ལྟ་བ་རྣམས་ཀྱང་གཞི་རྣམ་པ་ལྔ་ལ་ལྟ་སྟེ། འདི་ལྟར་ཚངས་པ་ཆེན་པོ་རྟག །དབང་སྒྱུར་གྱི་ལྷ་རྟག །བདག་རྟག །རང་བཞིན་རྟག །རྡུལ་ཕྲ་རབ་རྟག་སྟེ། དེ་དག་ནི་རྟག་ཀྱང་རྟག་ལ་རྒྱུའང་ཡིན་ནོ། །ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ནི་དེའི་དབང་ལས་གྲུབ་ཅིང་སྤྲུལ་པའི་འབྲས་བུ་ཡིན་ཏེ་མི་རྟག་གོ །དེ་ལ་རྒྱུ་རྣམས་ནི་རྟག་དུ་རྒྱུ་ཁོ་ནའི་བྱ་བ་བྱེད་དེ་ནམ་ཡང་འབྲས་བུའི་བྱ་བ་མི་བྱེད་དོ། །ཕྱི་ནང་གི་དངོས་པོ་འདི་དག་ནི་རྒྱུན་དུ་འབྲས་བུ་ཁོ་ནའི་བྱ་བ་བྱེད་དེ་ནམ་ཡང་རྒྱུའི་བྱ་བ་མི་བྱེད་དོ། །དེ་ལྟ་ན་རྒྱུ་དང་འབྲས་བུའི་རང་གི་ངོ་བོ་ནི་སོ་སོར་ངེས་པ་ཐོབ་པའོ་ཞེས་ལྟ་སྟེ། དེ་ལྟ་ན་ཕྱི་ནང་གི་དངོས་པོ་འདི་དག་ཀྱང་རྒྱུ་དང་རྐྱེན་ལས་གྲུབ་པ། འབྲས་བུ་རང་གི་ངོ་བོ་མི་རྟག་པ་ཡིན་པར་ཡང་ལྟ་ལ། མངོན་སུམ་དང་མི་དམིགས་པས་ཀྱང་གྲུབ་པ་ཡིན་ཏེ། འདི་ལྟར་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་ནས་ལྷའི་མིག་དང་ལྡན་པར་གྱུར་པའི་དྲང་སྲོང་རྣམས་ཀྱིས། སེམས་ཅན་འཆི་འཕོ་བ་རྣམས་ལ་བལྟས་ན། གང་འཆི་འཕོ་བ་དེའི་རྡུལ་ཕྲ་རབ་བསྡུས་པ་ལས་གྱུར་པའི་ལུས་དེ་ལས། རྫུས་ཏེ་སྐྱེས་པའི་སེམས་ཅན་ཅིག་བྱུང་སྟེ་སྐྱེ་གནས་གཞན་དུ་འཕོས་པ་ལས། ཡང་རྡུལ་ཕྲ་རབ་བསྡུས་པ་ལས་གྱུར་པའི་ལུས་ཅན་སྐྱེ་བ་རྣལ་འབྱོར་གྱི་མངོན་སུམ་གྱིས་མ་དམིགས་ལ། རྫུས་ཏེ་སྐྱེས་པའི་སེམས་ཅན་འཕོ་བ་མེད་པར། རྡུལ་ཕྲ་རབ་བསྡུས་པ་ལས་གྱུར་པའི་ལུས་ཅན་སྐྱེ་བ་རྣལ་འབྱོར་གྱི་མངོན་སུམ་གྱིས་མ་དམིགས་པ་ལས། སེམས་ཅན་ཞེས་བྱ་བ་གང་ཟག་པ་འཕོ་བར་ལྟ་བར་བྱུང་སྟེ། དེས་འདི་ལྟར་སེམས་ཅན་རྟག་པ་དེའི་དབང་གིས་རྡུལ་ཕྲ་རབ་རྟག་པར་ཡོད་པ་རྣམས་བསྡུས་ནས། རྡུལ་བསྡུས་པ་ལས་གྲུབ་པའི་ཕུང་པོ་སྤྲུལ་ཅིང་བྱས་པ་ཡིན་ལ། དེ་ནས་གང་ཟག་གཞན་དུ་འཕོས་པའི་ཚེ། རྡུལ་ཕྲ་རབ་འདུས་པ་ནི་མི་རྟག་སྟེ་ཞིག་ནས། རྡུལ་ཕྲ་རབ་ཉིད་ནི་རྟག་སྟེ་ནམ་དུ་ཡང་མི་འཇིག་གོ་ཞེའོ། །ཡང་ལྷའི་མིག་དེས་སྔོན་གྱི་མཐའ་ལ་བརྟགས་ན། དང་པོ་སེམས་ཅན་གཞན་མེད་པ་ན། ཚངས་པ་ཆེན་པོ་བྱུང་བ་མཐོང་སྟེ། ཚངས་པ་ཆེན་པོ་མ་བྱུང་བའི་སྔོན་རོལ་ནི་མ་མཐོང་ངོ་། །དེ་ནས་ཚངས་པ་ཆེན་པོའི་འདོད་པ་བཞིན་དུ། འཇིག་རྟེན་ཆགས་ནས་ཚངས་པ་ཆེན་པོས་བསམས་པའང་འཇིག་རྟེན་ཐམས་ཅད་ངས་སྤྲུལ་ཏོ་སྙམ་མོ། །དེ་ལྟར་གྱུར་པ་དེ་དག་ལྷའི་མིག་གིས་མཐོང་ངོ། །དེ་ནས་ཕྱི་མའི་མཐར་བརྟགས་ན། སེམས་ཅན་གཞན་ནི་འཆི་བར་མཐོང་ལ་འཇིག་རྟེན་འདི་ཡང་འཇིག་པར་མཐོང་སྟེ། དེ་ཙམ་ནའང་ཚངས་པ་ཆེན་པོ་ནི་འཆི་བར་འདུག་པ་མཐོང་ངོ་། །དེ་མན་ཆད་ཀྱི་དུས་ནི་མ་མཐོང་ངོ་། །འདི་ལྟ་བུ་རྣལ་འབྱོར་གྱི་མངོན་སུམ་གྱིས་དམིགས་ཤིང་། རྣལ་འབྱོར་གྱི་མངོན་སུམ་གྱིས་མི་དམིགས་པས་གྲུབ་པ་ཡིན་ཏེ། འདི་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོར་སྣང་བ་མངོན་སུམ་དང་མི་དམིགས་པས་གྲུབ་པ་ལ། ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་དང་ཡིན་པར་ལྟ་བ་ཡིན་ནོ། །དེ་ལ་སངས་རྒྱས་པ་ལས་ཉན་ཐོས་བྱེ་བྲག་དུ་སྨྲ་བའི་ལྟ་བའི་ཆར་གཏོགས་པ་གནས་མ་བུའི་སྡེ་ལ་སོགས་པ་ན་རེ། ཚངས་པ་ཆེན་པོ་དང་དབང་སྒྱུར་གྱི་ལྷ་ནི་ཡོད་ཀྱང་རྟག་པ་ཡང་མ་ཡིན་རྒྱུའང་མ་ཡིན་ནོ། །བདག་དང་རང་བཞིན་ནི་གཏན་མེད་དོ། །རྫུས་ཏེ་སྐྱེས་པའི་སེམས་ཅན་གང་ཟག་པ་ནི་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚུལ་དུ་ཡོད་དེ་ཆུ་དང་ཀླུ་འདྲའོ། །གང་ཟག་པ་དེ་འཕོ་བ་ནི་ཡོད་དེ་ཆུ་སྐམས་ན་ཀླུ་འབྲོས་པ་བཞིན་ནོ། །འོན་ཀྱང་དེ་ལ་སྐད་ཅིག་མའི་མི་རྟག་པ་ནི་ཡོད་དོ། །རྡུལ་ཕྲ་རབ་ལའང་འཇིག་པའི་མི་རྟག་པ་ནི་མེད། སྐད་ཅིག་མའི་མི་རྟག་པ་ནི་ཡོད་དོ་ཞེས་འདོད་དོ། །འདིའི་གྲུབ་མཐའ་ལྟར་ན་མུ་སྟེགས་ཅན་གྱིས་ཚངས་པ་ཆེན་པོ་ལ་སོགས་པ་དེ་དག་རྟག་པ་དང་རྒྱུ་ཡིན་པར་ལྟ་བ་ནི། ཀུན་དུ་བརྟགས་པ་ཡིན་ཏེ་མེད་དོ་ཞེས་མེད་པར་དགག་པས་སྒྲུབ་པར་བྱེད་དོ། །གང་ཟག་པ་ནི་ཡོད་པ་དང་དེ་འཕོ་ཞིང་མི་འཇིག་པ་དང་རྡུལ་ཕྲ་རབ་མི་འཇིག་པ་ནི་མ་ཡིན་པར་དགག་པས་བསྒྲུབས་ཏེ། དོན་དམ་པའི་མཚན་ཉིད་པ་རྫས་སུ་ཡོད་པ་དང་ཡིན་པར་སྒྲུབ་པར་བྱེད་དོ། །མང་པོར་བརྗོད་མི་དགོས་ཏེ། བྱེ་བྲག་དུ་སྨྲ་བ་ཉིད་ལའང་དེ་ལ་སོགས་པ་སྡེ་བའི་དབང་དང་། ཁ་ཆེ་བ་དང་དབུས་པ་ལ་སོགས་པ་ཡུལ་གྱི་དབང་གིས་ལྟ་བ་མི་མཐུན་པ་མང་དུ་ཡོད་ལ། མདོ་སྡེ་པའི་བར་དུ་ཡང་དེ་བཞིན་ཏེ། རེ་ཤིག་མཐར་བསྡུ་ན། ཉན་ཐོས་ཀྱི་ཚུལ་ལས། ཕྱི་ནང་གི་དངོས་པོ་འདི་དག་ལ་མུ་སྟེགས་ཅན་གྱིས་མཚན་ཉིད་པར་བཞག་པ་དེ་དག་ནི། ཀུན་དུ་བརྟགས་པ་སྟེ་གཏན་མེད་ལ། དེ་ལྟ་བུ་མ་ཡིན་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད། ཕྱི་ནང་གི་དངོས་པོ་གཉིས་སུ་གྲུབ་པ། རྒྱུ་དང་རྐྱེན་ལས་སྐྱེ་བ་མངོན་སུམ་དང་མི་དམིགས་པས་གྲུབ་པ་དངོས་པོ་རང་གི་མཚན་ཉིད་པ། དོན་དམ་པར་རྫས་སུ་གྲུབ་པར་ཡོད་པ་དང་ཡིན་པས་གྲུབ་པ་ཡིན་ནོ། །མུ་སྟེགས་ཅན་ཀྱི་རྣལ་འབྱོར་གྱི་མངོན་སུམ་དང་མི་དམིགས་པས་གྲུབ་པ་དེ་ནི། དེ་ལྟར་མཐོང་བ་ལ་ནི་ཕྱིན་ཅི་ལོག་མེད་མོད་ཀྱི། དེ་ལ་མ་དམིགས་པ་གཞན་ཞིག་ཡོད་དེ། འདི་ལྟར་འཆི་བའི་སྲིད་པ་འགག་པ་ན། དེ་ཉིད་ལ་བརྟེན་ནས་བར་མ་དོའི་སྲིད་པ་མངོན་པར་འགྲུབ་ལ། དེ་ཉིད་འགག་པ་ལ་རྟེན་ནས་སྐྱེ་བའི་སྲིད་པ་མངོན་པར་འགྲུབ་པ་ཡིན་ཏེ། ཕུང་པོ་ལྔའི་རྒྱུན་བར་ཆད་མེད་པ་ཡིན་པ་ལ། སྲིད་པ་གསུམ་པོ་གཅིག་འགག་པ་ལ་རྟེན་ནས་གཅིག་སྐྱེ་བ་འཐོབ་པའི་མཚན་ཉིད་མ་རྟོགས་པ་ལས་ཀུན་བརྟགས་འཛིན་པའི་ལྟ་བ་བྱུང་བར་ཟད་དེ། རྣལ་འབྱོར་གྱི་མངོན་སུམ་ལ་ནི་འཁྲུལ་པ་མེད་དོ། །བདག་དང་འཇིག་རྟེན་གྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྟོག་པ་ལའང་དེ་བཞིན་ནོ། །དེ་ལ་རྣལ་འབྱོར་སྤྱོད་པའི་ཚུལ་ལས། ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ལ། ཉན་ཐོས་རྣམས་ཀྱིས་ཕྱིའི་ཡུལ་དོན་རང་གི་མཚན་ཉིད་པ་ཤེས་པ་ལས་གུད་ན་གཟུང་བར་བྱ་བའི་ངོ་བོར་རྫས་སུ་ཡོད་ལ། ཤེས་པའང་དེ་ལ་འཛིན་པར་བྱེད་པའི་ངོ་བོ་རྫས་སུ་ཡོད་དོ་ཞེས་འདོད་པ་ནི། ཀུན་དུ་བརྟགས་པ་སྟེ་གཏན་མེད་ཞེས་མེད་པར་འགགས་པར་བྱེད་ལ། དེ་མ་ཡིན་པའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཉིས་མེད་ཀྱང་གཉིས་ལྟ་བུར་སྣང་བའི་མཚན་ཉིད་ཅན། རྒྱུ་དང་རྐྱེན་ལས་སྐྱེ་བ་འདི་མངོན་སུམ་དང་མི་དམིགས་པ་སྤྱི་དང་ཡང་མི་འགལ་ལ། སེམས་དང་སེམས་ལས་བྱུང་བ་ཉིད་རང་རིག་པའི་མངོན་སུམ་མ་ཡིན་ནམ། མངོན་སུམ་ཉིད་ཡང་དག་པའི་ཤེས་པ་མ་ཡིན་ནམ། དེ་ལྟ་ན་ཡང་དག་པའི་ཤེས་པ་ལ་རིགས་པ་གཞན་གྱིས་བསྒྲུབ་ཅི་ཞིག་དགོས། དེ་སུན་འབྱིན་པར་བྱེད་པའི་ཡང་དག་པའི་ཤེས་པ་གཉིས་པ་མཐུ་སྟོབས་ཀྱིས་ཆེ་བ་གཞན་གང་ཞིག་ཡོད་ཞེས་ཏེ། དོན་དམ་པ་ཉིད་དུ་རྫས་སུ་ཡོད་པ་དང་ཡིན་པར་སྒྲུབ་བོ། །དེ་ཡང་ནང་གི་བྱེ་བྲག་གིས་རྣམ་པ་བདེན་པར་སྨྲ་བ་ནི། ཇི་ལྟར་སྣང་བ་དེ་ལྟར་དོན་དམ་པར་རྫས་སུ་ཡོད་དོ་ཞེས་ཟེར། རྣམ་པ་བརྫུན་པར་སྨྲ་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དང་བཅས་པར་སྐྱེ་བ་ཡོད་པ་ནི་བདེན་ན། དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཡང་དག་པར་ནི་གཉིས་ཀྱིས་སྟོང་པ་རང་རིག་པའི་མཚན་ཉིད་འདི་དོན་དམ་པར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །རྣམ་པ་མེད་པར་སྨྲ་བ་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད། གཟུང་འཛིན་གྱི་རྣམ་པ་དང་བཅས་པར་སྐད་ཅིག་ཀྱང་སྐྱེ་མ་མྱོང་སྟེ། གཟུང་འཛིན་དུ་སྣང་བ་ནི་སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ཏེ། དེ་ཉིད་ཁོ་ན་ལ་ཀུན་དུ་བརྟགས་པ་ཞེས་ཀྱང་བྱ་སྟེ། དེ་བས་ན་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་ཀྱང་གློ་བུར་བའི་བག་ཆགས་ཡིན་ཏེ། ཀུན་དུ་བརྟགས་པའི་མཚན་ཉིད་ཡིན་ནོ། །སེམས་ཀྱི་རང་བཞིན་ནི་སེམས་ཅན་གྱི་དུས་ནའང་གསལ་བ་རང་རིག་པ་རང་བཞིན་གྱིས་གྲུབ་པ་ཡིན་ལ། འཕགས་པའི་དུས་ནའང་དེ་ལས་བོགས་དབྱུང་དུ་མེད་དེ་ཡེ་ཤེས་རྣམ་པ་དང་བྲལ་བའི་རང་བཞིན་དུ་གནས་སོ། །ཅུང་ཟད་བྱེ་བྲག་དུ་ན་སེམས་ཅན་གྱི་དུས་ན་གློ་བུར་བའི་བག་ཆགས་ཀྱིས་བསྒྲིབས་ནས་མི་གསལ་བར་ཉམས་སུ་མྱོང་ངོ་། །འཕགས་པའི་དུས་ན་གསལ་བར་ཉམས་སུ་མྱོང་ངོ་ཞེས་ཟེར་རོ། །མཐའ་བསྡུས་ན་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་པོས་སྟོང་བའི་དེ་བཞིན་ཉིད་དང་བཅས་པ། དོན་དམ་པར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །དེ་ལ་དབུ་མའི་ཚུལ་ལས། ཇི་ལྟར་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་དོན་དམ་པའི་མཚན་ཉིད་དུ་ཡོད་པ་དང་ཡིན་པར་ལྟ་བ་དེ་དག་ནི། ཀུན་དུ་བརྟགས་པ་སྟེ་གཏན་མེད་དོ་ཞེས་མེད་པར་འགེགས་པར་བྱེད། མ་ཡིན་པར་དགག་པར་བསྒྲུབ་པར་བྱ་བའི་དོན་དམ་པ་ནི་དབུ་མ་པ་མི་སྒྲུབ་བོ། །ཀུན་རྫོབ་སྒྱུ་མ་ཙམ་དུ་ཡང་དག་པའི་ཀུན་རྫོབ་རྒྱུ་དང་རྐྱེན་ལས་སྐྱེ་བ་དོན་བྱེད་ནུས་པ། མ་བརྟགས་ན་ཉམས་དགའ་བ་བརྟགས་ན་རིགས་པའི་སྤུངས་མི་བཟོད་དེ། རང་གི་ངོ་བོས་དབེན་པ་འདི་ནི་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་དང་ཡིན་པར་གྲུབ་སྟེ། མངོན་སུམ་དང་མི་དམིགས་པ་དང་ཡང་མི་འགལ་ལོ་ཞེས་ཟེར་རོ། །གསང་སྔགས་ཀྱི་ཚུལ་ལས། དོན་དམ་པར་དངོས་པོར་མ་གྲུབ་པ་ཀུན་རྫོབ་འཁྲུལ་པའི་ཤེས་པའི་སྣང་བ་ཙམ་ལ། ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་དང་ཡིན་པའི་མཚན་ཉིད་དུ་འཛིན་པ་ནི། ཀུན་དུ་བརྟགས་པ་ཡིན་ཏེ་གཏན་མེད་དོ། །གང་གི་ཕྱིར་འཁྲུལ་པའི་ཤེས་པའི་སྣང་བ་ཡིན་པ་དེའི་ཕྱིར། སྣང་བ་ལྟར་མཚན་ཉིད་དུ་གཟུང་དུ་མི་རུང་སྟེ། དཔེར་ན་རྨི་ལམ་ན་རྒྱུ་དང་རྐྱེན་ལས་སྐྱེ་བར་སྣང་བ། འདི་ལྟར་ཞིང་རྨོས་པ་ལས་ལོ་ཐོག་དང་། དུག་འཐུངས་པ་ལས་ནད་དང་། སྨན་ཟོས་པ་ལས་སོས་པ་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར་སྣང་ངོ་། །བྱ་བ་བྱེད་པར་སྣང་བའང་དེ་ཉིད་ཀྱང་ཡིན་ནོ། །གཞན་ཡང་རྨི་ལམ་གྱི་བུམ་པའི་གཟུགས་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་ནུས་པར་སྣང་ལ། བུམ་པའི་གཟུགས་བརྙན་ཀྱིས་ནི་ཆུ་འཛིན་པའི་བྱ་བ་བྱེད་མི་ནུས་པར་སྣང་ངོ་། །དེ་ལྟ་ན་རྨི་ལམ་གྱི་གནས་སྐབས་ཙམ་ལའང་དེ་ལྟར་སྣང་བ་ནི་བསྒྲུབ་ཀྱང་མི་དགོས་ལ། མཚན་ཉིད་བྱེ་བྲག་དུ་གྱུར་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་རྒྱུ་དང་རྐྱེན་ཀྱིས་སྐྱེ་བར་སྣང་བ་དང་། དོན་བྱེད་ནུས་པ་དང་མི་ནུས་པར་སྣང་བའི་བྱེ་བྲག་འདི་དག་ཀྱང་། སྣང་བ་ཙམ་ནི་མཁས་པ་པཎ་ཊི་ཏ་ནས་བླུན་མོ་བ་གླང་རྫི་ཡན་ཆད་གང་ཡང་རུང་སྟེ། ལས་ཀྱི་བསྒོ་སྐལ་ལ་སྤྱོད་པ་མཐུན་པར་སྣང་བ་དང་། ཡོངས་སུ་དག་པ་དང་མ་དག་པ་ལ་སོགས་པ་སྣང་བ་བྱེ་བྲག་མཐུན་པ་རྣམས་ལ་སྣང་ངོ་ཞེས་བསྒྲུབ་མི་དགོས་ཏེ། མཚན་ཉིད་སྣ་ཚོགས་རྣམ་པར་འཇོག་པའི་མཚན་གཞི་ཡིན་ནོ། །མཚན་ཉིད་ནི་ཇི་ལྟར་སྣང་བ་དེ་ལྟར་བསྒྲུབ་པ་རྡུལ་འཕྲ་མོ་ཙམ་ཡང་མེད་དོ། །དེ་བས་ན་དངོས་པོ་རང་གི་མཚན་ཉིད་པར་བཞག་པ་ཐམས་ཅད་ཀུན་དུ་བརྟགས་པའི་མཚན་ཉིད་པར་མ་གྱུར་པ་མཐར་འགའ་ཡང་མེད་དོ། །དེ་བས་ན་ཤེས་བྱ་རྣམས་ལ་ཀུན་དུ་བརྟགས་པས་སྟོང་པའི་རང་གི་མཚན་ཉིད་པ། ཡོད་པ་དང་ཡིན་པར་བསྒྲུབ་དུ་རུང་བར་མེད་པར་དགག་པས་བསྟན་པའི་གཞིར་གྱུར་པ་འགའ་འང་ལྷག་མ་མི་ལུས་སོ། །སྣང་བ་ཙམ་ནི་ལས་གྱི་བསྒོ་སྐལ་ལ་སྤྱོད་པ་མི་མཐུན་པ་རྣམས་ལ་མཚན་ཉིད་པར་བཞག་པ་རྣམས་ཀྱང་མི་སྣང་ངོ་། །ཀུན་དུ་བརྟགས་པར་བཞག་པ་རྣམས་ཀྱང་རྟོག་པ་ཅུང་ཟད་རྟས་པ་རྣམས་ལའང་སྣང་ངོ་། །ཡང་དག་པའི་ཀུན་རྫོབ་རྒྱུ་དང་རྐྱེན་ལས་སྐྱེ་བ་དོན་བྱེད་ནུས་པའི་མཚན་ཉིད་ཡོད་པར་བཤད་པ་འདི་དག །ཀུན་དུ་བརྟགས་པའི་མཚན་ཉིད་ཡིན་པར་གསང་སྔགས་ཀྱི་ཚུལ་ལས་སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་པ་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། དེ་ལ་དབུ་མའི་ཚུལ་ལས་ཕྱི་ནང་གི་དངོས་པོ་འདི་དག་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕྱིར་དོན་དམ་པར་སྐྱེ་བ་ནི་མེད། ཀུནད་རྫོབ་དུ་རྒྱུ་དང་རྐྱེན་ཀྱི་དབང་ལས་སྐྱེ་ཞིང་འགག་སྟེ། མི་རྟག་པ་རྣམ་པར་འགྱུར་པའི་ཆོས་ཅན་ནོ་ཞེས་འདོད་པ་དེ་ཉིད་ལས་བརྩམས་ཏེ་གསུངས་པ། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །ཞེས་བྱ་བ་ལ་སོགས་པའོ། །འོ་ན་རྒྱུ་འབྲས་སུ་སྣང་བ་འདིའི་མཚན་ཉིད་ཅི་ཞེ་ན། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་སྟེ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས། ཆོས་ཐམས་ཅད་ནི་ཀུན་ཏུ་བརྟགས་པ་ཙམ་མོ། །བརྟགས་པ་ཙམ་གང་ཡིན་པ་དེ་ཉིད་ཀྱང་ཀུན་དུ་རྟོག་པ་ཙམ་མོ། །ཀུན་དུ་རྟོག་པ་རྣམས་ཀྱི་རང་གི་ངོ་བོ་གང་ཡིན་པ་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་དེ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཏན་མེད་དོ། །ཀུན་དུ་བརྟགས་པ་དེ་ཉིད་ཤེས་བྱའི་ཆོས་ཀྱི་མཚན་ཉིད་ཀྱང་ཡིན་ནོ། །ལམ་ཡང་ཡིན་ནོ། །འབྲས་བུའང་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལ་གནས་པའི་རྣལ་འབྱོར་པས། ཀུན་ཏུ་བརྟགས་པ་ཙམ་གྱི་བློ་ལ་བརྟེན་ནས་ཤེས་བྱ་ལ་བལྟ་བར་བྱའོ། འབྲས་བུ་མངོན་དུ་བྱའོ། །འོ་ན་ཆོས་ཀྱི་མཚན་ཉིད་འདི་ལྟ་བུར་བདེན་ན། རྒྱལ་བ་རྣམས་ཀྱིས་ཀྱང་ཐོག་མ་ཉིད་དུ་དེ་ལྟར་ཅི་སྟེ་མི་བསྟན་ཅེ་ན། ཤེས་རབ་དང་མོས་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། གང་ཟག་ཉོན་མོངས་པས་ཁེངས་ཤིང་ཉོན་མོངས་པར་བྱས་པ་རྣམས་ལ་བསྟན་པར་གྱུར་ན། ཆད་པར་སྨྲ་བ་ཉིད་དང་བྱེ་བྲག་མེད་དེ། འགྲོ་བའི་རྒྱུད་ཆུད་གསོན་པར་འགྱུར་ཏེ། རྣམ་པར་དཀར་བའི་རྩོལ་བ་ཐམས་ཅད་ཟློག་པར་བྱེད་དོ། །དེ་བས་ན་ཀུན་ལ་བསྟན་པར་བྱ་བ་མ་ཡིན་པ་དང་། རྟོགས་པར་དཀའ་བའི་ཕྱིར་གསང་སྔགས་ཀྱི་ཚུལ་ཞེས་བྱའོ། །དེ་བས་ན་དངོས་པོར་ཞེན་པ་རྣམས་ཀྱི་བློ་ཁད་དང་རིམས་ཀྱིས་གཞུག་དགོས་ཏེ། དཔེར་ན་མི་ཆུས་ཁྱེར་བ་ཞིག་གིས་རྟེན་ས་བཙལ་བ་ལས། ཤིང་ཆུར་འགྱེལ་བ་ཞིག་གི་རྩེ་མོ་ལ་ཟིན་ཏེ། དེས་བསམ་པ་རྩེ་མོ་འདི་ནི་རབ་དུ་མི་བརྟན་པས་རྟེན་མི་ནུས་ཏེ། མྱུར་དུ་འདི་བོར་ལ་རྩ་བའི་ཆ་ལ་འཇུས་ཏེ་སྐམ་ས་ལ་འབྱུང་ངོ་སྙམ་ནས་རིམས་ཀྱིས་རྩ་བའི་དྲུང་དུ་ཉེ་བར་ཕྱིན་པ་དང་། རྩ་བ་དྲུངས་བྱུང་དུ་ཆུས་ཁྱེར་རོ། །དེ་ནས་བལྟས་ན་རྩ་བའི་ཆ་ཉིད་ཆུར་བྱིང་བར་གྱུར། རྩེ་མོའི་ཆུ་ཁར་བྱུང་བ་མཐོང་ནས། རྩེ་མོའི་ཕྱོགས་སུ་སླར་བྲོས་སོ། །དེས་བསམས་པ་སྔོན་ཆད་བརྟན་པར་བསམས་པའི་རྩ་བའི་ཆ་ནི་འབྱིང་པའི་གཏིང་རྡོ་ཉིད་དུ་འདུག །མི་བརྟན་པར་བསམས་པའི་རྩེ་མོའི་ཆ་ནི་རྟེན་དང་སྐྱབས་སུ་རུང་བར་འདུག་པས། ད་ཅི་རན་ཅིག་དུ་བཅད་ལ། རྩེ་མོའི་ཆ་ཉིད་ལ་རྟེན་ཏེ། ཡན་ལག་རྣམས་ཀྱང་བཅད་ལ། ལ་ལ་ནི་གནས་སུ་བྱ། ལ་ལ་ནི་རླུང་ཕྱོགས་དང་མཐུན་པའི་ཚེ་རླུང་ཡབ་བྱ། ལ་ལ་ནི་རླུང་ཕྱོགས་དང་མི་མཐུན་པའི་ཚེ་གཏིང་རྡོ་བྱ། ལ་ལ་ནི་སྐྱ་བར་བྱས་ཏེ་འགྲོ་བར་བསམས་ནས། དེ་བཞིན་དུ་བྱས་པས་ཆུ་ལས་ཐར་པ་དེ་བཞིན་དུ། ཐར་པའི་ལམ་འདོད་པ་རྣམས་ཀྱིས། དང་པོར་འཇིག་རྟེན་པའི་ལམ་ནས་འཇུས་ཏེ་བལྟས་ན། ཀུན་དུ་བརྟགས་པའ་ཙམ་ལ་སྤྱོད་པར་མཐོང་ནས། ཀུན་དུ་བརྟགས་པ་དང་བྲལ་བ་རང་གི་ངོ་བོ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་གྱི་ལམ་དང་འབྲས་བུར་བཅས་པ་ཅིག་འདོད་ནས། རིམ་པ་བཞིན་དུ་བརྟགས་ཤིང་བཙལ་ན། ཡང་དག་པར་བརྟགས་པ་ཐམས་ཅད་དྲུངས་བྱུང་དུ་མ་གྲུབ་པར་མཐོང་ངོ་། །དེ་ནས་ཇི་ལྟར་བགྲོད་བལྟས་ན། ཡང་དག་པ་བ་ཞེས་བྱ་བར་བཟུང་ན། དོན་དམ་པར་བཟུང་བ་ལྟ་ཨ་ཅང་ཡང་ཆེས། ཀུན་རྫོབ་ཏུ་ཡང་དག་པའི་མཚན་ཉིད་དུ་བཟུང་ཡང་། དེ་ཉིད་འཆིང་བའི་གཏིང་རྡོར་མཐོང་སྟེ། ཡང་དག་པར་ལྟ་བ་ཐམས་ཅད་ཤེས་རབ་ཀྱི་མཚོན་ཀྱིས་བཅད་ནས། ཀུན་ཏུ་བརྟགས་པ་ཙམ་ལ་བློ་གནས་ཏེ། ཐབས་མཁས་པའི་སྤྱོད་པས། ཅི་ལ་ཡང་མི་ཆགས་མི་གནས་ཤིང་བཅིངས་པ་མེད་བཞིན་དུ། ཐབས་མཁས་པའི་སྤྱོད་པ་ཇི་ལྟར་འདོད་པ་བཞིན་རོལ་ཅིང་བརྩེན་པས་དེ་བཞིན་དུ་འགྲུབ་པར་འགྱུར་བ་ནི། བྱ་ནམ་མཁའ་ལ་འཕྱོ་བ་བཞིན་ནོ། །འོ་ན་རྣལ་འབྱོར་སྤྱོད་པ་དག་གིས་ཀུན་རྟོག་པ་ནི། ཀུན་བརྟགས་པར་བཤད་པ་མ་ཡིན་པ་འདི་ཇི་ལྟ་བུ་ཞེ་ན། དེ་ནི་འདི་ལྟར་རང་གི་གྲུབ་པའི་མཐའ་ཀུན་ཏུ་བརྟགས་པར་འཛིན་པར་ནི་སུའང་མི་བྱེད་དོ། །རེ་ཤིག་དེ་ཉིད་ཀྱི་དབང་ལྟར་ན། བྱེད་པ་དང་ལས་རང་དབང་དུ་བརྗོད་པ་དང་། གཞན་དབང་དུ་བརྗོད་པ་གཉིས་ཡོད་དེ། དེ་དག་གང་སྒྲུབ་པར་བྱེད་པ་དེའི་ཚེ་གཅིག་ཤོས་འགེགས་པར་བྱེད་དོ། །འདི་ལྟར་བྱེད་པ་སྟ་རེ་ལས་ཤིང་བྱ་བ་དུམ་བུ་གཉིས་སུ་གྱུར་པ་ཡིན་པའི་ཚེ། གཞན་དབང་དུ་བརྗོད་པ་ཡིན་ཏེ། སྟ་རེ་རང་ལ་རང་གཅོད་ཅེས་ནི་སྒྲུབ་པར་མི་བྱེད་དོ། །མར་མེ་སྣང་བར་བྱེད་པ་ལྟ་བུ་ལ་སྒྲུབ་པར་བྱེད་པའི་ཚེ། གཞན་དབང་དུ་སྒྲུབ་པར་བྱེད་ན། གསལ་བར་བྱེད་པ་ནི་མར་མེ། གསལ་བར་བྱ་བ་ནི་མུན་པ་དང་ལྡན་པའི་ས་ཕྱོགས། གསལ་བར་བྱས་པ་ནི་ས་ཕྱོགས་མུན་པ་དང་བྲལ་བར་བྱས་པའོ། །རང་དབང་དུ་སྒྲུབ་པར་བྱེད་པ་ན། གསལ་བར་བྱེད་པའང་མར་མེ། གསལ་བར་བྱ་བའང་མར་མེ། གསལ་བར་བྱས་པའང་མར་མེ་ཉིད་རྒྱུན་མུན་པ་དང་བྲལ་བར་སྐྱེས་པའོ་ཞེས་སྒྲུབ་པར་བྱེད་དོ། །རང་དབང་གཞན་དབང་གང་སྒྲུབ་ཀྱང་རུང་སྟེ། གཅིག་ཤོས་དགག་པ་མ་ཡིན་པ་བྱེད་པ་ཡོད་ལ་བྱས་པ་མེད་དོ་ཞེས་ནི་དགག་དུ་མི་རུང་སྟེ། འདི་ལྟར་ཤིང་གཅོད་པར་བྱེད་པ་ནི་ཡོད་ལ་ཤིང་བཅད་པ་ནི་མེད་དོ་ཞེའམ། མུན་པ་གསལ་བར་བྱེད་པ་ནི་ཡོད་ལ་བྱས་པ་ནི་མེད་དོ་ཞེས་ནི་བསྒྲུབ་དུ་མི་རུང་ངོ་། །དེ་བཞིན་དུ་ཀུན་དུ་རྟོག་པ་ནི་ཡོད་ལ་ཀུན་བརྟགས་པ་ནི་མེད་དོ་ཞེས་བསྒྲུབ་དུ་ནི་མི་རུང་སྟེ། འོན་ཀྱང་གཞུང་དེར་བྱེད་པ་དང་ལས་གཞན་གྱི་དབང་དུ་བརྗོད་པའི་ཚུལ་བཀག་པར་ཟད་དེ། འདི་ལྟར་ཀུན་བརྟག་པར་བྱ་བའང་གཞན་དབང་། ཀུན་རྟོག་པར་བྱེད་པའང་གཞན་དབང་གི་ཕྱོགས་གཅིག་སྟེ། རྣམ་པར་རྟོག་པ་དང་བཅས་པའི་བློའི་བྱེ་བྲག་ཐ་སྙད་འདོགས་པར་ནུས་པའི་ལས་ཅན། ཀུན་བརྟགས་པ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཞེས་བཞག་པ་ན། གཞན་དུ་ཀུན་བརྟགས་པ་དེ་ལྟ་བུ་མེད་དོ་ཞེས་དགག་དུ་རུང་ངོ་། །རང་དབང་གི་ཚུལ་ལྟར་ན། མར་མེ་གསལ་བར་བྱེད་པའང་ཡིན་ལ་བྱ་བའང་ཡིན་ཏེ། བྱས་པ་ནི་མེད་དོ་ཞེས་བསྒྲུབ་དུ་མི་རུང་བ་བཞིན་དུ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡིན་པ་ན། ཀུན་དུ་བརྟག་པར་བྱ་བའང་སེམས་དང་སེམས་ལས་བྱུང་བ་ལས་གཞན་ན་མེད་དོ། །ཀུན་དུ་བརྟགས་པའང་སེམས་དང་སེམས་ལས་བྱུང་བ་དེ་ཉིད་རྒྱུ་དང་འབྲས་བུའི་ཚུལ་དུ་གྲུབ་ཅིང་། གཉིས་མེད་བཞིན་དུ་གཉིས་སུ་སྣང་བར་གྱུར་པ་ཉིད་ཡིན་ནོ། །དེ་བས་ན་སྐབས་གཞན་དག་དུའང་ཀུན་ཏུ་བརྟགས་པ་ཞེས་བརྗོད་པ་ན། རྣམ་པར་རྟོག་པ་བྱེ་བྲག་ཅན་ཀྱིས་ནན་གྱིས་བརྟགས་པ་ཙམ་ལ་འཇུག་པ་མཐོང་བས། ཐམས་ཅད་དུའང་དེ་ལྟར་སྦྱོར་བར་བྱེད་པ་ཡིན་ནོ། །རྟོག་པ་དང་བརྟགས་པའི་མཚན་ཉིད་ཐམས་ཅད་སྤྱིར་བསྡུ་ན། རྟོག་པའང་གསུམ་སྟེ། རྟོག་པ་དང་། ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པའོ། །འདི་གསུམ་ནི་དཔེར་ན། ཉོན་མོངས་དང་། ཉེ་བའི་ཉོན་མོངས་དང་། ཀུན་ནས་ཉོན་མོངས་པ་ཅེས་བརྗོད་པ་ན། སྒྲ་འདོམས་པའི་ཚེ་ནི་ཡུལ་ཁྱབ་ཆེ་ཆུང་ཡོད་ལ། མ་འདོམ་པའི་སྐབས་ལ་ལར་ནི་ཐུན་མོང་དུ་གྱུར་པའང་ཡོད་པ་བཞིན་དུ། རྟོག་པ་འདི་གསུམ་ཡང་དེ་འདྲ་སྟེ། དེ་ལ་རྟོག་པ་ཞེས་བྱ་བའི་སྒྲ་ནི། ཡུལ་རྒྱ་ཆེ་སྟེ་ལམ་དང་འབྲས་བུ་དང་བསྟན་པའི་གསུང་རབ་རྣམས་ལའང་འཇུག་གོ །ཀུན་དུ་རྟོག་པ་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལའང་འཇུག་གོ །རྣམ་པར་རྟོག་པ་ནི་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཐ་སྙད་འདོགས་པའི་ལས་ཅན་ཕྱོགས་འགའ་ལ་འཇུག་གོ །སྐབས་ལ་ལར་ནི་ཀུན་དུ་རྟོག་པ་ཉིད་ལ་རྣམ་པར་རྟོག་པའི་སྒྲས་ཀྱང་སྟོན་ཏོ། །དེ་ལ་སངས་རྒྱས་འཕྲུལ་པ་དང་བཅས་པ་དང་ལམ་དང་བསྟན་པའི་ཆོས་ལ་སྒྲ་འཇུག་པའི་ཚེ་ནི། ཐབས་ཀྱི་རྟོག་པ་ཞེས་ཀྱང་བྱའོ། །དེ་ལ་རྟོག་པ་དེ་རྣམས་ཀྱིས་བརྟགས་པ་གང་དང་གང་ཡིན་ཞེ་ན། དེ་ལ་ཐབས་ཀྱི་རྟོག་པས་བརྟགས་པ་ནི་དེ་ཉིད་ཡིན་ཏེ། རྟོག་པ་དེ་དག་ཉིད་ལ་ཐབས་སུ་བརྟགས་པ་ཞེས་ཀྱང་བྱའོ། །དེ་ཡང་འདི་སྐད་དུ། རྣམ་པར་མི་རྟོག་ཆོས་དག་ལས། །སེམས་ཅན་དོན་དུ་ཡོངས་སུ་རྟོག །རྟོག་པས་བརྟགས་པ་གང་ཡིན་དེ། །དེ་ཕྱིར་རྟོག་པ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་དང་རྟོག་པ་སོ་སོ་ལས་ཇི་སྐད་སྨོས་པ་དེ་དག་ལ། རྟོག་པའང་ཡིན་ལ་བརྟགས་པའང་ཡིན་པར་རྒྱ་ཆེར་འབྱུང་ངོ་། །ཀུན་དུ་རྟོག་པས་བརྟགས་པ་ནི་གོང་དུ་བཤད་ཟིན་ཏོ། །རྣམ་པར་རྟོག་པས་བརྟགས་པ་ནི། མུ་སྟེགས་ཀྱི་བདག་དང་ཉན་ཐོས་ཀྱི་གཟུང་འཛིན་ལ་སོགས་པ་གོང་དུ་སོ་སོའི་གྲུབ་མཐའ་བཤད་པའི་སྐབས་སུ་ཞིབ་དུ་བཤད་ཟིན་ཏོ། །དེ་ལ་རྟོག་པ་དེ་རྣམས་ཀྱི་བརྟགས་སྣང་གང་དང་གང་ཡིན་ཅེ་ན། དེ་ལ་ཐབས་ཀྱི་རྟོག་པའི་བརྟགས་སྣང་ནི། དངོས་གྲུབ་ཐོབ་པ་རྣམས་ཀྱིས་རྣམ་པར་སྨིན་པའི་ལུས་འདི་མ་བོར་བར། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་མཚན་དང་དཔེ་བྱད་དུ་ལྡན་པ། མངོན་པར་ཤེས་པ་དྲུག་དང་ལྡན་པ་ཐོབ་སྟེ། ལུས་མ་བོར་བར་སངས་རྒྱས་ཀྱི་ས་ལ་སྦྱོར་ནུས་པ་ལྟ་བུ་དང་། དེ་ལྟར་མ་གྱུར་ཀྱང་རྫས་མེ་ལྟར་འབར་བར་གྱུར་ཏེ། ནམ་མཁའ་ལ་འགྲོ་ཞིང་ཡོངས་སུ་དག་པའི་ཞིང་ཁམས་སུ་རྒྱུ་ཞིང་། ཚེ་སྐལ་པའི་ཚད་ཙམ་དུ་གནས་པར་ནུས་པ་ལ་སོགས་པའོ། །ཀུན་རྟོག་པའི་བརྟགས་སྣང་ནི། ཁམས་གསུམ་པའི་ལུས་དང་གནས་དང་ལོངས་སྤྱོད་དུ་བཅས་པར་སྣང་ཞིང་སྨིན་པ་ཐམས་ཅད་དོ། །རྣམ་པར་རྟོག་པའི་བརྟགས་སྣང་ནི། སྔོན་དགེ་སློང་རྣམས་ཀྱིས་མི་སྡུག་པ་བསྒོམས་པས་མངོན་དུ་གྱུར་ཏེ། གྲོགས་པོ་རྣམས་ལྷན་ཅིག་གནས་པའི་ཀླགས་མེད་དེ་ཞེ་སྡང་གི་ཡུལ་དུ་གྱུར་པ་ལྟ་བུའོ། །དེ་ལ་རྟོག་པ་དེ་རྣམས་ཀྱིས་བརྟགས་ཀྱང་དེ་ལྟར་སྣང་བར་མ་ནུས་པ་གང་ཞེ་ན། དེ་ལ་ཐབས་ཀྱི་རྟོག་པས་བརྟགས་ཀྱང་སྣང་བར་མ་ནུས་པ་ནི། གསང་སྔགས་ཀྱི་ལམ་སྒོམ་པ་ན། ཡི་གེ་དང་ཕྱག་རྒྱ་ལ་སོགས་པ་བསྒོམས་ཀྱང་མངོན་དུ་སྨིན་པར་མ་ནུས་པ་རྣམས་སོ། །འོན་ཀྱང་ས་བོན་ནི་སོགས་སོ། །ཀུན་དུ་རྟོག་པས་བརྟགས་ཀྱང་སྣང་བར་མ་ནུས་པ་ནི། སེམས་དང་སེམས་ལས་བྱུང་བ་གང་གིས་ལས་མངོན་པར་འདུ་བྱ་བ་ཡོད་ཀྱང་རྣམ་པར་སྨིན་པ་འབྱིན་མ་ནུས་པ་རྣམས་སོ། །འོན་ཀྱང་ས་བོན་ནི་སོགས་སོ། །རྣམ་པར་རྟོག་པས་བརྟགས་ཀྱང་སྣང་བར་མ་ནུས་པ་ནི། མུ་སྟེགས་ཅན་ཀྱི་བདག་ལ་སོགས་པའོ། །འོན་ཀྱང་ས་བོན་ནི་སོགས་སོ། །དེ་ལ་རྟོག་པ་དེ་རྣམས་ཀྱིས་མ་བརྟགས་པས་མི་སྣང་བ་གང་ཞེ་ན། དེ་ལ་ཐབས་ཀྱི་རྟོགས་པས་མ་བརྟགས་པས་མི་སྣང་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལམ་མ་བསྒོམས་པས་འཕགས་པའི་ཆོས་མི་སྣང་བའོ། །ཀུན་རྟོག་པས་མ་བརྟགས་པས་མི་སྣང་བ་ནི། ཤེས་པ་རྐྱེན་མ་ཚང་བས་ལས་མངོན་པར་འདུས་མ་བྱས་པ་རྣམས་ཕུང་པོ་མི་སྐྱེ་བ་རྣམས་སོ། །རྣམ་པར་རྟོག་པས་མ་བརྟགས་པ་ནི། གཉིས་ཏེ། རྐྱེན་མ་ཚང་བས་རྟོག་པ་མ་སྐྱེས་ཏེ་མ་བརྟགས་པ་ནི་སྔ་མའི་ཁོངས་སུ་འདུས་སོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྟོང་པ་དང་བདག་མེད་པར་རྟོགས་ཏེ། བདག་དང་དངོས་པོར་མ་བརྟགས་པས་མི་སྣང་བ་ནི། ལམ་བསྒོམས་པས་འདུས་མ་བྱས་ཐོབ་པའོ། །མ་བརྟགས་ཀྱང་སྣང་བ་ནི་འགའ་ཡང་མེད་དེ། རབ་རིབ་ཅན་གྱི་སྐྲ་ཤད་ཀྱང་ཀུན་རྟོག་པའི་བརྟགས་སྣང་ཡིན་ནོ། །རི་བོང་གི་རྭའང་ཀུན་རྟོག་པས་མ་བརྟགས་པས་མི་སྣང་བ་ཡིན་ཏེ། དེའི་རྒྱུད་ལ་རྭ་སྐྱེ་བའི་ལས་མ་བསགས་པར་ཟད་དོ། །དེ་ལ་རྣམ་པར་རྟོག་པས་བརྟགས་པ་དང་རྟོགས་པ་ཞེས་བྱ་བའི་ཐ་སྙད་འཇུག་པ་ནི། འདི་ལྟར་རྣམ་པར་རྟོག་པ་དང་བཅས་པའི་བློ་ཕྱིན་ཅི་ལོག་གིས་མཐོང་བ་ནི་བརྟགས་པ་ཞེས་གདགས་སོ། །ཕྱིན་ཅི་ལོག་པའི་བློས་མཐོང་བ་ནི་རྟོགས་པ་ཞེས་གདགས་སོ། །འདིར་བརྒལ་བ། སྒྲ་འདི་གཉིས་ནི་ཐུན་མོང་ཡིན་ཏེ། འདི་ལྟར་ཕྱིན་ཅི་ལོག་གིས་མཐོང་བ་ལའང་རྟོགས་པའི་སྒྲ་འཇུག་སྟེ། འདི་ལྟར་མ་རྟོགས་པ་དང་ལོག་པར་རྟོགས་ཞེས་བྱ་བ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་མཐོང་བ་ལའང་བརྟགས་པའི་སྒྲ་འཇུག་སྟེ། འདི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ན་ཞེའམ། སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་བ་ལྟ་བུའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། རྟོགས་པ་དང་བརྟགས་པ་གཉིས་ལས་སྟོན་པའི་ཚིག་དུ་འདྲའང་། བྱ་བའི་ལས་དང་བྱེད་པའི་ལས་ལ་འཇུག་པའི་སྐབས་གཉིས་ཡོད་དེ། དེ་ལ་བྱ་བའི་ལས་སྟོན་པའི་ཚེ་མཐོང་བ་ཕྱིན་ཅི་ལོག་ལ་རྟོགས་པའི་སྒྲ་མི་འཇུག་གོ །མཐོང་བ་ཕྱིན་ཅི་མ་ལོག་པ་ལ་བརྟགས་པའི་སྒྲ་མི་འཇུག་གོ །བྱེད་པའི་ལས་སྟོན་པའི་ཚེ་ནི། མཐོང་བ་ཕྱིན་ཅི་ལོག་ལའང་རྟོགས་པའི་སྒྲ་འཇུག་ལ། མཐོང་བ་ཕྱིན་ཅི་མ་ལོག་པ་ལའང་བརྟགས་པའི་སྒྲ་འཇུག་སྟེ། དེ་ཡང་ཀ་ལ་པི་ཏ་ཞེས་བྱ་བའི་སྒྲ་ནི་བརྟགས་པར་སྟོན་པ་སྟེ། ཕྱིན་ཅི་མ་ལོག་པ་ལ་ནི་ཨ་བ་བོ་ངྷ་ཞེའམ། པྲ་ཏི་སང་ཀྱ་ཞེས་བྱ་བ་ལྟ་བུ་བྱེད་པའི་ལས་སྟོན་པའོ། །དེ་བས་ན་འདི་ལྟར་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བློས་ཀུན་དུ་བརྟགས་པ་ཞེས་བྱ་བ་ནི། སྒྲོ་སྐུར་གྱི་གནས་སུ་གྱུར་པ་སྟེ། དེ་ལ་སྒྲོ་འདོགས་ཀྱི་གནས་ནི། གོང་དུ་སྨོས་པའི་རྟག་པར་ལྟ་བའི་གཞི་ལྔ་ལྟ་བུའོ། །སྐུར་བ་འདེབས་པའི་གནས་ནི་གཞི་ལ་འདེབས་ཏེ། འདི་ལྟར་རྒྱུ་མེད། འབྲས་བུ་མེད། བྱེད་པ་མེད། ཡོན་ཏན་ཁྱད་པར་ཅན་མེད་ཅེས་ཟེར་བ་ལྟ་བུའོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་བློ་ཕྱིན་ཅི་མ་ལོག་པས་མཐོང་བ་ལ་རྟོགས་པ་ཞེས་བྱ་བའི་ཐ་སྙད་གདགས་པ་ནི། འདི་ལྟར་སྒྲོ་སྐུར་གྱི་གནས་ལས། སྒྲོ་འདོགས་ཀྱི་གནས་ལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་གོང་དུ་བཤད་ཟིན་ཏོ། །སྐུར་འདེབས་ཀྱི་གནས་ལ། རྒྱུ་ཡོད་དེ་ས་བོན་ནི་མྱུ་གུའི་རྒྱུ་ཡིན་ནོ། །འབྲས་བུ་ཡོད་དེ་མྱུ་གུ་ནི་ས་བོན་གྱི་འབྲས་བུ་ཡིན་ནོ། །བྱེད་པ་པོ་ཡོད་དེ་སྐྱེས་བུ་ནི་ས་བོན་འདེབས་པའི་བྱ་བ་བྱེད་པོ་ཡིན་ནོ། །ཡོན་ཏན་ཁྱད་པར་ཅན་ཡོད་དེ། དཀོན་མཆོག་གསུམ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་ཁྱད་ཞུགས་ཤིང་འཕགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདི་བཞིན་དུ་ཇི་སྲིད་དུ་ཀུན་དུ་བརྟགས་པར་གཞག་པ་དང་མཚན་ཉིད་པར་གཞག་པ་ཐམས་ཅད་ཀྱང་། རྣམ་པར་རྟོག་པའི་བློ་ཕྱིན་ཅི་ལོག་དུ་མཐོང་བས་བརྟགས་པར་བཞག་པ་དང་། རྣམ་པར་རྟོག་པའི་བློ་ཕྱིན་ཅི་མ་ལོག་པར་མཐོང་བས་རྟོགས་པ་མཚན་ཉིད་པར་གཞག་པ་རྣམ་པ་གཉིས་ཡིན་ནོ། །གང་ཞིག་གིས་ཕྱིན་ཅི་མ་ལོག་པའི་བློས་རྟོགས་པར་བཞག་པ་དེ་ཉིད། གཞན་གྱིས་ཕྱིན་ཅི་ལོག་གི་བློས་བརྟགས་པ་ཡིན་པར་སྒྲུབ་སྟེ། དེ་བས་ན་མཐར་དོན་མཚན་ཉིད་པ་མི་རྙེད་པ་དེ་བཞིན་དུ། བློ་ཕྱིན་ཅི་མ་ལོག་པའང་མི་རྙེད་ལ། དེ་མ་རྙེད་པས་དོན་མཚན་ཉིད་པའང་མི་རྙེད་པ་ཡིན་ཏེ། རྣམ་པར་རྟོག་པ་བྱེ་བྲག་ཅན་གྱི་དབང་གིས་རྣམ་པར་གཞག་པ་འདི་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་འཕྲ་རགས་སུ་སྐྱེ་བ་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་འདྲའོ། །དེ་ལྟ་བས་ན་ཤེས་པ་ཤེས་རིག་གི་ངོ་བོར་གྲུབ་པ་ཉིད་ཀྱང་བརྟགས་སྣང་ཡིན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གྲུབ་པ་མེད་དོ། །དཔེར་ན་མི་ཞིག་དགྲས་བསད་དོ་ཞེས་བརྗོད་པ་དང་། མཚོན་གྱིས་བསད་དོ་ཞེས་བྱ་བ་དོན་འདྲ་སྟེ། མཚོན་གྱིས་བསད་པ་དེ་ཉིད་དགྲས་བསད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཐམས་ཅད་རང་གི་ས་བོན་ལས་སྐྱེའོ་ཞེས་བརྗོད་པ་དང་། རྣམ་པར་རྟོག་པའི་བརྟགས་སྣང་ཡིན་ནོ་ཞེས་བརྗོད་པ་དོན་འདྲ་སྟེ། རང་གི་ས་བོན་ལས་སྐྱེ་ཞེས་བརྗོད་པས། བརྟགས་སྣང་མ་ཡིན་པའི་ཤེས་པ་རང་གི་བདག་ཉིད་ཐོབ་པ་མེད་དོ། །དེ་ལྟར་ན་བདེན་པ་རྣམ་པ་གཉིས་དབྱེར་མེད་པར་འགྱུར་རོ། །བདེན་པ་གཉིས་དབྱེར་མེད་པར་རྟོགས་པས་ཆོས་གཉིས་སུ་མེད་པར་འཇུག་པར་ནུས་པར་འགྱུར་རོ། །དེས་རྫོགས་པ་ཆེན་པོའི་ལྟ་བ་ལ་གནས་པ་ཞེས་བྱ་བའི་མིང་ཐོབ་བོ། །དེ་ཡང་ལྟ་བར་འཛིན་པ་ཐམས་ཅད་དང་བྲལ་བ་ཙམ་ལ་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱིས་གང་ཟག་པ་མེད་པར་རྟོགས། རང་སངས་རྒྱས་ཀྱིས་སྣང་བ་གཟུགས་ཀྱི་ཕུང་པོ་ལས་བརྩམས་ནས་གཟུང་བའི་དོན་མེད་པར་རྟོགས། རྣལ་འབྱོར་སྤྱོད་པས་གཟུང་འཛིན་གཉི་ག་མེད་པར་རྟོགས། དབུ་མས་དོན་དམ་པ་བ་མེད་པར་རྟོགས། གསང་སྔགས་ཀྱིས་བདེན་པ་གཉིས་དབྱེར་མེད་པར་རྟོགས་ཞེས་བཤད་དེ། དེ་དག་ནི་ལྟ་བར་འཛིན་པ་དང་བཅས་པ་ཡིན་ལ། དེ་ལྟ་བུ་ལྟ་བར་འཛིན་པ་དང་བྲལ་བ་ལ། རྫོགས་པ་ཆེན་པོའི་ལྟ་བ་ཞེས་ཐ་སྙད་དུ་གདགས་ཏེ། ལྟ་བ་ཡེ་བཏང་ཆེན་པོ་ཞེས་ཀྱང་བྱའོ། །ད་ནི་ལྟ་བའི་ཞར་ལ་སྤོངས་ཚད་དང་མཐུའི་ཁྱད་པར་ཀྱང་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་ཉན་ཐོས་ཀྱིས་གང་ཟག་མེད་པར་རྟོགས་པས། ནང་གི་འཇིག་ཚོགས་ལ་ལྟ་བ་དང་། དེའི་དབང་ལས་གྱུར་པའི་ཉོན་མོངས་པ་ཐམས་ཅད་དང་། ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པའང་མ་དམིགས་བཞིན་དུ་སྤོངས་སོ། །དེའི་དབང་གིས་ལས་ཀྱི་ཚེ་རྣམ་པར་སྦྱོང་བ་མཐུ་ཆུང་ངུ་ཐོབ་བོ་ཞེའོ། །རང་སངས་རྒྱས་ཀྱིས་སྣང་བ་གཟུགས་ཀྱི་ཕུང་པོ་ཕྱི་རོལ་གྱི་དོན་མེད་པར་རྟོགས་པས། བདག་དུ་རྟོག་པ་དང་གཟུང་བར་རྟོག་པ་གཉིས་གའང་ཉམས་པར་བྱས་ཤིང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཆུང་ངུ་སྤངས་པ་ཐོབ་བོ་ཞེའོ། །དེའི་དབང་གིས་ལས་ཀྱི་ཚེ་རྣམ་པར་སྦྱོང་བའི་མཐུ་ཆེན་པོ་ཐོབ་བོ། །ཐེག་པ་ཆེན་པོ་སྤྱིར་བསྡུས་ནས་ཆོས་དང་གང་ཟག་གཉིས་ག་ལ་བདག་མེད་པར་རྟོགས་པས། བདག་དུ་རྟོག་པ་དང་གཟུང་བའི་རྟོག་པ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐོབ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ་ཐོབ་སྟེ། དེ་བཞིན་གཤེགས་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་མཐུ་ཆེན་པོ་འཐོབ་པར་འགྱུར་རོ་ཞེའོ། །ཞར་ལས་འོངས་པ་ཆོག་གོ །དེ་ལྟར་ན་ལྟ་བ་ཐམས་ཅད་དང་བྲལ་བའི་རྫོགས་པ་ཆེན་པོའི་ཚུལ་འདི་ནི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལུང་ཐམས་ཅད་ཀྱི་རྒྱལ་པོ། གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ། རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས། མན་ངག་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །དེ་ལ་ཐེག་པ་ཞེས་བྱ་བ་ནི། ཡཱ་ན་ཞེས་བྱ་བའི་སྒྲ་འགྲོ་བའི་བྱ་བ་ལ་འཇུག་སྟེ། དངོས་སུ་ལམ་ལ་བྱའོ། །སྐབས་སུ་འགྲོ་བར་བྱ་བ་དང་གསུང་རབ་ལ་འཇུག་སྟེ། དེ་སྟོན་པ་ནི་འོག་ནས་ཀྱང་འབྱུང་བས། འདིར་ལམ་ཉིད་ལ་བྱ་སྟེ། དེ་བས་ན་ལམ་ཐམས་ཅད་ཀྱི་ཡང་རྩེ་བླ་ན་མེད་པ་ཞེས་བྱའོ། །དེ་ལ་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། རྒྱུ་དང་རྐྱེན་དང་བྲལ་བ་ལས་སྐྱེས་པ། ཏིང་ངེ་འཛིན་ནི་དམིགས་པ་དང་བཅས་པའི་ས་ལ་གནས་པ། རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། ངག་གི་ལམ་དང་བྲལ་བ་ལས་སྐྱེས་པ། ཏིང་ངེ་འཛིན་ནི་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ། ཐེག་པ་ཆེན་པོའི་རྣམ་པར་གྲོལ་བ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་ལས་སྐྱེས་པ། ཏིང་ངེ་འཛིན་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་སྤྱོད་པ། གསང་སྔགས་ཀྱི་ཚུལ་ནི། རྣམ་པར་གྲོལ་བ་དང་ཏིང་ངེ་འཛིན་གཉིས་ག་དབྱེར་མེད་པར། རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་ཉམས་རྙེད་པ་ཅེས་འབྱུང་ན། དེ་དག་ཐམས་ཅད་ནི་བགྲོད་ཅིང་འབྱུང་བ་ལ་ལྟོས་པ་ཡིན་ལ། འདིར་དེ་ལྟ་བུ་གང་ཡང་མི་སྒྲུབ་སྟེ། བགྲོད་དུ་མེད་པ་ཉིད་ལམ་གྱི་མཆོག་ཡིན་པས། དེའི་ཕྱིར་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱའོ། །དེ་ལ་ལུང་ཞེས་བྱ་བའི་དོན་ནི། ཨ་ག་མ་ཞེས་བྱ་བའི་སྒྲ་གཞན་ལས་འོངས་པ་ལ་ཡང་བྱ། རྟེན་དང་གཞིར་གྱུར་པ་ལའང་བྱ་སྟེ། དངོས་སུ་རྒྱལ་བའི་བཀའི་མཚན་ཉིད་ལ་བྱ། དེ་ལྟ་བུའི་བཀའ་ཐམས་ཅད་ཀྱིས་ཀྱང་རྫོགས་པ་ཆེན་པོའི་ཚུལ་སྟོན་པར་བྱེད་ཀྱང་མི་ནུས། གནོད་པ་སྒྲུབ་པར་བྱེད་ཀྱང་མི་ནུས་ཏེ། ཟིལ་གྱིས་གནོན་མི་ནུས་ལ། རྫོགས་པ་ཆེན་པོའི་ཚུལ་གྱིས་ནི། ཐེག་པ་ཐམས་ཅད་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱང་སོ་སོ་མ་འདྲེས་པར་སྟོན་པར་བྱེད་ཀྱང་ནུས་ལ། ཐམས་ཅད་སུན་འབྱིན་པར་བྱེད་ཀྱང་ནུས་ཏེ། བཀའ་ཐམས་ཅད་ཟིལ་གྱིས་གནོན་པ་ནི། དཔེར་ན་བརྒྱ་བྱིན་ཀྱི་རྒྱལ་མཚན་ཀྱི་རྩེ་མོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཙུགས་པ་བཞིན་དུ་འགྲན་ཟླ་མེད་ཅིང་རྫི་བ་མེད་དེ། དེའི་ཕྱིར་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །དེ་ལ་གསུང་རབ་ཅེས་བྱ་བ་ནི། པྲ་ཙ་ན་ཞེས་བྱ་བའི་སྒྲ། ཙ་ན་ནི་ཚིག་གམ་ངག །པྲ་ནི་ཉེ་བར་བསྒྱུར་བ་དོན་ལྷག་པར་སྟོན་པའི་ཚིག་སྟེ། གསུང་རབ་ཅེས་བཏགས་ཏེ། འཇིག་རྟེན་གྱི་གཙུག་ལག་དོན་ཆུང་བ་རྣམས་ལ་ཀུ་བ་ཙ་ན་ཞེས་བྱ་སྟེ། ཀུ་ནི་ངན་པར་སྟོན་པའི་ཚིག་གོ །དེ་ལྟ་བུ་མ་ཡིན་པ་ཚིག་གམ་ངག་གང་གིས་ཐར་པའི་ལམ་སྟོན་པར་བྱེད་པ་སྟེ། དངོས་སུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཀྱི་ཕུང་པོ་ལ་བྱའོ། །དེ་རྣམས་ལས་བསྟན་པར་བྱ་བའི་དོན་ནི། དྲང་བའི་དོན་དང་ངེས་པའི་དོན་གཉིས་སྟོན་ཏེ། དེ་ཡང་གང་ཞིག་གིས་ངེས་པའི་དོན་དུ་བསྟན་པ་དེ་གཞན་གྱིས་དྲང་བའི་དོན་དུ་སྟོན་པར་ཡང་བྱེད་ལ། གཞུང་གཅིག་ལ་ཡང་དྲང་བའི་དོན་དང་ངེས་པའི་དོན་གཉིས་ག་ལྡན་པར་སྟོན་པའང་ཡོད་ན། རྫོགས་པ་ཆེན་པོའི་ཚུལ་ལ་ནི། དྲང་བའི་དོན་དུ་སྟོན་པར་བྱེད་པའི་བཀའ་གཞན་གང་ཡང་མེད་ཅིང་། ངེས་པའི་དོན་ཀྱི་མཆོག་དུ་གྱུར་པ་འབའ་ཞིག་མ་གཏོགས་པ། སེལ་མེད་ཅིང་སྙིགས་མར་གཞག་པ་གང་ཡང་མེད་པས། དེའི་ཕྱིར་གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ་ཞེས་བྱའོ། །དེ་ལ་རྒྱུད་ཅེས་བྱ་བ། ཏན་ཏྲ་ཞེས་བྱ་བའི་སྒྲ་འབྲེལ་པའམ་རག་ལས་པའམ་འཁྲུགས་པ་ལ་བྱ་སྟེ། དངོས་སུ་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལས། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས་དང་། མངོན་པར་ཤེས་པ་ལ་སོགས་པ་འཇིག་རྟེན་ཀྱི་དངོས་གྲུབ་ཆེན་པོ་རྣམས་བསྒྲུབ་པའི་ཐབས་དང་། ཞི་བ་ལ་སོགས་པ་ལས་ཀྱི་སྤྲོས་པའི་ཐབས་སྣ་ཚོགས་བསྒྲུབ་པ་པོའི་བྱ་བར་གྱུར་པ་མཐའ་ཡས་པ་ཐམས་ཅད་ཀྱང་། རྫོགས་པ་ཆེན་པོའི་དོན་ཀྱིས་མ་ཟིན་ན་མཚན་མའི་འཆིང་བས་ཟིན་པར་འགྱུར་ལ། རྫོགས་པ་ཆེན་པོའི་དོན་ཀྱིས་ཟིན་ན་ལས་རྒྱ་མཚོ་ཇི་ལྟར་སྤྱད་ཀྱང་འཆིང་བར་མི་འགྱུར་བས། དེའི་ཕྱིར་རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ་ཅེས་བྱའོ། །དེ་ལ་དགོངས་པ་ཞེས་བྱ་བ་ནི། ཨ་བི་སནྡི་ཞེས་བྱ་བའི་སྒྲ། ཚིག་གང་གཟུགས་པོར་མ་བསྟན་ཏེ་ལྡེའུ་དང་ཟུར་གྱིས་སྟོན་པ་ལ་བྱ། ཨ་བི་པྲ་ཡ་ཞེས་བྱ་བའི་སྒྲ། ཚིག་གཞན་དང་གཞན་གྱིས་དོན་གཞན་དང་གཞན་བསྟན་པར་བྱ་བ་ཡོད་པ་ལ་བྱ་སྟེ། བསྡུས་ན་ལྡེམ་པོར་དགོངས་པའམ་དགོངས་པ་ཞེས་བྱའོ། །དེ་ཡང་ཉན་ཐོས་ཀྱི་ཚུལ་ལས་འདི་ལྟར། རྒྱལ་བའི་བཀའ་རྣམས་ལས་ཡོད་པ་དང་མེད་པའི་ཚིག་གིས་བསྟན་པ་ཐམས་ཅད་ཀྱི་དགོངས་གཞི་ནི། གང་ཟག་དང་ཆོས་ཀྱི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེའོ། །རྣལ་འབྱོར་སྤྱོད་པའི་ཚུལ་ལས། འདི་ལྟར་རྒྱལ་བའི་བཀའ་རྣམས་ལས། ཡོད་པ་དང་མེད་པའི་ཚིག་གིས་བསྟན་པ་ཐམས་ཅད་ཀྱི་དགོངས་གཞི་ནི། ངོ་བོ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེའོ། །དབུ་མའི་ཚུལ་ལས་འདི་ལྟར། རྒྱལ་བའི་བཀའ་རྣམས་ལས་ཡོད་པ་དང་མེད་པའི་ཚིག་གིས་བསྟན་པ་ཐམས་ཅད་ཀྱི་དགོངས་གཞི་ནི། །དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེའོ། །དེ་དག་ནི་དགོངས་གཞི་ཡིན་ཡང་ཞེ་ཕུགས་ནི་མ་ཡིན་ཏེ། འདི་ལྟར་རྒྱལ་བའི་བཀའ་རྣམས་ལས་ཐ་སྙད་སྣ་ཚོགས་ཀྱི་སྒོ་ནས་དགོངས་པ་སྣ་ཚོགས་བསྟན་པ་ཐམས་ཅད་ཀྱི་ཞེ་ཕུགས་ནི། ཆོས་གཉིས་སུ་མེད་པའི་དོན་འདི་ཉིད་བསྟན་པར་བྱ་བའི་ཆེད་ཡིན་ཏེ། རྒྱལ་བ་ཐམས་ཅད་ལ་དགོངས་པའི་ཕུགས་འདི་ལས་གཞན་མི་མངའ་བས་ན། དེའི་ཕྱིར་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་ཞེས་བྱའོ། །དེ་ལ་མན་ངག་ཅེས་བྱ་བ་ནི། ཨུ་པ་དེ་ཤ་ཞེས་བྱ་བའི་སྒྲ། དོན་ཉེ་བར་བསྟན་ཅིང་གཏན་ལ་ཕབ་སྟེ་བསྟན་པ་ལ་བྱ་སྟེ། དོན་གྱི་ཁ་བརྒྱུད་པ་དང་བྲལ་བ་ལ་མན་ངག་ཅེས་བྱའོ། །དེ་ལ་མན་ངག་གིས་དོན་གཏན་ལ་ཇི་ལྟར་ཕབ་ཅེ་ན། དོན་ཉེ་བར་ཐོག་དུ་ཕབ་སྟེ་བསྟན་ན། འདི་ལྟར་ཆོས་རྣམས་ཀྱི་དོན་ནི། སྟོང་ཞིང་བདག་མེད་པ་དང་། རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། མཉམ་པ་ཉིད་དང་། གཉིས་སུ་མེད་པར་གཏན་ལ་ཕབ་བོ་ཞེས་ཤེས་པར་བྱ་སྟེ། སྒྲ་འདི་རྣམས་ཀྱང་རེས་འགའ་ནི་དོན་གྱི་བྱེ་བྲག་མེད་པར་སྟོན། རེས་འགའ་ནི་ཚིག་གི་སྒོ་ཇི་ལྟ་བ་བཞིན་དུ་ཚིག་གི་ཡུལ་སོ་སོར་ཡོད་པར་སྟོན་ཏེ་སྐབས་ཀྱིས་སྦྱར་རོ། །དེ་ལ་འདི་ལྟར་ཉན་ཐོས་ཀྱི་ཚུལ་ལས། ཆོས་རྣམས་ནི་བདག་གི་ངོ་བོ་མ་ཡིན་ཞིང་། ཆོས་རྣམས་ལ་བདག་པོ་ཡོད་པའང་མ་ཡིན་པར་འདོད་པས། ཆོས་ཐམས་ཅད་སྟོང་ཞིང་། བདག་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། འོན་ཀྱང་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་འདོད་པས། རང་བཞིན་མེད་པར་གཏན་ལ་ཕབ་པ་ཞེས་བྱ་བའི་གྲངས་སུ་ནི་མི་ཆུད་དོ་ཞེའོ། །རྣལ་འབྱོར་སྤྱོད་པའི་ཚུལ་ལས་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་མེད་པར་འདོད་པས། རང་བཞིན་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་རང་བཞིན་མེད་པ་དང་སྟོང་ཞིང་བདག་མེད་པའང་བྱེ་བྲག་མེད་དོ། །འོན་ཀྱང་གཞན་གྱི་དབང་རྒྱུ་དང་རྐྱེན་ལས་སྐྱེ་བ་ཡོད་པར་འདོད་པས། སྐྱེ་བ་མེད་པར་གཏན་ལ་ཕབ་པ་ཞེས་བྱ་བའི་གྲངས་སུ་ནི་མི་ཆུད་དོ་ཞེའོ། །དབུ་མའི་ཚུལ་ལས་དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པས། སྐྱེ་བ་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་སྐྱེ་བ་མེད་པ་དང་རང་བཞིན་མེད་པ་དང་སྟོང་ཞིང་བདག་མེད་པའང་བྱེ་བྲག་མེད་དོ། །འོན་ཀྱང་ཡང་དག་པའི་ཀུན་རྫོབ་འདོད་པས། མཉམ་པ་ཉིད་དུ་གཏན་ལ་ཕབ་པ་ཞེས་བྱ་བའི་གྲངས་སུ་མི་ཆུད་དོ་ཞེའོ། །གསང་སྔགས་ཀྱི་ཚུལ་ལས་བདེན་པ་གཉིས་དབྱེར་མེད་པར་འདོད་པས། མཉམ་པ་ཉིད་དུ་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་མཉམ་པ་ཉིད་དང་སྐྱེ་བ་མེད་པ་དང་རང་བཞིན་མེད་པ་དང་། སྟོང་ཞིང་བདག་མེད་པ་རྣམས་ཀྱང་བྱེ་བྲག་མེད་དོ། །འོན་ཀྱང་མཉམ་པའི་སྤྱོད་པ་ཉམས་སུ་ལེན་མི་ནུས་པའི་ཉམ་ང་བ་དང་། ཉམ་ང་བ་དེ་ཉིད་མྱུར་དུ་མེད་པར་བྱ་བའི་ཕྱིར་ཆེད་དུ་བརྟུལ་ཞུགས་དང་དུ་ལེན་པ་ལྟ་བུའང་ཡོད་པས། དེའི་ཕྱིར་ཆོས་ཐམས་ཅད་གཉིས་སུ་མེད་པར་གཏན་ལ་ཕབས་པ་ཞེས་བྱ་བའི་གྲངས་སུ་མི་ཆུད་དོ་ཞེའོ། །རྫོགས་པ་ཆེན་པོའི་ཚུལ་ནི། ཆོས་ཐམས་ཅད་ལ་ཤེས་པར་བྱ་བ་བཞི་པོ་འདི་ལྟར། ཤེས་ཏེ་སྤང་བར་བྱ་བའམ། ཤེས་ཏེ་དང་དུ་བླང་བར་བྱ་བའམ། ཤེས་ཏེ་བཏང་སྙོམས་སུ་བཞག་པར་བྱ་བའམ། ཤེས་ཏེ་མངོན་དུ་བྱ་བ་རྣམས་གང་ཡང་མི་སྒྲུབ་པས། ཆོས་ཐམས་ཅད་གཉིས་སུ་མེད་པར་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེའི་ཚེ་ཆོས་གཉིས་སུ་མེད་པ་ཞེས་བྱ་བ་དང་། མཉམ་པ་ཉིད་ཅེས་བྱ་བ་དང་། སྐྱེ་བ་མེད་པ་ཅེས་བྱ་བ་དང་། རང་བཞིན་མེད་པ་ཅེས་བྱ་བ་དང་། སྟོང་ཞིང་བདག་མེད་པ་ཞེས་བྱ་བ་རྣམས་ཀྱང་བྱེ་བྲག་མེད་དོ། །དེ་བས་ན་ཆོས་ཐམས་ཅད་གཉིས་སུ་མེད་པར་གཏན་ལ་འབེབས་པར་བྱེད་པ་འདི་ནི། མན་ངག་ཐམས་ཅད་ཀྱི་སྙིང་པོ་ཉིད་དུ་གྱུར་པ་ཡིན་པས། དེའི་ཕྱིར་མན་ངག་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །རྫོགས་པ་ཆེན་པོའི་ཚུལ་སྒྱུ་མ་ལྟ་བུ་མཐརད་ཕྱིན་པ་དང་། སྒྱུ་མའི་མིང་འཛིནད་པའི་ཐེག་པ་གཞན་རྣམས། ཤན་དབྱེ་བ་བསྟན་པའི་སྐབས་ཏེ། གསུམ་པའོ།།  །། དེ་ལྟར་སྟོནད་པའི་རྫོགས་པ་ཆེན་པོའི་ཚུལ་འདི་ཡང་མདོར་བསྡུས་ཏེ་བསྟན་ན། ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་དང་སེམས་སྣང་བ་ཙམ་དུ་འདུས་ལ། སེམས་ཀྱི་རང་བཞིན་ཉིད་བྱང་ཆུབ་ཡིན་པས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བསྟན་པར་བྱ་བ་ནི་འདི་ཙམ་ལས་མེད་ལ། རྫོགས་པ་ཆེན་པོའི་ཚུལ་ལ་དད་པའི་གང་ཟག་རྣམས་ཀྱང་། འདི་ཉིད་བསྟན་པ་ཙམ་གྱིས་རྟོགས་ཤིང་འཇུག་པར་འགྱུར་བ་ཡིན་ན། འོན་ཀྱང་སྒྲའི་བསྟནད་ཆོས་དང་། རིགས་པའི་བསྟན་ཆོས་ལ་མངོན་པར་ཞེན་པའི་གང་ཟག་དག་འདི་སྙམ་དུ། བདག་ཅག་གི་གྲུབ་པའི་མཐའ་འདི་དག་ནི། སྒྲའི་དོན་དང་རིགས་པས་གྲུབ་པ་ཡིན་ལ། རྫོགས་པ་ཆེན་པོའི་ཚུལ་ནི་རིགས་པ་དང་འགལ་ཏེ། གང་རིགས་པ་དང་འགལ་བ་དེ་ནི་བླང་བར་བྱ་བ་མ་ཡིན་ནོ་སྙམ་དུ་སེམས་ཏེ། རྫོགས་པ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་འདི་ལྟ་བུ་སྤངས་ནས། ནོར་བུ་འཆིང་བུ་དང་འདྲ་བའི་གྲུབ་མཐའ་སྣ་ཚོགས་ལ་ཞེན་པའི་གང་ཟག་ལ། རྫོགས་པ་ཆེན་པོའི་ཚུལ་ལས་གྲགས་པའི་ཐིག་ལེ་དང་ཆེ་བ་ལ་སོགས་པའི་སྐད་རྣམས་བཞག་སྟེ། སྤྱིར་གྲགས་པའི་སྐད་ཀྱིས་རིགས་པའི་ཚུལ་ཕྱོགས་འགའ་བཤད་དོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ། བྱང་ཆུབ་ནི་བོ་ངྷི་ཅེས་བྱ་བ་ཨ་བ་བོ་ངྷ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའམ། དྲི་མ་ཐམས་ཅད་ཡོངས་སུ་དག་པར་གྱུརད་པའམ། ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའམ། མ་ལུས་པར་ཀུན་ཆུབ་པ་ལ་བྱ། སེམས་ཞེས་བྱ་བ་ནི། ཙི་ཏ་ཞེས་བྱ་བ་ནི་ན་བི་ཙི་ཏ་སྟེ། སྣ་ཚོགས་པའི་དོན་ཏེ། དམིགས་པ་སྣ་ཚོགས་རྣམ་པར་རིག་པའམ། རྣམ་པ་གཅིག་ཏུ་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པས། ཆུན་པའི་སྒྱེའུ་སྣོད་ལྟར་གྱུར་པ་ལ་བྱ། ཙིན་ཏེ་ན་ཙིད་ངྷ་སྟེ། སེམས་པར་བྱེད་པས་སེམས་ཏེ། འདུ་བྱེད་སེམས་པ་དང་མཚུངས་པར་ལྡན་པ་གང་གིས། བྱ་བ་སྣ་ཚོགས་ལ་སེམས་པར་བྱེད་གཡོ་བར་བྱེད་འཇུག་པར་བྱེད་པས་སེམས་ཞེས་བྱའོ། །ཙི་ཏ་མ་ན་བྱིདྱརྠ་སྟེ་སེམས་དང་ཡིད་དོན་གཅིག་སྟེ། གཟུགས་ལྟར་བེམས་པོར་གྱུར་པ་མ་ཡིན་ཏེ། ཤེས་ཤིང་རིག་པའི་བདག་ཉིད་དུ་གྱུར་པས་སེམས་ཞེས་བྱའོ། །དེ་ལྟར་སེམས་དང་བྱང་ཆུབ་ཀྱི་རང་བཞིན་ཐ་དད་དུ་བཞག་པ་འདི་ནི་དམིགས་པའི་མཚན་ཉིད་ཡིན་ཏེ། ངོ་བོ་ཉིད་ཀྱི་མཚན་ཉིད་ནི་གཉིས་མེད་དོ། །སྣང་བ་ནི་གཉིས་ག་དུས་གཅིག་དུ་མི་ལྡན་ནོ། །དེ་ལ་དམིགས་པ་ནི་འདུ་ཤེས་ཀྱིས་བྱེ་བྲག་དུ་བྱས་པའི་བློའི་སྤྱོད་ཡུལ་ལོ། །སྣང་བ་ནི་ཚོར་བས་བྱེ་བྲག་དུ་བྱས་པའི་བློའི་སྤྱོད་ཡུལ་ལོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཤེས་རབ་དྲི་མ་མེད་པས་བྱེ་བྲག་དུ་བྱས་པའི་བློའི་སྤྱོད་ཡུལ་ལོ། །དེ་ལ་དམིགས་པའི་སྒོ་ནས་ནི། ཡོད་པ་དང་མེད་པ་ལ་སོགས་པའི་ཐ་སྙད་འདོགས་པར་བྱེད་དོ། །སྣང་བའི་སྒོ་ནས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཐ་སྙད་འདོགས་པར་བྱེད་དོ། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་གྲུབ་པ་དང་མ་གྲུབ་པའི་ཐ་སྙད་འདོགས་པར་བྱེད་དོ། །དེ་ལ་དམིགས་པའི་སྒོ་ནས་ནི་སྒྲོ་སྐུར་གྱི་གནས་ཀྱང་སེལ་བར་མི་ནུས་སོ། །སྣང་བའི་སྒོ་ནས་ནི་སྒྲོ་སྐུར་ནི་ཡོངས་སུ་གཅོད་པར་ནུས་ལ་འཁྲུལ་པ་ནི་སེལ་བར་མི་ནུས་སོ། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་འཁྲུལ་བའང་ཡོངས་སུ་གཅོད་པར་བྱེད་དེ། དེ་བས་ན་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་རྗེས་སུ་འབྲེངས་པའི་བློ་ནི་དམན་པའོ། །ཚོར་བའི་རྗེས་སུ་འབྲེངས་པའི་བློ་ནི་བར་མའོ། །ཤེས་རབ་དྲི་མ་མེད་པའི་སྤྱོད་ཡུལ་གྱི་རྗེས་སུ་འབྲེངས་པའི་བློ་ནི་མཆོག་གོ །དེ་ནི་དཔེར་ན་འགལ་མེའི་འཁོར་ལོ་ལ་དམིགས་པའི་སྒོ་ནས་ནི། འགལ་མེ་དང་འཁོར་ལོ་གཉིས་ག་འགོ་མཉམ་དུ་སོ་སོར་ཡོད་པར་དམིགས། སྣང་བའི་སྒོ་ནས་ནི་དུས་ཅིག་དུ་གཉིས་མི་སྣང་སྟེ། གང་གི་ཚེ་འཁོར་ལོར་སྣང་བ་དེའི་ཚེ་འགལ་མེར་མི་སྣང་ངོ་། །གང་གི་ཚེ་འགལ་མེར་སྣང་བ་དེའི་ཚེ་འཁོར་ལོར་མི་སྣང་ངོ་། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་གཉིས་མི་འགྲུབ་སྟེ། གང་འཁོར་ལོའི་ངོ་བོ་ཉིད་དུ་གྲུབ་པ་ན། འགལ་མེ་གཏན་མེད་པར་འགྱུར་རོ། །གང་འགལ་མེའི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ན། འཁོར་ལོ་གཏན་མེད་པར་འགྱུར་ཏེ། དེ་བས་ན་འདིར་འཁོར་ལོར་སྣང་ཙམ་ཉིད་ན་འགལ་མེའི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ཏེ། འཁོར་ལོའི་ངོ་བོ་ཉིད་ནི་གཏན་མ་གྲུབ་པར་ཤེས་པར་བྱའོ། །སེམས་དང་བྱང་ཆུབ་ཀྱང་དེ་འདྲ་སྟེ། དམིགས་པའི་སྒོ་ནས་ནི་སེམས་དང་བྱང་ཆུབ་གཉིས་ག་འགོ་མཉམ་དུ་རྫས་སོ་སོར་ཡོད་པར་དམིགས་སོ། །སྣང་བའི་སྒོ་ནས་ནི་གཉིས་དུས་གཅིག་དུ་མི་སྣང་སྟེ། གང་གི་ཚེ་སེམས་སུ་སྣང་བ་དེའི་ཚེ་བྱང་ཆུབ་མི་སྣང་ངོ་། །གང་གི་ཚེ་བྱང་ཆུབ་དུ་སྣང་བ་དེའི་ཚེ་སེམས་མི་སྣང་ངོ་། །དེ་ལ་སེམས་སུ་སྣང་བ་ནི་སླུ་བའི་ཕྱིར་འཁྲུལ་བའོ། །བྱང་ཆུབ་དུ་སྣང་བ་ནི་མི་སླུ་བའི་ཕྱིར་ཕྱིན་ཅི་མ་ལོག་པའོ། །དེ་ལ་ངོ་བོ་ཉིད་ཀྱི་སྒོ་ནས་ནི་གང་སེམས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་གཏན་མི་འགྲུབ་བོ། །གང་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ན་སེམས་ཀྱི་ངོ་བོ་ཉིད་གཏན་མི་འགྲུབ་སྟེ། དེ་བས་ན་སེམས་སུ་སྣང་བ་ནི་འཁྲུལ་པ་ཡིན་ཏེ། ཇི་ལྟར་སྣང་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་པས། སྣང་བ་ཉིད་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་ཏེ་སེམས་ཀྱི་ངོ་བོ་ཉིད་ནི་གཏན་མ་གྲུབ་བོ་ཞེས་ཤེས་པར་བྱའོ། །དོན་འདིས་རྫོགས་པ་ཆེན་པོའི་ཚུལ་ལས་ཉོན་མོངས་པ་ཉིད་རྣམ་པར་གྲོལ་བའི་ལམ་ཆེན་པོ། ལས་ཉིད་རང་བྱུང་གི་ཡེ་ཤེས། སྡུག་བསྔལ་ཉིད་བྱང་ཆུབ་བོ་ཞེས་གསུངས་པའི་དོན་ཡང་འདི་ལྟ་བུ་ཡིན་ནོ། །དེ་ལ་རྣམ་པར་གྲོལ་བ་དང་། རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཅེས་བསྟན་པའང་། སེམས་ཅན་གྱི་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དུ་ཞེན་པའི་བློ་བཟློག་པའི་ཐ་སྙད་སོ་སོར་བསྟན་པར་ཟད་དེ། ངོ་བོ་ཉིད་ནི་དབྱེར་མེད་ཅིང་གཅིག་གོ། དེ་ལ་གཅིག་པ་ཞེས་བྱ་བའི་དོན་ཡང་གསུམ་སྟེ། འདི་ལྟར་མཚུངས་པའི་གཅིག་པ་དང་། གྲངས་ཀྱི་གཅིག་པ་དང་། དབྱེར་མེད་པའི་གཅིག་པའོ། །དེ་ལ་གཅིག་པའི་ཐ་སྙད་ཐམས་ཅད་ཀྱང་དུ་མ་བློ་ཟློག་པར་འདྲ་མོད་ཀྱི། རྟེན་གཞིའི་བྱེ་བྲག །དུ་མ་དམིགས་པ་དང་། གཅིག་དམིགས་པ་དང་། མི་དམིགས་པའི་བྱེ་བྲག་གིས་ཕྱེ་བ་ཡིན་ནོ། །དེ་ལ་མཚུངས་པའི་གཅིག་པ་གང་ཞེ་ན། འདི་ལྟར་ཀ་བ་ནི་བླ་གབ་འཛིན་པའི་མཚན་ཉིད་དེ། བུམ་པ་ནི་ཆུ་འཛིན་པའི་མཚན་ཉིད་དེ། གཉིས་གའང་བྱས་པའོ་ཞེས་བརྗོད་པ་ན། ཀ་བ་བྱས་པ་ནི་ཀ་བ་རང་གི་ངོ་བོ་ལ་གནས། བུམ་པ་བྱས་པ་ནི་བུམ་པ་རང་གི་ངོ་བོ་ལ་གནས་ཏེ། རང་རང་གི་མཚན་ཉིད་ཅན་ཡིན་པར་དམིགས་ཀྱང་། བྱས་པ་ཉིད་ལའང་ཐ་དད་མི་དམིགས་སོ། །བྱས་པ་ཐ་དད་མི་དམིགས་ཀྱང་དེ་ཀ་བའང་བུམ་པར་མི་ལྡོག །བུམ་པའང་ཀ་བར་མི་ལྡོག །བླ་གབ་འཛིན་པ་དང་ཆུ་འཛིན་པའི་མཚན་ཉིད་ཀྱང་མི་འདོར་རོ། །ཚུལ་འདི་ལྟ་བུ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ནི་སྡུག་བསྔལ་གྱི་མཐར་ཕྱིན་པའི་མཚན་ཉིད། སངས་རྒྱས་བཅོམ་ལྡན་འདས་ནི་བདེ་བའི་མཐར་ཕྱིན་པའི་མཚན་ཉིད། གཉིས་ག་ཡང་བདག་དང་བདག་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་བརྗོད་ན། སྟོང་པ་ཉིད་ལ་ཐ་དད་མི་དམིགས་ཀྱང་། ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པར་མ་གྲུབ་ན། བདག་དང་བདག་གིས་སྟོང་པ་ཙམ་ཀྱིས་དམྱལ་བ་ཡང་སངས་རྒྱས་སུ་མི་ལྡོག །སངས་རྒྱས་ཀྱང་དམྱལ་བར་མི་ལྡོག །བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་ཀྱང་མི་འདོར་ཏེ། དཔེར་ན་ཅིག་བརྒྱ་ཉིས་བརྒྱ་ཅིག་སྟོང་ཉིས་སྟོང་ཞེས་བརྗོད་པ་ན། བརྒྱ་དང་སྟོང་ཉིད་ཀྱང་མང་པོ་ཡིན་མོད་ཀྱི། བརྒྱ་པ་གཅིག་ལ་བརྒྱ་པ་གཉིས་ལ་སོགས་པའི་དབྱེ་བ་མེད་པས། གཅིག་བརྒྱ་ཞེས་གཅིག་གི་ཐ་སྙད་འཇུག་པ་བཞིན་ནོ། །དེ་ལ་གྲངས་ཀྱི་གཅིག་པ་གང་ཞེ་ན། དཔེར་ན་བསེ་རུ་ལྟ་བུ་ཞེས་བྱ་བ། རི་དྭགས་བསེ་ལ་རྭ་གཉིས་ལྷན་ཅིག་སྐྱེས་པ་མེད་དེ། རལ་གྲི་ལྟ་བུ་གཅིག་ཡོད་པ་ལ། བསེ་རུ་ཅིག་ཞེས་བརྗོད་པ་བཞིན་དུ། འདི་ལྟར་གང་ཟག་དང་ཕུང་པོ་གཉིས་ནི་མེད་ཕུང་པོ་ནི་ཡོད་ཅེའམ། རང་རྒྱལ་བ་རྣམས་ཀྱི་གཟུང་བ་ནི་མེད་འཛིན་པ་ནི་ཡོད་ཅེའམ། དེ་བཞིན་དུ་གཉིས་པོ་ནི་མེད་རང་རིག་པ་ནི་ཡོད་ཅེས་བྱ་བ་ལ་སོགས་པ་ཀུན་དུ་བརྟགས་པ་བསལ་ནས་མཚན་ཉིད་པ་ཡོད་པར་སྒྲུབ་པ་དང་། མཚན་ཉིད་པ་དེ་ཉིད་ལའང་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པར་འདོད་པ་དང་། ཆོས་ཕན་ཚུན་ཀྱང་ངོ་བོ་ཉིད་གཅིག་པ་ལྟ་བུ་ཐ་དད་ནི་འགེགས་པར་བྱེད་ལ། དངོས་པོ་གཅིག་ནི་སྒྲུབ་པས་དེ་འདི་སྐད་དུ། གཉིས་ནི་མེད་དོ་གཅིག་ནི་ཡོད་དོ་ཞེས་དངོས་པོ་གཅིག་གི་བློ་མི་གཏོང་བ་འདི་ནི་གྲངས་ཀྱི་གཅིག་པ་ཞེས་བྱའོ། །དེ་ལ་དབྱེར་མེད་པའི་གཅིག་པ་ནི། དཔེར་ན་ནམས་མཁའི་རང་བཞིན་ནི་ནམས་མཁའ་ཉིད་དོ་ཞེས་བརྗོད་ན། རེ་ཤིག་ཐ་སྙད་ཀྱི་ཡུལ་དུ་ནམ་མཁའ་དང་ནམ་མཁའི་རང་བཞིན་ཅེས་ཐ་སྙད་ཀྱི་ཡུལ་དུ་ཆོས་དང་ཆོས་ཅན་དུ་འཇོག་ཀྱང་། ནམ་མཁའ་ཞེས་བྱ་བའང་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས། ནམ་མཁའི་རང་བཞིན་ནམ་མཁའ་ཉིད་ཅེས་བྱ་བའང་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་ཏེ། འདི་ལ་གཉིས་སུ་གཞག་པའི་དོན་གང་ཡང་མི་རྙེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལའང་། སེམས་བཀག་ནས་བྱང་ཆུབ་སྒྲུབ་པར་བྱེད་པ་དེའི་ཚེ་ནི། གྲངས་ཀྱི་གཅིག་པ་ཞེས་བྱ་བར་འགྱུར་རོ། །གང་གི་ཚེ་ཆོས་ཅན་སེམས་མ་གྲུབ་པས། དེ་ལ་རྟེན་ནས་གཞག་པའི་བྱང་ཆུབ་ཀྱང་མ་གྲུབ་སྟེ། ཇི་ལྟར་ནམ་མཁའི་རང་བཞིན་ནམ་མཁའ་ཉིད་ཅེས་བརྗོད་པ་དང་འདྲ་བར། སེམས་དང་བྱང་ཆུབ་ཀྱི་དབྱེ་བ་མི་རྙེད་པར་འདོད་པ་དེའི་ཚེ། དབྱེར་མེད་པའི་གཅིག་པ་ཞེས་བྱའོ། །རྫོགས་པ་ཆེན་པོའི་ཚུལ་ལས་ཀྱང་ཚུལ་འདི་གཉིས་སྟོན་ཏོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་སྟོན་པའི་ཚེ་ནི། གྲངས་ཀྱི་གཅིག་པའི་ཚུལ་ལས་བརྩམས་ཏེའང་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྟོན་པའི་ཚེ་ནི་དབྱེར་མེད་པའི་གཅིག་པ་ཉིད་དུ་སྟོན་ཏོ། །འདི་ནི་དོན་གྱི་རྩ་བ་མདོར་བསྡུས་ནས་བསྟན་པ་ཡིན་ཏེ། འོག་ནས་འབྱུང་བའི་རྫོགས་པ་ཆེན་པོའི་གཞུང་ཉིད་བསྟན་པའི་སྐབས་ནས་བཤད་པ་ཀུན་ཀྱིས་ཀྱང་འདི་ལས་བོགས་དབྱུང་དུ་མེད་དོ། །ད་ནི་སྐབས་འདིར་གཅིག་པ་དང་ཐ་དད་པར་སྒྲུབ་པ་དང་དགག་པ་ལ་སོགས་པའི་སྤྱིའི་ཚུལ་ཅུང་ཟད་ཙམ་བརྗོད་དེ། དེ་ལ་གང་དག་རང་གི་གྲུབ་པའི་མཐའ་སྒྲུབ་པར་འདོད་ཅིང་། གཞན་གྱི་གྲུབ་པའི་མཐའ་དགག་པར་འདོད་པ་རྣམས། སོ་སོའི་སྒོ་ཇི་སྙེད་པ་ཐམས་ཅད་ཀྱང་། དངོས་པོ་བསྒྲུབ་པ་དང་། དངོས་པོ་དགག་པ་གཉིས་སུ་འདུས་སོ། །དེ་ལ་དགག་པ་ཇི་སྙེད་པ་ཐམས་ཅད་ཀྱང་། མེད་པར་དགག་པ་དང་མ་ཡིན་པར་དགག་པ་གཉིས་སུ་འདུས་སོ། །དེ་ལ་མེད་པར་དགག་པ་ཞེས་བྱ་བ་ནི། ཡོད་པ་བཀག་པ་ཙམ་ཡིན་ཏེ། གཞན་བསྒྲུབ་པར་བྱ་བའི་དོན་མེད་དེ། འདི་ལྟར་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་ཟ་བ་ཙམ་སེལ་བར་བྱེད་པ་ཀུན་དུ་བརྟགས་པ་ཙམ་འགོག་པར་བྱེད་པ་ཡིན་ཏེ། དོན་གཞན་སྟོན་པ་མེད་དོ། །དཔེར་ན་བུམ་པ་མེད་ཅེས་བརྗོད་ན། བུམ་པ་ཡོད་པར་རྟོག་པ་བཟློག་པ་ཙམ་དུ་ཟད་དེ། བུམ་པ་མེད་པའི་ས་ཕྱོགས་ལ་སོགས་པ་ནི་སྟོན་པར་མི་བྱེད་དོ། །དེ་བཞིན་དུ་གང་ཟག་མེད་ཅེས་བརྗོད་ན། གང་ཟག་ཡོད་པར་རྟོག་པ་ཙམ་བཟློག་པར་ཟད་དེ། གང་ཟག་གིས་སྟོང་པའི་ཕུང་པོ་ཡོད་པར་སྟོན་པར་ནི་མི་བྱེད་པའོ། །དེ་བཞིན་དུ་ཀུན་ལ་སྦྱར་རོ། །མ་ཡིན་པར་དགག་པ་གང་ཞེ་ན། གཞན་བགག་ནས་གཞན་སྟོན་པ་སྟེ། འདི་ལྟར་བུམ་པ་མེད་པ་ཞེས་བརྗོད་ན། བུམ་པས་སྟོང་པའི་ས་ཕྱོགས་གོ་བར་བྱེད་པ་བཞིན་དུ། གང་ཟག་མེད་པ་ཞེས་བརྗོད་ན། གང་ཟག་གིས་སྟོང་པའི་ཕུང་པོ་སྟོན་པར་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན་མེད་པར་དགག་པ་ནི་གཞན་གྱི་གྲུབ་པའི་མཐའ་སེལ་བ་ཙམ་ཡིན་ལ། མ་ཡིན་པར་དགག་པ་ནི་དེ་ཙམ་གྱིས་མི་ཆོག་སྟེ། རང་གི་གྲུབ་པའི་མཐའ་འང་སྒྲུབ་པར་བྱེད་པ་ཡིན་ནོ། །དངོས་པོ་བསྒྲུབ་པ་ཇི་སྙེད་པའང་མདོ་རྣམ་པ་གཉིས་སུ་འདུས་ཏེ། འདི་ལྟར་ཡོད་པར་སྒྲུབ་པ་དང་། དམིགས་པར་སྒྲུབ་པའོ། །དེ་དག་གི་གཞི་ཡང་རྣམ་པ་གཉིས་ཏེ། གཅིག་པ་དང་ཐ་དད་པའོ། །དེ་དག་གི་གཞི་ཡང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དང་ཁྱད་པར་རོ། །དེའི་བློ་ཡང་རྣམ་པ་གཉིས་ཏེ། རིལ་པོར་འཛིན་པའི་བློ་དང་། རྗེས་སུ་གཞིག་པའི་བློའོ། །བློ་འདི་གཉིས་ནི་རང་བཞིན་གྱིས་ལྡན་མོད་ཀྱི། འོན་ཀྱང་རྒོལ་བ་དང་ཕྱིར་རྒོལ་བ་བརྩོད་པ་ན། འདི་སྐད་དུ། རང་གི་གྲུབ་མཐའ་ནི་རིལ་པོར་འཛིན་པའི་བློས་བཟླུམས་ཏེ། ཁྱེད་ཀྱི་གྲུབ་མཐས་མི་ཕྱེད་པར་བྱེད་དོ། །ཁྱེད་ཀྱི་གྲུབ་མཐའ་ནི་རྗེས་སུ་གཞིག་པའི་བློས་བཤིག་སྟེ་མ་གྲུབ་པར་བྱེད་དོ། །ཞེས་ཁས་ནི་མི་ལེན་ཏོ། །དེ་ལ་དངོས་པོ་སྒྲུབ་པ་ཐམས་ཅད་ཀྱི་གཞི་ངོ་བོ་ཉིད་དང་ཁྱད་པར་ཡིན་པས། དེ་ཁོང་དུ་མ་ཆུད་ན་དངོས་པོ་སྒྲུབ་པ་ཐམས་ཅད་ཁོང་དུ་མི་ཆུད་པས། དེ་བས་ན་དང་པོ་འདི་བསྟན་ཏོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། བློ་གང་ལ་དོན་གང་སྣང་བ་ན། འདི་ལྟར་གྲངས་ཀྱིས་མ་ཕྱེ་རྒྱ་ཆེ་ཆུང་གིས་མ་ཕྱེ་སྟེ། དོན་གང་སྣང་བ་དེ་ཉིད་མཚན་མར་བྱར་རུང་བར་སྣང་བའོ། །དེ་མཚོན་པར་བྱེད་པ་ནི་མིང་ཡིན་ཏེ། འདི་ལྟར་ནཱ་མ་ཞེས་བྱ་བའི་སྒྲ། ན་ཡ་ནི་ཞེས་བྱ་སྟེ་ཁྲིད་པར་བྱེད་པས་མིང་སྟེ། བློ་གང་དོན་གྱི་ངོ་བོ་ཉིད་ལ་ཁྲིད་པར་བྱེད་སྦྱོར་བར་བྱེད་པས་མིང་ཞེས་བྱ་སྟེ། དེ་ནི་འདི་ལྟར་ཀ་བ་དང་བུམ་པ་ཞེས་བྱ་བ་ལྟ་བུ་ངོ་བོ་ཉིད་རྒྱ་ཆུང་བ་ལ་སྦྱོར་བར་བྱེད་ཀྱང་རུང་། འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལྟ་བུ་ངོ་བོ་ཉིད་རྒྱ་ཆེ་བ་ལ་སྦྱོར་བར་བྱེད་ཀྱང་རུང་སྟེ། ཇི་ཙམ་དུ་མིང་གིས་ཁྲིད་པའི་དོན་དེ་ལ་ངོ་བོ་ཉིད་ཅེས་བྱའོ། །ལ་ཀྵ་ན་ཞེས་བྱ་བ། རྒྱུའམ་མཚན་མའམ་རྟགས་ལ་འཇུག་སྟེ། དེ་བས་ན་རྣམ་པར་རྟོག་པའི་བློ་གང་གིས་མིང་དང་མིང་ཅན་བསྲེས་ཏེ་གཅིག་དུ་ཞེན་པར་བྱས་ནས། དོན་གྱི་མཚན་མ་དང་རྟགས་སུ་བྱས་ནས་རྒྱུ་མཚན་ཞེས་བྱའོ། །སངས་རྒྱས་ཀྱི་མཚན་བཟང་པོ་ལ་ཡང་ལ་ཀྵ་ན་ཞེས་བྱ་སྟེ། མཚན་མའམ་རྟགས་སུ་བྱས་པའོ། །དེ་ལ་མིང་དང་རྒྱུ་མཚན་དེ་དག་ནི། སྒྲའི་བསྟན་ཆོས་པ་འདོད་པ་ལྟར་དོན་གྱི་ངོ་བོ་ཉིད་ལ་ལྡན་པ་ནི་མ་ཡིན་ཏེ། ངོ་བོ་ཉིད་ནི་མིང་དང་རྒྱུ་མཚན་དང་བྲལ་བའོ། །དེ་ལ་དོན་གྱི་ཁྱད་པར་གང་ཞེ་ན། ངོ་བོ་ཉིད་དེ་ལ་བརྟེན་ནས་བྱེ་བྲག་གང་གིས་ངོ་བོ་ཉིད་དེ་རྣམ་པར་ཕྱེ་སྟེ་ཁྱད་པར་དུ་བྱས་པས་ཁྱད་པར་ཞེས་བྱའོ། །དེ་ཉིད་མཚན་ཉིད་ཀྱང་ཡིན་ཏེ། མཚོན་པར་བྱ་བའམ་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཆོས་ཞེས་ཀྱང་བྱ་སྟེ། ངྷ་རྨ་ཞེས་བྱ་བ་ངྷ་ར་ནི་འཛིན་པ་མ་ནི་ཚིག་གི་རྐྱེན་ཡིན་ཏེ་འཛིན་པས་ཆོས་ཞེས་བྱའོ། །དེ་ཡང་འདིས་འཛིན་པར་བྱེད་པའམ། འདི་འཛིན་ཅིང་བཟུང་བས་ན་ཆོས་ཏེ། དེ་ལ་སྐབས་ལ་ལར་ནི་ལྟུང་བ་ལས་འཛིན་པར་བྱེད་པ་དང་། རིགས་པ་འཛིན་པར་བྱེད་པ་དང་། མཚན་ཉིད་འཛིན་པར་བྱེད་པས་ཆོས་ཞེས་བྱའོ། །ལ་ལར་ནི་ཁྱད་པར་འདི་ངོ་བོ་ཉིད་ཀྱིས་བཟུང་བ་ཡིན་ཞིང་ངོ་བོ་ཉིད་ལ་རྟེན་པ་ཡིན་པས། གཞན་ལ་རྟེན་པའི་ཕྱིར་ཆོས་ཞེས་བྱ་སྟེ། འདིར་ནི་འདི་བཞིན་དུ་སྦྱར་རོ། །དེ་བས་ན་ཆོས་གང་ལ་ཡོད་པ་དེ་ནི་ཆོས་ཅན། མཚན་ཉིད་གང་ལ་ཡོད་པ་དེ་ནི་མཚན་གཞི། ཁྱད་པར་གང་ལ་ཡོད་པ་དེ་ནི་ཁྱད་པར་གྱི་གཞི་ཡིན་ཏེ། དེ་ལྟར་ན་དེ་རྣམས་དང་ངོ་བོ་ཉིད་ལ་དོན་གྱི་བྱེ་བྲག་མེད་དོ། །ཅུང་ཟད་བྱེ་བྲག་དུ་ན་ངོ་བོ་ཉིད་ནི་དོན་གཞན་ལ་མ་ལྟོས་པར་དོན་དེ་ལྟ་བུའི་བློ་འབྱུང་བའོ། །ཆོས་ཅན་དང་མཚན་གཞི་ལ་སོགས་པ་ནི། ཆོས་ལ་སོགས་པ་ལ་ལྟོས་ནས་ཆོས་ཅན་ལ་སོགས་པའི་བློ་འབྱུང་བ་སྟེ། འདི་ནི་བྱེ་བྲག་གོ །ངོ་བོ་ཉིད་དང་ཁྱད་པར་དུ་གཞག་པའང་། ངོ་བོ་ཉིད་ནི་ཁྱད་པར་ལ་མ་རྟེན་པར་གྲུབ་པའོ། །ཁྱད་པར་ནི་ངོ་བོ་ཉིད་ལ་རྟེན་ནས་བྱེ་བྲག་སོ་སོར་རྣམ་པར་ཕྱེ་བའོ། །དེ་ལ་ཁྱད་པར་དེ་སྟོན་པར་བྱེད་པ་ནི་ཚིག་ཡིན་ཏེ། འདི་ལྟར་བྱཱ་ཛཱ་ན་ཞེས་བྱ་བ། དཔེ་བྱད་བཟང་པོའི་མིང་ཡང་ཡིན། ཚོད་མའི་མིང་ཡང་ཡིན། ཚིག་འབྲུ་ལ་ཡང་བྱ་སྟེ། དེ་ལ་དཔེ་བྱད་བཟང་པོ་ལ་བྱཱ་ཛཱ་ན་ཞེས་བྱ་བ། མེ་ཏོག་གི་ཟེའུ་འབྲུ་ཉིད་ཀྱང་མེ་ཏོག་ཡིན་མོད་ཀྱི། མེ་ཏོག་གི་སྤྱི་ཟེའུ་འབྲུས་འབྱེས་པར་བྱེད་པ་ལྟར། དཔེ་བྱད་ཉིད་ཀྱང་མཚན་གྱི་ཁོངས་སུ་གཏོགས་མོད་ཀྱི། མཚན་སྤྱི་དཔེ་བྱད་ཀྱིས་འབྱེས་པར་བྱེད་པ་བཞིན་དུ། བུམ་པ་མི་རྟག་ཅེས་བྱ་བ་ལྟ་བུ་ཚིག་གང་གིས་ངོ་བོ་ཉིད་དེ་བྱེ་བྲག་དུ་འབྱེད་པར་བྱེད་པས་དེ་སྐད་དུའོ། །ཇི་ལྟར་ཚོད་མས་ཟན་གྱི་རོ་བྱེ་བྲག་ཏུ་འབྱེད་ཅིང་ཁྲིད་པར་བྱེད་པ་ལྟར། ཁྱད་པར་གྱི་ཚིག་གང་གིས་ངོ་བོ་ཉིད་དེ་བྱེ་བྲག་ཏུ་འབྱེད་པར་བྱེད། ཕྱོགས་གཅིག་དུ་འདྲེན་པར་བྱེད་པས་ཚིག་འབྲུ་ཞེས་བྱའོ། །དེ་ལྟར་ངོ་བོ་ཉིད་དང་ཁྱད་པར་དེ་གཞིར་བྱས་ནས། གཅིག་དང་ཐ་དད་དུ་སྒྲུབ་པར་བྱེད་དེ། འདི་ལྟར་ངོ་བོ་ཉིད་གཅིག་གོ །ངོ་བོ་ཉིད་ཐ་དད་དོ། །ཆོས་གཅིག་གོ །ཆོས་ཐ་དད་དོ། །ཞེས་སྒྲུབ་པར་བྱེད་དོ། །དེ་དག་ལ་རྟེན་ནས་ཡོད་པ་དང་ཡིན་པ་སྒྲུབ་པར་བྱེད་དེ། འདི་ལྟར་ངོ་བོ་ཉིད་གཅིག་ཡིན་ནོ། །གཅིག་ཡོད་དོ། །ངོ་བོ་ཉིད་ཐ་དད་ཡིན་ནོ། །ཐ་དད་ཡོད་དོ། །ཆོས་གཅིག་ཡིན་ནོ། །གཅིག་ཡོད་དོ། །ཆོས་ཐ་དད་ཡིན་ནོ། །ཐ་དད་ཡོད་དོ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་ཡིན་པར་སྒྲུབ་པ་ནི་བདེན་པར་སྒྲུབ་པའོ། །ཡོད་པར་སྒྲུབ་པ་ནི་དམིགས་པར་སྒྲུབ་པའོ། །ཡང་ཡིན་པར་སྒྲུབ་པ་ནི་ལྟོས་ནས་སྒྲུབ་པར་བྱེད་དོ། །ཡོད་པར་སྒྲུབ་པ་ནི་རྟེན་ནས་སྒྲུབ་པར་བྱེད་དོ། །དེ་དག་ཀྱང་ཇི་ལྟར་ཞེ་ན། དེ་ལ་ངོ་བོ་གཅིག་སྒྲུབ་པ་གང་ཞེ་ན། རིགས་མཐུན་པའམ་རིགས་མི་མཐུན་པ་དུ་མ་ལས་བཟློག་སྟེ། འདི་ལྟར་བུམ་པ་ནི་རིགས་མི་མཐུན་པ་ཀ་བ་ལ་སོགས་པ་ལས་ཀྱང་བཟློག །རིགས་མཐུན་པ་བུམ་པ་གཉིས་པ་ལས་ཀྱང་བཟློག་སྟེ། བུམ་པ་ངོ་བོ་ཉིད་གཅིག་དུ་སྒྲུབ་པར་བྱེད་དོ། །དེ་ལ་ངོ་བོ་ཐ་དད་དུ་སྒྲུབ་པར་བྱེད་པ་གང་ཞེ་ན། ངོ་བོ་གཅིག་ལས་ལྟོས་ཏེ་སྒྲུབ་པར་བྱེད་དེ། འདི་ལྟར་རིགས་མཐུན་པ་བུམ་པ་གཅིག་ལ་ལྟོས་ཏེ་བཟློག་ནས། བུམ་པ་གཉིས་པ་ལ་སོགས་པ་ཐ་དད་དུའང་སྒྲུབ་པར་བྱེད། རིགས་མི་མཐུན་པ་ཀ་བ་ལྟ་བུ་ཕྱོགས་གཅིག་དུ་བྱས་ཏེ། བཟློག་ནས། བུམ་པ་དང་རེ་ལྡེ་དང་རྟ་དང་གླང་པོ་ལ་སོགས་པ་ཐ་དད་དུ་སྒྲུབ་པར་བྱེད་དོ། །དེ་ལ་ཆོས་གཅིག་དང་ཐ་དད་དུ་སྒྲུབ་པར་བྱེད་པའང་ཚུལ་དེ་དང་འདྲའོ། །གཞན་ཡང་གཅིག་དུ་སྒྲུབ་པར་བྱེད་པའི་ཚུལ་ཡང་རྣམ་པ་གཉིས་ཏེ། བཀར་ཏེ་གཅིག་དུ་བསྒྲུབ་པར་བྱེད་པ་དང་། བསྡུས་ཏེ་གཅིག་དུ་སྒྲུབ་པར་བྱེད་པའོ། །ཐ་དད་དུ་སྒྲུབ་པར་བྱེད་པའི་ཚེ་ནའང་གཉིས་ཏེ། བཟློག་སྟེ་ཐ་དད་དུ་བསྒྲུབ་པར་བྱེད་པ་དང་། ཕྱེ་སྟེ་ཐ་དད་དུ་སྒྲུབ་པར་བྱེད་པའོ། །དེ་ལ་ངོ་བོ་གཅིག་ཡོད་པར་བསྒྲུབ་པ་གང་ཞེ་ན། སྤྱི་རྫས་སུ་ཡོད་པར་འདོད་ཀྱང་རུང་། བཏགས་པའི་ཡོད་པར་འདོད་ཀྱང་རུང་སྟེ། སྤྱི་གཅིག་ལ་ངོ་བོ་ཉིད་དུ་མ་ཡོད་པ་ལས། འདི་ངོ་བོ་ཉིད་གཅིག་དུ་ཡོད་དོ་ཞེས། བཀར་ཏེ་ངོ་བོ་ཉིད་གཅིག་ཡོད་པར་བསྒྲུབ་བོ། །བཀར་ཏེ་ངོ་བོ་ཉིད་གཅིག་ཡིན་པར་བསྒྲུབ་པ་ནི། སྤྱི་ལ་རྟེན་པ་མེད་པར་ངོ་བོ་ཉིད་དུ་མར་གནས་པ་རྣམས་ལས་ལྟོས་ཏེ། བཟློག་ནས་བཀར་ཏེ་འདི་ངོ་བོ་ཉིད་གཅིག་ཡིན་ནོ་ཞེས་ཡིན་པར་སྒྲུབ་པར་བྱེད་དོ། །དེ་ལ་བསྡུས་ཏེ་ངོ་བོ་ཉིད་གཅིག་དུ་བསྒྲུབ་པར་བྱེད་པ་གང་ཞེ་ན། འདི་ལྟར་གང་དང་གང་གཅིག་གང་དུ་གཅིག་ཅེས་སྒྲུབ་པར་བྱེད་དོ། །འདི་ལྟར་ཆོས་དང་ཆོས་ཅན་བདག་ཉིད་གཅིག་པར་སྒྲུབ་པར་བྱེད་པ་ན། ངོ་བོ་ཉིད་གཅིག་པར་སྒྲུབ་སྟེ། ཨུད་པ་ལའང་དེ་ཉིད། སྔོན་པོའང་དེ་ཉིད། བུམ་པའང་དེ་ཉིད། བྱས་པའང་དེ་ཉིད་ཅེས་ངོ་བོ་ཉིད་གཅིག་དུ་སྒྲུབ་པར་བྱེད་དོ། །ཆོས་དང་ཆོས་ཅན་ངོ་བོ་ཉིད་དུ་གཅིག་པར་ཡང་བསྒྲུབ་པར་བྱེད་དོ། འདི་ལྟར་སྔོན་པོའང་ཨུད་པ་ལ་ཉིད་རྩུབ་པའང་ཨུད་པ་ལ་ཉིད། བྱས་པའང་བུམ་པ་ཉིད། མི་རྟག་པའང་བུམ་པ་ཉིད་ཅེས་བསྡུས་ཏེ་ངོ་བོ་ཉིད་ཅིག་དུ་བསྒྲུབ་པར་བྱེད་དེ། ཚུལ་འདི་ཉིད་ལའང་ཡོད་པ་དང་ཡིན་པའི་ཚུལ་གཉིས་གར་སྒྲུབ་པར་བྱེད་དོ། །དེ་ལ་ངོ་བོ་ཉིད་ཐ་དད་ཡོད་པར་བསྒྲུབ་པ་ན། སྤྱི་ལས་ཕྱེ་སྟེ་སྒྲུབ་པར་བྱེད་དོ། །ཡིན་པར་སྒྲུབ་པ་ན་གཅིག་ལས་བཟློག་སྟེ་སྒྲུབ་པར་བྱེད་དོ། །དེ་ལ་ཆོས་གཅིག་དུ་སྒྲུབ་པར་བྱེད་པ་ན། བཀར་ཏེ་བསྒྲུབ་པར་བྱེད་པའི་ཚེ། བུམ་པའི་ངོ་བོ་ཉིད་གང་ཡིན་པ་དེའི་ཆ་ཤས་མ་ལུས་པར་ཆུ་འཛིན་པར་བྱེད་པ་ཡིན་བྱས་པ་ཡིན་མི་རྟག་པ་ཡིན་ནོ་ཞེས་ཁྱད་པར་གཞན་སྤངས་ཤིང་ཆོས་གཅིག་ལས་བཟློག་ནས་སྒྲུབ་བོ། །ཆོས་དང་ཆོས་ཅན་གཉིས་ཆོས་གཅིག་པར་སྒྲུབ་པར་བྱེད་ན། ངོ་བོ་ཉིད་ཕྱོགས་སུ་བྱས་ནས་དེའི་ཆ་ཤས་མ་ལུས་པར་ཆོས་གཅིག་དུ་སྒྲུབ་པར་བྱེད་དོ། །ངོ་བོ་ཐ་དད་བསྡུས་ཏེ་ཆོས་གཅིག་དུ་སྒྲུབ་པར་བྱེད་པའི་ཚེ་ནི། གང་དང་གང་གཅིག་གང་དུ་གཅིག་ཅེ་ན། ཀ་བའི་ངོ་བོ་ཉིད་དང་བུམ་པའི་ངོ་བོ་ཉིད་གཉིས་གའང་བྱས་པར་གཅིག་གོ །ཞེས་བསྡུས་ཏེ་ཆོས་གཅིག་དུ་སྒྲུབ་པར་བྱེད་དེ། ཡོད་པའམ་ཡིན་པར་སྒྲུབ་བོ། །དེ་ལ་ཆོས་ཐ་དད་དུ་སྒྲུབ་པར་བྱེད་པ་ན་ཕྱེ་སྟེ་ཐ་དད་དུ་སྒྲུབ་པར་བྱེད་པ་ནི་འདི་ལྟར། བུམ་པའི་ངོ་བོ་ཉིད་གཅིག་ལ་ཁ་དོག་དང་དབྱིབས་དང་རེག་བྱ་དང་མཚན་ཉིད་དག་སོ་སོར་འབྱེད་དོ། །མཚན་ཉིད་ལའང་བྱས་པ་དང་མི་རྟག་པ་ལ་སོགས་པ་མཚན་ཉིད་སོ་སོར་འབྱེད་དོ། །བཟློག་སྟེ་ཆོས་ཐ་དད་དུ་སྒྲུབ་པར་བྱེད་པ་ན། འདི་ལྟར་བྱས་པ་ནི་མི་རྟག་པ་ལས་བཟློག་ནས་ཆོས་གཞན་ཡིན་ཏེ། འདི་ལྟར་བྱས་པ་ནི་འདུ་བྱེད་རྣམས་མངོན་པར་འགྲུབ་པའི་མཚན་ཉིད། མི་རྟག་པ་ནི་འདུ་བྱེད་རྣམས་འགག་པའི་མཚན་ཉིད་དེ། དེ་བས་ན་བྱས་པ་ཉིད་མི་རྟག་པ་ཡིན་པར་གྱུརད་ན། འདུ་བྱེད་རྣམས་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་མི་རྟག་པ་ཉིད་བྱས་པ་ཡིན་ན། འདུ་བྱེད་རྣམས་འགག་པར་མི་འགྱུར་རོ། །ཞེས་བསྒྲུབ་པར་བྱེད་པའོ། །དེ་དག་ཐམས་ཅད་ལ་ཡང་ཡོད་པ་དང་ཡིན་པའི་མཚན་ཉིད་བསྒྲུབ་པར་བྱེད་དེ། དེ་ལ་ཡོད་པའི་སྒྲ་དང་བློས་ནི་ཁྱད་པར་གཞན་མ་སྤངས་པའི་ཚུལ་དུ་སྟོན། ཡིན་པའི་སྒྲ་དང་བློས་ནི་ཁྱད་པར་གཞན་སྤངས་པའི་ཚུལ་དུ་སྟོན་ཏོ། །དེ་ལྟར་སྒྲུབ་པར་བྱེད་པ་དེ་ཡང་བློ་རྣམ་པ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ཏེ། འདི་ལྟར་རིལ་བོར་འཛིན་པའི་བློས་གཅིག་དུ་སྒྲུབ་པར་བྱེད་པའི་ཚེ། ངོ་བོ་ཉིད་གཅིག་དུ་སྒྲུབ་པར་བྱེད་ན། ཆོས་དང་ཆོས་ཅན་ཡང་ངོ་བོ་ཉིད་ཐ་དད་མི་རྙེད། ཆོས་དང་ཆོས་ཀྱང་ངོ་བོ་ཉིད་ཐ་དད་མི་རྙེད་དེ། ངོ་བོ་ཉིད་དེ་ནི་གཅིག་དུ་ཡོད་པའམ་ཡིན་པར་རྫས་སུ་གྲུབ་པར་འགྱུར་ལ། དེའི་ཆོས་ནི་ངོ་བོ་ཉིད་དེའི་བྱེ་བྲག་དང་མཚན་མ་ཙམ་དུ་བྱས་པ་སྟེ། སོ་སོ་ན་རྫས་ཀྱི་ཆ་ཤས་མེད་པར་འགྱུར་ཏེ། དེ་ལྟ་ན་ངོ་བོ་ཉིད་ནི་ཆ་ཤས་དུ་མ་མེད་པ་རྫས་གཅིག་ཡོད་པའམ་ཡིན་པར་སྒྲུབ་པར་བྱེད་དོ། །དེ་ལ་རྗེས་སུ་གཞིག་པའི་བློས་རྣམ་པར་ཕྱེ་བའི་དུས་ན་ནི། སྤྱི་གཅིག་ཏུ་ཡོད་པར་འདོད་པ་ནི་ངོ་བོ་ཉིད་དུ་མར་ཕྱེ་བས་སྤྱི་གཅིག་པོ་འཇིག་གོ །ངོ་བོ་ཉིད་ཁྱད་པར་དུ་མར་ཕྱེ་བས་ངོ་བོ་ཉིད་གཅིག་པ་ཆ་ཤས་མེད་པའི་རྫས་འཇིག་གོ །ཁྱད་པར་གཅིག་པོ་ཆ་ཤས་སུ་ཕྱེ་བས་ཆོས་གཅིག་པོའི་རྫས་འཇིག་སྟེ་མི་འགྲུབ་བོ། །དེ་ལྟར་རིམས་ཀྱིས་རྣམ་པར་ཕྱེ་ན། གཅིག་དང་དུ་མའི་བློ་ནི་བསྐལ་པའི་བར་དུ་ཕྱེ་ཡང་མི་ལྡོག་དུ་རུང་ལ། །དངོས་པོ་རྣམས་ཀྱི་རང་བཞིན། དེ་བཞིན་དུ་ཡོད་པར་བསྒྲུབ་དུ་ནི། གཟུགས་ནི་བོང་ཚོད་ཀྱིས་མི་ཐུབ། སེམས་དང་སེམས་ལས་བྱུང་བ་ནི་རྣམ་པས་མི་ཐུབ་སྟེ། མཐར་ནམ་མཁའ་ལྟ་བུའི་མཚན་ཉིད་དུ་མི་འགྱུར་བའི་གནས་མེད་དོ། །སྐབས་ཁ་ཅིག་དུ་བློ་རྣམ་པ་གཉིས་སུ་ཕྱོགས་པ་བོར་ཏེ། གཉིས་གའི་ཆ་ལ་བརྟེན་ནས་བརྟགས་ན། འདུ་བྱེད་རྣམས་དང་དེའི་མཚན་ཉིད་མི་རྟག་པ་གཉིས། གཅིག་པ་དང་ཐ་དད་པ་གཉིས་ག་ལའང་སྐྱོན་དམིགས་ནས། གཉིས་ག་ལས་གྲོལ་བར་བྱའོ་ཞེས་ཀྱང་སྟོན་ལ། དེ་བཞིན་དུ་གཞན་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་དེ་འདྲ་སྟེ། དེ་ལྟ་ན་དངོས་པོར་ལྟ་བའི་གྲུབ་མཐའ་ཐམས་ཅད་ཀྱིས། རང་གི་གྲུབ་པའི་མཐའ་ནི་རིལ་པོར་འཛིན་པའི་བློས་ངོ་བོ་ཉིད་གཅིག་གི་རྫས་ཡོད་པར་བསྒྲུབས། གཞན་གྱི་གྲུབ་པའི་མཐའ་ནི་རྗེས་སུ་གཞིག་པའི་བློས་བཤིག་སྟེ་རྫས་སུ་མེད་པར་བསྒྲུབས་ཀྱང་། ཇི་ལྟར་བསྒྲུབས་པ་དེ་ལྟར་ཚད་ཟིན་ཅིང་ཤེས་བྱའི་མཐར་ཕྱིན་པ་མེད་དེ་དྲི་མ་ཆེ་ཆུང་ཙམ་དུ་ཟད་དོ། །ཡང་ན་འདི་ལྟར་ངོ་བོ་དང་ཁྱད་པར་གཅིག་དུའང་བསྒྲུབ་དུ་རུང་། ཐ་དད་དུའང་བསྒྲུབ་དུ་རུང་། གཉིས་ག་ལས་གྲོལ་བར་ཡང་བསྒྲུབ་དུ་རུང་། གཅིག་དུ་བསྒྲུབ་པར་བྱེད་པའི་ཚེ། ཆོས་ངོ་བོ་ཉིད་གཅིག་དུའང་རུང་། ངོ་བོ་ཆོས་གཅིག་དུའང་རུང་། འདི་ལྟ་བུར་ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཉེ་བར་གཞག་པའི་མཚན་ཉིད་དུ་དམིགས་ན། རིགས་པའི་གནོད་པ་འདི་དག་ཀྱང་ཁྱེད་དངོས་པོར་ལྟ་བ་རྣམས་ཕན་ཚུན་གཅིག་ལ་གཅིག་འགལ་བ་དམིགས་པ་ཙམ་དུ་ཟད་དེ། རྫོགས་པ་ཆེན་པོའི་ཚུལ་ལ་རིགས་པ་དེ་དག་གིས་ཕྱོགས་ཆ་ཙམ་དུའང་སླེབས་པ་མེད་དེ། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་དང་ནམ་མཁའི་མཐའ་མདའ་རྒྱང་དང་མིག་རྒྱང་གིས་གཞལ་བར་འདོད་པ་བཞིན་ནོ། །སྒྲའི་བསྟན་ཆོས་ལས་ཀྱང་། ཐ་སྙད་ཅི་བརྗོད་ཀྱང་མེད་པ་དང་མ་ཡིན་པར་དགག་པ་དང་། ཡོད་པ་དང་ཡིན་པར་བསྒྲུབ་པ་ཙམ་ལས་མེད་དེ། དེ་ལ་དངོས་པོ་བསྒྲུབ་པའང་ཕལ་ཆེར་དེ་ལ་ཕན་པའི་རྐྱེན་དང་། བྱེད་པའི་རྐྱེན་གྱིས་བརྗོད་དེ། དེ་ལ་ཕན་པའི་རྐྱེན་ནི་འདི་ལྟར། ཅན་ལྟ་བུ་སྤྱི་སྟོན་པ་དང་། གང་ཡིན་པ་ལྟ་བུ་ངོ་བོ་ཉིད་སྟོན་པ་དང་། ཉིད་ལྟ་བུ་ཁྱད་པར་སྟོན་པ་དང་། བྱེད་པའི་རྐྱེན་ཡང་འདི་ལྟར། རིང་དུ་འགྲོ་བར་བྱེད་པ་ནི་རིང་དུ་འགྲོ་བ་ཞེས་ཡོན་ཏན་སྟོན་པ་དང་། རིང་དུ་འགྲོ་བར་བྱེད་པ་ནི་རིང་འགྲོ་ཞེས་ཡོན་ཏན་སྟོན་པ་ལྟ་བུའང་ཡོད་པ་དང་ཡིན་པར་སྟོན་པ་ལས་གུད་ན་མེད་དོ། །གཞན་ཡང་མིང་ཁ་མ་ཚང་བ་ལས་ཁ་ཚང་བར་བྱས་པ་ཙམ་དང་། རྣམ་པར་དབྱེ་བ་དང་བཅས་པ་ཙམ་ལ་ཡིན་བྱེད་ཀྱི་མཐའ་ཅན་ཞེས་བྱ་སྟེ། རས་ཡུག་གི་དཀར་པོ་བྱ་བ་ལྟ་བུ་ཡོད་པ་དང་ཡིན་པར་སྟོན་པའི་རྐྱེན་མེད་པའང་དོན་དེ་ལས་མི་འདའོ། །གཞན་ཡང་རིགས་པའི་བསྟན་ཆོས་ལས་རིགས་པ་རྣམ་པ་བཞིའི་སྒོ་ནས་དགག་སྒྲུབ་བྱེད་པ་རྣམས་ཀྱང་། དགག་པ་རྣམ་པ་གཉིས་དང་། བསྒྲུབ་པ་གཉིས་ལས་མི་འདའ་སྟེ། རིགས་པ་རྣམ་པ་བཞིའི་སྒོ་ནས་གཞལ་ཡང་། དངོས་པོར་ལྟ་བ་རྣམས་ཀྱི་གྲུབ་མཐའ་གཅིག་ལ་གཅིག་གནོད་པ་ཙམ་ཡང་དམིགས་ལ། གཞན་ཡང་རིགས་པ་ཉིད་ཐལ་བར་གྱུར་ནས་སླར་གནོད་པ་དམིགས་པར་ཟད་དེ། དེས་རྫོགས་པ་ཆེན་པོའི་ཚུལ་ལ་མི་གནོད་པ་ནི་སྔ་མ་བཞིན་ནོ། །དེ་ལ་རིགས་པ་བཞིའི་ཚུལ་ནི། སྤྱིར་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྒྲུབ་པའི་མཚན་ཉིད་ལ། ངོ་བོ་ཉིད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་ནི་ཆོས་ཉིད་ཀྱི་རིགས་པ། འབྲས་བུའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ། རྒྱུའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་ལྟོས་པའི་རིགས་པ། རིགས་པ་ཉིད་དྲི་མ་མེད་པར་བྱས་ཏེ་སྒྲུབ་པར་བྱེད་པ་ནི་འཐད་པ་སྒྲུབ་པའི་རིགས་པའོ། །འདི་རྣམས་ཀྱི་སེལ་བ་བཞི་ནི། ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་དང་། བྱེད་པ་ལ་ཐེ་ཚོམ་ཟ་བ་དང་། མངོན་པར་འགྲུབ་པ་ལ་ཐེ་ཚོམ་ཟ་བ་དང་། རིགས་པ་ལ་ཐེ་ཚོམ་ཟ་བ་རྣམས་གོ་རིམས་བཞིན་དུ་སེལ་བར་བྱེད་དོ། །འདི་རྣམས་ཀྱི་ཡུལ་དང་ཚད་ནི། ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་ཆོས་ཉིད་ཀྱི་རིགས་པར་གཞག་དུ་རུང་ངོ་། །དེ་བཞིན་དུ་བྱེད་པ་དང་མངོན་པར་འགྲུབ་པ་དང་རིགས་པའི་དངོས་གཞི་རྣམས་ལ་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་དེ་རྣམས་རིགས་པར་གཞག་དུ་རུང་ངོ་། །དེ་ལ་ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་ཡོད་པ་ནི། མེ་ཤེལ་ལ་ཚ་བའི་རེག་པ་ཡོད་པ་ལྟ་བུའོ། །དེ་ལ་དངོས་གཞི་ལོག་པ་ནི་རི་དྭགས་མེའི་གཙང་སྦྲ་ཅན་ལ་མེ་ཚ་བའི་དངོས་གཞི་ལོག་པ་ལྟ་བུའོ། །གཞན་ལ་ཡང་ཅི་རིགས་སུ་སྦྱར་རོ། །རིགས་པ་བཞིའི་ཐལ་བ་ནི། ཆོས་ཉིད་ཀྱི་རིགས་པས་བསྒྲུབ་པ་ཐལ་དྲགས་ན། དངོས་པོ་ཐམས་ཅད་མི་ལྡོག་སྟེ། མཐའ་རང་བཞིན་རྒྱུར་སྨྲ་བར་འགྱུར་རོ། །བྱ་བ་བྱེད་པའི་རིགས་པ་ཐལ་དྲགས་ན། བྱེད་པ་དང་རྩོལ་བ་ཐམས་ཅད་མི་ལྡོག་སྟེ། མཐའ་བྱེད་པ་པོ་རྒྱུར་སྨྲ་བར་འགྱུར་རོ། །ལྟོས་པའི་རིགས་པ་ཐལ་དྲགས་ན། དབང་ཐམས་ཅད་མི་ལྡོག་སྟེ། མཐའ་དབང་ཕྱུག་རྒྱུར་སྨྲ་བར་འགྱུར་རོ། །འཐད་པ་སྒྲུབ་པའི་རིགས་པ་ཐལ་དྲགས་ན། རིགས་པ་གནས་སྐབས་ཐམས་ཅད་དུ་དྲི་མ་མྱེད་པར་འགྱུར་ཏེ། མཐར་མངོན་པའི་ང་རྒྱལ་དུ་འགྱུར་རོ། །དེ་ལ་དངོས་པོར་སྨྲ་བ་རྣམས་དངོས་པོ་སྒྲུབ་པ་ན། ཕལ་ཆེར་ཆོས་ཉིད་ཀྱི་རིགས་པ་དང་མངོན་སུམ་གྱིས་སྒྲུབ་པར་བྱེད་དེ། དེ་བས་ན་འདི་གཉིས་ཀྱིས་ཚད་དང་ཐལ་བ་བརྗོད་པར་བྱའོ། །དེ་ལ་དོན་ལ་བློས་འཇལ་བ་ན། གོང་དུ་བརྗོད་པ་བཞིན་དུ་འདུ་ཤེས་ཀྱིས་ཁྱད་པར་དུ་བྱས་པའི་བློས་དམིགས་པ་དང་། ཚོར་བས་ཁྱད་པར་དུ་བྱས་པའི་བློ་ལ་སྣང་བ་དང་། ཤེས་རབ་དྲི་མ་མེད་པས་ཁྱད་པར་དུ་བྱས་པའི་བློས་རྟོགས་པའོ། །དེ་ལ་ཚོར་བའི་སྤྱོད་ཡུལ་དུ་སྣང་བ་ནི་ཉམས་སུ་མྱོང་བ་ཡིན་ཡང་། འཁྲུལ་པ་སེལ་མི་ནུས་པས་ད་རུང་གཞལ་བྱ་ཡིན་ཏེ། རྫས་ལྟ་བུ་ཞིག་དུ་ཟད་དོ། །འདུ་ཤེས་ཀྱིས་དམིགས་པ་ནི་སྒྲོ་སྐུར་ཡང་སེལ་མི་ནུས་པས་ངོས་མི་ལྟ་བུ་ཞིག་དུ་ཟད་དོ། ། དེ་ལ་འཇལ་བར་བྱེད་པའི་སྲང་ལྟ་བུ་ནི་ཤེས་རབ་དྲི་མ་མེད་པས་རྟོགས་པ་ཡིན་ནོ། །ཤེས་རབ་ཀྱང་གཉིས་ཏེ་སོ་སོར་རྟོག་པའི་ཤེས་རབ་དང་། རྣམ་པར་མི་རྟོག་པའི་ཤེས་རབ་བོ། །དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཉིད་ལ་གཞལ་ན། དྲི་མ་རིམ་པ་ནས་རིམ་པར་བསལ་དུ་ཡོད་དེ། གོང་དུ་བསྟན་པ་བཞིན་དུ་མཚན་ཉིད་རྣམ་པར་གཞག་པ་རྣམས་ལ། ཀུན་དུ་བརྟགས་པའི་དྲི་མ་རིམ་པ་ནས་རིམ་པར་བསལ་དུ་ཡོད་པས། མཐའ་ཆོས་ཉིད་ཀྱི་དངོས་གཞི་མ་ལོག་གི་བར་དུ་དྲི་མ་མི་ཟད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་པ་ན། ཆོས་ཉིད་ཀྱི་དངོས་གཞི་ལྡོག་གོ །དེ་བས་ན་ཆོས་ཉིད་ཀྱི་རིགས་པས་སྒྲུབ་པ་འདི་ཡང་ཆོས་ཉིད་མ་ལོག་པ་ལ་དྲི་མ་ཕྱོགས་རེ་ཆོད་པ་ཙམ། ཆོས་ཉིད་ཀྱི་རིགས་པར་འཇོག་དུ་ཟད་དོ། །དེ་ལས་ཐལ་བར་གྱུར་ན། དབུ་མའི་ཡང་དག་པའི་ཀུན་རྫོབ། དུག་གིས་འཆི་བའི་ཆོས་ཉིད་དང་། སྨན་གྱིས་འཚོ་བའི་ཆོས་ཉིད་བཞིན་དུ། དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་ན། རྣལ་འབྱོར་སྤྱོད་པའི་སེམས་དང་ཡེ་ཤེས་དོན་དམ་པར་ཡོད་པའང་ཆོས་ཉིད་དུ་འགྱུར། ཉན་ཐོས་ཀྱི་གཟུང་འཛིན་དང་། མཐའ་རང་བཞིན་རྒྱུར་ལྟ་བ་ཉིད་དུ་འགྱུར་ཏེ། དངོས་པོར་ལྟ་བ་ཐམས་ཅད་ཀྱི་སྲུངས་མར་འགྱུར་རོ། །མངོན་སུམ་གྱིས་གྲུབ་པ་ཡང་འདི་ལྟར། གོང་དུ་བསྟན་པ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ལས། ཕྱི་རོལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་འདི་རིགས་པ་གཞན་གང་གིས་སུན་དབྱུང་ཞེའོ། །རྣལ་འབྱོརད་སྤྱོད་པའི་ཚུལ་ལས། ཁྱོད་ཀྱི་དོན་དེ་ཆོས་ཉིད་ཀྱི་དངོས་གཞི་ལ་འཁྲུལ་པ་ཡིན་ཏེ། ཆོས་ཉིད་དྲི་མ་མེད་པ་ནི་རྣམ་པར་རིག་པ་ཉིད་ཕྱི་ནང་གི་སྐྱེ་མཆེད་དུ་སྣང་བར་ཟད་དེ། དེ་བས་ན་རང་རིག་པ་ནི་གང་གི་ཡང་གཟུང་བ་མ་ཡིན་ལ་གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ། གཉིས་ཀྱིས་སྟོང་པའི་མཚན་ཉིད་རང་རིག་པ་ཙམ་གྱི་ཆོས་ཉིད་དུ་གྲུབ་པ་ནི་ཆོས་ཉིད་དྲི་མ་མེད་པ་ཡིན་ནོ། །འདི་ནི་རིགས་པས་བསྒྲུབ་ཀྱང་མི་དགོས་ལ། རིགས་པས་གནོད་ཀྱང་མི་ནུས་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་རིག་པའི་མངོན་སུམ་མ་ཡིན་ནམ། དེ་ལྟར་ན་མངོན་སུམ་ཉིད་ཡང་དག་པའི་ཤེས་པ་མ་ཡིན་ནམ། དེ་ལྟ་ན་དེ་ལ་རིགས་པ་གཞན་གྱིས་བསྒྲུབ་ཅི་དགོས། གཞན་ཡང་ཡང་དག་པའི་ཤེས་པ་དེ་སུན་འབྱིན་པར་བྱེད་པའི་ཡང་དག་པའི་ཤེས་པ་གཉིས་པ། དེ་ལས་མཐུ་རྩལ་གྱིས་ཆེ་བ་གཞན་གང་ཞིག་ཡོད། ཤེས་བྱ་ཐམས་ཅད་སེམས་ཙམ་ཡིན་ན། ཡང་དག་པའི་ཤེས་པ་དེས་གཞལ་ཞིང་བསྒྲུབ་པར་བྱ་བའི་དོན་གཞན་ཡང་ཅི་ཞིག་བཙལ་དགོས་ཞེས་ཆོས་ཉིད་དྲི་མ་མེད་པ་དང་མངོན་སུམ་དྲི་མ་མེད་པར་འཛིན་ཏོ། །གཞན་དུ་ན་དེ་དག་དྲི་མ་ཅན་དུ་བསྒྲུབ་པར་བྱེད་པ་ཡང་ཡོད་དེ། འདི་ལྟར་ཐུན་མོང་ལྟར་ན་མངོན་སུམ་གྱི་བློ་དེ་རྣམ་པ་དང་བཅས་པར་སྐྱེ་བ་ཞིག་གམ། འོན་ཏེ་རྣམ་པ་མེད་པར་སྐྱེ་བ་ཞིག །དེ་ལ་རྣམ་པ་མེད་པར་སྐྱེ་ན་ནི་དོན་ལ་མངོན་སུམ་དུའང་ཇི་ལྟར་བྱེད། གལ་ཏེ་རྣམ་པ་དང་བཅས་པར་སྐྱེ་ན་ནི་མ་འཁྲུལ་བའི་དཔང་པོའང་གང་གིས་བྱ། དེ་བས་ན་མངོན་སུམ་ནི་ཚད་མར་མི་རུང་ངོ་ཞེས་སུན་འབྱིན་པ་ཡང་ཡོད་དོ། །རྣལ་འབྱོར་སྤྱོད་པ་པ་ཉིད་ཀྱི་ལྟར་ན། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་མ་ཡིན་ནམ། ཀུན་དུ་རྟོག་པ་ཡིན་ན་ཇི་ལྟར་མངོན་སུམ་གྱི་བློ་རྟོག་པ་དང་བྲལ། ཡང་དག་པ་མ་ཡིན་པར་གྲུབ་ན་ཇི་ལྟར་མངོན་སུམ་གྱི་བློ་མ་འཁྲུལ། རྟོག་པ་དང་བཅས་ཤིང་འཁྲུལ་པ་དང་བཅས་པར་གྱུར་ན་ཚད་མར་ཇི་ལྟར་རུང་། གཞན་ཡང་འདི་ལྟར་རྟོག་པ་དང་མ་འཁྲུལ་ཞེས་དགག་པའི་སྒྲ་གཉིས་ཀྱིས་བསྟན་པ་འདི། ཞེན་པར་དགག་པ་དང་བྲལ་བར་དགག་པར་བསྟན་པ་ཡིན་ཏེ། འདི་ལྟར་ཉི་མའི་སྙིང་པོ་ལ་མུན་པ་མེད་པ་ཞེས་བྱ་བའི་སྒྲས་བསྟན་པ་བཞིན་དུ། མུན་པའི་གཞི་ཅུང་ཟད་ཀྱང་མེད་པར་སྟོན་པ་ཞིག་ན་ནི། དབང་པོའི་བློ་ངོ་བོ་ཉིད་ཀྱི་གཡེང་བར་མི་འགྱུར་ཏེ། ངོ་བོ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ། །གལ་ཏེ་ཕྲ་ཞིང་ཆུང་བར་དགག་པ་ཡིན་ཏེ། འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་ཅེས་དགག་པ་ལྟར། རྟོག་པ་ཕྲ་བ་ལ་རྟོག་པ་མེད་ཅེས་བརྗོད་ལ། གཟུགས་ཆུང་བ་ལ་གཟུགས་མེད་ཅེས་བརྗོད་པ་ལྟར། འཁྲུལ་པ་ཆུང་བ་ལ་མ་འཁྲུལ་ཞེས་བརྗོད་ན་ནི། ངོ་བོ་ཉིད་རྟོག་པ་དང་བཅས་ཤིང་འཁྲུལ་པ་དང་བཅས་པ་ཡིན་པས་ཚད་མར་ཇི་ལྟར་རུང་། གཞན་ཡང་གཟུང་འཛིན་གྱི་ངོ་བོ་བསལ་ཡང་། ཤེས་ཤིང་རིག་པའི་མཚན་ཉིད་དུ་སྐྱེ་བ་ཉིད་ཚོར་བས་ཉམས་སུ་མྱོང་བ་ཡིན་ན། ཚོར་བའི་སྤྱོད་ཡུལ་གྱིས་འཁྲུལ་པ་མི་ཆོད་པས་རང་རིག་པ་ཉིད་དེ་ལྟ་བུར་གྲུབ་བམ་མི་གྲུབ་མ་ངེས་ཏེ་ད་རུང་གཞལ་བྱ་ཡིན་ནོ། །འདི་སྐད་དུ་འོ་ན་རིགས་པ་ཐམས་ཅད་དྲི་མ་ཅན་ཡིན་ན། ཁྱེད་ལ་རིགས་པ་དྲི་མ་མེད་པ་གཞན་ཇི་ལྟ་བུ་ཞིག་ཡོད་ཅེ་ན། ཁོ་བོ་ཅག་ནི་རིགས་པ་དྲི་མ་མེད་པ་ཡོད་པར་མི་སྨྲ་སྟེ། འོན་ཀྱང་དྲི་མ་ཆེ་ཆུང་གི་བྱེ་བྲག་ཡོད་པས་ཆུང་བས་ཆེ་བ་སུན་འབྱིན་པར་ནུས་སོ། །རིགས་པ་དྲི་མ་མེད་པ་གཅིག་གིས་ཤེས་བྱའི་མཐར་ཕྱིན་པར་བྱེད་པ་ཞིག་ཡོད་ན། རྒྱལ་བ་རྣམས་ཀྱིས་བཀའ་ཐམས་ཅད་དུ་དེ་ཉིད་ཐོག་མར་ཅིའི་ཕྱིར་མི་བསྟན་ཏེ། དེ་ལྟའང་མ་ཡིན། རིགས་པ་ལ་རྟེན་ཅིང་ཕན་མི་འདོགས་པའང་མ་ཡིན་ཏེ། དཔེར་ན་སྐྱེས་བུ་ལམ་རིང་བོར་འགྲོ་བར་འདོད་ན། མིག་རྒྱང་དང་པོ་དང་གོམ་པ་དང་པོས་མཐར་ཕྱིན་པའང་མ་ཡིན། དེ་ལ་མ་རྟེན་པར་ཡང་མ་ཡིན། དེད་དཔོན་གྱི་ལུང་དང་དབང་ལ་མ་རྟེན་པར་ཡང་མ་ཡིན་ཏེ། དེ་རྣམས་ལ་རྟེན་པས་མཐར་ཕྱིན་པ་བཞིན་དུ་ལུང་དང་མན་ངག་དང་རང་གི་བློ་རིགས་པས་བསྐྱེད་པ་རྣམས་ཀྱིས་མཐར་རྟོགས་པར་འགྱུར་རོ། །ཇི་སྐད་དུ། མཁས་པ་གོམ་པ་སྔ་མ་མ་བརྟན་བར་དུ་ཕྱི་མ་འདོར་མི་བྱེད། །དེ་བརྟན་གྱུར་ནས་དེ་བཞིན་རིམ་པར་འདོར་བྱེད་པ། །ཉམ་ཉེས་གཡང་སར་མི་ལྟུང་བདེ་བར་གནས་སུ་ཕྱིན་པར་འགྱུར། །དེ་བཞིན་མཁས་པ་རིགས་པ་སྔ་མ་མ་བརྟན་བར་དུ་གཞན་མི་སྒྲུབ། །དེ་བརྟན་གྱུར་ནས་དེ་བཞིན་རིམ་པར་སྒྲུབ་བྱེད་པ། །སྐྱོན་ཀྱི་གཡང་སར་མི་ལྟུང་བདེ་བར་དོན་རྣམས་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་སྒྲའི་བསྟན་ཆོས་དང་རིགས་པའི་བསྟན་ཆོས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་། རང་གི་གྲུབ་པའི་མཐའ་ནི་རིགས་པ་དྲི་མ་མེད་པས་གྲུབ་པ་ཡིན་པས་བླང་བར་བྱ་བ་ཡིན་ལ། རྫོགས་པ་ཆེན་པོའི་ཚུལ་ནི་རིགས་པས་མ་གྲུབ་སྟེ་དོར་བར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ལ་མ་བྱེད་པར་འདི་ལ་དད་པས་འཇུག་པར་གྱིས་ཤིག །དེ་ལྟ་མ་ཡིན་ན་མངོན་པའི་ང་རྒྱལ་ཅན་དུ་གྱུརད་ཏ་རེ། རྫོགས་པ་ཆེན་པོའི་ཚུལ་རིགས་པས་མི་གནོད་པའི་སྐབས་ཏེ། བཞི་པའོ།།  །། ད་ནི་རྫོགས་པ་ཆེན་པོའི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་རྫོགས་པ་ཆེན་པོའི་ཚུལ་སྟོན་པའི་གཞུང་ཇི་སྙེད་པ་ཐམས་ཅད་ལས་ཀྱང་། དོན་མདོར་བསྡུ་ན་རྣམ་པ་བཞིར་འདུས་ཏེ། འདི་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་གཞག་ཐབས་བསྟན་པའོ། །དེ་ལ་ཆེ་བ་དང་གོལ་སྒྲིབ་བསྟན་པས་ཀྱང་རང་བཞིན་བསྟན་པར་འགྱུར། རང་བཞིན་བསྟན་པས་ཀྱང་ཆེ་བ་རྟོགས་ཤིང་གོལ་སྒྲིབ་ཆོད་པར་འགྱུར་ཏེ། དེ་བས་ན་གཞུང་རྣམས་ལས་ཀྱང་ལྷག་པར་འདི་ལྟར་གུད་དུ་ཕྱེ་ཞིང་བསྟན་པའང་མེད་ལ། འདི་རྣམས་ལས་འདའ་བའང་མེད་དོ། །དེ་ལ་མདོར་བསྡུ་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། ཕྱི་ནང་སྣང་སྲིད་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་གདོད་མ་ཉིད་ནས་སངས་རྒྱས་ཏེ། ད་ལམ་གྱིས་བཅོས་ཤིང་གཉེན་པོས་བསྒྲུབ་དུ་མེད་དེ་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའོ། །བྱང་ཆུབ་སེམས་ཀྱི་ཆེ་བ་ནི། དཔེར་ན་རིན་པོ་ཆེ་གསེར་གླིང་ན་ས་རྡོའི་མིང་ཡང་མེད་དེ། ཐམས་ཅད་གསེར་གྱི་རང་བཞིན་དུ་གནས་པ་བཞིན་དུ། ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། འཁོར་བ་དང་ངན་སོང་ལ་སོགས་ཏེ་ཉེས་སྐྱོན་གྱི་ཆོས་སུ་བཏགས་པ་ནི་མིང་ཙམ་ཡང་མེད་དེ། ཐམས་ཅད་ཀུན་དུ་བཟང་པོའི་རོལ་པའི་རྒྱན་མ་འགགས་པ་ཙམ་དུ་སྣང་བ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་དོ། །བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་ནི། དེ་ལྟར་མ་རྟོགས་པ་དང་ལོག་པར་རྟོག་པའི་འཇིག་རྟེན་པ་ནས་ཐེག་པ་འོག་མ་བའི་ལྟ་སྤྱོད་ཐམས་ཅད་ཡིན་ཏེ། མདོར་བསྡུས་ན་གོལ་སྒྲིབ་སུམ་བཅུ་ལྟ་བུའོ། །བྱང་ཆུབ་སེམས་ཀྱི་གཞག་ཐབས་ནི། །རྣལ་འབྱོར་གྱི་སྐྱེས་བུ་བློ་ཡང་རབ་ཏུ་གྱུར་པ་གང་གིས། རྫོགས་པ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་སྙོམས་ཆེན་པོའི་ངང་ལ་གནས་པའོ། །འདི་ལྟ་བུར་སྟོན་པའི་རྫོགས་པ་ཆེན་པོའི་ཚིག་འདི་དག་ཀྱང་། ཆེ་ཆེ་རགས་རགས་སྐད་དུ་སྨྲའང་། འཕྲ་ཞིང་ཞི་སྟེ་ནམ་མཁའི་ཁམས་དང་འདྲ་ལ། ཐེག་པ་འོག་མ་པའི་ཚུལ་ནི་འཕྲ་ཞིང་ཞི་ཞི་སྐད་དུ་སྨྲ་ཡང་རགས་ཤིང་བརྡོའ་སྟེ། རྡུལ་གྱི་ཕུང་པོ་བཞིན་ནོ། །དེ་བས་ན་རྫོགས་པ་ཆེན་པོའི་ཚུལ་འདི་ལ་བློ་ཡངས་པ་ཟབ་པ་འཕྲ་བས་བརྟག་དགོས་སོ། །དེ་ལ་རྫོགས་པ་ཆེན་པོའི་གཞུང་ཉིད་ལས་འབྱུང་བ་ནི། འདི་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེའམ། དེ་བཞིན་དུ་འཁྲུལ་སྣང་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་ལྟའོ་ཞེའམ། སེམས་ཅན་ཐམས་ཅད་ཟབ་མོ་བྱང་ཆུབ་ཀྱི་ཞིང་དུ་ལྟའོ་ཞེའམ། སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་ཤར་པར་ལྟའོ་ཞེའམ། གཞན་ཡང་རྣམ་གྲངས་ཀྱིས་ན་ཆོས་ཐམས་ཅད་ནི་ཆེ་བ་རྣམ་པ་ལྔའི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེའམ། ཐིག་ལེ་ཆེན་པོ་དྲུག་གི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེའམ། གཞན་ཡང་འདི་ལྟར་གོལ་སྒྲིབ་སུམ་བཅུས་ནི་གོལ་བ་དང་སྒྲིབ་པ་གཅད། ཡིན་པ་རྣམ་པ་གསུམ་གྱིས་ནི་ཐེ་ཚོམ་གྱི་གེགས་བསལ། གདེང་ཆེན་པོ་གསུམ་གྱིས་དགོངས་པའི་རྡེང་གཅད། མན་ངག་གི་རྩ་བ་གསུམ་གྱིས་ནི་མན་ངག་གི་གཞི་གཟུང་། བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་གཅིག་གིས་ནི་ཤེས་བྱ་ཐམས་ཅད་ཀྱི་གདར་ཤ་གཅད། ཐམས་ཅད་ནས་ཐམས་ཅད་དུ་སངས་མ་རྒྱས་པ་མེད་པའི་ཆེ་བས་ནི་ལ་བཟླའ་སྟེ། ཀུན་དུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ད་ལྟ་ཉིད་ནས་བརྩལ་བ་མེད་པར་ལྷུན་ཀྱིས་འཇུག་པ་འདི་ནི། དཔལ་རྡོ་རྗེ་སེམས་དཔའ་གཉིས་པ་ཉིད་ཡིན་པས་སྲིད་པ་དང་མི་སྲིད་པ་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཞིན་དུ། སྤྱི་བོས་བཀུར་བར་འོས་སོ་ཞེས་བྱའོ། ། ད་ནི་ཇི་སྐད་དུ་སྨོས་པ་དེ་རྣམས་བསྟན་པར་བྱ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་སེམས་དང་བྱང་ཆུབ་དབྱེར་མེད་པའི་དོན་ཏོ། །ཇི་སྐད་དུ། སེམས་དེ་ཁོ་ན་བྱང་ཆུབ་སྟེ། །བྱང་ཆུབ་གང་ཡིན་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་གཉིས་མེད་དེ། །དབྱེར་མེད་དེ་བཞིན་ཡོ་གས་སོ། །ཞེས་གསུངས་པ་ལྟ་བུའོ། །ཐིག་ལེ་ནི་སྤྲོས་པ་དང་བྲལ་བའི་དོན། ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་ཁྱབ་བདལ་བའོ། །དེའི་རང་བཞིན་དུ་སངས་རྒྱས་པ་ནི། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་སྒྲིབ་པ་བསལ་དུ་མེད་ཅིང་ཡེ་ཤེས་བསྐྱེད་དུ་མེད་དེ། དཔེར་ན་ལྕེ་སྤྱང་གི་མིག་ལ་ཉིན་མཚན་བྱེ་བྲག་མེད་པར་ཤིན་དུ་གསལ་བར་མཐོང་བའི་ཚེ། མུན་པ་བསལ་མི་དགོས་པས་སྣང་བའི་མཐུ་ལ་བརྟེན་མི་དགོས་ཏེ། དེའི་ཚེ་ནམ་མཁའ་རང་བཞིན་གྱིས་འོད་གསལ་བར་ཤེས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་རྟོགས་པ་ན། སྒྲིབ་པ་བསལ་དུ་མེད་པས་ཡེ་ཤེས་བསྐྱེད་མི་དགོས་ཏེ། དེའི་ཚེ་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་སོ། །དེ་ལ་ཀུན་དུ་བཟང་པོའི་རོལ་པ་ཞེས་བྱ་བ་ནི། འགྲོ་བའི་འཁྲུལ་སྣང་དུ་གྲགས་པ་ཐམས་ཅད་ལ། ཐམས་ཅད་ནས་ཐམས་ཅད་དུ་ངན་ཅིང་དོར་བར་བྱ་བ་མེད་པས་ཀུན་ཏུ་བཟང་པོའོ། །དོན་དུ་གཉེར་བར་བྱ་བ་མེད་ཅིང་མཐིལ་ཕབ་པའི་དོན་དང་བྲལ་བས། སྒྱུ་མ་རྩེད་མོ་དང་འདྲའ་བར་གནས་པའི་ཕྱིར་རོལ་པའོ། །ཅིར་ཡང་བཀག་པ་མེད་པར་སྣང་ཡང་ཆོས་ཉིད་ལས་མ་གཡོས་ཤིང་ཆོས་ཉིད་འབྱེས་པར་བྱེད་པས་རྒྱན་ནོ། །སངས་མ་རྒྱས་པའི་ཆོས་ནི་གང་ཡང་མེད་ལ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཛད་པ་སྒྲུབ་པ་ཉིད་པས་སངས་རྒྱས་་ཀྱི་ཆེ་བ་ཉིད་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་པ་སྟོང་ཕྲག་བརྒྱ་ཅུ་རྩ་བཞིས་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་མཛད་པ་མི་སྒྲུབ་པ་མེད་དོ། །ཐ་ན་བདུད་བཞི་པོ་རྣམས་ཀྱིས་ཀྱང་། སངས་རྒྱས་རྣམས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་དོ། །ཞེས་མདོའ་སྡེ་ལས་གསུངས་པ་ལྟ་བུའོ། །ཀུན་དུ་བཟང་པོའི་རོལ་པ་གཙོར་སྨོས་པ་འདི་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཚིག་དྲུག་པ་ལས། ཚིག་དང་པོ་གཉིས་ཀྱིས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་གོལ་ས་བཅད་པ་དང་བཅས་པ་བསྟན་ཏོ། །ཚིག་བར་མ་གཉིས་ཀྱིས་ནི་བྱང་ཆུབ་སེམས་ཀྱི་ཆེ་བ་ཀུན་ཏུ་བཟང་པོའི་རོལ་པའི་རྒྱན་མི་འགོག་པར་བསྟན་ཏོ། །ཚིག་ཐ་མ་གཉིས་ཀྱིས་ནི་བྱང་ཆུབ་སེམས་ཀྱི་གཞག་ཐབས་ལ་བཟླའ་བ་དང་བཅས་པར་བསྟན་ཏོ། །སེམས་ཅན་ཟབ་མོ་བྱང་ཆུབ་ཀྱི་ཞིང་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། ཆེ་བ་ནི་ཆོས་ཉིད། ཆེ་བའི་ཆེ་བ་ནི་སེམས་ཅན་ཐམས་ཅད་ཟབ་མོ་བྱང་ཆུབ་ཀྱི་ཞིང་ཡིན་པས་སོ། །ཞེས་བྱ་བ་ལྟ་བུ་སྟེ། སེམས་ཅན་ནི་འགྲོ་བའི་ཕུང་པོའོ། །བྱང་ཆུབ་ཀྱང་ཡིན་ལ་ཞིང་ཡང་ཡིན་པས་བྱང་ཆུབ་ཀྱི་ཞིང་སྟེ། ཡོན་ཏན་ཐམས་ཅད་ཀྱི་གནས་ཀྱི་ཕྱིར་རོ། །དེ་ལྟར་འགྲོ་བ་རྣམས་ཀྱི་བློ་ལ་མི་སྣང་ཞིང་མི་རྟོགས་པས་ཟབ་མོའི་ཞིང་ཞེས་བྱའོ། །དེ་ལ་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་ཤར་བར་ལྟའོ་ཞེས་བྱ་བ་ནི། སྤྱོད་ཡུལ་ནི་འགྲོ་བའི་དབང་པོ་དྲུག་གི་སྤྱོད་ཡུལ་ལོ། །རང་བྱུང་གི་ཡེ་ཤེས་ནི་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་ཞི་བ་ཡིན་པས། ཡེ་ཤེས་རང་བྱུང་ཡིན་ཏེ། ཚུལ་འདི་ནི་རྣལ་འབྱོར་སྤྱོད་པ་རྣམ་པ་མེད་པར་སྨྲ་བའང་འདོད་དོ། །ངེས་པའི་དོན་གྱི་མདོ་སྡེ་གཞན་ལས་ཀྱང་འདི་སྒྲུབ་སྟེ། འདི་སྐད་དུ། གསོག་དང་གསོབ་དང་སྙིང་པོ་མེད་པ་ཡིན་ཡང་། བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོབ་མ་ཡིན་པ་དང་། རང་འབྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་མེད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་གསོག་ཡིན་ཏེ་སླུ་བའི་ཆོས་ཅན་ཡིན་ཡང་། བསོད་ནམས་ཀྱི་ཚོགས་མི་སླུ་བར་ཡང་བལྟས་ཏེ་སྤྱད་དོ། །དེ་བཞིན་དུ་གསོབ་ཡིན་ཏེ་བཅུད་དུ་བྱ་བ་མེད་པ་ཡིན་ཡང་། དོན་ལ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་བཅུད་དུ་བྱས་ཏེ་བསྟེན་པར་བྱའོ། །ཐམས་ཅད་སྙིང་པོ་མེད་པ་ཡིན་ཡང་རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་ཞེས་བྱ་བ། ཤེས་པ་ངོ་བོ་ཉིད་ཀྱིས་དྲི་མ་དག་པ་མེད་པ་མ་ཡིན་པར་ཡང་བལྟའོ། །འདི་དག་རྣལ་འབྱོརད་སྤྱོད་པ་བ་འདོད་པ་ལྟར་ཡང་དག་པར་ཡོད་པ་མ་ཡིན་པས། གསོབ་དང་གསོག་དང་སྙིང་པོ་མེད་པ་ཡང་ཡིན་ནོ། །སྡོང་པོས་བརྒྱན་པའི་མདོ་ལས། འཇིག་རྟེན་ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་འགྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་ཏེ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །འདི་ནི་ཁྱུང་ཆེན་ལས། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་འཕྲ་མོའི་ཡུལ་ལས་དབྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་དུ་ཇི་བཞིན་གནས། །ཞེས་གསུངས་པ་སྟེ། འདི་ནི་བསམ་གཏན་ཀྱི་གལ་གེགས་ཡིན་པས་བྱང་ཆུབ་སེམས་ཀྱི་གཞག་ཐབས་ཀྱི་སྐབས་སུ་དགོས་པ་ཡིན་ཡང་། རང་བྱུང་གི་ཡེ་ཤེས་ཀྱི་གནས་ལུགས་ཡིན་པས་འདིར་ཡང་བསྟན་ཏེ། འདི་ལྟར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི། རྟེན་གང་ལ་ཡང་མི་གནས། ཡུལ་གང་ལའང་མི་དམིགས། རྣམ་པར་ཇི་ལྟ་བུར་ཡང་མི་རྟོག་པ་ཡིན་པས་དེ་ལྟར་བསྒོམ་མོ། །ཞེས་ཟེར་བ་ནི། བླང་དོར་གྱི་མཐར་ལྷུང་བས་བསྔོ་བའི་ཆ་ཤས་དང་མ་བྲལ་བ་སྟེ། ཆོས་ཀྱི་སྐུ་བླང་དོར་ཀྱིས་ཁྱད་པར་དུ་དབྱེ་ཞིང་ལྷག་པར་བོགས་དབྱུང་བའི་ཆོས་གཅིག་མེད་དོ། །དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཇི་ལྟར་རྣམ་པར་རྟོག་ཅིང་གཡེངས་པར་གྱུར་ཀྱང་། དོན་ལའང་བླང་དོར་མེད་ཅིང་ཤེས་པའང་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ། །བླང་དོར་མེད་པའི་ཚུལ་འདིའང་གོང་དུ་བསྟན་པའི་ལྕེ་སྤྱང་གི་མིག་གི་དཔེ་བཞིན་དུ་ཤེས་པར་བྱའོ། །འདི་ཡང་རྣལ་འབྱོར་སྤྱོད་པ་འདོད་པ་ལྟར་ནི་མ་ཡིན་ཏེ། རང་བྱུང་ཡེ་ཤེས་ཉིད་ཀྱང་བསྙད་པ་ཀུན་དང་བྲལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ལ་ལ་དག་འདི་སྙམ་དུ། ཡེ་ཤེས་རང་བྱུང་ཡོད་ན། སྒྲིབ་པ་ཅི་སྟེ་མི་སྤོང་། ཞེས་བསམ་པར་མི་བྱ་སྟེ། དཔེར་ན་མི་རྣམས་ཀྱི་མིག་ལ་མུན་པ་བསལ་དུ་ཡོད་པར་སྣང་བས། དེའི་གཉེན་པོ་སྣང་བའི་མཐུ་ལའང་བལྟོས་དགོས། ལྕེ་སྤྱང་གི་མིག་ཐོབ་པ་ན་མུན་པ་ལ་སྤང་བའི་རྫས་མེད་པར་རྟོགས་ཏེ། ནམ་མཁའ་རང་བཞིན་གྱིས་འོད་གསལ་བ་ན། སྣང་བ་ལ་རྟེན་གྱི་འབྱུང་བ་ཆེན་པོ་ཡོད་པས། རྫས་ཡོད་པར་ཤེས་ཀྱང་མུན་པ་སེལ་བའི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་ཆོས་ཀྱི་མིག་དྲི་མ་མེད་པ་ཐོབ་པ་ན། ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ལ་རྫས་མེད་པར་ཤེས་པ་ན། སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་ཏེ། དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲིབ་པ་དང་མཚུངས་པ་མ་ཡིན་ཏེ། ཤེས་ཤིང་རིག་པའི་མཚན་ཉིད་རྫས་སུ་ཡོད་པར་མཐོང་ཡང་། དེས་སྒྲིབ་པ་སེལ་བའི་བྱ་བ་བྱེད་པ་མི་དམིགས་སོ། །དེ་བས་ན་འཁྲུལ་པའི་བློ་ཚོར་བའི་སྤྱོད་ཡུལ་དུ་གང་སྣང་སྣང་ལ་རྫས་སུ་མི་གཟུང་ངོ་། །དེ་བས་ན་སྒྲིབ་པ་སྤོང་མི་སྤོང་གི་ཐ་སྙད་ནི་བྱིས་པའི་སྤྱོད་ཡུལ་ཡིན་ཏེ། མཁས་པའི་སྤྱོད་ཡུལ་ནི་མ་ཡིན་ནོ། །འདི་ལྟར་སྡུད་པ་ཚིགས་སུ་བཅད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པའི་དོན་ཡང་དེ་འདྲའོ། །དེ་ལྟར་ཚིག་རེ་རེའི་སྒོ་ནས་རྫོགས་པ་ཆེན་པོའི་དོན་མདོར་བསྟན་ནས། ད་ནི་རྣམ་གྲངས་ཀྱི་སྒོ་ནས་བསྟན་པར་བྱ་སྟེ། དེ་ལ་ཆོས་ཐམས་ཅད་ཆེ་བ་རྣམ་པ་ལྔའི་རང་བཞིན་དུ་སངས་རྒྱས་པར་ལྟའོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་མ་འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་སོ། །དེ་ལ་མ་འདྲེས་པ་ནི་སྣ་ཚོགས་སུ་སྣང་བའོ། །ཡོངས་སུ་རྫོགས་པ་ནི་རང་བཞིན་མི་གཉིས་པའོ། །ཆེ་བ་རྣམ་པ་ལྔ་ནི། མངོན་པར་སངས་རྒྱས་པའི་ཆེ་བ་དང་། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་དང་། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བའོ། །སངས་རྒྱས་པའི་སྒྲ་ནི་གོང་དུ་བཤད་ཟིན་ཏོ། །མངོན་པའི་སྒྲ་ནི་མངོན་སུམ་པའམ་ངོ་འཐོན་ཉིད་དུའོ། །བདག་ཉིད་ཆེན་པོ་ནི་ཐམས་ཅད་ལ་མངའ་བརྙེས་པའོ། །ཆོས་ཀྱི་དབྱིངས་ནི་མཚན་མ་ཐམས་ཅད་དང་བྲལ་བའོ། །དེ་ཡིན་པ་ནི་ཐེ་ཚོམ་མི་ཟ་བའོ། །སངས་རྒྱས་པ་མེད་པ་ནི་ཐ་སྙད་ལས་འདས་པའོ། །དེ་ལ་ཆེ་བ་ཞེས་བྱ་བ་ནི། ཆུང་ངུ་རྣམས་ཟིལ་གྱིས་གནོན་པར་བྱེད་པས་ཆེན་པོ་ཞེས་བྱ་སྟེ། དེ་ཡང་ལན་ཅིག་གི་ཚེ་ཐེག་པ་འོག་མའི་བློ་མཚན་མའི་དྲི་མ་དང་བཅས་པ་རྣམས། བློ་ཡངས་ཤིང་རྒྱ་ཆེ་བ་འདིས་ཟིལ་གྱིས་གནོན་པར་བྱེད་པས་ཆེན་པོ་ཞེས་བྱ་སྟེ། ངོ་བོ་ཉིད་དུ་ཆེ་བ་དང་ཆུང་བའི་བློ་ཡོད་ན་དེ་ཉིད་ཆེན་པོར་མི་རུང་སྟེ། ཆེ་ཆུང་གི་དམིགས་པ་དང་བྲལ་བ་ཉིད་ཡིན་ནོ། །འདི་ལྟར་ཁྱུང་ཆེན་ལས། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེནད་པོར་གསུངས། །ཆེ་ལ་དམིགས་པའི་ཆ་བསྙམས་ན། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་ཆེ་བ་རྣམ་པ་ལྔས་ཟིལ་གྱིས་གནན་པར་བྱ་བའི་ཡུལ་ལྔ་ནི། ལྟ་བ་དམན་པ་དང་། ཆད་པར་ལྟ་བ་དང་། དངོས་པོར་ལྟ་བ་དང་། ཐེ་ཚོམ་དང་། རྩོལ་སྒྲུབ་རྣམས་ཟིལ་གྱིས་གནོན་པའི་ཕྱིར་ཆེ་བ་ཞེས་བྱའོ། །དེ་ལ་མངོན་པར་སངས་རྒྱས་པས་ལྟ་བ་དམན་པ་ཟིལ་གྱིས་གནོན་པ་ནི་འདི་ལྟར། ཐེག་པ་འོག་མ་བ་རྣམས་སྒྲིབ་པ་བསལ། སྣང་བ་གནས་བསྒྱུར་ནས་སངས་རྒྱས་བསྒྲུབ་པར་འདོད་པ་རྣམས་ལ། སྤང་བར་བྱ་བའི་ཆོས་སྤང་དུ་མེད། །གནས་གྱུརད་པར་བྱ་བའི་ཆོས་གནས་བསྒྱུར་དུ་མེད། མངོན་དུ་བྱ་བའི་ཆོས་ཐོབ་པར་བྱར་མེད་དེ། མངོན་སུམ་ངོ་འཐོན་ཁོ་ནར་སངས་རྒྱས་པར་བསྟན་པས། ལྟ་བ་དམན་པ་དེ་དག་ཟིལ་ཀྱིས་གནོན་ཅིང་དེའི་གཉེན་པོར་འགྱུར་ཏེ། སྤང་བླང་གི་བློ་འཇིག་པས་ཆེན་པོ་ཞེས་བྱའོ། །འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་ཐམས་ཅད་ལ་མངའ་བརྙེས་པ་ནི་རིག་པའི་རྒྱལ་པོ་རང་དབང་དུ་གྱུརད་པ་སྟེ། བྱང་ཆུབ་ཀྱི་སྙིང་པོ་གཞན་གྱི་དབང་ལ་མི་ལྟོས་པའོ། །ལྷག་མ་གསུམ་ནི་གོ་སླའོ། །ཆེ་བ་ལྔ་པོ་འདི་ཡང་རྣམ་གྲངས་ལྔས་རྫོགས་པ་ཆེན་པོའི་དོན་གཅིག་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་དང་པོ་ནི་དམ་བཅའ་བ། དེའི་འོག་མ་གཉིས་ནི་དེའི་མཚན་ཉིད། བཞི་པ་ནི་དེའི་གཏན་ཚིགས། ལྔ་པ་ནི་དེ་རྣམས་ལ་བཟླ་བའོ། །དེ་ཡང་འདི་ལྟར་མངོན་སུམ་དུ་སངས་རྒྱས་པ་དེ་མཚན་ཉིད་ཇི་ལྟར་སངས་རྒྱས་ཞེ་ན། ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གཞན་ལ་ལྟོས་པ་མེད་པར་རང་བྱུང་གི་ཡེ་ཤེས་རང་ཤར་པ་ཡིན་ལ། ཡེ་ཤེས་དེ་ཉིད་ཀྱང་མཚན་མ་ཐམས་ཅད་ལས་འདས་ཏེ། བསྙད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཞེས་བསྟན་པ་འདི་ཡང་། སྐྱོན་མེད་པའི་ཡོན་ཏན་ཞིག་ལ་གནས་པར་བྱ་བའམ། དེ་ལྟ་བུའི་མཚན་ཉིད་དུ་གནས་པ་མེད་དེ། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་ཞེའམ། སངས་མ་རྒྱས་པ་ཞེས་གདགས་པའི་ཐ་སྙད་ཙམ་དང་ཡང་བྲལ་ཏེ། མངོན་པར་འདུ་བྱེད་པའི་རྩོལ་བ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་བརྩལ་དུ་མེད་པར་ལ་བཟླ་བའོ། །ཞེས་བྱ་བའི་དོན་འདི་སྟོན་པར་འགྱུར་བ་ཡིན་ནོ། །དེ་ལ་ཐིག་ལེ་ཆེན་པོ་དྲུག་གང་ཞེ་ན། ཆོས་ཉིད་ཀྱི་ཐིག་ལེ་དང་། དབྱིངས་ཀྱི་ཐིག་ལེ་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་དང་། ལྷུན་ཀྱིས་གནས་པའི་ཐིག་ལེའོ། །དེ་ལ་ཆོས་ཉིད་ནི་འགྱུར་བ་མེད་པ། ཐིག་ལེ་ནི་སྤྲོས་པ་དང་བྲལ་བའི་དོན་ཏེ། དཔེར་ན་སྨིགས་རྒྱུའི་ཆོས་ཉིད་ནི་ཆུས་སྟོང་པ་ཙམ་ཡིན་པར་མ་ཟད་དེ། སྔོ་བ་དང་གཡོ་བ་ཙམ་ཉིད་ཀྱིས་ཀྱང་སྟོང་པ་ཡིན་ལ། སྟོང་པ་ཉིད་དེ་ནི་སྨིགས་རྒྱུ་སྐྱེ་བར་སྣང་ཡང་རུང་འགག་པར་སྣང་ཡང་རུང་སྟེ། སྟོང་པ་ཉིད་ལ་མཚན་ཉིད་གཞན་དུ་འགྱུར་བའང་མེད་ལ། དངོས་པོའི་སྤྲོས་པས་ཟིན་པའང་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི། གོང་དུ་མན་ངག་གི་སྐབས་སུ་བསྟན་པ་བཞིན་དུ། སྟོང་ཞིང་བདག་མེད་པ་ནས་གཉིས་སུ་མེད་པའི་བར་དུ་བསྟན་པ་བཞིན་ཏེ། སྣ་ཚོགས་པའི་ཆོས་ཀྱིས་རང་གི་རང་བཞིན་གཞན་དུ་འགྱུར་བའང་མེད་ལ། མཚན་མའི་སྤྲོས་པས་ཟིན་པའང་མེད། མཚན་མ་བསལ་ཞིང་དོར་བ་ཡང་མ་ཡིན་ཏེ། མཚན་མ་ཉིད་ཀྱི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས། ཆོས་ཉིད་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པས་དབྱིངས་ཀྱི་ཐིག་ལེའོ། །དེ་ཉིད་དྲི་མ་ཐམས་ཅད་གདོད་མ་ནས་དག་པས། དབྱིངས་རྣམ་པར་དག་པའི་ཐིག་ལེའོ། །དེ་ཉིད་རང་བཞིན་གྱིས་འོད་གསལ་ཏེ། རང་བྱུང་གི་ཡེ་ཤེས་རང་ཤར་བས། ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་ཉིད་ལས་ཀུན་དུ་བཟང་པོའི་རོལ་པའི་རྒྱན་མི་འགོག་པས། ཀུན་དུ་བཟང་པོའི་ཐིག་ལེའོ། །དེ་ལྟ་བུའི་དོན་དེ་ཡང་ད་གཟོད་བགྲོད་ཅིང་སྦྱོང་བ་ལ་མི་ལྟོས་ཏེ་ཡེ་ནས་ལྷུན་ཀྱིས་གྲུབ་པས། ལྷུནད་ཀྱིས་གནས་པའི་ཐིག་ལེའོ། །དེ་ལ་དང་པོ་གཉིས་ནི་སེམས་ཅན་ཀྱི་འཁྲུལ་པས་མ་བསླད་པའོ། །བར་མ་གསུམ་ནི་གཉེན་པོའི་ཐབས་ཀྱིས་མ་བཅོས་པའོ། །ཐ་མ་ནི་བརྩལ་བ་ལས་འདས་པར་ལ་བཟླ་བའོ། །ཆེ་བ་དང་ཐིག་ལེ་འདི་དག་གིས་ཀྱང་། བྱང་ཆུབ་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་དང་། བྱང་ཆུབ་སེམས་ཀྱི་གོལ་ས་བཅད་པ་རྣམས་བསྟན་པ་ཡིན་ལ། བྱང་ཆུབ་སེམས་ཀྱི་གཞག་ཐབས་ཀྱང་བརྩལ་བ་དང་བྲལ་བར་ལ་དང་རྡེང་ཆོད་པ་ཉིད་ཡིན་ནོ། ། ད་ནི་འདི་ནས་མར་རྣམ་གྲངས་ཀྱི་དོན་ཀྱིས་བློའི་རྡེང་བཅད་ནས། བརྩལ་བ་མེད་པར་ལྷུནད་ཀྱིས་གནས་པའི་ཐབས་སྟོན་ཏེ། དེ་ལ་གོལ་སྒྲིབ་སུམ་ཅུས་གོལ་ས་དང་སྒྲིབ་པ་གཅད་པ་ནི། སྤྱིར་གྲགས་པ་མིང་དུ་སུམ་ཅུ་རྫས་སུ་བཅུ་རྩ་བ་གཉིས་སོ། །དེ་ལ་རྩ་བ་གཉིས་ནི་གོལ་ས་དང་སྒྲིབ་པ་སྟེ། དེ་ལ་སྒྲིབ་པ་ནི་བྱང་ཆུབ་ཆེན་པོ་ལ་སྒྲིབ་པར་བྱེད་པ་སྟེ། འདི་ལྟར་དེ་སྒྲུབ་པར་མི་རྩོལ་བའོ། །དེ་དག་ཀྱང་གང་ཞེ་ན། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སོ། །གོལ་ས་ནི་ཐུན་མོང་དང་ཁྱད་པར་གཉིས་སོ། །དེ་ལ་ཐུན་མོང་ནི་ནང་སེམས་ཀྱི་རྣལ་འབྱོརད་ལས་གོལ་བའོ། །དེ་ཡང་འདི་ལྟར་མདོ་སྡེ་ཕ་རོལ་དུ་ཕྱིན་པའི་ཚུལ་དང་། ཀྲི་ཡ་དང་། ཨུ་པ་ཡའོ། །ཁྱད་པར་གྱི་གོལ་ས་ནི། རྣལ་འབྱོར་གྱི་ཚུལ་གཅིག་ལ་ཡང་ཡོ་ག་རྣམ་པ་བཞིར་ཕྱེ་སྟེ། འདི་ལྟར་ཡོ་ག་དང་། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་གར་ཕྱེ་བས། དེ་དག་འོག་མ་གོང་མའི་གོལ་སར་འགྱུར་རོ། །དེ་བས་ན་རྫས་སུ་བཅུའོ། །མིང་དུ་སུམ་ཅུ་ནི། ཡོ་ག་རྣམ་པ་བཞི་རེ་རེ་ལ་ཡང་ཐུན་མོང་གི་གོལ་སྒྲིབ་དྲུག་དྲུག་སྟེ། དྲུག་བཞིའི་ཉི་ཤུ་བཞིའོ། །ཁྱད་པར་གྱི་གོལ་ས་གཅིག་དང་གཉིས་དང་གསུམ་སྟེ། དྲུག་གིས་བསྣན་ནས་སྤྱིར་སུམ་བཅུའོ། །དེ་ལ་འཇིག་རྟེན་པ་སྨོས་མི་དགོས། ཉན་ཐོས་ཀྱི་ལྟ་སྒོམ་བདེན་པ་བཞིའི་དོན་ལ་གནས་ཤིང་། སྡོམ་པའི་རྩ་བ་ཕམ་པ་བཞི་ལ་སོགས་ཏེ། སོ་སོར་ཐར་པའི་སྡོམ་པ་ལ་གནས་ནས། ཁམས་གསུམ་ལས་ངེས་པར་འབྱུང་བ་ཡིན་ཡང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་བྲལ་བས་རྣལ་འབྱོར་སྤྱི་ལས་གོལ་ལ། རྩོལ་བའི་ནད་ཀྱིས་ཟིན་པས་རྫོགས་པ་ཆེན་པོ་ལས་གོལ་ལོ། །འདི་ཡང་མཐར་སངས་རྒྱས་སུ་འགྱུར་བར་བཤད་པས་ནི་གོལ་ས་ཡིན་ལ། བྱང་ཆུབ་ཆེན་པོར་སེམས་མ་བསྐྱེད་པས་ནི་སྒྲིབ་པ་ཡིན་ནོ། །སྤྱིར་ནི་གོལ་ས་ཐམས་ཅད་ཀྱང་སྒྲིབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལྟ་སྒོམ་རྟེན་འབྲེལ་གྱི་ཚུལ་ལ་གནས་ཤིང་། སྡོམ་པའི་གཞི་ཉན་ཐོས་དང་མཐུན་པར་གནས་པས། ཁམས་གསུམ་ལས་འབྱུང་བའང་དེ་འདྲའོ། །མདོ་སྡེ་ཕ་རོལ་དུ་ཕྱིན་པའི་ཚུལ་ལ་གནས་པས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས་ལྟ་སྒོམ་སྡོམ་པ་དང་བཅས་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་བཅུ་ལ་སྤྱོད་དེ། བྱེ་བྲག་དུ་ན་ལྟ་བ་བདེན་པ་གཉིས་ཀྱི་ཚུལ་ལ་གནས་ཤིང་། སྡོམ་པའི་གཞི་སོ་སོར་ཐར་པ་ལ་བརྟེན་ནས། ཐུན་མོང་མ་ཡིན་པའི་སྡོམ་པ་ཕམ་པ་བཞི་དང་། ཉེས་བྱས་ཀྱིས་བསྡུས་པའི་བྱང་ཆུབ་ཆེན་པོའི་སྡོམ་པ་ལ་གནས་ནས། དཀོན་མཆོག་དང་སེམས་ཅན་ལ་རྟེན་ནས་བྱང་ཆུབ་ཆེན་པོ་སྒྲུབ་པ་ལ། གཙོར་སྙིང་རྗེ་ཆེན་པོས་སེམས་ཅན་ཀྱི་དོན་བྱེད་པའི་སྤྱོད་པ་ཉམས་སུ་བླངས་པའི་སྒོ་ནས་བྱང་ཆུབ་ཆེན་པོ་སྒྲུབ་པའང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་བྲལ་བས་ཡོ་ག་སྤྱི་ལས་གོལ་ལ། རྩོལ་བ་མངོན་དུ་བྱེད་པས་རྫོགས་པ་ཆེན་པོ་ལས་གོལ་ལོ། །གསང་སྔགས་ཀྱི་ཚུལ་སྤྱིར་དཀོན་མཆོག་དང་སེམས་ཅན་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པའང་། གཙོར་རིག་སྔགས་དང་གསང་སྔགས་མཉེས་པར་བྱ་བ་སྤྱོད་ཅིང་། སེམས་ཅན་གྱི་དོན་ཞར་ལ་སྤྱོད་པ་ཡིན་པ་ལས། དེ་ལ་ཀྲི་ཡའི་ལྟ་སྒོམ་ནི། བྱང་ཆུབ་སེམས་དང་དེ་ཉིད་གསུམ་ལ་གནས་པས། རིག་སྔགས་དང་གསང་སྔགས་ཡོངས་སུ་མཉེས་པར་བྱེད་ཅིང་། སྡོམ་པའི་གཞི་ནི་སོ་སོར་ཐར་པ་དང་། བྱང་ཆུབ་ཆེན་པོའི་གཞི་ལ་བརྟེན་ནས། བསླབ་པའི་གཞི་ལྔ་ལ་གནས་ཏེ། སྤང་བར་བྱ་བའི་རྩ་བའི་ལྟུང་བ་ཆེན་པོ་བཞི་སྤངས་ཏེ། བླང་བར་བྱ་བའི་རྩ་བའི་དམ་ཚིག་བཅུ་གསུམ་དང་། ཡན་ལག་གི་དམ་ཚིག་མང་པོ་ལ་གནས་ནས། བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད་དོ། །དེ་ལ་སྡོམ་པའི་གཞི་འདི་རྣམས་ནི། གསང་སྔགས་ཀྱི་འདུལ་བ་ཡིན་པས། གཞི་ཐམས་ཅད་འདི་ལ་བརྟེན་ཏེ། དེ་ནས་རྣལ་འབྱོར་གྱི་རྒྱུད་རྣམས་སུ་གསུངས་པའི། སྡོམ་པ་ཁྱད་པར་དུ་གསུངས་པ་རྣམས་ཀྱང་སྲུང་བར་བྱེད་ཅིང་། ཐུན་མོང་གི་སྡོམ་པ་རྣམས་ཀྱང་སྲུང་བར་འོས་པ་ནི་སྲུང་། སྡུད་པར་འོས་པ་ནི་སྡུད་པར་བྱེད་པས་གཞི་དེ་ལ་རྟེན་པ་ཡིན་ནོ། །བྱང་ཆུབ་སེམས་དང་དེ་ཉིད་གསུམ་ཡང་། གསང་སྔགས་ཀྱི་ལྟ་སྒོམ་ཐམས་ཅད་ཀྱི་གཞི་ཡིན་ཏེ་ཤེས་བྱ་མ་ལུས་པ་མདོར་བསྡུས་པ་ཡིན་པས། གསང་སྔགས་ཀྱི་རྣལ་འབྱོར་བྱེད་པ་ཀུན་ལ་གཅེས་པའི་ཕྱིར་ཅུང་ཟད་ཙམ་བཤད་དོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་འདིར་ཤེས་རབ་དང་སྙིང་རྗེས་བསྡུས་པའི་སེམས་བསྐྱེད་པའོ། །དེ་ཉིད་གསུམ་ནི་བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་ཀྱིས་ནི། འཁོར་བའི་ཆོས་ཀྱི་རང་བཞིན་ཇི་ལྟ་བ་ཡིན་པ་བསྡུས་སོ། །ལྷའི་དེ་ཁོ་ན་ཉིད་ཀྱིས་ནི། མྱ་ངན་ལས་འདས་པའི་ཆོས་ཀྱི་མཚན་ཉིད་ཇི་ལྟ་བ་ཡིན་པ་བསྡུས་སོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཀྱིས་ནི། དེ་བསྒྲུབ་པའི་ཐབས་ཀྱི་མཚན་ཉིད་བསྡུས་སོ། །དེ་ལ་བདག་ཅེས་བྱ་བ་ནི། ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ཙམ་མོ། །དེའི་དེ་ཁོ་ན་ཉིད་ནི་སྒོ་གསུམ་གྱི་དབང་གིས་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལ་ཉན་ཐོས་དང་སྒོ་བསྟུན་ན། ཕུང་པོ་ལྔའི་ཚོགས་འདི་ནི། མུ་སྟེགས་ཅན་ཀྱིས་ཀུན་དུ་བརྟགས་པའི་བདག་དང་བདག་གི་དང་རྟག་པ་་དང་ཆད་པ་ལ་སོགས་པར་ཀུན་བརྟགས་པས་སྟོང་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད། ཆོས་ཙམ་མེད་པར་སྐུར་བ་གདབ་དུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་ཡིན་ནོ་ཞེའོ། །རྣལ་འབྱོར་སྤྱོད་པ་དང་སྒོ་བསྟུན་ན། ཕུང་པོ་ལྔའི་ཚོགས་པ་འདིའི་དེ་ཁོ་ན་ཉིད་ནི། བདག་དང་བདག་གིས་སྟོང་པར་མ་ཟད་གྱི། ཉན་ཐོས་ཀྱིས་གཟུང་བ་དང་འཛིན་པར་ཀུན་དུ་བརྟགས་པས་ཀྱང་སྟོང་པ། སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ། གང་གི་ཡང་གཟུང་བ་མ་ཡིན་ཞིང་། གང་ལའང་འཛིན་པར་བྱེད་པ་མ་ཡིན་པ་འདི་ནི། དེའི་དེ་ཁོ་ན་ཉིད་ཡིན་ནོ། །དེ་ཡང་གཟུང་འཛིན་གྱི་རྟོག་པས་མ་བསླད་ན་ནི་སངས་རྒྱས་ཉིད་དང་བྱེ་བྲག་མེད་པ་ཡིན་ན། བསླད་པས་ན་བྱེ་བྲག་ཕྱེ་བ་ཡིན་ནོ་ཞེའོ། །དབུ་མ་དང་སྒོ་བསྟུན་ན། ཕུང་པོའི་ཚོགས་འདིའི་དེ་ཁོ་ན་ཉིད་ནི། རྣལ་འབྱོར་སྤྱོད་པ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་པར་ཡོད་པར་བརྟགས་པས་ཀྱང་སྟོང་སྟེ། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བ་འདི་ནི་དེའི་དེ་ཁོ་ན་ཉིད་དོ་ཞེའོ། །དེ་ལྟར་དེ་ཁོ་ན་ཉིད་གསུམ་པོ་གང་ཡང་རུང་བ་ཞིག་ལ། ལྷའི་དེ་ཁོ་ན་ཉིད་ཀྱིས་བསྒོས་ཏེ་དམ་ཚིག་སེམས་དཔའ་བསྒོམས་ནས། ཡེ་ཤེས་སེམས་དཔའ་མདུན་དུ་དམིགས་ཏེ། བཟླས་བརྗོད་དང་ལྡན་པར་བྱས་པས་གྲུབ་པའི་ཁྱད་པར་འགྲུབ་པར་འདོད་དོ། །དེ་ལ་ལྷ་ནི་ཕན་འདོགས་ཤིང་ཁྱད་པར་དུ་འཕགས་པས་ལྷ་ཞེས་བྱ་སྟེ་སངས་རྒྱས་སོ། །དེའི་དེ་ཁོ་ན་ཉིད་ནི་ཆོས་བརྒྱད་ལྷ་དྲུག་དུ་བསྡུས་པ་སྟེ། དེ་ལ་ཆོས་བརྒྱད་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་དང་། གཟུགས་ཀྱི་བྱེ་བྲག་དུ་སྣང་བ་བཞི་སྟེ་བརྒྱད་དོ། །དེ་ལ་གཟུགས་སུ་སྣང་བའི་བྱེ་བྲག་བཞི་ནི། སྒྲར་སྣང་བ་དང་། མིང་དུ་སྣང་བ་དང་། གཟུགས་སུ་སྣང་བ་དང་། ཕྱག་རྒྱར་སྣང་བའོ། །དེ་ལ་ལྷས་བསྒོས་པ་ནི། ལྷའི་ཆོས་ཉིད་དག་པ་དང་། བདག་གི་ཆོས་ཉིད་མ་དག་པ་གཉིས་ལའང་རང་བཞིན་བྱེ་བྲག་མེད་པར་རྟོགས་ཏེ། དེ་བཞིན་དུ་བསྒོམ་པ་དང་། ལྷའི་ཡེ་ཤེས་རང་རིག་དག་པ་དང་། བདག་གི་ཤེས་པ་རང་རིག་མ་དག་པ་གཉིས་ཀྱང་དེ་བཞིན་དུ་དབྱེར་མེད་ལ། ལྷའི་སྐུ་དང་གསུང་ཁྱད་པར་དུ་འཕགས་པར་སྣང་བ་དང་། བདག་གི་ལུས་ངག་ཁྱད་པར་ཅན་མ་ཡིན་པར་སྣང་བའང་དེ་བཞིན་དུ་ཤེས་ཏེ། དེ་ལ་བརྟེན་ནས་ལྷར་བསྒྱུར་ཞིང་བསྐྱེད་དེ་བསྒོམས་པས། ལྷར་གྲུབ་པས་ལྷས་བསྒོས་པ་ཞེས་འདོགས་སོ། །དོན་འདི་ལྟ་བུ་ལ། ལ་ལ་དག་ན་རེ། ཡི་གེ་དང་ཕྱག་རྒྱ་དང་སྐུ་ལ་སོགས་པ་སྒོམ་པ་ན། འདི་སྐད་དུ། འདི་དག་ནི་གཉེན་པོའི་དོན་ཙམ་དུ་ཀུན་དུ་བརྟགས་པ་སྒོམ་པ་ཡིན་ནོ་ཞེས་སྐུར་པ་འདེབས་པར་བྱེད་པ་ནི། ཤིན་དུ་ལྕི་བའི་ལས་གསོག་པ་ཡིན་ཏེ། བདག་གི་དེ་ཁོ་ན་ཉིད་ངོ་བོ་ཉིད་དུ་གྲུབ་པར་བསམས་ནས། ལྷའི་དེ་ཁོ་ན་ཉིད་ཀུན་དུ་བརྟགས་པ་ཡིན་པར་སེམས་པ་འདི་ནི། དཔེར་ན་བླུན་པོ་དག་རྒྱན་འདོགས་པ་ན། ནོར་བུ་འཆིང་བུ་རྒྱན་གྱི་སྙིང་པོར་བྱས་ནས། ནོར་བུ་རིན་པོ་ཆེ་རྒྱན་རྟེན་ཙམ་དུ་བྱེད་པ་དང་འདྲའོ། །ལྷའི་དེ་ཁོ་ན་ཉིད་འདི་ནི། གསང་སྔགས་ཀྱི་ཚུལ་ཀུན་ལས་ཀྱང་འདིར་མ་འདུས་པ་གང་ཡང་མེད་དེ། འདི་ཉིད་ལ་བསྡུ་ལུགས་དང་། སྦྱོར་ལུགས་དང་། ལྟ་ལུགས་མི་འདྲ་བ་ཙམ་དུ་ཟད་དོ། །ཧ་ཅང་སྤྲོས་པ་ཆོག་གོ །འདི་ལྟ་བུར་སྟོན་པ་འདིའང་ཕྱིའི་ལས་དང་བྱ་བ་གཙོར་བྱེད་པས་རྣལ་འབྱོར་སྤྱི་ལས་གོལ་ལ། རྩོལ་བ་མངོན་དུ་བྱེད་པས་རྫོགས་པ་ཆེན་པོ་ལས་གོལ་ལོ། །ཨུ་པ་ཡའང་བྱ་བ་མི་གཏོང་བས་ཚུལ་དེ་འདྲའོ། །ཡོ་ག་རྣམ་པ་བཞི་ནི་ནང་སེམས་ཀྱི་རྣལ་འབྱོར་གཙོར་བྱེད་པས་སྤྱི་མཐུན་ནོ། །ནང་གི་ཁྱད་པར་ནི། ཡོ་ག་ནི་སྤྱོད་པ་བླང་དོར་དང་ཡང་ལྡན་ལ། བསམ་པ་ལྷ་དང་བདག་གཉིས་སུའང་བྱེད་དོ། །མ་ཧཱ་ཡོ་ག་ནི་དེ་ལས་བཟློག་པའོ། །ཨ་ནུ་ཡོ་ག་ནི་རྗེས་སུ་མཐུན་པའི་རྣལ་འབྱོར་ཅེས་བྱ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་སྐད་ཅིག་མ་གཅིག་ལ། ལྟ་སྤྱོད་ཐམས་ཅད་རྫོགས་པར་འདོད་པས། ཨ་ཏི་ཡོ་ག་དང་རྗེས་སུ་མཐུན་ཏེ། ཅུང་ཟད་བརྩལ་བ་དང་བྲལ་བར་ལ་མ་ཟློས་པས་རྗེས་སུ་མཐུན་པའི་རྣལ་འབྱོར་ཞེས་བྱའོ། །གསང་སྔགས་ཀྱི་ནང་གི་བྱེ་བྲག་འདི་དག་ཀྱང་། བདེན་པ་གཉིས་དབྱེར་མེད་པར་འདོད་པའི་དང་པོ་ཀྲི་ཡ་ནས་བརྩམས་ནས། རྫོགས་པ་ཆེན་པོར་མཐར་ཕྱིན་ཏོ། །དེའི་དབང་གིས་བདག་གི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་རང་བཞིན་མཉམ་པར་ལྟ་བའི་དང་པོ་ཀྲི་ཡ་ནས་བརྩམས་ནས། རྫོགས་པ་ཆེན་པོར་མཐར་ཕྱིན་ཏོ། །ཇི་ལྟར་མཉམ་པར་ལྟ་བ་ཤས་ཆེ་བ་ལྟར། མི་མཉམ་པར་ལྟ་བ་འགྲིབ་པར་འགྱུར་རོ། །མདོར་ན་དངོས་པོར་ལྟ་བའི་ཞེན་པ་ཁད་ཀྱིས་བྲི་བར་ཟད་དོ། །ལྷ་དང་རང་བཞིན་མཉམ་པར་ལྟ་བ་འདི་ལྟ་བུ་ནི། །ངེས་པའི་དོན་ཀྱི་མདོ་སྡེ་ལའང་ཡོད་དེ། འོན་ཀྱང་སྨོས་པ་ཙམ་ལས་ཇི་ལྟར་མཉམ་པར་བསྒྲུབ་པའི་ཐབས་མེད་དོ། །དཔེར་ན་ཉན་ཐོས་ཀྱི་ཚུལ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེས་རབས་དང་། དུས་ཡུན་རིང་མོར་སེམས་ཅན་ཀྱི་དོན་སྤྱོད་པས་བྱང་ཆུབ་བསྒྲུབ་པར་བསྟན་པ་ཙམ་ཡོད་དེ། འོན་ཀྱང་དེར་བྱང་ཆུབ་ཀྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའི་ཐབས་མ་བཤད་པ་བཞིན་ནོ། །གོལ་སྒྲིབ་འདི་དག་ཀྱང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བརྟེན་ནས་བཤད་པ་ཡིན་ཏེ། སྔོན་གྱི་མཁན་པོ་རྣམས་ཀྱི་ལུང་ཁོང་ཐོན་ལས། མི་ནུབ་རྒྱལ་མཚན་ནམ་མཁའ་ཆེ་ནི་མཁའ་ལ་ཉི་ཤར་བཞིན་ཏེ་གོལ་སྒྲིབ་སོ་སོར་སྟོན། །ཞེས་ཀྱང་གྲགས་སོ། །གོལ་སྒྲིབ་དེ་དག་ཀྱང་མཐའ་དེ་ལས་མི་འདའ་བས་ར་བ་ཙམ་དུ་བཤད་པར་ཟད་དེ། བཅར་ཏེ་འབྲུ་འཐུས་སུ་གཟུང་ན། གོལ་ས་ཉི་ཤུ་རྩ་གསུམ། སྒྲིབ་པ་བདུན་ཏེ་སུམ་བཅུའོ། །དེ་ལ་གོལ་ས་ཉི་ཤུ་རྩ་གསུམ་ལ། བཅུ་ཕྲག་དང་པོ་ནི། བྱང་ཆུབ་ཀྱི་སྙིང་པོའི་གོལ་ས་གསུམ། བསམ་གཏན་གྱི་གོལ་ས་གསུམ་སྟེ་དྲུག །ཆོས་ཉིད་ལམ་གྱི་གོལ་ས་བཞི་སྟེ་བཅུའོ། །བཅུ་ཕྲག་གཉིས་པ་ལ། ཡེ་ཤེས་ཆེན་པོ་བདེ་བའི་རྣམ་པ་ལ་ཆགས་པའི་གོལ་ས་གཅིག །རེ་སྨོན་གྱི་མཐའ་ལ་གནས་པའི་གོལ་ས་གཉིས་ཏེ་གསུམ། ལུང་གི་གོལ་ས་གསུམ་སྟེ་དྲུག །རྒྱུའི་གོལ་ས་གཅིག་སྟེ་བདུན། ཏིང་འཛིན་ཐོབ་པ་འབྲས་བུའི་གོལ་ས་གསུམ་སྟེ་བཅུའོ། །ཆོས་ཀྱི་གོལ་ས་གསུམ་ལ། ཆོས་ལས་ཆོས་མི་འབྱུང་བ་དང་། ཆོས་ལ་ཆོས་མི་ལྟོས་པ་དང་། ཆོས་ཀྱིས་ཆོས་མི་རྟོགས་པ་གསུམ་སྟེ། གོལ་ས་ཉི་ཤུ་རྩ་གསུམ་མོ། །སྒྲིབ་པ་བདུན་ལ། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་བསླད་པས་བསྒྲིབས་པའི་སྒྲིབ་པ་གསུམ། རྣལ་འབྱོར་གྱི་བྱ་བ་དོན་གྱིས་མ་ཟིན་ཏེ། ཉོན་མོངས་པའི་འཆིང་བའི་ནད་ཀྱིས་ཟིན་པའི་སྒྲིབ་པ་གསུམ་སྟེ་དྲུག །ལུང་སྒྲོ་སྐུར་གྱིས་ཟིན་པའི་སྒྲིབ་པ་གཅིག་སྟེ་བདུན་ནོ། །དེ་ལ་བྱང་ཆུབ་ཀྱི་སྙིང་པོའི་གོལ་ས་གསུམ་ལ། དང་པོ་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་ནི། སྣང་བའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ཡིན་པ་ལ། ཆོས་ཉིད་མངོན་དུ་བྱ་བར་འདོད་ནས་བརྩལ་བས་གོལ་བ་ནི། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་བཞག་པས་བསྒོམས་པ་ཡིན། །དེ་དང་དེར་ནི་རྣམ་བརྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་སྣང་བའི་མཚན་ཉིད་དང་བྲལ་བས་ཅིར་ཡང་མ་བརྩལ་ན་བསྒོམས་པ་ཡིན་ཏེ། མངོན་དུ་བྱ་བར་འདོད་ནས་བརྩལ་བས་གོལ་སར་གྱུར་ཏོ། །གཉིས་པ་བྱང་ཆུབ་ཀྱི་སྙིང་པོ་གཞན་གྱི་དབང་གིས་མི་འགྱུར་བ་ལ། འགྲོ་བ་ལས་ཀྱིས་བཀོལ་བར་བརྟགས་པས་གོལ་སར་གྱུར་པ་ནི། ཁྱད་པར་ཅིར་ཡང་མཚུངས་པ་ལས། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་གསུངས་པ་སྟེ། མངོན་པར་འདུ་བྱེད་ཀྱི་རྟོག་པ་སྣ་ཚོགས་ཇི་ལྟར་སྣང་ཡང་། བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་དུ་མཚན་ཉིད་དབྱེར་མེད་པར་མཉམ་པ་ཡིན་པ་ལ། འགྲོ་བ་འཁྲུལ་པས་ལས་དགེ་སྡིག་དུ་ཀུན་དུ་བརྟགས་པར་ཟད་དོ། །ཚུལ་འདི་ལྟ་བུ་ནི་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ཀྱང་། སེམས་ཅན་མི་ཤེས་པས་རྨོངས་ནས། །རྣམ་རྟོག་དྲྭ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི། །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །ནམ་མཁའ་ལྟ་བུར་དྲི་མེད་ལས། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན། །ཞེས་གསུངས་པ་དང་ཡང་མཐུན་ནོ། །དེ་ལྟ་ན་མངོན་པར་འདུ་བྱེད་པའི་དུས་ཉིད་ན་རང་བྱུང་གི་ཡེ་ཤེས་རང་ཤར་བ་ཡིན་ཏེ། གཞན་དུ་ན་དེ་ལྟ་མ་ཡིན་ཏེ། ལས་རྫས་སུ་གྲུབ་པ་ཞིག་ན་རང་བྱུང་གི་ཡེ་ཤེས་གཏན་མ་གྲུབ་པར་འགྱུར་ཏེ། དཔེར་ན་འགལ་མེའི་འཁོར་ལོ་རང་གསལ་བ། གལ་ཏེ་འཁོར་ལོའི་མཚན་ཉིད་རང་གསལ་བར་རྫས་སུ་གྲུབ་པ་ཞིག་ན། འགལ་མེ་རང་བཞིན་གྱིས་འོད་གསལ་བ་གཏན་མ་གྲུབ་པ་བཞིན་ནོ། །གསུམ་པ། བྱང་ཆུབ་ཀྱི་སྙིང་པོ་རྒྱུ་དང་རྐྱེན་ཀྱིས་མ་བསྐྱེད་པ་ལ། བྱང་ཆུབ་རྒྱུ་རྐྱེན་ཀྱིས་གྲུབ་པར་འདོད་ནས་བརྩལ་བས་གོལ་སར་གྱུར་པ་ནི། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཞེས་གསུངས་པ་སྟེ། རྒྱུ་དང་རྐྱེན་དུ་སྣང་བའི་མཚན་ཉིད་རྡོ་རྗེ་ལྟར་དབྱེར་མེད་པའི་མཚན་ཉིད་པས། སྐྱེ་འགག་མེད་པ་ལ་རྒྱུ་རྐྱེན་གྱི་རྩོལ་བས་གཡོ་བའི་གནས་མེད་དོ། །ཞེའོ། །བསམ་གཏན་གྱི་གོལ་ས་གསུམ་ལ། དང་པོ་ནི། ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་གསུངས་པ་སྟེ། མཉམ་པ་ཉིད་ཀྱི་སྙིང་པོ་ལ་བསོད་ནམས་མངོན་པར་འདུ་བྱ་བ་ཐམས་ཅད་ཀྱང་བཀག་པ་མེད་ལ། རྣམ་པར་མ་དག་པའི་ལས་ཀྱང་རང་ཞི་བར་འགྱུར་བ་ནི། ཡོན་ཏན་ཆེན་པོའི་བསམ་གཏན་ཡིན་བཞིན་དུ། དེ་ལྟར་མ་རྟོགས་ཏེ་ཉོན་མོངས་པ་སྦྱང་ཞིང་ཡོན་ཏན་མངོན་པར་བསྒྲུབ་པར་འདོད་པའི་བསམ་པས་བསམ་གཏན་ཀྱི་གནས་ལ་གནས་པ་ནི། བླང་དོར་ཀྱི་ནད་ཀྱིས་ཟིན་ཏེ་འཆིང་བའོ། །བསམ་ཞིང་སྦྱང་བའི་རྩོལ་བ་ལ་མི་ལྟོས་པར་མ་བཅོས་པའི་ངང་ལ་གནས་ན། རྣམ་རྟོག་ཉིད་ཡེ་ཤེས་སུ་འོད་གསལ་བར་འགྱུར་རོ། །ཞེའོ། །གཉིས་པ་འཕྲ་བའི་གོལ་ས་ནི། འཕྲའ་བའི་སྒོ་མོར་མིང་བཏགས་ནས། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ཏེ། །བརྟགས་ན་རྣམ་པར་རྟོག་འགྱུར་སྒོམ། །ཅེས་གསུངས་པ་སྟེ། དེ་ལ་འཕྲའ་བ་ཅེས་བྱ་བའི་སྒྲ་ནི། དོན་གཉིས་ལ་འཇུག་སྟེ། འདིར་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ལ་བསླད་པས་ཕྲ་བ་ནི། ཡུལ་མེད་པ་ལ་ཡུལ་དུ་བཟུང་ནས། སེམས་ཡུལ་ལས་དབེན་པ་ཐརད་པའི་ལམ་དུ་མཐོང་བ་དང་། ལུས་འདུ་འཛི་ལས་དབེན་པ་ཐར་པའི་ལམ་དུ་མཐོང་བ་ནི། བློ་ཞིབ་མོས་བརྟགས་ན་རྣམ་རྟོག་ཉིད་སྒོམ་པའོ། །ཞེའོ། །ཕྲ་བ་ཟབ་པའི་སྒྲར་སྦྱར་ན། རྣམ་པར་མི་རྟོག་པའི་སྒོམ་ལུང་ལས། རྣམ་པར་མི་རྟོག་པ་སྒོམ་པ་ན། བློ་རྟེན་གང་ལའང་མི་འཆའ། ཡུལ་གང་ལའང་མི་དམིགས། རྣམ་པ་ཅིར་ཡང་མི་རྟོག་པའི་བསྒོམ་མོ་ཟེར་བ་ནི། སྐྱོན་གསུམ་དང་བྲལ་བའི་བདག་ཉིད་མངོན་དུ་ཐོབ་པར་འདོད་པས། བླང་དོར་ཀྱི་ཆ་ཤས་འཕྲ་མོ་ཡོད་པ་ཡིན་ཏེ། འདི་ལྟར་སེམས་དངོས་པོ་དང་མཚན་མ་ལས་དབེན་པ་ལམ་དུ་འདོད་ཅིང་། ལུས་འདུ་འཛི་ལས་དབེན་པ་ཚོལ་བ་འདི་ནི་བློ་ཞིབ་མོས་བརྟགས་ན་རྣམ་པར་རྟོག་པ་ཉིད་སྒོམ་པར་ཟད་དོ། །ཞེའོ། །ཕྱོགས་ཕྱི་མ་འདི་ནི་རྫོགས་པ་ཆེན་པོའི་གོལ་ས་ཡིན་ཡང་། ཐུན་མོང་གི་བླང་བྱར་བཟུང་ངོ། །གསུམ་པ་རྒྱུ་འབྲས་ཀྱི་གོལ་ས་ནི། རྒྱུ་དང་འབྲས་བུར་མིང་བཏགས་ཤིང་། །དགེ་སྡིག་གཉིས་ག་རྣམ་པར་སེལ། །འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་དུ་སྐྱེད། །ཅེས་གསུངས་པ་སྟེ། ཆོས་རྒྱུ་འབྲས་དང་། ལས་དགེ་སྡིག་དོན་དམ་པར་ཡོད་པར་མཐོང་བས། འཇིག་རྟེན་འཁོར་བའི་སྡུག་བསྔལ་འདིས་སྐྱོ་སྟེ། སྡུག་བསྔལ་གྱི་འཇིག་རྟེན་འདི་ལས་ཐར་པའི་སྐམ་སར་མངོན་པར་འབྱུང་བར་བྱའོ་སྙམ་དུ་བླང་དོར་གྱི་བྲོད་པ་ལ་གནས་པ་རྣམས་སོ། །འདི་ནི་ཕལ་ཆེར་ཐེག་པ་ཆུང་ངུ་ལ་འཇུག་གོ །དེ་ལ་དགེ་སྡིག་གཉིས་ག་རྣམ་པར་སེལ་ཞེས་བྱ་བའི་སྒྲ། རྣམ་པ་གཅིག་དུ་དགེ་སྡིག་གཉིས་ག་འགོག་པ་ལ་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཀྱི་ཚེ་འགོག་པ་སྒྲུབ་སྟེ། དེ་བས་ན་ཚེ་དགག་པར་བྱ་བའི་ཕྱིར་ལས་འགོག་པ་སྒྲུབ་བོ། །ལས་འགོག་པར་བྱ་བའི་ཕྱིར་ཉོན་མོངས་པ་འགོག་པ་སྒྲུབ་པོ། །ཉོན་མོངས་པ་འགགས་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པའི་འཇིག་རྟེན་འདི་ལས། མྱ་ངན་ལས་འདས་པའི་སྐམ་སར་མངོན་པར་འབྱུང་ངོ་། །ཞེས་བླང་དོར་གྱི་བྲོད་པ་མཆོག་དུ་སྐྱེད་པ་རྣམས་སོ། །ཆོས་ཉིད་ལམ་གྱི་གོལ་ས་བཞི་ལ། དང་པོ་ལམ་དབུ་མ་ཚོལ་བ་གཉིས་སུ་མེད་པའི་ལམ་ལས་གོལ་བ་ནི། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས་གསུངས་པ་སྟེ། དེ་ལ་ཆགས་པ་ནི་འདོད་པ་ལ་གནས་པ་སྟེ་འཇིག་རྟེན་པའོ། །མ་ཆགས་པ་ནི་དེ་ལས་གྲོལ་བ་སྟེ་མྱ་ངན་ལས་འདས་པའོ། །དེ་གཉིས་ནི་ཚིག་གི་ལམ་མོ། །ཞེས་བསྟན་པ་སྟེ། ཚིག་གི་ལམ་ནི་ཚིག་གི་དོན་ཏོ། །ཚིག་གི་དོན་ནི་ཐ་སྙད་ཀྱི་ཡུལ་ལོ། །ཐ་སྙད་ཀྱི་ཡུལ་ནི་བདག་ཉིད་ཐོབ་པ་མེད་པའོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་རྣམ་པ་གཉིས་བདག་ཉིད་ཐོབ་པ་མེད་ན། དབུ་མའང་དེ་དང་འདྲ་བས་དབུ་མ་བཞིན་ཏེ། ཞེས་བྱ་བ་སྨོས་སོ། །ཐམས་ཅད་ཀྱང་ཚིག་གི་ལམ་ཙམ་སྟེ་དོན་དུ་བྱ་བ་མེད་པས་བྲག་ཆ་འདྲ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཆགས་པའི་སྡུག་བསྔལ་དང་མ་ཆགས་པའི་བདེ་བ་གཉིས་རྒྱུའམ་རང་བཞིན་དབྱེར་མེད་པར། ཀུན་གྱི་བླ་མར་གྱུར་པ་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེའོ། །གཉིས་པ་དབང་པོ་དྲུག་གི་སྤྱོད་ཡུལ་མཚན་མའི་སྐྱོན་དུ་བལྟས་ནས། ཆོས་ཉིད་ཞི་བ་མཚན་མ་མེད་པ་གཞན་དུ་ཚོལ་བར་བྱེད་པ་ན་ལམ་གྱི་རང་གི་ངོ་བོ་ལས་གོལ་བར་གྱུར་པ་ནི། ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བསྙབས་པ་བཞིན། །ཞེས་གསུངས་པ་སྟེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་སེམས་ཅན་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་ལས་གཞན་དུ་བཙལ་དུ་མེད་དེ། དབང་པོ་དྲུག་གི་སྤྱོད་ཡུལ་འདི་ཉིད་རང་གི་ངོ་བོ་ཇི་ལྟར་གནས་པ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་ཡིན་ཏེ། དེ་ལྟ་བུའི་མཚན་ཉིད་ལ། གང་གིས་འདི་ལྟར་མཚན་མའི་སྤྱོད་ཡུལ་འདི་དག་ནི། སེམས་ཅན་གྱི་སྤྱོད་ཡུལ་ཕྱིན་ཅི་ལོག་ཡིན་པས་བསྒོམ་པར་བྱ་བའི་དོན་མ་ཡིན་ལ། བསྒོམ་པའི་དོན་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཉིད་མཚན་མ་ཞི་བ་ཡིན་པས། དེ་བསྒོམ་པར་བྱའོ་སྙམ་དུ་སེམས་ན། མདོངས་པས་ནམ་མཁའ་བསྙབས་པ་དང་འདྲ་སྟེ་ལམ་གྱི་རང་གི་ངོ་བོ་ལས་གོལ་ལོ། །དེ་ནི་དཔེར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒོམས་པས་གཟུགས་ཟིལ་གྱིས་མནན་ཏེ། གཟུགས་ཀྱི་འདུ་ཤེས་ལས་འདས་ཤིང་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཀྱང་། གཟུགས་ཀྱི་བཅིངས་པ་ལས་མི་གྲོལ་ཏེ། གཟུགས་ཀྱི་བག་ལ་ཉལ་མི་སྤོངས་པ་བཞིན་ནོ། །གལ་ཏེ་གང་ཞིག་གིས་གཟུགས་ཀྱི་ངོ་བོ་ཉིད་ནམ་མཁའི་ངོ་བོ་ཉིད་དང་དབྱེར་མེད་པར་རྟོགས་ནས། ཏིང་ངེ་འཛིན་དེ་ལྟ་བུ་ཐོབ་ན་ནི། གཟུགས་ཀྱི་བཅིངས་པ་ལས་གྲོལ་བར་ཡང་འགྱུར་རོ། །དེ་བཞིན་དུ་གང་ཞིག་གིས་མཚན་མར་སྣང་བ་སྐྱོན་དུ་བལྟས་ནས། མཚན་མ་མེད་པ་ཞི་བ་བསྒོམས་ན་ནི་མཚན་མ་ཟིལ་ཀྱིས་གནོན་པར་འགྱུར་གྱི། མཚན་མའི་བཅིངས་པ་ལས་གྲོལ་བར་མི་འགྱུར་རོ། །གང་གི་ཚེ་གང་ཞིག་གིས་མཚན་མར་སྣང་བ་རྣམས་ཀྱི་ངོ་བོ་ཉིད་མཚན་མ་དང་བྲལ་བ་ཡིན་པར་རྟོགས་ནས། མཚན་མ་ལ་སྐྱོན་དུ་མ་བལྟས་ཤིང་མཚན་མ་མ་བོར་བར་མཚན་མའི་རང་བཞིན་ཡོངས་སུ་ཤེས་པར་བྱ་བ་ལ་གོམས་པར་བྱས་པས། མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་ན། མཚན་མའི་བཅིངས་པ་ལས་གྲོལ་བར་ཡང་འགྱུར་རོ། །གསུམ་པ་ལམ་གྱི་རིམ་པ་ལ་བགྲོད་པར་འདོད་པས། བགྲོད་དུ་མེད་པའི་ལམ་ལས་གོལ་བར་གྱུར་པ་ནི། གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐོབ་པ་མེད། །ཞེས་གསུངས་པ་སྟེ། ཆོས་ཇི་བཞིན་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་པ་ལ། ལམ་དང་སའི་རིམ་པས་བགྲོད་དུ་མེད་དེ། གལ་ཏེ་སའི་རིམ་པ་བཞིན་དུ་དག་པ་དང་ཚངས་པ་དང་གྲོལ་བ་རིམ་པས་བསྒྲུབ་དུ་ཡོད་ན། ཆོས་རྣམས་ཀྱི་ཆོས་ཉིད་གཏན་མེད་པར་འགྱུར་བས། གལ་ཏེ་གཞན་དང་གཞན་ཐོབ་པར་བྱ་བ་ཡོད་ན། དེ་མཐར་ཐུག་པའང་རྙེད་པར་མི་འགྱུར་རོ། །ཞེའོ། །བཞི་པ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཕྱོགས་དང་རིས་མེད་པ་ལ། ལམ་ལ་ཕྱོགས་ཆར་བཟུང་བས་མཉམ་པ་ཉིད་ཀྱི་ལམ་ལས་གོལ་བར་གྱུར་པ་ནི། དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་ཀྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ཅེས་གསུངས་པ་སྟེ། དེ་ནི་དེ་བཞིན་ཉིད་དེ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ནོ། །དེ་དང་འདྲ་བ་ནི་སྙིང་པོ་བྱང་ཆུབ་ལ་ཆ་ཤས་མེད་དེ། སེམས་ཅན་དང་སངས་རྒྱས་ལམ་ཐུན་མོང་ཡིན་པས་ཡོངས་ཀྱི་ལམ་ཞེས་བྱ་སྟེ། ལམ་ཞེས་བྱ་བ་དང་ས་ཞེས་བྱ་བ་དོན་འདྲ་སྟེ། སྡུད་པ་ཚིགས་སུ་བཅད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ནས་གཞན་དུ་བགྲོད་པ་ལ་མི་བྱའི། དེའི་རང་བཞིན་དུ་གནས་པ་ཙམ་ལ་བྱའོ། །དེ་ནི་དཔེ་ཆུ་ཟླ་དང་འདྲ་བས། ཟླ་བ་ལས་བྱུང་རྟེན་དང་བཅས། །ཞེས་སྨོས་ཏེ། འདི་ལྟར་རྟེན་ཆུས་གར་ཁྱབ་པ་དེ་ཙམ་དུ་ཆུ་ཟླས་ཁྱབ་སྟེ། ཁྱབ་མ་ཁྱབ་ཀྱི་ཕྱོགས་ཆ་མེད་བཞིན་དུ། མི་རྣམས་འདི་སྐད་དུ། རང་རང་གང་ན་གནས་པའི་ས་ཕྱོགས་དེ་ནས་བལྟས་པ་ན། ཆུ་ཟླ་ཕྱོགས་ཆ་རེ་རེ་ན་གནས་པར་མཐོང་སྟེ། དེའི་དབང་གིས་འདི་སྐད་དུ། ཆུ་ཟླ་འདི་ན་སྣང་ངོ་། ཕ་ཀི་ན་སྣང་ངོ་། སྙམ་དུ་སེམས་སོ། །དེ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ། ཕྱོགས་དང་ཆ་ཤས་མེད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ལས། གང་ཟག་རྣམས་ལམ་ལ་ཕྱོགས་ཆར་འཛིན་པས་མཉམ་པ་ཉིད་ལས་གོལ་ལོ། །བཅུ་ཕྲག་དང་པོའོ།།  །། བཅུ་ཕྲག་གཉིས་པ་ལ། ཡེ་ཤེས་ཆེན་པོའི་བདེ་བའི་རྣམ་པ་ལ་ཆགས་པའི་གོལ་ས་ནི། ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ལས་བྱུང་། །དེའང་རྣམ་པའི་སྐྱོན་ཡིན་པས། དེ་ལ་རྟེན་པར་མི་བྱའོ། །ཞེས་གསུངས་པ་སྟེ། དེ་ལ་ད་ལྟའི་བདེ་བ་མངོན་སུམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཕྱི་མའི་བདེ་བ་རྒྱབ་ལས་བྱུང་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །ཡེ་ཤེས་ཆེན་པོ་འདི་གཉིས་སངས་རྒྱས་ཀྱི་ལམ་དུ་མཐོང་སྟེ་བླང་བར་བྱ་བར་མཐོང་ལ། མི་མཐུན་པ་སྤང་བར་བྱ་བར་མཐོང་ནའང་། རྣམ་པའི་འཆིང་བས་ཟིན་པ་ཡིན་པས། དེ་ལའང་བློའི་རྟེན་མི་བཅའ་འོ། །ཞེས་བྱ་བའི་དོན་ཏོ། །རེ་སྨོན་གྱི་མཐའ་ལ་གནས་པའི་གོལ་ས་གཉིས་ལ། དང་པོ་འཇིག་རྟེན་གྱི་མངོན་པར་མཐོ་བ་ལ་སྨོན་པ་འཇོག་པའི་གོལ་ས་ནི། སྲིད་པ་གསུམ་ན་སྦྱོར་བའང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མས་སྦྱོང་བའི་བསྟི་གནས་ཡིན། །ཞེས་གསུངས་པ་སྟེ། སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ན་སྦྱོར་བའི་མངོན་པར་མཐོ་བ་ཇི་སྙེད་པ་ཐམས་ཅད་ཀྱང་། མིང་ཙམ་སྒྱུ་མར་སྣང་བ་ཡིན་པས་རེ་སྨོན་གྱི་གནས་སུ་མི་རུང་ངོ་། །མིའི་འཇིག་རྟེན་འདི་ན་མངོན་པར་མཐོ་བར་གྲུབ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གནས་ཐོབ་པའང་། མིའི་འཇིག་རྟེན་སྒྱུ་མ་ཙམ་སྦྱོང་ཞིང་འདུལ་བར་བྱེད་པའི་བསྟི་གནས་ཙམ་ཡིན་པས། རེ་སྨོན་གྱི་གནས་མ་ཡིན་ནོ། །ཞེའོ། །གཉིས་པ་འབྲས་བུ་དུས་ཕྱིས་འབྱུང་བའི་རེ་སྨོན་འཇོག་པའི་གོལ་ས་ནི། རྣམ་སྤྱོད་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་ཏེ། །མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །ཅེས་གསུངས་པ་སྟེ། མཚན་མའི་རྣམ་པ་ལ་ཞེན་པ་རྣམས། རྒྱུ་ལས་འབྲས་བུ་དུས་ཕྱིས་འབྱུང་བར་སྣང་བ་དེ་བཞིན་དུ་བདེན་པར་ཞེན་ནས། འབྲས་བུ་དུས་གཞན་དུ་འབྱུང་བའི་རེ་སྨོན་འཇོག་པ་ནི། དེ་བཞིན་དུ་འབྱུང་བར་མྱི་འགྱུར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་གི་ཕྱིར་སྟོང་པ་ཉིད་ཡོད་དོ། །ཞེས་གསུངས་པ་ལས། དེའི་དབང་གིས་གང་ཟག་དེ་སངས་རྒྱས་ཀྱི་བཀའ་ལ་དད་པར་གྱུར་ཏེ་ཞུགས་ནས། དེ་ནས་སྟོང་པའི་དངོས་པོ་བཙལ་བ་ན་མ་རྙེད་པ་བཞིན་ནོ། །འདི་ནི་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་དུས་སྔ་ཕྱི་མེད་བཞིན་དུ། དུས་ཀྱི་མཐའ་ལ་རེ་སྨོན་འཇོག་པས་གོལ་བ་ཡིན་ནོ། །ལུང་གི་གོལ་ས་གསུམ་ལ། དང་པོ་ལུང་སྒྲོ་འདོགས་ཀྱིས་ཟིན་པའི་གོལ་ས་ནི། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣམ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་གསུངས་པ་སྟེ། དེ་ལུང་ཞེས་བྱ་བ་ནི། བཀའི་མཚན་ཉིད་དེ་རྟེན་པར་འོས་པའོ། །དེ་ཡང་ངེས་པའི་ལུང་དང་ཐ་མལ་པའོ། །དེ་ལ་ངེས་པའི་ལུང་ནི་ཐོག་དུ་ཕབ་པ་སྟེ། སྒྲོ་འདོགས་དང་བྲལ་བ་ཡིན་ན། ལུང་གི་རང་བཞིན་ནི་སྙིང་པོ་བྱང་ཆུབ་ཀྱི་དོན་ཉིད་ཡིན་ལ། དེ་ནི་མངོན་དུ་བྱ་བའི་ཆོས་དང་བྲལ་བས་གང་གིས་ཀྱང་བསྟན་པར་མི་ནུས་ལ། དེ་བས་ན་དེ་མཚོན་པའི་ལུང་གི་ཚིག་རྣམས་ཀྱང་སྒྲོ་འདོགས་ཡིན་ཏེ། ལུང་གི་རང་བཞིན་ལས་གོལ་ལོ། །ཞེའོ། །གཉིས་པ་ནི་ཏིང་ངེ་འཛིན་གྱི་གོལ་ས་སྟེ། ནང་མ་དག་པ་ལ་ཕྱི་རོལ་རྩོལ་བའི་ནད་ཀྱིས་ཟིན་པས། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་གོལ་བར་གྱུར་པ་ནི། ཕྱི་ནང་གཉིས་ག་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིནད་མཉམ་དང་བྲལ། །ཞེས་གསུངས་པ་སྟེ། དེ་ལ་ཕྱི་ནི་སེམས་ཀྱི་བདེ་བ་ཐོབ་པར་འདོད་པའི་རྩོལ་སེམས་སོ། །ནང་ནི་བདེ་བ་ཐོབ་པའོ། །ཕྱི་ཉིད་ནང་ཞེས་བྱ་བ་ནི། ཕྱི་ནང་བཟློག་པར་བསྟན་པ་སྟེ། རྩོལ་བ་ངང་གིས་ཞི་བ་ནི་ནང་དུ་འགྱུར་རོ། །བདེ་བ་ཆགས་པའི་འཆིང་བས་ཟིན་པ་ནི་ཕྱིར་འགྱུར་རོ། ། དེས་ཟབ་མོའི་དོན་མི་རྟོགས་ཏེ། སྲིད་པའི་འཆིང་བའི་དབང་དུ་འགྱུར་བས། ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །ཞེས་བྱའོ། །དེ་བས་ན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་གོལ་བར་གྱུར་བས། དེ་བས་ཏིང་འཛིན་མཉམ་དང་བྲལ། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི་དམ་ཚིག་གི་གོལ་ས་སྟེ། དེ་ཡང་མཉམ་པ་ཉིད་ཀྱི་སྙིང་པོ་ལ་དམ་ཚིག་ཕྱི་ནང་དུ་དབྱེ་བ་མེད་དེ། ཇི་ལྟར་འགྲོ་བ་རྣམས་ཕུང་པོ་དང་ཁམས་ཀྱི་རང་བཞིན་ཡིན་པའི་ཕྱིར། མཚན་ཉིད་དེ་ལས་འདའ་བའི་ཐབས་མེད་པ་བཞིན། ཕུང་པོ་དང་ཁམས་ཀྱི་རང་བཞིན་ཉིད་སངས་རྒྱས་ཀྱི་ཆེ་བ་ཡིན་པས་དེ་ལས་འདའ་བའི་ཐབས་མེད་པའི་ཕྱིར། བསྲུང་བ་དང་མི་བསྲུང་བ་མེད་བཞིན་དུ་དམ་ཚིག་ཕྱི་ནང་དུ་བསྟན་པས་གོལ་ལོ་ཞེས་བསྟན་པའི་ཕྱིར། དེ་ལ་ཐ་ཚིགས་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་དེ་དང་མི་འབྲལ་བས། །ཐ་ཚིགས་མིང་དུ་བཏགས་པ་མེད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་རྒྱུའི་གོལ་ས་ནི། འདི་ལ་བརྟུལ་ཞུགས་དྲག་ཤུལ་ཀྱིས། །གནས་སུ་བྱ་བའི་གཞི་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །ཅེས་གསུངས་པ་སྟེ། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གནས་སུ་བྱ་བ་དང་བྲལ་བ་ལ། ཕྱི་རོལ་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་ནན་དང་ཚན་གྱིས་བསྒྲུབ་པར་བྱ་བའི་གནས་གཞི་མེད་དེ། འོན་ཀྱང་མ་སྐྱེས་པའི་དོན་ལ་མ་ཆགས་པའི་བློ་དང་ལྡན་ན། སྒྱུ་མ་ཙམ་དུ་ཡོན་ཏན་སྣང་ངོ་། །ཞེས་བྱ་བའི་དོན་ཏོ། །ཏིང་འཛིན་ཐོབ་པ་འབྲས་བུའི་གོལ་ས་གསུམ་ལ། དང་པོ་བདེ་བ་ཐོབ་པར་འདོད་ནས་རྩོལ་བའི་གོལ་ས་ནི། རང་བཞིན་གཅིག་དུ་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་སྟེ། སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་སྒྲིབ་སྐྱོན་ཆེན་པོ་ཡིན། །ཅེས་གསུངས་པ་སྟེ། ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བུའི་ངོ་བོ་ཡང་མ་ཡིན་པའི་ཕྱིར། བློས་ཇི་ལྟར་བལྟས་པ་བཞིན་སྣང་བ་ལ། ཡང་དག་པའི་ངོ་བོ་ཞིག་སྣང་བའི་བདེ་བ་ཐོབ་དུ་རེ་ནས་རྩོལ་བས་གོལ་ལོ། །གཉིས་པ་བྱང་ཆུབ་ཀྱི་ཡན་ལག་གི་མཚན་མ་ཕྲ་མོའི་གོལ་ས་ནི། བྱང་ཆུབ་ཡན་ལག་ཀུན་ཀྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་ཆགས་མ་གོས་བྱུང་གྱུར་ཀྱང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་གི་སྒོར་གྱུར་པ་མཚན་མ་ལྷའི་ཆ་ལུགས། ཆ་ཤས་ཡོངས་སུ་རྫོགས་པའམ་མ་རྫོགས་པས་བསྡུས་པ་གང་ཡང་རུང་བ་མངོན་དུ་གྱུར་ཏེ། སྒྲིབ་པའི་དྲི་མས་མ་གོས་པ་གསལ་བར་གྱུར་ཀྱང་། མཚན་མར་སྣང་བ་ཅིག་གསལ་བར་ཟད་པས། བྱིས་པའི་སྤྱོད་ཡུལ་བཞིན་ནོ། །གསུམ་པ་མཚན་མ་རགས་པའི་གོལ་ས་ནི། དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་གྱུར་ནའང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཞེས་གསུངས་པ་སྟེ། འདིའི་དོན་ཡང་སྔ་མ་བཞིན་ནོ། །ཡི་གེ་ཞེས་བྱ་བའི་སྒྲ་ནི། གནས་སྐབས་ཀྱིས་ཆོས་ཉིད་དང་། ཡེ་ཤེས་དང་། མིང་དང་། གཟུགས་དག་ལ་འཇུག་ན། འདིར་ལྷའི་སྐུ་ཉིད་ལ་བྱའོ། །བཅུ་ཕྲག་གཉིས་པ་སྟེ་སྤྱིར་ཉི་ཤུའོ།།  །། ཆོས་ཀྱི་གོལ་ས་གསུམ་ལ། དང་པོ་ཆོས་ལས་ཆོས་མི་འབྱུང་བ་ནི། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་བསྐྱེད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །ཞེས་གསུངས་པ་སྟེ། ཆོས་ཀྱི་སྒོ་མོ་དཔག་དུ་མེད་པ་གསུངས་པའང་། ཐམས་ཅད་ཀྱང་སེམས་ཅན་ཀྱི་དོན་དུ་འགྱུར་ཏེ། ཆེ་བའི་ཡོན་ཏན་སྐྱེད་པ་ཡིན་མོད་ཀྱི། ཆོས་ཉིད་ལ་མཚན་མ་མེད་པས། རྣམ་གྲངས་ཀྱི་ཆོས་ལས་སྙིང་པོའི་ཆོས་འབྱུང་བར་མི་འགྱུར་རོ། །གཉིས་པ་ཆོས་ལ་ཆོས་མི་ལྟོས་པ་ནི། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ཞེས་གསུངས་པ་སྟེ། ཆོས་ཞེས་བྱ་བ་ནི་རང་རང་གི་ཆོས་སམ་མཚན་ཉིད་ཡིན་ཏེ། གཞན་ལ་ལྟོས་ན་རང་གི་ཆོས་སུ་མི་འགྱུར་རོ། །དཔེར་ན་དངོས་པོའི་ཆོས་སྒྲུབ་པ་ནའང་། མེ་ཤེལ་ཀྱི་འོད་ཚ་བ་ཉི་མ་ལ་ལྟོས་མི་དགོས་པ་ཞིག་ན། མེ་ཤེལ་ཚ་བའི་མཚན་ཉིད་དུ་གྲུབ་པ་ཞིག་ན། ལྟོས་པའི་ཕྱིར་མི་གྲུབ་བོ། །མེ་ནི་གཞན་ལ་ལྟོས་མི་དགོས་པར་ཚ་བས། མེ་ཚ་བའི་ཆོས་སུ་གྲུབ་པོ། །དངོས་པོ་མེད་པའི་ཆོས་སྒྲུབ་པ་ན། དཔེར་ན་སྨིགས་རྒྱུའི་ཆོས་ཆུ་ཡིས་སྟོང་བ་དང་སྔོ་བ་དང་གཡོ་བས་སྟོང་པ་ཡིན་པར་གྲུབ་པ་ན། ཐ་སྙད་ཀྱི་བློ་སྨིགས་རྒྱུ་ལ་རྟེན་ནས་འཇུག་པར་བྱེད་མོད་ཀྱི། སྟོང་པ་ཉིད་ཀྱི་ཆོས་ནི་སྨིགས་རྒྱུ་ལ་ལྟོས་པ་མེད་དེ། ཉི་མ་ཤར་ཏེ་སྨིགས་རྒྱུ་ཡོད་ཀྱང་རུང་། ཉི་མ་ནུབ་སྟེ་སྨིགས་རྒྱུ་འགགས་ཀྱང་རུང་། སྟོང་པ་ཉིད་ལ་རང་བཞིན་བྱེ་བྲག་དུ་གྱུར་པ་མེད་དོ། །དེ་བཞིན་དུ་ཆོས་ཅན་མཚན་མར་སྣང་བ་ལ་རྟེན་ནས་ཐ་སྙད་ཀྱི་བློ་འཇུག་པར་ཟད་དེ། ངོ་བོ་ཉིད་ཀྱིས་དག་པའི་ཆོས་ནི་གཞན་གང་ལའང་ལྟོས་པ་མེད་དོ། །གསུམ་པ་ཆོས་ཀྱིས་ཆོས་མི་རྟོགས་པ་ནི། ལྷུན་ཀྱིས་གནས་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་གསུངས་པ་སྟེ། ཆོས་ཉིད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ་ནི། ངོ་བོ་ཉིད་ཀྱིས་དྲི་མས་མ་བསླད། རང་འོད་གསལ་ཞིང་རང་རིག་པ་ལས་མ་གཏོགས་པ། ཆོས་ཉིད་ལ་ཡེ་ཤེས་ཀྱིས་དམིགས་ཤིང་རྟོགས་པ་ཞིག་ན། ཆོས་ཉིད་དུའང་མི་རུང་ངོ་། །དེ་ལྟར་གོལ་ས་ཉི་ཤུ་རྩ་གསུམ་མོ། །སྒྲིབ་པ་བདུན་ལས། བསླད་པའི་སྒྲིབ་པ་གསུམ་ལ། དང་པོ་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གུད་ན་མེད་བཞིན་དུ་བསླད་པས་བསྒྲིབས་པ་ནི། སླ་ཞིང་དཀའ་ལ་བསླད་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ཞེས་གསུངས་པ་སྟེ། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གུད་ན་མེད་ཅིང་བརྩལ་དུ་མེད་པས་སླ་ལ། བསླད་པས་བསྒྲིབས་ཏེ་མ་རྟོགས་པས་དཀའོ། །དེ་ནི་ནམ་མཁའི་དབྱིངས་དང་འདྲ་སྟེ། མངོན་སུམ་དུ་མི་སྣང་ལ་ཀུན་ལ་ཁྱབ་བོ། །དེའི་རང་བཞིན་ནི་མཚན་མའི་ཐ་སྙད་ལས་འདས་ཏེ། མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་བསླད་པས་བསྒྲིབས་པའི་ཕྱིར་དགེ་བའི་བཤེས་གཉེན་ཀྱིས་སྐབས་དབྱེ་དགོས་པར་བསྟན་པ་ནི། འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བྱིས་པས་བསླད་པས་འཁྲུལ་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །ཞེས་གསུངས་པ་སྟེ། རང་བཞིན་ཡིན་ཡང་བསླད་པས་བསྒྲིབས་པས་ངོ་མ་ཤེས་ཏེ། དཔེར་ན་སྨན་ནི་རང་བཞིན་གྱིས་ནད་ལ་སྨན་བསོད་དུ་གྱུར་པ་ཉིད་ཡིན་ཡང་། སྨན་དེ་ཚོལ་བ་སྨན་པ་ཡིན་པ་བཞིན་དུ། འགྲོ་བ་རང་བཞིན་གྱིས་གྲོལ་བ་ཡིན་ཡང་། བསླད་པས་དེ་ལྟར་མ་ཤེས་པ་ལ་དགེ་བའི་བཤེས་གཉེན་ཀྱི་སྐབས་དབྱེ་དགོས་པས། དགེ་བའི་བཤེས་གཉེན་དམ་པ་བསྟེན་ཅིག་པའོ། །གསུམ་པ་ནི་བདེ་བ་ཆེན་པོ་ཕྱོགས་དང་རིས་མེད་པ་ལ། བསླད་པས་སྣོད་ཀྱི་འཇིག་རྟེན་ཕྱོགས་ཆད་པ་དང་། བཅུད་ཀྱི་འཇིག་རྟེན་རིས་སུ་བྱེ་བར་སྣང་བ་ནི། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ཞེས་གསུངས་པ་སྟེ། བདེ་བ་ཆེན་པོ་ཕྱོགས་དང་རིས་མེད་པ་ལ། ཕྱོགས་རིས་སུ་སྣང་བ་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པ་ཆེ་བའི་རྒྱན་ཉིད་ཡིན་མོད་ཀྱི། བསླད་པས་སྣོད་བཅུད་ཀྱི་འཇིག་རྟེན་དུ་སྣང་བ་ཡང་ཡིན་ནོ། །ཞེས་པའོ། །དེ་ལ་འོད་འདུས་པ་ཞེས་བྱ་བ་ནི། ཅིར་ཡང་མ་གྲུབ་པ་ལ་གྲུབ་གྲུབ་ལྟར་ཕྱོགས་སུ་ཆད་པར་སྣང་བ་སྟེ་སྣོད་ཀྱི་འཇིག་རྟེན་དུ་སྣང་བའོ། །འཇའ་ཚོན་ཁ་དོག་ཞེས་བྱ་བ་ནི། སོ་སོར་དབྱེ་བ་མེད་པ་ལ་སོ་སོར་ངེས་ངེས་ལྟར་སྣང་བ་སྟེ། བཅུད་ཀྱི་འཇིག་རྟེན་དུ་སྣང་བའོ། །མདོར་ན་གཞི་གཅིག་ལ་རྣམ་པར་དག་པའི་འཇིག་རྟེན་དུ་སྣང་བ་དང་། མ་དག་པའི་འཇིག་རྟེན་དུ་སྣང་བ་སྟེ། དེ་ལ་མ་དག་པར་སྣང་བ་ནི། བསླད་པས་བསྒྲིབས་པ་ཡིན་ནོ། །ཞེའོ། །ཚུལ་འདི་ལྟ་བུ་ནི་མདོ་སྡེ་ལས་ཀྱང་གསུངས་ཏེ། སྣོད་དང་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་མ་གྱུར་པ་མེད་ལ། གདུལ་བྱའི་རྒྱུད་ཀྱང་རྣམ་པ་གཉིས་ཏེ། སེམས་ཅན་དུལ་བ་དང་ཁེངས་པའོ། །དེ་ལ་དུལ་བ་ནི་བྱང་ཆུབ་སེམས་དཔའོ། །ཁེངས་པ་ནི་སོ་སོའི་སྐྱེ་བོ་དང་ཉན་ཐོས་སོ། །དེ་ལ་སེམས་ཅན་དུལ་བ་གདུལ་བར་བྱ་བའི་ཕྱིར། ཡོངས་སུ་དག་པའི་འཇིག་རྟེན་དང་། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་བྱིན་གྱིས་རློབ་བོ། །སེམས་ཅན་ཁེངས་པ་རྣམས་གདུལ་བའི་ཕྱིར། ཡོངས་སུ་མ་དག་པའི་འཇིག་རྟེན་དང་། སངས་རྒྱས་ངན་ཅིང་དབུལ་བར་སྣང་བར་བྱིན་གྱིས་རློབ་བོ། །འཇིག་རྟེན་འཇིག་པའི་བསྐལ་པས་འཇིག་པའང་། དེས་འདུལ་བ་ལ་དེ་ལྟར་བྱིན་གྱིས་རློབ་བོ། །ཐ་ན་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པ་གང་ཡིན་པ་དང་། བདུད་བཞི་པོ་དག་གིས་ཀྱང་སངས་རྒྱས་རྣམས་སངས་རྒྱས་ཀྱི་མཛད་པ་མི་སྒྲུབ་པ་མེད་པར་འབྱུང་ལ། ཐུན་མོང་གི་བཀའ་རྣམས་ལས་སྣོད་དང་བཅུད་ཀྱི་འཇིག་རྟེན་ནི། སེམས་ཅན་གྱི་ལས་དབང་གིས་གྲུབ་པ་ཡིན་པར་འབྱུང་སྟེ། འོན་ཀྱང་ཚུལ་འདི་གཉིས་ལ་སྣང་བ་ཐ་དད་མེད་ཅིང་སྣང་བའི་རྟེན་གཞི་ཡང་མེད་དེ། སྣང་བའི་རྐྱེན་ཙམ་དུ་ནི་ཐུགས་རྗེ་དང་ལས་གཉིས་གའང་ཐུན་མོང་དུ་འགྱུར་དུ་རུང་ལ། སྣང་བ་དེ་ཉིད་ཀྱང་བྱང་གྲོལ་དང་འཆིང་བ་གཉིས་གའི་རྐྱེན་དུ་འགྱུར་བར་མཉམ་པས། ཚུལ་གཉིས་ག་ལྟར་ཡང་བསྒྲུབ་དུ་རུང་བར་སྣང་ངོ་། །རྗེས་སུ་མཐུན་པའི་བློ་མི་སླུ་བ་གང་ཡིན་པ་དེ་ལྟར་བདེན་པར་སྒྲུབ་པ་ལྟར་ན་ནི། ཐུགས་རྗེའི་བྱིན་རླབས་ལྟར་བདེན་པར་འགྱུར་རོ། །རྣལ་འབྱོར་ཀྱི་བྱ་བ་དོན་ཀྱིས་མ་ཟིན་ཏེ། ཉོན་མོངས་པའི་འཆིང་བས་ཟིན་པའི་སྒྲིབ་པ་གསུམ་ནི། འདི་ལྟར་རྣལ་འབྱོར་པའི་བྱ་བ་ཐམས་ཅད་ཀྱང་མདོར་བསྡུས་ན་རྣམ་པ་གསུམ་ཡིན་ཏེ། །འཕགས་པ་མཆོད་པར་བྱ་བའི་ཕྱིར། རོལ་པ་རྒྱན་ཀྱི་དཀྱིལ་འཁོར་ཀྱི་ཚུལ་གྱིས་ཚོགས་ཀྱི་མཆོད་པ་བསྔོ་ཞིང་དབུལ་བ་དང་། འགྲོ་བའི་དོན་དུ་ལས་རྒྱ་མཚོ་བརྩམས་པ་དང་། བསོད་ནམས་ཀྱི་ཚོགས་བསྐྱེད་པའི་ཕྱིར། བླ་མ་མཆོད་པ་དང་སྦྱིན་པ་གཏོང་བ་ལ་སོགས་ཏེ། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱང་མི་སྤང་བར་དོན་གྱིས་ཟིན་པར་བྱ་སྟེ། སྤྱད་པར་བྱ་བ་ཡིན་པ་ལས། ཉོན་མོངས་པའི་འཆིང་བར་གྱུར་ན་སྒྲིབ་པར་བསྟན་པའོ། །དེ་གསུམ་གྱི་དཀྱུས་དང་དོན་ནི་གོ་སླ་བས་མ་བཀོད་དོ། །ཐ་མ་ལུང་སྒྲོ་སྐུར་ཀྱིས་ཟིན་པའི་སྒྲིབ་པ་ནི། དེ་བས་དེ་ལུང་དེ་ཉིད་ལ། །དེ་ལས་དེ་བྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་ཐོབ་པ་མེད། །ཞེས་གསུངས་པ་སྟེ། དེ་ལ་ལུང་དེ་ཉིཀྱི་སེམས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དེ་ཉིད་རྟེན་གཞིའི་མཆོག་ཡིན་པས་ལུང་དེ་ཉིད་དོ། །དེ་ལ་བྱ་བ་ནི་དེ་ཉིད་ཐོབ་ཅིང་རྟོགས་པར་བྱ་བའི་ཕྱིར། ཡོད་མེད་ཀྱི་བློ་དང་། སྒྲའི་རྩོལ་བ་བསྐྱེད་པ་ཐམས་ཅད་སྒྲིབ་པ་ཉིད་ཡིན་ཏེ། མཚོ་རླུང་གིས་བསྐྱོད་པ་ལྟ་བུའོ། །དེ་བས་ན་རང་གི་རང་བཞིན་རང་བཞག་ན་བདེ་བ་ཆེན་པོར་རང་གནས་བཞིན་དུ། དེ་ལ་རྟོག་པས་ཐོབ་པར་མི་འགྱུར་རོ། །ཞེའོ། །འདི་ནི་ཆུ་དང་མེ་ནི་མ་བཅོས་ན་རང་དྭངས་ཤིང་གསལ་ལ། ཇི་ལྟར་འདུ་བྱེད་པ་དེ་ལྟར་རང་ལ་རང་སྒྲིབ་བོ། །དེ་བཞིན་དུ་སེམས་ངོ་བོ་ཉིད་མེད་པར་རྟོགས་ན་བཅོས་མི་དགོས་ལ། བཅོས་པར་བྱ་བ་དང་བྱེད་པའི་དངོས་གཞིའང་མི་རྙེད་དོ། །མ་ཤེས་ན་ཇི་ལྟར་ནན་གྱིས་བཅོས་ཀྱང་རྟོག་པ་སྔ་ཕྱི་རྗེ་བ་ཙམ་དུ་ཟད་དེ། དཔེར་ན་སྤྲིན་དཀར་ནག་གཉིས་ག་ནམ་མཁའ་ལ་སྒྲིབ་པ་ལྟ་བུའོ། །དེ་ལྟར་གོལ་སྒྲིབ་སུམ་བཅུས་གོལ་ས་དང་སྒྲིབ་པ་བཅད་པ་དེ་ཉིད། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའང་ཡིན་ལ། བྱང་ཆུབ་སེམས་ཀྱི་གཞག་ཐབས་བསྟན་པའང་ཡིན་ནོ། །ཡིན་པ་རྣམ་པ་གསུམ་ནི། ཀུན་ཏུ་བཟང་པོ་ཡིན་པ་དང་། ཀུན་ཏུ་བཟང་མོ་ཡིན་པ་དང་། གཉིས་སུ་མེད་པ་ཡིན་པའོ། །འདི་གསུམ་ནི་ཆེ་བ་རྣམ་པ་ལྔ་མདོར་བསྡུས་པའི་མན་ངག་ཡིན་ཏེ། ཅིར་སྣང་ཡང་ཀུན་ཏུ་བཟང་པོའི་རོལ་པ་ལ་མངའ་བརྙེས་པ་ཡིན་པས། ཀུན་ཏུ་བཟང་པོ་ཡིན་པ་ཞེས་བྱའོ། །ཅིར་སྣང་ཡང་རང་གི་ངོ་བོ་མ་གྲུབ་པས། ཀུན་ཏུ་བཟང་མོ་ཡིན་པ་ཞེས་བྱའོ། །དེ་ལ་ཡང་མཚན་ཉིད་གཉིས་སུ་གྲུབ་པ་མེད་དེ། སྣང་བ་ཉིད་མ་སྐྱེས་པའོ། །མ་སྐྱེས་པ་ཉིད་སྣ་ཚོགས་སུ་སྣང་ཞིང་ཐུགས་རྗེའི་བྱིན་རླབས་རྒྱུན་མི་འཆད་དོ། །ཚིག་འདི་གསུམ་གྱིས་ཀྱང་རྫོགས་པ་ཆེན་པོའི་དོན་ཐམས་ཅད་བསྡུས་སོ། །དེ་ལ་གདིང་ཆེན་པོ་གསུམ་ནི། ཐིག་ལེ་ཆེན་པོ་དྲུག་མན་ངག་ཏུ་བསྡུས་པ་ཡིན་ཏེ། གསུམ་གང་ཞེ་ན། ངང་དང་། རང་བཞིན། བདག་ཉིད་ཆེན་པོའོ། །དེ་ལ་ངང་མ་བྱས་པ། རང་བཞིན་མ་བཅོས་པ། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའོ། །དེ་ལ་མ་བྱས་པ་ནི་སེམས་ཅན་གྱི་འཁྲུལ་པས་ཇི་ལྟར་བསླད་ཀྱང་། སེམས་ཀྱི་རང་བཞིན་གཞན་དུ་འགྱུར་བ་མེད་པའོ། །མ་བཅོས་པ་ནི་རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་ཇི་ལྟར་བཅོས་ཀྱང་། བྱང་ཆུབ་སེམས་ཀྱི་ཡོན་ཏན་བོགས་དབྱུང་དུ་མེད་པའོ། །ལྷུན་ཀྱིས་གྲུབ་པ་ནི་དེ་ལྟ་བས་ན་བགྲོད་ཅིང་སྦྱོང་བ་ལས་འདས་པའོ། །དོན་འདིས་ཀྱང་རྫོགས་པ་ཆེན་པོའི་དོན་མཐའ་དག་བསྡུས་སོ། །དེ་ལ་མན་ངག་གི་རྩ་བ་གསུམ་ནི། གོལ་སྒྲིབ་སུམ་བཅུའི་གོལ་ས་བཅད་པ་མདོར་བསྡུས་པ་སྟེ། གསུམ་གང་ཞེ་ན། ལུང་ལ་མ་བརྟེན་པའི་མན་ངག །རྒྱུ་ལས་མ་བྱུང་བའི་འབྲས་བུ། །སེམས་ལས་མ་བྱུང་བའི་ཆོས་སོ། །དེ་ལ་གོལ་སྒྲིབ་སུམ་བཅུས་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་མ་རྟོགས་པ་དང་། རྩོལ་སྒྲུབ་ཀྱི་མཐུ་ལས་ཐོབ་པར་འགྱུར་བ་བཅད་དོ། །འདིར་ཡང་དེ་ཉིད་བསྟན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། བློ་ལ་བཅད་པའི་མན་ངག་གི་དམ་པ་ཡིན་ཡང་། ལུང་གི་སྒྲ་ལ་རྟེན་པའང་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་། སེམས་ལས་བྱུང་བའི་ཆོས་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེས་བསྡུས་པའང་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ལས་བསྒྲུབས་པའང་མ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་གཅིག་གིས་ཤེས་བྱ་ཐམས་ཅད་ཀྱི་གདར་ཤ་ཇི་ལྟར་གཅད་ཅེ་ན། ཆོས་ཐམས་ཅད་སེམས་སུ་འདུས་པས། སེམས་ལས་མ་གཏོགས་པའི་ཤེས་བྱ་གཞན་མེད་ལ། སེམས་ཀྱི་རང་བཞིན་ཉིད་བྱང་ཆུབ་ཡིན་པས། གོང་དུ་བསྟན་པ་ལྟར་ཤེས་བྱའི་བྱ་བ་བཞི་ལས་འདས་པར་ཐེ་ཚོམ་མེད་ཅིང་དྲི་མ་མེད་པས་གདར་ཤ་བཅད་ཅེས་བྱའོ། །ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བས་ལ་བཟླ་བ་ཞེས་བྱ་བ་ནི། སངས་རྒྱས་པ་དང་སངས་མ་རྒྱས་པ་གཉིས་མེད་ན་ཅི་ཞིག་བརྩལ་ཏེ་བརྩལ་དུ་མེད་པར་ལ་བཟླའོ། །དེ་ལྟ་བུའི་དོན་དང་ལྡན་པའི་རྣལ་འབྱོར་གྱི་སྐྱེས་བུ་རྣམས་ནི། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ལྷུན་ཀྱིས་གནས་པ་ཡིན་ཏེ། དེ་ལ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ནི་སངས་རྒྱས་ཀྱི་ས་ཐམས་ཅད་ཀྱི་སྤྱི་ཆིངས་ཡིན་ཏེ། རྫོགས་པ་ཆེན་པོའི་དོན་ཇི་ལྟ་བ་གང་ཡིན་པ་དེ་ཉིད་དོ། །དཔལ་རྡོ་རྗེ་སེམས་དཔའ་གཉིས་པ་ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའ་དང་དགོངས་པ་མཐུན་པའོ། །སྲིད་པ་དང་མི་སྲིད་པ་ཞེས་བྱ་བ་ལ། སྲིད་པ་ནི་སེམས་ཅན་ལས་ཀྱི་ཚེ་བསྐྱེད་པ་རྣམས་ཏེ། སོ་སོའི་སྐྱེ་བོ་དང་བྱང་ཆུབ་སེམས་དཔའ་འོ། །མི་སྲིད་པ་ཞེས་བྱ་བ་ནི་ལས་ཀྱི་ཚེ་བཀག་པ་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །དེ་དག་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཞིན་དུ། སྤྱི་བོས་བཀུར་བའི་འོས་སུ་གྱུར་པ་ནི། རྫོགས་པ་ཆེན་པོའི་དོན་རྟོགས་ཤིང་རྡེང་དུ་གྱུར་པའི་རྣལ་འབྱོར་ཀྱི་སྐྱེས་བུ་ཆེན་པོ་དག་ཡིན་ཏེ། གང་གི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་གཉིས་པ་ཡིན་པ་དེའི་ཕྱིར་རོ། །ཞེས་བསྟན་པར་འགྱུར་རོ། །དེ་དག་གིས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་དང་། བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་རྣམས་གཞུང་གི་ཚོགས་དང་བཅས་ཏེ་བསྟན་པ་ཡིན་ནོ། ། ད་ནི་བྱང་ཆུབ་སེམས་ཀྱི་གཞག་ཐབས་བསྟན་ཏེ། དེ་ཡང་མདོར་བསྡུས་ཏེ་བསྟན་ན། ཆོས་ཐམས་ཅད་སྒྱུ་མ་དང་སྨིགས་རྒྱུ་ལ་སོགས་པ་དང་འགོ་མཉམ་པར་ཤེས་ཏེ། ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཙམ་ལ་བྱང་ཆུབ་སེམས་ཀྱི་གཞག་ཐབས་ཞེས་བྱའོ། །དེ་ལ་སྒྱུ་མ་དང་འགོ་མཉམ་པ་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟར་སྒྱུ་མ་དང་འགོ་མཉམ་པ་དང་མི་མཉམ་པར་ལྟ་བའི་དབང་གིས། ཤེས་བཞིན་དང་ཤེས་བཞིན་ཆེན་པོའི་བྱེ་བྲག་དུ་འགྱུར་ཏེ། དེ་ལ་ཤེས་བཞིན་ནི་དྲན་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་གིས། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་ཤེས་བཞིན་དུ་འཇུག་པ་སྟེ། གང་དེ་ཡོད་ན་སེམས་ནང་དུ་ཡང་དག་འཇོག་ལ་མཉམ་པར་འཇོག་པའི་ཚེ་ནའང་། འདི་ལྟར་བྱིང་ནའང་བྱིང་ངོ་ཞེས་བྱ་བར་རབ་དུ་ཤེས། རྒོད་ནའང་རྒོད་དོ་ཞེས་བྱ་བར་རབ་དུ་ཤེས། བྱིང་བའི་གཉེན་པོ་སེམས་པས་འཕང་བསྟོད་པ་ཡིན་པར་ཡང་རབ་ཏུ་ཤེས། རྒོད་པའི་གཉེན་པོ་བཏང་སྙོམས་ཀྱིས་མགོ་གནོན་པ་ཡིན་པར་ཡང་རབ་ཏུ་ཤེས། བྱིང་རྒོད་གཉིས་ཀྱི་ཟུག་རྔུ་དང་བྲལ་ཏེ་བློ་མཉམ་པར་གནས་ན་ཡང་དེ་བཞིན་དུ་རབ་དུ་ཤེས་ཏེ། ལྷག་པར་གཉེན་པོ་བསྟེན་པའི་རྩོལ་བ་བསྐྱེད་པའི་གནས་མ་ཡིན་པར་ཡང་རབ་དུ་ཤེས་པའི་བློ་བྱ་ར་བ་དང་འདྲ་བ་སྟེ། དཔེར་ན་སྣོད་ཆུས་གང་བ་ཕྱིར་མ་བོ་བར་སྲུང་བ་ལྟ་བུའོ། །དེ་ནི་སྒྱུ་མ་དང་འགོ་མི་མཉམ་པར་ལྟ་བ་ལས་བྱུང་བ་ཡིན་ཏེ། དཔེར་ན་གླང་པོ་ཆེ་རང་བཞིན་གྱིས་དྲེགས་ཤིང་མྱོས་པ་དག །རྒུན་ཆང་འཐུངས་པར་གྱུར་ན་ཤིན་དུ་མྱོས་པར་འགྱུར་ཏེ། དེ་ལྕགས་ཀྱུ་དང་ལྕགས་ཐག་གིས་མ་ཟིན་ན། རྩིག་ཁྱིམ་གཞོམ་པ་དང་སྲོག་ཆགས་གསད་པ་ལ་སོགས་པ་ཉེས་པ་སྣ་ཚོགས་ལ་སྦྱོར་བར་དོགས་པ་དེས་འཇིགས་ཏེ། གཟུངས་གཉིས་ཀྱིས་རྟག་དུ་འཛིན་ཏོ། །དེས་ཟིན་ཅིང་དུལ་ན་དགྲའི་དཔུང་འཇོམས་ཤིང་གཡུལ་བརྟན་པར་བྱེད་པའི་ཡོན་ཏན་ཆེན་པོ་ཡོད་པས། དེ་ལྟར་སྐྱོན་དང་ཡོན་ཏན་གཉིས་ཀྱི་དབང་གིས་རེ་དོགས་ཀྱི་བློ་དང་ལྡན་པས། དེའི་ཕྱིར་རྟག་དུ་གཟུངས་གཉིས་ཀྱིས་སྲུང་ངོ་། །དེ་བཞིན་དུ་སེམས་ཀྱི་གླང་པོ་ཆེ་རང་བཞིན་གྱིས་གདུལ་དཀའ་བར་གྱུར་པ་ལ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དང་། བྱིང་རྒོད་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྒུན་ཆང་འཐུངས་ཏེ། ཤིན་ཏུ་འཁྲུགས་ཤིང་ཉོན་མོངས་པར་གྱུར་པ་ལ། ཤེས་བཞིན་གྱི་ལྕགས་ཐག་དང་ལྕགས་ཀྱུས་མ་ཟིན་ན། རྟག་དུ་འཁོར་བ་དང་ངན་སོང་གི་རྒྱུ་གནས་ངན་ལེན་གྱི་ལས་ཁོ་ན་གསོག་པར་བྱེད་པས། དེའི་ཉེས་སྐྱོན་ཆེན་པོས་འཇིགས་པའི་དོགས་པ་ཡོད་པ་དང་། ཤེས་བཞིན་ཀྱི་གཟུངས་ཀྱིས་ཟིན་ན་ཉོན་མོངས་པ་རྣམས་ཀྱི་དབང་དུ་མི་འགྱུར་ཏེ། མཐོ་རིས་དང་ཐར་པའི་འབྲས་བུ་ཆེན་པོ་ལ་སྦྱོར་བའི་ཡོན་ཏན་ཆེན་པོ་ཡོད་པས་རེ་བ་དང་ལྡན་ཏེ། དེ་ལྟར་རེ་དོགས་ཆེན་པོ་གཉིས་ཡོད་པས། དེའི་ཕྱིར་ཤེས་བཞིན་གྱི་གཟུངས་ཀྱིས་སྲུང་བར་བྱེད་དོ། །དེ་ལ་ཤེས་བཞིན་ཆེན་པོ་གང་ཞེ་ན། དཔེར་ན་ཁོར་ཡུག་ཆེན་པོའི་སྣོད་ཀྱིས་བཟུང་བའི་རྒྱ་མཚོ་ཆེན་པོ་ནི། ཆུ་བོ་ཆེན་པོ་མཐའ་ཡས་པ་འབབ་ཀྱང་ལྟུང་བའི་དོགས་པ་མེད་དོ། །དུས་ཀྱི་རླུང་གིས་བསྐྱོད་དམ། ནམ་མཁའ་ལྡིང་གི་འདབ་མས་གཏོར་ཡང་ཁོར་ཡུག་ཆེན་པོ་ལས་ཕྱིར་འདའ་བའི་དོགས་པ་མེད་པ་བཞིན་དུ། ཆོས་ཐམས་ཅད་སྒྱུ་མ་དང་འགོ་མཉམ་པར་རྟོགས་པ་ན། རེ་དོགས་ཀྱི་བློ་དང་བྲལ་བས་བསྲུང་བ་དང་མི་བསྲུང་བ་གཉིས་མེད་པར་རྟོགས་པའི་བློ་དང་ལྡན་པ་སྟེ། དཔེར་ན་སྒྱུ་མའི་གླང་པོ་ཆེ་སྣང་ཞིང་མཐོང་ན། དེ་སྒྱུ་མར་ཤེས་པས། ཤོར་བས་ཡུལ་ཕུང་བའི་དོགས་པའི་བློ་ཡང་མི་སྐྱེ། གཟུངས་ཀྱིས་ཟིན་ཅིང་དུལ་བས་ཡུལ་སྲུང་བའི་རེ་བའི་བློའང་མི་སྐྱེ་སྟེ། དེའི་དབང་གིས་ལྕགས་ཀྱུ་དང་ལྕགས་ཐག་གི་གཟུངས་ཀྱང་མི་སྟེན་པ་བཞིན་ནོ། །ཤེས་བཞིན་རྣམ་པ་གཉིས་ལ་བསྟེན་ནས། བཏང་སྙོམས་དང་བཏང་སྙོམས་ཆེན་པོ་ལ་གཉིས་སུ་འགྱུར་ཏེ། དེ་ལ་བཏང་སྙོམས་ནི་ཉོན་མོངས་པ་མེད་པར་གནས་པའི་བློ་གང་ཞིག །བྱིང་རྒོད་ཀྱི་ཟུག་རྔུ་གཉིས་ཀྱི་མི་མཉམ་པ་མེད་པས་ན། སེམས་མཉམ་པ་ཉིད་ཐོབ་པ་ཞེས་བྱ་སྟེ་བཏང་སྙོམས་ཐོག་མའོ། །དེ་ནས་དེ་བས་ཆེས་སེམས་དབང་དུ་གྱུར་པ་ན། ཟུག་རྔུ་གཉིས་གཉེན་པོས་བཅོས་མི་དགོས་པར་སེམས་རྣལ་དུ་འདུག་པ་ཐོབ་སྟེ། བཏང་སྙོམས་བར་མ་ཞེས་བྱའོ། །དེ་ནས་སེམས་དེ་ཤིན་ཏུ་ཡང་དབང་དུ་གྱུར་པས་ན། ཟུག་རྔུ་གཉིས་འབྱུང་བའི་དོགས་པའང་མེད་ལ། གཉེན་པོ་བསྟེན་པའི་རྩོལ་བའང་མེད་པར་སེམས་ལྷུན་གྱིས་གྲུབ་པ་ཐོབ་པ་སྟེ། བཏང་སྙོམས་ཐ་མའོ། །དེ་ལ་བཏང་སྙོམས་ཆེན་པོ་གང་ཞེ་ན། སྒྱུ་མ་དང་འགོ་མཉམ་པར་རྟོགས་པ་ན། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པའི་ཤེས་བཞིན་ཆེན་པོ་དང་ལྡན་པས་ན། མི་མཐུན་པ་སྤང་བར་མི་རྩོལ། གཉེན་པོ་བསྟེན་པར་མི་རྩོལ། དོན་མངོན་དུ་བྱ་བར་མི་རྩོལ་ཏེ། མ་བཅོས་པའི་ངང་ལ་ལྷུན་གྱིས་གནས་པ་ཙམ་མོ། །ཡང་སྨིགས་རྒྱུའི་དཔེས་བསྟན་ན། ནམ་མཁའི་ངང་ལས་མ་གཡོས་བཞིན་དུ། ཀླུང་ཆུས་གང་བ་བཞིན་དུ་སྣང་ངོ་། །སྣང་བའི་དུས་དེ་ཉིད་ན་ཆུ་མེད་པ་ཙམ་དུ་མ་ཟད་ཀྱི། སྔོ་བ་དང་གཡོ་བར་སྣང་བ་ཉིད་ན། སྔོ་བ་དང་གཡོ་བ་ཉིད་ཀྱང་མེད་དེ། ནམ་མཁའི་རང་བཞིན་དུ་གནས་སོ། །ནམ་མཁའི་རང་བཞིན་ཉིད་ཇི་ལྟ་བུ་ཞེ་ན། སེམས་ཅན་རྣམས་གཟུགས་ལས་བཟློག་པའི་དངོས་པོ་སྟོང་བ་ཞིག་ཡོད་པར་བརྟགས་ནས། ནམ་མཁའ་ནམ་མཁའ་ཞེས་ཐ་སྙད་ཀྱི་ཡུལ་དུ་བྱེད་པ་ཙམ་མ་གཏོགས་པ། ནམ་མཁའ་ལ་ངོ་བོ་ཉིད་གང་ཡང་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ངང་ལས་མ་གཡོས་བཞིན་དུ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མན་ཆད་ནས། སེམས་ཅན་ཀྱི་གནས་དང་སྡུག་བསྔལ་གྱི་བར་དུ་སྣང་སྟེ། དེ་ལྟར་སྣང་བའི་དུས་ཉིད་ན་ཆུ་དང་འདྲ་བའི་དངོས་པོ་སྣ་ཚོགས་སུ་ཀུན་ཏུ་བརྟགས་པས་སྟོང་བ་ཙམ་དུ་མ་ཟད་ཀྱི། སྔོ་བ་དང་གཡོ་བ་དང་འདྲ་བའི་སེམས་རང་རིག་པ་དང་ཡེ་ཤེས་རང་རིག་པ་ཉིད་ཀྱང་དེ་ལྟར་གྲུབ་པ་མེད་དེ། ཆོས་ཉིད་དག་པའི་རང་བཞིན་དུ་གནས་སོ། །ཆོས་ཉིད་དག་པ་ཞེས་བྱ་བ་དེ་ཉིད་ཀྱང་ནམ་མཁའ་དང་འདྲ་སྟེ། སེམས་ཀྱི་ཐ་སྙད་ཀྱི་བློའི་ཡུལ་དུ་བདག་མེད་པ་སྤྲོས་པ་ཉེ་བར་ཞི་བ་ཞེས་བཞག་པར་ཟད་ཀྱི། ངོ་བོ་ཉིད་གང་ཡང་མེད་དོ། །དེ་ལྟར་རྟོགས་པ་ནི་སྨིགས་རྒྱུ་དང་འགོ་མཉམ་པར་རྟོགས་པ་ཞེས་བྱའོ། །དེ་ལྟར་རྟོགས་པས་ནི་སྨིགས་རྒྱུས་གནོད་པར་ཡང་མ་དོགས། ཕན་འདོགས་པར་ཡང་མི་རེ་བས་རེ་དོགས་དང་བྲལ་བའི་བློ་དང་ལྡན་པ་བཞིན་དུ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་གནོད་པ་སྒྲུབ་པར་ཡང་མི་དོགས། རྣམ་པར་བྱང་བའི་ཆོས་ཀྱིས་ཕན་པ་སྒྲུབ་པར་ཡང་མི་རེ་བའི་བློ་དང་ལྡན་པ་ནི། ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་རྩོལ་བ་གང་ཡང་མི་སྐྱེད་དེ། མ་བཅོས་པའི་ངང་ལ་གནས་པ་ནི། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཞེས་བྱའོ། །མདོར་བསྡུས་ན་ཆོས་ཐམས་ཅད་སྒྱུ་མ་དང་སྨིགས་རྒྱུ་དང་འགོ་མཉམ་པར་རྟོགས་པ་ནི། རྫོགས་པ་ཆེན་པོའི་དོན་རྟོགས་པ་སྟེ་ལྟ་བ་ཞེས་བྱ། རྟོགས་པའི་བློ་དང་མི་འབྲལ་བར་གནས་པ་ནི་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་འདུ་བྱེད་ཀྱི་རྩོལ་བ་ཆེད་དུ་མི་སྐྱེད་པ་ནི། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཞེས་བྱ་སྟེ། དེ་ལ་སྒོམ་པ་ཞེས་ཀྱང་བྱའོ། །ཚིག་དེ་གསུམ་ཀྱིས་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་ལུས་པར་རྫོགས་པ་ཡིན་ནོ། ། ད་ནི་དོན་དེ་དག་ཉིད་ལུང་གི་ཁུངས་ཀྱི་སྒོ་ནས་བསྟན་ན། མ་དད་པ་ཁ་ཅིག་ཀྱང་དད་པར་འགྱུར། མ་རྟོགས་པ་ཁ་ཅིག་ཀྱང་རྟོགས་པར་འགྱུར་བས། དེ་བས་ན་གཞུང་གི་ཚོགས་ཀྱི་ཚིག་གིས་བསྟན་ཏོ། །དེ་ལ་ཤེས་བཞིན་གྱིས་ཟིན་པར་བྱ་བ་མ་གཏོགས་པ་རྩོལ་བས་བཅོས་སུ་མེད་དེ། རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་གཉིས་གའང་རང་བཞིན་གྱིས་མཉམ་པའི་ཕྱིར། རྩོལ་བས་བཅོས་མི་དགོས་པ་ནི། ལྟ་བ་ཡང་དག་སྒྲོན་མ་ལས། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཡང་། །སད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉིས་གའང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །དེ་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དག །རང་བཞིན་ཉིད་ལས་མ་འདས་ཤེས་ནས་ནི། །སྒྲོ་འདོགས་བྱིས་པའི་རྗེས་སུ་མ་འབྲངས་ན། །རང་བཞིན་ཉིད་ནི་ཡོང་གིས་བཅོས་མི་དགོས། །ཞེས་གསུངས་པ་སྟེ། ཤེས་བཞིན་ཆེན་པོས་ཟིན་ཅིང་སྒྲོ་འདོགས་ཀྱི་རྗེས་སུ་མ་འབྲངས་པ་ཙམ་སྟེ། རྩོལ་བས་བཅོས་པའི་དོན་ནི་མེད་དོ། །གང་གི་ཕྱིར་ཆོས་ཉིད་ཞེས་བརྗོད་པའང་། ཆོས་ཐམས་ཅད་སེམས་སུ་འདུས་པས། སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་ལ། སེམས་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཉིད་ཆོས་ཉིད་ཅེས་བྱ་བར་ཟད་ན། ད་སུ་ཞིག་གིས་གང་ཞིག་བསྒོམ། དེ་ལྟར་ཡང་གསུངས་པ། ཇི་ལྟར་ནམ་མཁའ་མཚན་ཉིད་མེད་པའི་ཕྱིར། །ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་བཞིན། །ངོ་བོ་ཉིད་ཀྱིས་མ་སྐྱེས་སེམས་ཀྱིས་ནི། །མ་སྐྱེས་དེ་ཉིད་བསྒོམ་པར་ག་ལ་འགྱུར། ཞེས་གསུངས་པ་ཡིན་ནོ། །འོ་ན་བསྒོམ་ཞེས་བྱ་བའི་ཐ་སྙད་ཇི་ཙམ་ལ་གདགས་ཞེ་ན། མི་མཐུན་པ་དང་གཉེན་པོ་དབྱེར་མེད་དོན། །གང་གིས་ཤེས་ནས་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བྱ། །ཞེས་གསུངས་ཏེ། སྤང་བར་བྱ་བའི་མི་མཐུན་པའི་ཕྱོགས་དང་། བསྟེན་པར་བྱ་བའི་གཉེན་པོ་གཉིས་རང་བཞིན་གྱིས་དབྱེར་མེད་པར་ཤེས་པའི་དུས་ན། སྤང་བླང་གི་རྩོལ་བ་ཐམས་ཅད་ངང་གིས་ཞི་སྟེ། བཏང་སྙོམས་ཆེན་པོའི་ངང་ལ་བཞག་པ་ཙམ་ལ་ཐ་སྙད་ཙམ་དུ་སྒོམ་ཞེས་བྱའོ། །འོ་ན་སྔོན་གྱི་བག་ཆགས་ཀྱི་དབང་གིས་ཡུལ་གྱི་འཁྲུལ་སྣང་མངོན་སུམ་དུ་སྣང་བ་དང་། སེམས་ཀྱི་རྟོག་པ་བྱུང་ཚོར་སྣ་ཚོགས་སྐྱེ་བ་ཇི་ལྟར་བྱ་ཞེ་ན། སྐྱོན་དང་ཡོན་ཏན་གཉིས་པོ་མ་སྐྱེས་ཕྱིར། །རྣམ་པ་རྟོག་པའི་མཚན་མ་ཅི་བྱུང་ཡང་། །མ་བཀག་རང་བྱུང་མ་འབྲང་རང་ཞི་སྟེ། །མ་བཅོས་མ་བྱས་རང་གི་ངང་གིས་གསལ། །ཞེས་གསུངས་ཏེ། སྐྱོན་དུ་བརྟག་པའི་འཁྲུལ་སྣང་དུ་རྟོག་པ་དང་། ཡོན་ཏན་དུ་བརྟགས་པའི་སྣང་རྟོག་དང་བྲལ་བའི་ཡེ་ཤེས་གཉིས། རང་བཞིན་དབྱེར་མེད་པར་རྟོགས་པའི་དུས་ན། ཡུལ་གྱི་རྣམ་པ་གང་སྣང་། སེམས་ཀྱི་རྟོག་པ་ཅི་སྐྱེའང་། ཐེག་པ་འོག་མ་པ་ལྟར། སྣང་རྟོག་ལ་སྐྱོན་དུ་བལྟས་ཏེ་དགག་དུ་མེད་པས། མ་བཀག་རང་བྱུང་ཞེས་བྱ། སེམས་ཅན་ཕལ་པ་ལྟར་མཚན་མའི་རྗེས་སུ་འབྲང་དུ་མེད་པས་མ་འབྲང་རང་ཞི་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། རྐྱེན་རྩོལ་བ་གཞན་གྱིས་མ་བཅོས་ཤིང་། སུས་ཀྱང་མ་བྱས་པར་རང་གི་ངང་གིས་གསལ་བར་བཞག་གོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་ཀྱང་གསུངས་ཏེ། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་དང་རང་བཞིན་སྒྱུ་མའང་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པའང་མེད་དེ་མེད་པའི་མེད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཞེས་གསུངས་ཏེ། དེ་ལྟར་ཞེས་བྱ་བའི་སྒྲ་ནི། གོང་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པའི་ཆོས་ཐམས་ཅད་མ་གྲུབ་པར་བསྟན་པས། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བའང་བཀྲི་བའི་ཐ་སྙད་ཙམ་ཡིན་ཏེ། ངེས་པའི་དོན་ལ་ནི་བདེན་པ་གཉིས་སུའང་གཞག་དུ་མེད་པར་བསྟན་པ་དེ་ལྟར། དངོས་པོ་རྣམས་ཀྱི་མཐའ་ཞིབ་མོའི་བློས་བརྟགས་ན། ཀུན་རྫོབ་ཀྱི་རང་བཞིན་སྒྱུ་མ་ཙམ་དུའང་མེད་པར་འགྱུར་ན། ཡང་དག་པར་ཡོད་པ་ལྟ་ག་ལ་འགྲུབ་སྟེ། དེ་བས་ན་ཡོད་པའི་ཐ་སྙད་ཀྱི་དོན་ཐམས་ཅད་མ་གྲུབ་ན། དེ་ལ་ལྟོས་པའི་མེད་པའང་མི་འགྲུབ་བོ། །གཞན་ཡང་རང་བཞིན་མེད་པ་དང་མ་སྐྱེས་པའི་སྒྲས་བསྟན་པའི་དོན། སྤྲོས་པ་ཉེ་བར་ཞི་བ་ཞིག་བསྒྲུབ་དུའང་མེད་པས། མེད་པའི་མེད་པའང་མེད་ཅེས་སྨོས་སོ། །དེ་ལྟར་མཐའ་མེད་ན་དབུས་ཀྱང་མི་འགྲུབ་ལ་དབུས་ལ་གནས་པའང་མི་གྲུབ་བོ། །ལྟ་བས་དེ་ལྟར་རྟོགས་ནས་དེ་དང་མཐུན་པར་བློ་གཞག་པའི་ཐབས་གསུངས་པ། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཞེས་གསུངས་པ་སྟེ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པར་རྟོགས་པས་མཚན་མ་དང་རྟོག་པ་ལྡང་བ་ལ་ཆེད་དུ་མི་སྤོང་། མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ། ཐོབ་པར་བྱ་བའི་དོན་མངོན་དུ་མི་བྱེད་དོ། །བླང་དོར་དང་བྲལ་བར་གཞག་པའི་གཏན་ཚིགས་གསུངས་པ། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །ཞེས་གསུངས་པ་སྟེ། ཆོས་ཉིད་མཉམ་པ་ཉིད་མ་ཡིན་པའི་ལོག་རྟོག་རྡུལ་ཙམ་གཡོ་བར་ཚོར་ནའང་། དེ་ཉིད་ཆོས་ཉིད་ཡིན་པའི་ཕྱིར། མཚན་མ་དང་རྟོག་པ་ལ་སྤང་བར་མི་རྩོལ་ལོ། །ཆོས་ཉིད་ལ་ངོ་བོ་ཉིད་མེད་པའི་ཕྱིར་དེར་མི་གནས། ཞེས་གསུངས་ཏེ། རྟོག་པ་མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ་འོ། །མངོན་དུ་བྱར་མེད་པའང་། བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ། ཞེས་གསུངས་པ་སྟེ། ཐ་སྙད་དུ་སེམས་ཀྱིས་ཆོས་ཉིད་སྒོམ་ཞེས་བཏགས་ཀྱང་། སེམས་དངོས་པོར་མ་གྲུབ་པ་ཉིད་ལ་ཆོས་ཉིད་ཞེས་བརྗོད་པ་ཡིན་པས། གང་གིས་གང་ལ་བསྒོམས་པས་འབྲས་བུ་ཅི་ཞིག་འཐོབ་སྟེ། དེ་བས་ན་མངོན་དུ་བྱར་མེད་དོ། །འོ་ན་སྔོན་གྱི་བག་ཆགས་ཀྱི་དབང་གིས་འཁྲུལ་སྣང་གི་སྤྱོད་ཡུལ་མངོན་སུམ་དུ་སྣང་བ་དང་། འདུ་བྱེད་ཀྱི་རྟོག་པ་སྣ་ཚོགས་སྐྱེ་བ་ཇི་ལྟར་བྱ་ཞེ་ན། དེ་ལ་སྣང་བའི་རང་བཞིན་ཤེས་ན་སྐྱོན་གྱི་ངོ་བོ་ཉིད་མེད་པའི་ཕྱིར་སྐྱོན་བསལ་དུ་མེད་པར་བསྟན་པ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །ཞེས་གསུངས་ཏེ། སེམས་ཀྱི་སྤྱོད་ཡུལ་ཕྱིན་ཅི་མ་ལོག་པར་ཤེས་པ་དེ་ལ། ཅིར་སྣང་བ་དེ་དག་ཉིད་ཆོས་ཉིད་ལས་གུད་དུ་གྱུར་པ་མེད་པས་སྐྱོན་དུ་གཟུང་དུ་མེད་དོ། །སྣང་བ་ལ་སྐྱོན་མེད་ན་སེམས་ཅན་གང་གིས་བསླུས་ཏེ་འཁོར་ཞེ་ན། སེམས་ཅན་ནི་སྣང་བ་ལ་དངོས་པོའི་རྣམ་པར་ཞེན་ཅིང་། མཚན་མའི་རྣམ་པར་འཛིན་པས་འཁོར་ལ། སྣང་བ་ལ་དངོས་པོ་མེད་པར་རྟོགས་ཏེ། དེ་ལྟ་བུའི་རྣམ་པ་དང་བཅས་པས་སྣང་བའི་རྗེས་སུ་མི་འབྲང་བར་བསྟན་པའི་ཕྱིར། རྣམ་བྲལ་གང་ལ་མཆོག་དང་ཐ་མ་མེད་པའི་ལམ་མཆོག་འདི་བསྒོམ་མོ། །ཞེས་གསུངས་ཏེ། སྣང་བ་ལ་དངོས་པོ་མེད་པར་རྟོགས་པས་སྣང་བའི་རྗེས་སུ་མི་འབྲང་ངོ་། །དེ་བཞིན་དུ་སེམས་ཀྱི་རྟོག་པ་ཅི་སྐྱེའང་སྐྱོན་ཀྱི་དངོས་པོ་མེད་པས་མི་དགག་སྟེ་རང་བྱུང་། རང་གི་ངོ་བོ་མ་གྲུབ་པས་རྗེས་སུ་མི་འབྲང་སྟེ་རང་ཞིར་གཞག་པའི་དོན་གསུངས་པ། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །ཞེས་གསུངས་པ་སྟེ། མངོན་པར་འདུ་བྱེད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་ཡིན་པས། ཆོས་གང་ཡང་འབྱུང་བ་མེད་དེ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །དེ་ལྟར་དངོས་པོ་གང་ཡང་མེད་པར་རྟོག་པའི་ཚེ། སྣང་རྟོག་ཀུན་ཀྱང་ཆོས་ཀྱི་དབྱིངས་སུ་ཤེས་པ་ན། དགྲ་བཅོམ་རབ་འབྱོར་ཀྱི་བློ་དང་འདྲའོ། །ཞེས་སོ། །འདིར་དཔེ་གསུངས་པ། ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བ་མེད། །ཅེས་གསུངས་ཏེ། དཔེར་ན་ནམ་མཁའ་ཞེས་མིང་དུ་བརྗོད་པ་ཙམ་དུ་ཟད་དེ། ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བ་ལ་སོགས་པའང་ངོ་བོ་ཉིད་མེད་པས། དགག་དུའང་མེད་ལ་རྗེས་སུ་འབྲང་དུའང་མེད་དོ། །དེ་ལྟ་བས་ན་དོན་དེ་ལྟ་བུ་ལ་བློ་མཉམ་པར་འཇོག་པའི་ཚེ། དམིགས་པ་འདི་རྣམས་དང་བྲལ་བར་བྱ་བར་གསུངས་པ། རྩོལ་བར་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་སྤོང་ལེན་གང་ལའང་དགའ་དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་འབྲི་མེད། །ཞེས་གསུངས་ཏེ། སྐྱོན་དང་ཡོན་ཏན་གྱི་དངོས་པོ་མ་གྲུབ་པས། སྤོང་ལེན་གྱི་རྩོལ་བར་ཡིད་ལ་མི་བྱེད། མངོན་དུ་བྱ་བའི་ཆོས་ཉིད་མ་གྲུབ་པས། གང་ལའང་སེམས་པ་མེད། སེམས་ཉིད་ཀྱང་མ་གྲུབ་པས་ཤེས་རིག་གི་མཚན་ཉིད་ཀྱང་མ་ཡིན། བེམས་པོའི་མཚན་ཉིད་ཀྱང་མ་ཡིན་པས་ཤེས་དང་མི་ཤེས་བྲལ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པས། གཉེན་པོ་དྲན་པར་བྱ་བ་ཡང་མེད་ཅིང་སྤོང་ལེན་གཉིས་ག་ལ་ཡང་དགའ་བ་མེད། གཉིས་ག་མཉམ་ཞིང་མཚུངས་པར་གཞག་པའང་མེད་དེ་ཅིར་ཡང་མི་དམིགས་ཤིང་། འདོད་པ་དང་མི་འདོད་པ་མེད་པས་མཉམ་པར་གནས། ཐ་དད་དུ་མི་འབྱེད་པས་གཉིས་སུ་བརྟག་པ་མེད། ཐ་སྙད་ལས་འདས་པས་བརྗོད་པ་དང་བྲལ། དོན་དུ་གཉེར་བ་མེད་པས་བྱ་བ་མེད། སྒོ་གསུམ་གྱི་ལས་ལ་སྐྱོན་དུ་མི་ལྟ་བས་མི་བྱ་བའང་མེད་དེ། ཚོགས་རྣམ་གཉིས་རྫོགས་པར་བྱ་བའམ། སྒྲིབ་པ་བྲི་བར་བྱ་བའང་མེད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས། བྲི་བ་མེད་པ་གང་བ་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །དོན་འདི་ཉིད་ཁྱུང་ཆེན་ལས་ཀྱང་གསུངས་ཏེ། འདི་སྐད་དུ། གཏང་ངོ་གཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པའང་མེད། །བྲོད་པ་རྡུལ་ཙམ་མི་སྐྱེད་ཅིང་། །ཁྱུང་ཆེན་ནམ་མཁར་ལྡིངས་པ་བཞིན། །སྤྲོས་པ་མེད་ཅིང་བསྡུ་བའང་མེད། །སྟོར་བར་མི་དོགས་གཟའ་བའང་མེད། །རྒྱ་མཚོ་འདྲ་བར་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཞེས་གསུངས་ཏེ། བསྒྲུབ་པར་བྱ་བ་མེད་པས་གཏང་ངོ་། །དོར་བར་བྱ་བ་མེད་པས་གཞག་གོ །མངོན་དུ་བྱ་བའི་ཡུལ་མེད་པས་འདོད་པ་མེད། དངོས་པོ་ཉིད་མ་གྲུབ་པས་ལེན་པའང་མེད། གང་ལའང་དགའ་བ་མེད་པས་བྲོད་པ་རྡུལ་ཙམ་མི་སྐྱེད་ཅིང་། དཔེར་ཁྱུང་ཆེན་ནམ་མཁར་ལྡིངས་པ་འདབ་གཤོག་སྤྲོ་བསྡུ་མེད་བཞིན་དུ། སྤྱི་རྒྱ་རླབས་ཀྱིས་ཆོད་དེ་ཅི་ལ་ཡང་མི་རྟེན་བཞིན་དུ་གཡང་སར་ལྟུང་བའང་མེད་པ་བཞིན་ནོ། །དངོས་པོ་མེད་པས་འཇིགས་པ་མེད་པས་སྟོར་བར་མི་དོགས། དེ་ཉིད་ཀྱི་ཕྱིར་གཟའ་གཏད་ཀྱི་ཡུལ་ཡང་མེད་དེ། འོན་ཀྱང་དེ་དག་གིས་འཇིགས་པར་མི་བྱའོ། །གང་གི་ཕྱིར་འཇིགས་པ་ཐམས་ཅད་སེལ་བ་ནི་སྟོང་པ་ཉིད་ཡིན་ཏེ། དངོས་པོར་འཛིན་པས་ནི་སུ་ལ་ཡང་མི་བསྐྱབས་ཤིང་གྲོལ་བར་མ་བྱས་སོ། །ཇི་ལྟ་ཞེ་ན། ཉན་ཐོས་ཀྱང་བདག་མེད་པར་རྟོགས་པས་གྲོལ་གྱི། གཟུང་འཛིན་ཡོད་པར་ལྟ་བས་མ་གྲོལ་ལོ། །རང་རྒྱལ་བའང་གཟུང་བ་མེད་པར་རྟོགས་པས་གྲོལ་གྱི། འཛིན་པ་ཡོད་པར་ལྟ་བས་མ་གྲོལ་ལོ། །རྣལ་འབྱོར་སྤྱོད་པའང་གཟུང་འཛིནད་མེད་པར་རྟོགས་པས་གྲོལ་གྱི། སེམས་ཡོད་པར་ལྟ་བས་མ་གྲོལ་ལོ། །དབུ་མ་པའང་དོན་དམ་པ་མེད་པར་རྟོགས་པས་གྲོལ་གྱི། ཀུན་རྫོབ་ཡོད་པར་ལྟ་བས་ནི་མ་གྲོལ་ལོ། །འོ་ན་དངོས་པོར་ཅུང་ཟད་ཀྱང་མི་ལྟ་ན། ཐབས་ཀྱི་སྤྱོད་པ་རྒྱུན་ཆད་དེ་སྙིང་རྗེ་དང་བྲལ་བས། ཤེས་རབ་དང་སྙིང་རྗེ་ཟུང་དུ་མ་འབྲེལ་ན་ཐར་པར་ཡང་མི་འགྱུར་རོ་ཞེ་ན། སྙིང་རྗེ་ནི་སེམས་ཅན་ལ་དམིགས་ནས་སྐྱེ་སྟེ། འོན་ཀྱང་སེམས་ཅན་གྱི་རྫས་དངོས་པོར་གྲུབ་པར་བལྟ་ནི་མི་དགོས་ཏེ། སེམས་ཅན་མ་གྲུབ་བཞིན་དུ་སེམས་ཅན་བདེ་སྡུག་དུ་སྣང་བ་རྣམས་ལ། སྒྱུ་མ་ཙམ་དུ་ཕན་འདོགས་པ་ལ་ཞུགས་པས། མ་ཞེན་མི་ངལ་བའི་སྙིང་རྗེ་ཆེན་པོ་དག་པར་འགྱུར་རོ། །དེ་བས་ན་ཐབས་ཀྱི་སྤྱོད་པ་ལ་དངོས་པོར་བལྟ་མི་དགོས་སོ། །དེའི་ཕྱིར་ན་སྟོང་པ་ཉིད་ནི་འཇིགས་པ་ཐམས་ཅད་སེལ་བ་ཡིན་གྱིས་འདི་ལ་སྐྲག་པར་མི་བྱའོ། །རྒྱ་མཚོ་འདྲ་བར་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཞེས་བྱ་བ་ནི། རྒྱ་མཚོ་ལས་རླབས་འབྱུང་བ་རླབས་ཉིད་རྒྱ་མཚོ་ཡིན་པ་བཞིན་དུ། སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་མཚན་མ་སྣ་ཚོགས་སུ་སྣང་བ། སྣང་བ་དེ་ཉིད་སྟོང་པ་ཡིན་པས། མ་བཀག་སྟེ་རང་བྱུང་། མ་བླངས་ཏེ་རང་ཞིར་གཞག་གོ །ཡང་འདི་ཉིད་ལས། མངོན་སུམ་ཀུན་དུ་མི་རྟོག་ཡངས་པའི་སྙིང་པོ་ལ། །རྣམ་དག་ལམ་འདིར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །ཞེས་གསུངས་ཏེ། སྣང་རྟོག་མངོན་སུམ་དུ་སྣང་ཡང་སྣང་བ་ཉིད་ན་གཉིས་ག་མ་གྲུབ་པས་བླང་དོར་མེད་ལ། སེམས་ལའང་དངོས་པོ་མེད་པས་རྟོག་པ་ངང་གིས་མེད་དེ། རང་བཞིན་གྱིས་གནས་སུ་བྱ་བ་མེད་པས་ཡངས་པའི་སྙིང་པོ་ལ་ཞེས་བྱའོ། །འཛིན་པ་ཐམས་ཅད་དང་བྲལ་བས་རྣམ་པར་དག་པའི་ལམ་དུ་ཞུགས་པའོ། །དེ་ལྟ་བུའི་བློ་དང་ལྡན་ན་མཉམ་པའི་རྒྱལ་པོ་སངས་རྒྱས་ཐོབ་པར་འགྱུར་གྱི། བླང་དོར་གྱི་བློས་ཐོབ་པར་མི་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། །ཚུལ་འདི་ཉིད་རྩལ་ཆེན་སྤྲུགས་པ་ལས་ཀྱང་གསུངས་ཏེ། འདི་སྐད་དུ། བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱ་མེད་ལྷུན་རྫོགས་སྔ་མའི་དེ་བཞིན་ཉིད། །རྟོག་སྤྱོད་རྣམ་དག་བདེ་ཆེན་རང་བཞིན་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །གཉིས་མེ་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ། འཁྲུལ་པས་ནོར་པའི་ལམ་དུ་བརྟགས་པའང་། །གོང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་གཉིས་པས། །མཉམ་པར་ཤེས་ན་སངས་རྒྱས་ཀུན་ཀྱི་རྗེ། །ཞེས་གསུངས་ཏེ། །སེམས་ཅན་དང་སངས་རྒྱས་རང་བཞིན་དབྱེར་མེད་པའི་ཕྱིར། ལམ་གྱིས་བཅོས་སུ་མེད་པས་བསྒྲུབ་དུ་མེད་དེ། ཤེས་པ་དང་ཤེས་བྱ་ལ་བོགས་དབྱུང་དུ་མེད་པས་རྩལ་སྤྲུགས་སོ། །ཡོན་ཏན་གྱི་ཁྱད་པར་གོང་དུ་བགྲོད་དུ་མེད་པས་སྨོན་པ་མེད་དོ། །མི་མཐུན་པ་དང་གཉེན་པོའི་དབྱེར་མེད་པས་བྱ་བ་མེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡེ་ནས་གནས་པས་ལྷུན་ཀྱིས་རྫོགས་ཏེ། སྔ་མ་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟ་བུའི་དོན་ལ་འཁྲུལ་པའི་བློས་བསླད་ཀྱང་རང་བཞིན་འགྱུར་བ་མེད་དེ། དེའི་ཕྱིར། རྟོག་སྤྱོད་རྣམ་དག་བདེ་ཆེན་རང་བཞིན་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །ཞེས་གསུངས་ཏེ། རྟོག་པའི་སེམས་ཉིད་ངོ་བོ་ཉིད་ཀྱིས་མ་གྲུབ་ན། དེས་བསྐྱོད་པའི་འདུ་བྱེད་ཀྱི་སྤྱོད་པ་རྣམས་ག་ལ་འགྲུབ་སྟེ། དེའི་ཕྱིར་སེམས་ཉིད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའོ། །དེ་ལ་བསླད་པས་ག་ལ་འགྱུར་ཏེ། སྨིགས་རྒྱུའི་ཕུང་པོས་ནམ་མཁའ་བསླད་དུ་མེད་པ་བཞིན་ནོ། །བསླད་པ་ལྟ་བུར་སྣང་བ་དེ་ཉིད་རྣམ་པར་དག་པའི་ལམ་ཆེན་པོ་ཡིན་ཏེ། ཇི་ལྟར་སྨིགས་རྒྱུ་དང་ནམ་མཁའ་ལ་རང་བཞིན་ཐ་དད་མེད་དེ་དབྱེར་མེད་པ་བཞིན། འཁྲུལ་པས་འཁོར་བའི་ལམ་དུ་བརྟགས་པ་དང་། མ་འཁྲུལ་བས་ཐར་པའི་ལམ་དུ་བརྟགས་པ་གཉིས་གའང་རང་བཞིན་དབྱེར་མེད་པའི་ཕྱིར། རྣལ་འབྱོར་གྱི་སྐྱེས་བུ་གང་གིས་དོན་དེ་རྟོགས་ཤིང་རྡེང་དུ་གྱུར་ཏེ། དེའི་ངང་ལ་གནས་ན། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཉིད་དང་དགོངས་པ་མཐུན་པའི་ཕྱིར། མཉམ་པར་ཤེས་ན་སངས་རྒྱས་ཀུན་ཀྱི་རྗེ། །ཞེས་གསུངས་པ་ཡིན་ནོ། །ཚུལ་འདི་ཉིད་རྡོ་རྗེ་ཚིག་དྲུག་པ་ལས་ཀྱང་། ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོའི་ངང་དུ་རྫོགས་ཟིན་པའི་ཕྱིར། མི་མཐུན་པ་དང་གཉེན་པོ་བླང་དོར་ཀྱི་ནད་སྤངས་ཏེ། བཏང་སྙོམས་ཆེན་པོའི་ངང་ལ་ལྷུན་གྱིས་གནས་པ་འདི་ནི། མཉམ་པར་བཞག་པ་ཅེས་བྱ་བའི་དོན་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་། འདི་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དུས་གསུམ་དུ་འདུས་མ་བྱས་ཤིང་། འཕོ་འགྱུར་གྱི་གནས་མེད་དེ། ཤིན་ཏུ་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་འོ། །སེམས་དཔའི་སྒྲ་རྟོགས་པ་ལ་ཡང་འཇུག་སྟེ། དོན་དེ་ལྟ་བུ་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོས་དབང་བསྐུར་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཡང་རྡོ་རྗེ་སེམས་དཔའ་འོ། །ནམ་མཁའ་ནི་དངོས་པོ་མེད་བཞིན་དུ་ཀུན་ལ་ཁྱབ་པའི་དཔེ། ཆེ་བ་ནི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་དེ་ཡང་རྟག་དུ་ཆེ་བ་རྣམ་པ་ལྔ་དང་ལྡན་ནས་བཞུགས་སོ། །ཞེས་བྱ་བའི་དོན་ཏོ། །མདོར་བསྡུ་ན་གཟུགས་ཐམས་ཅད་ཀྱི་རང་བཞིན་ནམ་མཁའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་རང་བཞིན་དུ་སངས་རྒྱས་སོ། །ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་སྒྲས་ཆོས་ཐམས་ཅད་དེའི་རང་བཞིན་དུ་སངས་རྒྱས་པར་བསྟན་པ། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཞེས་བྱ་སྟེ། དེ་ལ་ཀུན་ཞེས་བྱ་བའི་སྒྲ་ནི་མ་འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་ཐམས་ཅད་སྟེ། དེ་ལ་མ་འདྲེས་པ་ནི་སྣ་ཚོགས་སུ་སྣང་བ། ཡོངས་སུ་རྫོགས་པ་ནི་རང་བཞིན་མི་གཉིས་པའོ། །དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ངན་ཅིང་དོར་བར་བྱ་བ་མེད་པས་ཀུན་ཏུ་བཟང་པོའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ཡིན་ཏེ། དཔེར་ན་ནམ་མཁའ་ནི་གཟུགས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་གནས་ཤིང་གོ་འབྱེད་པ་ཡིན་ཡང་དོགས་པ་མེད་པ་བཞིན་དུ། ཀུན་ཏུ་བཟང་པོའི་རང་བཞིན་དུ་མ་གྱུར་པའམ་མ་འདུས་པ་མེད་པས་ཡངས་པ་སྟེ། དེའི་ཕྱིར་ཆོས་ཀྱི་དབྱིངས་སོ། །མདོར་བསྡུ་ན་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་རང་བཞིན་ནམ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་དུ་སངས་རྒྱས་ཏེ། ཐམས་ཅད་ནས་ཐམས་ཅད་དུ་ཆེ་ཞིང་ཡངས་སོ། །དེ་བས་ན་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་པོའང་དོན་འདྲ་ལ། ཆེ་བ་དང་ཡངས་པའང་དོན་འདྲ་སྟེ། ཇི་སྐད་དུ། ཀུན་ཏུ་བཟང་པོའ་རྡོ་རྗེ་སེམས་དཔའི་ངང་། །ཞེས་བྱ་བ་དང་། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཞེས་གསུངས་པ་ལྟ་བུའོ། །དོན་དེ་ཉིད་ཁོ་ན་ལམ་ཆེན་པོ་ཡིན་ཏེ། ཐེག་པ་འོག་མ་ལྟར་ལམ་གཞན་ལ་སྦྱངས་པས། འབྲས་བུ་གཞན་ཐོབ་པ་ནི་མ་ཡིན་ཏེ། དེའི་རང་བཞིན་དུ་སེམས་ཅན་ཐམསཅད་རང་བཞིན་གྱིས་གྲོལ་བ་ཉིད་དུ་གནས་པ་ནི་ལམ་ཆེན་པོ་ཞེས་བྱ། དེ་ཉིད་རྣལ་འབྱོར་གྱི་སྐྱེས་བུ་གང་གིས་རྟོགས་ཤིང་རྡེང་དུ་གྱུར་པས། དཔལ་རྡོ་རྗེ་སེམས་དཔའ་འམ་ཀུན་ཏུ་བཟང་པོ་དང་མཉམ་པར་གྱུར་པ་ནི་གྲོལ་བ་གྲོལ་ཞེས་ཀྱང་བྱ། ཡང་སངས་རྒྱས་ཞེས་ཀྱང་བྱ་སྟེ། དེ་ཉིད་ལས། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བ་གྲོལ། །ཞེས་གསུངས་པ་དང་། རྨད་དུ་བྱུང་བ་ལས། རྨད་བྱུང་བྱང་ཆུབ་འདི་རྟོགས་ཏེ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །མདོར་ན་རྫོགས་པ་ཆེན་པོའི་གཞུང་གིས། བྱང་ཆུབ་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་སེམས་ཀྱི་གཞག་ཐབས་གཉིས་ལ་ཚུལ་ཐ་དད་མེད་དེ། རང་བཞིན་ཇི་ལྟར་རྟོགས་པ་དེ་དང་མཐུན་པར་བློ་གནས་པ་ཙམ་དུ་ཟད་དོ། །དེ་ལ་མི་སྐྱེ་མི་འགག་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ལ་རྒྱུ་རྐྱེན་མེད་པས་སྐྱེ་འགག་གི་ངོ་བོ་ཉིད་མེད་པའོ། །ངོ་བོ་ཉིད་སྐྱེ་འགག་མེད་པ་ལ་རྟོག་པའི་གནས་མེད་པས། ཅིར་མི་དགོངས་ཞེས་གསུངས་པ་ཡིན་ནོ། །ཡང་འདི་ཉིད་ལས། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་བཞག་པས་བསྒོམས་པ་ཡིན། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །བླང་དོར་མེད་ཅིང་བཅོས་སུ་མེད་པར་གཞག་པའི་ལམ་འདི་ནི། གཞན་ལས་ཀྱང་གསུངས་ཏེ། མཐའི་མུན་སེལ་སྒྲོན་མ་ལས། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །དེ་ནི་མ་སྐྱེས་རང་མི་དམིགས། །དེ་ལས་གཞན་པའི་སེམས་མེད་ཕྱིར། །འཆོས་ཤིང་གནས་པ་གང་ཞིག་ཡོད། །ཅེས་གསུངས་ཏེ། འགྲོ་བ་རྣམས་ལ་ཤེས་པའི་རྒྱུད་གཉིས་དང་ནི་མི་ལྡན་ལ། གཅིག་པོ་དེའི་རང་བཞིན་ནི་མ་སྐྱེས་པ་ཡིན་ཞིང་། འཁྲུལ་པའི་དབང་ཤེས་རིག་དུ་སྐྱེ་བར་སྣང་བའི་ཚེའང་རང་ལ་རང་མི་དམིགས་ཏེ། དེའི་ཕྱིར་འཆོས་ཤིང་གནས་པའི་ངོ་བོ་ཉིད་མེད་དོ། །འོ་ན་མ་བཅོས་ན་མཚན་མའི་སྐྱོན་ཀྱིས་མི་གོས་སམ་ཞེ་ན། འཁྲུལ་རྟོག་རྐྱེན་དང་ལྡན་གྱི་བར། །སྨིགས་རྒྱུ་ལྟ་བུར་སེམས་སྣང་ལ། །རང་བཞིན་ཤེས་པས་བཅོས་སུ་མེད། །མི་ཤེས་སྨིགས་རྒྱུ་འཆོས་པ་བཞིན། །ཞེས་གསུངས་ཏེ། ཇི་སྲིད་དུ་འཁྲུལ་རྟོག་གི་རྐྱེན་མ་ཟད་པ་དེ་སྲིད་དུ། དོན་མེད་ཀྱང་དོན་དུ་སྣང་བའི་ཤེས་པ་སྨིགས་རྒྱུ་ལྟ་བུར་སྐྱེ་བ་རྒྱུན་ཆད་པར་མི་འགྱུར་ལ། དེའི་རང་བཞིན་ཤེས་ན་བཅོས་སུ་མེད་དེ། བཅོས་སུ་མེད་པ་བཞིན་དུ་འཆོས་པ་ལྟར་བྱེད་པ་ནི། སྨིགས་རྒྱུ་འཆོས་པར་འདོད་པ་དང་འདྲའོ། །དེས་ནི་སྣང་རྟོག་བཅོས་སུ་མེད་ཅིང་དགག་དུ་མེད་པར་བསྟན་ཏོ། །གཞན་ཡང་སྣང་རྟོག་གི་རྗེས་སུའང་འབྲང་དུ་མེད་པར་སྟོན་ཏེ། མི་རྟོག་མཚན་མེད་སེམས་ཉིད་ཀྱིས། །མཚན་མ་མེད་ལའང་གནས་མི་བྱེད། །མཚན་མ་མེད་ལའང་མི་གནས་ན། །མཚན་མར་མི་གནས་སྨོས་ཅི་དགོས། །ཞེས་གསུངས་ཏེ། དངོས་པོ་ཚོལ་བའི་བློ་མི་སྐྱེད་པས་ན་རྣམ་པར་མི་རྟོག་པའོ། །དེ་ལ་མཚན་མར་ཞེན་ཅིང་འཛིན་པ་དང་བྲལ་བས་མཚན་མ་མེད་པའི་སེམས་ཅེས་བྱ་སྟེ། དེ་ལྟ་བུའི་བློ་གང་གིས་མཚན་མ་མེད་པ་ལའང་གནས་རྟེན་མི་འཆའ་ན། །མཚན་མ་ལ་གནས་རྟེན་མི་འཆའ་བ་སྨོས་ཅི་ཞིག་དགོས་ཞེའོ། །ལྟ་བ་རིན་པོ་ཆེ་སྒྲོན་མ་ལས་ཀྱང་། སྒྱུ་མའི་མཚན་ཉིད་མ་བཀག་མངོན་སུམ་སྟེ། །མཚན་མེད་རོ་གཅིག་དོན་དམ་དབྱིངས་སུ་རྟོགས། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །དེ་ལྟ་བུར་བཅོས་པ་མེད་པར་གཞག་པའི་དོན་འདི། ལུས་སེམས་བཅོས་མེད་ཐབས་ཀྱི་སྒྲོན་མ་ལས་ཀྱང་གསུངས་པ། ཇི་ལྟར་མཚན་མེད་ནམ་མཁའ་ནི། །དམིགས་དང་མི་དམིགས་རྩོལ་དང་བྲལ། །དེ་བཞིན་སེམས་ཉིད་ནམ་མཁའ་ཡང་། །རང་བཞིན་གྱིས་ནི་དེ་ལྟའོ། །ལུས་ལ་སོགས་པའང་དེ་བཞིན་ཏེ། །རྩ་བ་མེད་ཕྱིར་གང་ལྟར་ཡང་། །གནས་པ་མེད་དེ་མི་གནས་ན། །མི་འགལ་ཙམ་དུ་གྱུར་པ་ཡིན། །ཞེས་གསུངས་ཏེ། དཔེར་ན་ནམ་མཁའ་ནི་རང་གི་མཚན་ཉིད་མེད་པའི་ཕྱིར། ཡུལ་ལ་དམིགས་པ་དང་མི་དམིགས་པའི་རྩོལ་བ་མེད་དོ། །དེ་བཞིན་དུ་སེམས་ཀྱང་རང་བཞིན་ཉིད་མེད་པའི་ཕྱིར་རྩོལ་བའི་གནས་མེད་དོ། །ལུས་ངག་གི་འདུ་བྱེད་ཐམས་ཅད་ཀྱང་དེ་འདྲའོ། །ཞེས་བྱ་བའི་དོན་ཏོ། ། ད་ནི་བསམ་གཏན་ཀྱི་གལ་གེགས་ཅུང་ཟད་ཙམ་ཅིག་བསྟན་པར་བྱ་སྟེ། དེ་ཡང་སྤྱི་ནི་གོང་དུ་བསྟན་པའི་གོལ་སྒྲིབ་སུམ་ཅུ་པོ་ཉིད་ཀྱང་། ལྟ་སྒོམ་གཉིས་ཀྱི་གལ་གེགས་ཡིན་ན། དེ་ལས་འདིར་ཅུང་ཟད་ཉེ་བར་བསྟན་པའི་གལ་གེགས་སུ་གྱུར་པ། འཛིན་པ་ཆ་འཕྲ་ཞིང་དེ་ཉིད་གེགས་ཡིན་ནམ་མ་ཡིན་རྟོགས་པར་དཀའ་བ་ཅུང་ཟད་ཙམ་ཅིག་བཤད་དོ། །དེ་ཡང་བསམ་གཏན་གྱི་གལ་གེགས་གཙོར་སྟོན་པའི། བྱང་ཆུབ་ཀྱི་སེམས་ཡུལ་ཀུན་ལ་འཇུག་ལས། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་འཕྲ་མོའི་ཡུལ་ལས་བྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་སྒོམ་ལུང་དག་ལས་འདི་སྐད་དུ། རྣམ་པར་མི་རྟོག་པ་སྒོམ་པའི་ཚེ། སེམས་གནས་གང་ལའང་མི་རྟེན་ཅིང་མི་གནས། ཡུལ་གང་ལའང་མི་དམིགས། རྣམ་པ་ཇི་ལྟ་བུར་ཡང་མི་རྟོག་པར་སྒོམ་པ་ནི། ཆོས་ཀྱི་སྐུའི་ལམ་ཡིན་ནོ། །ཞེས་འདོད་དེ། སེམས་ཀྱི་གནས་དང་དམིགས་པ་དང་རྣམ་པ་རྣམས་སུ་སྣང་ཞིང་རྟོག་པ་ནི་སྒྲིབ་སྐྱོན་དུ་བལྟས་ནས། དེ་དག་དང་བྲལ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་ཡིན་ནོ། །ཞེས་འདོད་པ་དེ་ཉིད། བསྔོ་བའི་ཆ་ཤས་འཕྲ་མོ་དང་མ་བྲལ་ཞིང་། ཡོངས་སུ་བསྔོ་བའི་ཡུལ་འདོད་པ་ལས་བྱུང་བ་སྟེ། དངོས་སུ་རྣམ་རྟོག་ཉིད་སྒོམ་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་བསྔོ་བའི་ཆ་ཤས་ཞེས་བྱ་བ་ནི་སྨོན་པ་སྟེ་འདུན་པའི་མཚན་ཉིད་དོ། །ཆ་ཤས་འཕྲ་མོ་ཞེས་བྱ་བ་ནི། ཉན་ཐོས་ལྟར་དམིགས་པ་དང་བཅས་པའི་ས་ལ་གནས་པ་མ་ཡིན་ཡང་། རེ་སྨོན་ཀྱི་མཐའ་ལ་གནས་པས་བླང་དོར་གྱི་མཐར་ལྷུང་བའི་བློ་ཉིད་རྣམ་པར་རྟོག་པ་ཡིན་ནོ། །ཞེའོ། །འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན། ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི། སེམས་ཅན་ཀྱི་འཁྲུལ་སྣང་ལས་ཁྱད་པར་དུ་དབྱུང་ཞིང་ལྷག་པར་འཕགས་པའི་དོན་གཞན་ཞིག་མེད་དེ། འཁྲུལ་སྣང་གི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། ཆོས་ཀྱི་སྐུ་ཞེས་བྱ་བར་ཟད་དོ། །འཁྲུལ་སྣང་ཡང་སེམས་ཉིད་ཡིན་ལ། སེམས་རང་གི་ངོ་བོར་མ་གྲུབ་པས་རྟོག་པ་རང་བཞིན་གྱིས་མེད་དེ། དེ་བས་ན་ཡུལ་གྱི་རྣམ་པ་གང་སྣང་སེམས་ཀྱི་རྟོག་པ་ཅི་སྐྱེའང་། སྣང་རྟོག་ཉིད་རང་བཞིན་གྱིས་འོད་གསལ་བས། རང་བྱུང་གི་ཡེ་ཤེས་རང་ཤར་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་གསུངས་ཏེ། དཔེར་ན་རི་བོང་གི་རྭ་ཞེས་བརྗོད་ན། རི་བོང་གི་རྭ་གཏན་མེད་པའི་ཕྱིར། མིང་དེས་ཀྱང་དོན་མ་བརྗོད་དེ་བརྫུན་ཡིན་ནོ། །དེ་བས་ན་རི་བོང་གི་རྭའི་དོན་དང་རི་བོང་གི་རྭའི་སྒྲ་གཉིས་དོན་མེད་པ་དང་དོན་ལ་བརྗོད་པ་མ་མྱོང་བས་དངོས་པོར་མ་གྲུབ་པར་འདྲའོ། །དེ་བཞིན་དུ་ནམ་མཁའ་དང་ནམ་མཁའ་ལ་དམིགས་ཏེ་སྐྱེས་པའི་རྟོག་པ་གཉིས་མ་སྐྱེས་པར་འགོའ་མཉམ་སྟེ། གང་གི་ཕྱིར་ནམ་མཁའ་ནི་ངོ་བོ་ཉིད་མེད་པའི་ཕྱིར་མ་སྐྱེས། དེ་ལ་དམིགས་པའི་རྟོག་པ་ནི་ཡུལ་མེད་པའི་ཕྱིར་མ་སྐྱེས་ཏེ། དེ་བས་ན་ནམ་མཁའ་ལ་དམིགས་པ་སྙམ་བྱེད་པའི་རྟོག་པ་དེ་ནི། ནམ་མཁའ་ཉིད་དང་འདྲ་བར་སྐད་ཅིག་ཀྱང་སྐྱེ་མ་མྱོང་བ་ཡིན་ནོ། ། དམིགས་པའི་རྐྱེན་ལས་ལྟོས་ནས་སྐྱེ་བར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་༼དམིགས་རྐྱེན་དོན་ལ་མེད་པས། ༽ཚུལ་དེ་འདྲའོ། །དེ་བས་ན་ནམ་མཁའ་ལྟར་གང་ལའང་མ་ཆགས་པའི་བློ་ནི། ཅིའང་མི་འདོད་མི་སྤོང་བས་ནམ་མཁའི་བསྔོ་བ་ཅེས་བྱ་སྟེ། དེའི་ངང་ལ་གནས་ཤིང་རྡེང་དུ་གྱུར་ན་སངས་རྒྱས་སུ་འགྱུར་བས། རང་དོན་ཆེན་པོའི་ནམ་མཁའ་འབྱུང་། །ཞེས་བྱའོ། །ཚུལ་འདི་ཉིད་ལུས་སེམས་བཅོས་མེད་ཐབས་ཀྱི་སྒྲོན་མ་ལས་ཀྱང་གསུངས་ཏེ། སེམས་ནི་ཅི་ལའང་མི་དམིགས་དང་། །ཅི་ལའང་མི་གནས་ཞེས་བྱ་བ། །སེམས་ལ་གནས་དམིགས་སྐྱོན་སེལ་བའི། །སེམས་འཛིན་འཕྲ་མོ་དེ་ལ་ཡོད། །སྨིགས་རྒྱུ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང་། །ནམ་མཁའ་རང་ལ་མ་གནས་ཞེས། །བསྒོ་བ་དོན་དང་ལྡན་མ་ཡིན། །ཞེས་གསུངས་ཏེ། དཔེར་ན་སྨིགས་རྒྱུའི་རང་བཞིན་ནམ་མཁའ་ཡིན་པའི་ཚེ། སྨིགས་རྒྱུ་ལ་བསམས་ཏེའང་སྨིགས་རྒྱུ་ཁྱོད་རྟེན་གང་ལ་ཡང་མ་གནས་ཤིག །ཡུལ་གང་ལའང་མ་དམིགས་ཤིག །ཅེས་གཞན་གྱིས་བསྒོ་བར་མི་རིགས་ལ། ནམ་མཁའ་ལ་དམིགས་ཏེའང་། ནམ་མཁའ་ཁྱོད་ནམ་མཁའི་རང་བཞིན་དུའང་མ་གནས་ཤིག །ཅེས་གཞན་ཀྱིས་བསྒོ་བར་མི་རིགས་སོ། །དེ་བཞིན་དུ་སེམས་འཁྲུལ་སྣང་ཙམ་ནི་སྨིགས་རྒྱུ་དང་འདྲ་བའི་ཕྱིར། རྟེན་གང་ལའང་གནས་པར་མི་བྱའོ། །ཡུལ་གང་ལའང་དམིགས་པར་མི་བྱའོ། །ཞེས་རྣམ་པར་རྟོག་པའི་ཆ་གཞན་ཀྱིས་ཀྱང་བཅོས་པར་མི་རིགས་ལ། སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་ངོ་བོ་ཉིད་མེད་པའི་ཕྱིར། དེ་ལའང་བཅོས་པར་མི་རིགས་སོ། །ཞེས་བྱ་བའི་དོན་ཏོ། །ཚུལ་འདི་ཉིད་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་ཀྱང་གསུངས་ཏེ། འདི་སྐད་དུ། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་དུ་སྤངས་ནས་ནི། །རྣམ་ཐར་གསུམ་པོ་སྒོམ་པའང་བདུད་ཀྱི་ལས་ཡིན་གཟུགས་ཉིད་སྟོང་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་སྒོམ་པ་ན། སྤང་བར་བྱ་བ་ནི། དངོས་པོར་ལྟ་བ་དང་། མཚན་མར་འཛིན་པ་དང་། སྨོན་ཆགས་གསུམ་ཡིན་ལ། དེའི་གཉེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དངོས་པོས་དབེན་པའི་མཚན་ཉིད་དང་། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞི་བའི་མཚན་ཉིད་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྡུག་བསྔལ་སེལ་བའི་མཚན་ཉིད་རྣམས་བསྒོམ་མོ། །ཞེས་འདོད་པ་ནི། བླང་དོར་གྱི་མཐར་ལྷུང་བས་ཆོས་མཉམ་པ་ཉིད་ཀྱི་བློ་སྐྱེ་བའི་བར་དུ་གཅོད་པའི་ཕྱིར་བདུད་ཀྱི་ལས་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན། གཟུགས་ཉིད་སྟོང་པའོ། །ཞེས་གསུངས་ཏེ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པར་རྟོགས་པས། ཐབས་ལ་མཁས་པའི་རྣམ་པར་ཐར་པ་ཞེས་ཀྱང་བྱ། མི་མཐུན་པ་ལ་སྤང་བར་བྱ་བའི་རྫས་མེད་པར་རྟོགས་པས། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པ་ཞེས་ཀྱང་བྱ། ཐམས་ཅད་དུ་རང་གི་ངོ་བོ་གྲུབ་པ་མེད་པར་རྟོགས་པས། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་ཞེས་བྱ་སྟེ། འདི་ལྟ་བུའི་དོན་ཀྱིས་ཟིན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་སྒོམ་པའང་བདུད་ཀྱི་ལས་ཉིད་དེ། །དེ་ཉིད་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས། །ཞེས་གསུངས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་འཁོར་བའི་ལམ་དུ་མཐོང་ནས་སྤོང་ཞིང་། མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ། མྱ་ངན་ལས་འདས་པའི་ལམ་དུ་མཐོང་ནས་སྒོམ་པར་བྱེད་པ་དེ་ཡང་། བླང་དོར་ཀྱི་མཐར་ལྷུང་བས་བདུད་ཀྱི་ལས་ཡིན་ཏེ། དེས་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་དོན་མ་མཐོང་ངོ་། །གང་གི་ཕྱིར་ཆོས་ཀྱི་རང་བཞིན་ནི་བཙལ་སྤངས་གཉིས་ལ་གནས་བཅར་མེད་པའི་ཕྱིར་རོ། །འདི་སྐད་དུ། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། རྣམ་པར་གྲོལ་བ་ནི་འདོད་ཆགས་དང་ཞེ་སྡང་གཏི་མུག་སྤངས་པས་རྣམ་པར་གྲོལ་བ་མ་ཡིན་ནམ། སྨྲས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་ལོ་ཞེས་ཟེར་བ་ནི། ང་རྒྱལ་བ་རྣམས་ཀྱི་སྟེ། གང་ང་མེད་པ་རྣམས་ཀྱི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་གསུངས་པ་དང་ཡང་མཐུན་ནོ། །གཞན་ཡང་དེ་ཉིད་ལས། འདི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་ནི། བདག་གིས་ཉོན་མོངས་པ་ཐམས་ཅད་སྤངས་སོ་སྙམ་དུ་རློམ་སེམས་ཡོད་ནའང་། དགྲ་བཅོམ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །འོ་ན་འཕགས་པའི་ལམ་གྱི་དངོས་གཞི་གང་ཡིན་ཞེ་ན། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། །ཞེས་གསུངས་ཏེ། འཕགས་པ་ཀུན་ཀྱིས་གཟིགས་པའི་ཡུལ་དང་གྲུབ་པའི་གནས་ཀྱང་། ཆོས་མཉམ་པ་ཉིད་གཉིས་སུ་མེད་པ་ལས་གཞན་མེད་ལ། མྱ་ངན་ལས་འདས་པ་ཐོབ་པའི་ལམ་ཡང་ཆོས་མཉམ་པ་ཉིད་གཉིས་སུ་མེད་པ་ལས་གཞན་མེད་དེ། དེ་བས་ན་ཇི་སྲིད་དུ་ཆོས་མཉམ་པ་ཉིད་གཉིས་སུ་མེད་པའི་དོན་རྟོགས་པ་རྡེང་དུ་མ་གྱུར་ཅིང་། སྤང་བླང་གི་བློ་ཆ་ཤས་འཕྲ་མོ་ཙམ་ཡོད་པ་དེ་སྲིད་དུ། ཐར་པའི་བསྟི་གནས་ཙམ་ཡིན་ཏེ། ལམ་གྱི་རང་གི་ངོ་བོ་མ་ཡིན་ནོ། །དེ་བས་ན་རྒྱལ་བའི་བཀའ་རྣམས་སུ་ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་སངས་མི་རྒྱའོ། །ཞེས་གསུངས་པའང་། ཆོས་མཉམ་པ་ཉིད་གཉིས་སུ་མེད་པའི་དོན་མ་རྟོགས་པར་སངས་རྒྱས་ཉིད་མི་འཐོབ་པས། དེ་བས་ན་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་ཞེས་གསུངས་པའི་དོན་ཡང་དེ་ཡིན་ནོ། །ཚུལ་འདི་ནི་སྡོང་པོས་བརྒྱན་པའི་མདོ་ལས་ཀྱང་། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་དང་ཡང་མཐུན་ནོ། ། ད་ནི་བྱང་ཆུབ་ཀྱི་སེམས་གོམས་པ་ཀློང་དུ་གྱུར་ཅིང་རྡེང་དུ་གྱུར་ནས་སེམས་ལ་དབང་ཐོབ་པར་གྱུར་པའི་ཚད་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་བསྒོམ་པ་ལས། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་འཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལ་གནས་པ་མེད། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུངས། །ཞེས་གསུངས་པ་སྟེ། འདི་ལྟར་སྣང་རྟོག་ཅི་སྐྱེའང་མ་བཀག་སྟེ་རང་བྱུང་། མ་འབྲངས་ཏེ་རང་ཞི་སྟེ། རྩོལ་བ་མེད་པར་བཏང་སྙོམས་ཆེན་པོའི་ངང་ལ་ཡུན་རིང་དུ་བཞག་པའི་ཚེ། ནུས་པ་ཅུང་ཟད་རྙེད་པ་ན། སྣང་རྟོག་རྒྱུན་དུ་སྐྱེའང་དངོས་པོ་དང་མཚན་མའི་ཞེན་པ་དང་བྲལ་བར་སྐྱེ་སྟེ། དཔེར་ན་རྨི་ལམ་ཀྱི་དོན་སྣང་བ་གཉིད་དེ་བས་བསྲབས་པར་གྱུར་ཏེ། སྣང་བ་མ་ལོག་ཀྱང་དངོས་པོར་ལྟ་བ་དང་མཚན་མར་འཛིན་པའི་ཞེན་པ་ལོག་པ་ལྟ་བུའོ། །དེ་ནས་དེ་བས་ཀྱང་ཤེས་རབ་དང་ཏིང་ངེ་འཛིན་ལས་སུ་རུང་བ་ན། མཚན་མར་འཛིན་པ་ཕྲ་བ་ཙམ་དུ་མ་ཟད་ཀྱི། སྐྱེ་བ་ཉིད་ཀྱང་ཕྲ་བར་འགྱུར་ཏེ། དཔེར་ན་རྨི་ལམ་ན་གཉིད་ཆེར་བསྲབས་པར་གྱུར་པ་ན་ཞེན་པ་ལོག་པ་ཙམ་དུ་མ་ཟད་ཀྱི། སྣང་བ་ཉིད་ཀྱང་ཕྲ་བར་སྣང་བ་ལྟ་བུའོ། །དེ་ནས་ཤེས་རབ་དང་ཏིང་ངེ་འཛིན་ཤིན་དུ་དབང་དུ་གྱུར་པ་ན། ཡིད་ཀྱི་གཡོ་བའི་འདུ་བྱེད་ཉམས་སུ་མྱོང་བ་སྙམ་བྱེད་པའམ། མི་གཡོ་བར་ཉམས་སུ་མྱོང་བ་སྙམ་བྱེད་པའམ། དེ་གཉིས་ཀྱི་ཐ་སྙད་ལས་འདས་པར་ཉམས་སུ་མྱོང་བ་ཡང་མེད་དེ། དེ་བས་ན་སྣང་མེད་དབུ་མའི་ལམ་ཞེས་བྱ་སྟེ། དེ་ལྟ་བུའི་དུས་ན་ཉམས་སུ་མྱོང་བའམ། འགགས་ནས་དེ་ལྟ་བུ་ཞིག་ཉམས་སུ་མྱོང་བར་ཤེས་པའམ། དེ་ལྟ་བུའི་ཚོར་བའི་སྣང་བ་གཉིས་དང་ཡང་བྲལ་ལ། འདུ་ཤེས་ཀྱིས་དོན་འདི་ལྟ་བུ་ཞིག་གོ །ཞེས་ཐ་སྙད་གདགས་སུ་རུང་བའི་སྣང་བ་དང་བྲལ་བ་ནི། སྣང་མེད་དབུ་མའི་ལམ་ཞེས་བྱའོ། །ཚུལ་འདི་ཉིད་མཐའི་མུན་སེལ་སྒྲོན་མ་ལས་ཀྱང་གསུངས་པ། ཇི་ཙམ་རྟོག་མེད་ཟབ་མོ་ཞིག །བློའི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ཞེས་གསུངས་ཏེ། དུས་གང་གི་ཚེ་རྣམ་པར་མི་རྟོག་པའི་དོན་ཟབ་མོ་གཞན་ལ་བསྟན་པའི་ཐབས་མེད་པ་ཞིག །རང་གི་བློས་ཉམས་སུ་མྱོང་ངོ་ཞེ་ན། དེ་ལྟ་ན་ཡང་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རྟོག་པ་ཞིག་དུ་ཟད་པས། བདེན་པ་མཐོང་བ་ཞེས་མི་བྱའོ། །འདི་ལྟར་རང་གིས་མྱོང་བ་གཞན་ལ་བསྟན་པར་མི་ནུས་པ་ནི་མངོན་སུམ་ཀུན་གྱི་ཆོས་ཉིད་ཡིན་ཏེ། དཔེར་ན་ལན་ཚའི་རོ་ནི་མི་དང་དུད་འགྲོ་ཕལ་མོ་ཆེས་ཀྱང་ཐུན་མོང་དུ་ཉམས་སུ་མྱོང་བ་ཡིན་མོད་ཀྱི། འོན་ཀྱང་ལན་ཚྭའི་རོ་མ་མྱོང་བ་ཞིག་ལ། ལན་ཚྭའི་རོ་ནི་འདི་འདྲའོ། །ཞེས་བསྟན་པའི་ཐབས་ནི་མེད་དོ། །དེ་བཞིན་དུ་རང་ལ་ཏིང་ངེ་འཛིན་གྱི་རོ་མྱོང་བ་ཡོད་ན། གཞན་ལ་བསྟན་པར་མི་ནུས་ཀྱང་། ཟབ་མོའི་གྲངས་སུ་མི་ཆུད་དེ་རྣམ་པར་རྟོག་པ་ཞིག་དུ་ཟད་དོ། །ཚུལ་འདི་ནི་གཞན་ལས་ཀྱང་གསུངས་ཏེ། ཚོར་བྲལ་བདེ་བའི་ལམ་ཞེས་ཀྱང་གསུངས་ལ། བླ་ན་མེད་པའི་བྱང་ཆུབ་ཀྱང་ཚོར་བ་དང་བྲལ་ཞིང་ཡིད་ཀྱི་སྤྱོད་པ་དང་བྲལ་བ་ལ་གསུངས་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐུབ་དབང་ཁྱོད་ཀྱིས་བདུད་དཔུང་སྟོབས་ཅན་རབ་བཏུལ་ནས། །བྱང་ཆུབ་མཆོག་རབ་ཞི་བ་མི་འཆི་བདེ་བ་བརྙེས། །དེ་ལ་ཚོར་བྱེད་སེམས་དང་ཡིད་ཀྱི་སྤྱོད་པ་མེད། །ཅེས་གསུངས་པ་ལྟ་བུའོ། །འདི་ནི་བྱང་ཆུབ་བརྙེས་པའི་སྐབས་སུ་གསུངས་པའོ། །འདི་༼སངས་རྒྱས་ཀྱི་དགོངས་པ། ༽དང་བདེན་པ་མཐོང་བའི་བྱེ་བྲག་༼ཁྱད་པར། ༽ནི། ཤེས་པ་ཚོགས་བརྒྱད་དུ་སྨྲ་བ་དང་། གཅིག་པུར་སྨྲ་བའི་བྱེ་བྲག་གིས་ཅུང་ཟད་ཐ་དད་པར་བཞག་པའང་ཡོད་ན། མདོར་བསྡུ་ན་སྣང་རྟོག་མངོན་དུ་རྒྱུ་ལོག་པ་ནི་བདེན་པ་མཐོང་བའོ། །བག་ལ་ཉལ་ཟད་པ་ནི་བྱང་ཆུབ་ཉིད་བརྙེས་པའོ། །བདེན་པ་མཐོང་བ་ཞེས་བྱ་བ་འདིའང་། ཆོས་གང་ཡང་མ་མཐོང་བའི་ཚིག་བླ་དྭགས་ཏེ། ཇི་སྐད་དུ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། །བདེན་པ་མཐོང་བ་རྣམས་ཀྱིས་ཀྱང་བདེན་པ་ཉིད་མཐོང་བ་མེད་ན། བརྫུན་པ་ལྟ་ག་ལ་མཐོང་། ཞེས་གསུངས་པ་དང་། སྡུད་པ་ཚིགས་སུ་བཅད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་དུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་བཞིན་ཆོས་མཐོང་བའང་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་པའང་དེ་འདྲའོ། །ཡོང་ནི་བདེན་པ་མཐོང་བ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པར་རྟོག་པ་དང་བྲལ་བ་ལ། དེ་བཞིན་གཤེགས་པ་དང་ཁྱད་པར་མེད་པ་སྐད་དུ་འབྱུང་བའང་ཡོད་ན། འོན་ཀྱང་བག་ལ་ཉལ་ཞེས་བྱ་བའི་སྒྲའང་། རྟོག་པ་འཕྲ་བས་མ་ཚོར་བ་ཙམ་ལ་བྱའི། རྟོག་པ་གཞི་ནས་མི་གཡོ་བ་ལ་ནི་མི་བྱ་སྟེ། ཨ་ནུ་ཤ་ཡ་ཞེས་བྱ་བའི་མིང་ཆུ་སྲིན་ཆུ་བྱའི་གྲིབ་མ་སྙེགས་པའི་མིང་ངོ་། །གྲིབ་མ་ཞེས་བྱ་བ་ནི་གཟུགས་བརྙན་ཀྱི་མིང་སྟེ། རྒྱ་མཚོ་ཆེན་པོའི་སྟེང་གི་བར་སྣང་ལ་བྱ་འཕུར་བའི་རྒྱ་མཚོའི་ནང་ན་གནས་པ། ཆུ་སྲིན་ཀྱིས་སྙེགས་པ་ན། བྱས་མ་ཚོར་བ་ལ་ཨ་ནུ་ཤ་ཡ་ཞེས་ཟེར་ཏེ། མདོ་སྡེའི་སྐབས་སུ་བག་ལ་ཉལ་ཞེས་བཏགས། ཆོས་མངོན་པའི་སྐབས་སུ་ཕྲ་རྒྱས་ཞེས་བཏགས། དེ་ནས་བྱ་ཆུའི་སྟེང་དུ་བབས་པ་ན་གཟུགས་བརྙན་དང་བྱ་ལྷན་ཅིག་གྱུར་པའི་ཚེ། ཆུ་སྲིན་བྱ་ཉིད་ལ་སྙེགས་པ་བྱས་མངོན་དུ་ཚོར་བ་ན། པ་དྱུད་ཐ་ན་ཞེས་བྱ་སྟེ་ཀུན་ནས་ལྡང་བ་ཞེས་བྱ་བར་བཏགས་པར་ཟད་དེ། དངོས་སུ་རྟོག་པ་འཕྲ་རགས་སུ་རྒྱུ་བ་ཉམས་སུ་ཚོར་བ་དང་མ་ཚོར་བ་ལས། མངོན་དུ་རྒྱུ་དང་བག་ལ་ཉལ་ཞེས་བཏགས་པར་ཟད་དེ། གཞི་མི་གཡོ་བ་ནི་མ་ཡིན་ནོ། །ཚུལ་འདི་ནི་མདོ་སྡེ་ལས་ཀྱང་གསུངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་མཚོ་ཆེན་པོ་རྒྱང་མ་ནས་བལྟས་ན་ཤིན་ཏུ་མི་གཡོ་བར་སྣང་བ་དེ་ནི། དྲུང་དུ་ཐུག་ན་མི་གཡོ་བ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གང་ཤིན་ཏུ་མི་གཡོ་བར་སྣང་བ་དེ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱན་ཀྱིས་གཟིགས་ན་མི་གཡོ་བ་མ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་ཤེས་བྱའི་སྒྲིབ་པའི་རང་གི་ངོ་བོ་ཡང་། མཉམ་བཞག་གི་དུས་ན་སེམས་གནས་པ་ཐོབ་པ་ན། རྟོག་པ་ཕྲ་བ་ཡོད་པ་མ་ཚོར་བ་ལ་གསུངས་ཏེ། འདི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་གང་ཞེ་ན། སེམས་གནས་པ་དེ་ནི་དེ་བཞིན་ཉིད་མ་ཡིན་ནོ། །དེ་ནི་ཆུ་མགྱོགས་པ་དང་འདྲ་སྟེ་རྒྱང་མ་ནས་བལྟས་ན་གནས་པར་སྣང་ཡང་མི་འབབ་པ་ཡང་མ་ཡིན་ནོ། །དེ་ནི་མཆོག་དུ་ཕྲ་བའི་སྙིང་པོའི་རྟོག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་འདི་སྐད་དུ། གནས་པ་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དེ་བཞིན་གཤེགས་པའི་རང་བཞིན་མཐོང་ནི་མཐོང་གི་ལེགས་པར་མ་མཐོང་ངོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱི་སྟོབས་བསྐྱེད་པས་བྱེ་བྲག་ཕྱེད་པར་མཐོང་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་རང་བཞིན་མཐོང་མ་མཐོང་ཞེས་བྱ་བ་འདི་ཡང་། མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དབང་ཡིན་པར་ཟད་དེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་མཐོང་། ཞེས་ཐ་སྙད་སུའང་མི་འདོགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ལས་ཀྱང་། ཉན་ཐོས་རྣམས་ནི་ཞི་གནས་ཀྱི་ཤས་ཆེ་ལ་ལྷག་མཐོང་གི་ཤས་ཆུང་བས། དེ་བཞིན་གཤེགས་པའི་རང་བཞིན་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་ཞི་གནས་ཀྱི་ཤས་ཆུང་ལ་ལྷག་མཐོང་གི་ཤས་ཆེ་བས། དེ་བཞིན་གཤེགས་པའི་རང་བཞིན་ལེགས་པར་མ་མཐོང་ངོ་། །དེ་བཞིན་གཤེགས་པ་རྣམས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་ལེགས་པར་གཟིགས་སོ། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས། སྣང་རྟོག་ཆོས་ཉིད་དུ་ཤེས་པར་བྱ་བ་མ་གཏོགས་པ། མ་སྐྱེས་མི་གཡོ་བསྒོམ་པ་རྣམས། སེམས་མི་གཡོ་མི་རྟོག་པར་གཞག་ཟེར་བ་ནི། རྟོག་པ་ཉིད་ལ་ཆགས་སུ་ཟད་དེ། ནམ་སངས་མ་རྒྱས་ཀྱི་བར་དུ་མི་རྟོག་པའི་དབྱིངས་སུ་ཆུད་མི་སྲིད་དོ། །ཞེས་གསུངས་པ་ཡིན་ཏེ། དེ་བས་ན་སེམས་ཉམས་སུ་ལོན་པའི་ཚད་བསྟན་པ་འདི་ཡང་། སྣང་རྟོག་མངོན་དུ་རྒྱུ་ལོག་པ་ཙམ་ལ་རེ་ཤིག་ཚད་བཞག་པར་ཟད་དེ། སྣང་རྟོག་གི་ཞེན་པ་ལོག་པར་ཚོར་བ་ཉིད་བྱང་ཆུབ་སེམས་ཀྱི་དྲོད་ཐོབ་པ་ཡིན་ནོ། ། ད་ནི་དྲོད་ཀྱི་རྟགས་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་བསྒོམ་པ་ལས་འདིའ་སྐད་དུ། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། །མི་འཁྲུགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། །ཞེས་གསུངས་ཏེ། གོང་དུ་བསྟན་པ་ལྟར་བསྒོམ་ཏེ་གོམས་པ་དང་། རྟགས་འདི་ལྟ་བུ་དག་འབྱུང་སྟེ། གང་གི་ཚེ་ཏིང་ངེ་འཛིན་ལས་ལངས་པའི་དུས་ནའང་། ཡུལ་གྱི་རྣམ་པ་གང་སྣང་ཡང་། དངོས་པོར་མ་ཞེན་པའི་སྟོབས་ཀྱིས། ཡིད་དུ་འོང་བ་སྣང་ཡང་ཆགས་ཤིང་འདོད་པའི་སེམས་མི་སྐྱེ། ཡིད་དུ་མི་འོང་བ་སྣང་ཡང་སྐྲག་ཅིང་མི་འདོད་པའི་སེམས་ཀྱང་མི་སྐྱེ། མངོན་སུམ་གྱི་སྟོབས་ཀྱིས་དངོས་པོར་སྣང་ཡང་མི་ལྟ་ཞིང་མངོན་སུམ་གྱིས་རྨོངས་པར་གྱུར་པ་མེད་དེ། འབྲལ་བའི་བློ་དང་གནས་པའི་བློ་མི་སྐྱེ་ནའང་། བྱང་ཆུབ་ཀྱི་སེམས་གོམས་པའི་རྟགས་ཡིན་ནོ། །གཞན་ཡང་ལམ་དང་འབྲས་བུར་བཅས་པའི་ཆོས་ཕྱོགས་དང་། ཕ་རོལ་དུ་ཕྱིན་པ་དང་། ཡེ་ཤེས་ཆེན་པོས་བསྡུས་པ་ཐམས་ཅད་ཀྱང་། ཆོས་གཉིས་སུ་མེད་པའི་དོན་རྟོགས་པ་ལས་གཞན་མེད་པའི་བློ་འབྱུང་སྟེ། དེའི་ཚེའང་བྱང་ཆུབ་ཀྱི་སེམས་གོམས་པའི་རྟགས་ཐོབ་པ་ཡིན་ནོ། །དེ་ལྟར་རྟོགས་ན་ལམ་མང་པོ་ལ་སྦྱང་མི་དགོས་ཏེ། རང་གི་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་ཤིང་གོམས་པར་བྱས་པ་ཁོ་ན་མ་ནོར་བའི་ལམ་ཡིན་པས། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ། །ཞེས་པ་དང་། རྡོ་རྗེ་སེམས་དཔར་བསྒོམས་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཅུང་ཟད་ཙམ་བཤད་དེ། གང་གི་ཕྱིར་ཐེག་པ་འོག་མའི་ཚུལ་དག་ལས། དང་པོ་རིགས་དང་བཤེས་གཉེནད་ཀྱི་སྟོབས་ཀྱིས་སྨོན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་བདག་གིར་བཟུང་བའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཕངས་ཏེ། དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱས་ཤིང་། སྨོན་ལམ་ལྷུན་ཀྱིས་གྲུབ་པར་མཛད་པ་ལས། ཆོས་ཀྱི་སྐུ་བརྙེས་པས་ན། ཆོས་བསགས་པས་ན་ཆོས་ཀྱི་སྐུ་ཞེས་ཀྱང་བྱ་སྟེ། དེའི་དབང་གིས་གཟུགས་ཀྱི་སྐུ་རྣམ་གཉིས་ཀྱི་མཛད་པ་རྒྱུན་མི་འཆད་དོ། །ཞེས་ཀྱང་འབྱུང་ལ། གསང་སྔགས་ཀྱི་ཚུལ་ཁ་ཅིག་ལས། རྒྱུ་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་བས། དང་པོ་ཉིད་ནས་སྙིང་རྗེ་ཆེན་པོའི་མཐུས་བསླང་སྟེ། སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ནས། གཟུགས་ཀྱི་སྐུ་རྣམ་གཉིས་བསྒོམས་ཏེ། སེམས་ཅན་ཀྱི་དོན་བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱ་བའི་སྒོ་ནས། བསོད་ནམས་ཀྱི་ཚོགས་ཆེན་པོའང་སྤྱོད་ཅིང་། ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པའང་བསྒོམས་པ་ལས། འབྲས་བུ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཉིད་ཐོབ་པར་འདོད་པའང་ཡོད་པས། དེའི་ཕྱིར་བྱང་ཆུབ་སེམས་ཀྱི་ཡོན་ཏན་མ་བཤད་ན་སྐུར་བའི་གནས་སུ་འགྱུར་བའི་ཕྱིར་རོ། །དེ་ལ་ཐེག་པ་འོག་མ་བའི་ཚུལ་ལས་རྒྱུ་འབྲས་ཀྱི་ཚུལ་དེ་སྐད་དུ་བཤད་པ་དེ་དག་ཀྱང་། འགྲོ་བ་རྣམས་ལ་འཕྲུལ་བ་སྣང་བར་འགྱུར་བའི་རྒྱུར་བཤད་པ་ནི་འགལ་བ་མེད་དེ། རྒྱུ་རྐྱེན་སྒྱུ་མ་ལས་འབྲས་བུ་སྒྱུ་མར་སྣང་བ་འགྲུབ་པའི་ཕྱིར་རོ། །འོན་ཀྱང་འགྲོ་བའི་དོན་དུ་སྣང་བ་རྣམས་ཀྱང་། དེ་དག་ཁོ་ན་ལ་རག་ལས་པའང་མ་ཡིན་ཏེ། རྫོགས་པ་ཆེན་པོའི་ཚུལ་ལ་དེ་དག་བཀག་པའང་མེད་དེ། ཐབས་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་མཐུས་སྣང་བ་རྒྱ་མཚོ་འབྱུང་བ་ཟད་དོ། །འོན་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ནི། བྱང་ཆུབ་སེམས་ཀྱི་མཐུ་ལས་བརྩལ་བ་མེད་པར་འབྱུང་སྟེ། དེ་ཡང་རང་བཞིན་དང་མངོན་དུ་གྱུར་པའི་མཐུའོ། །དེའང་ཁྱུང་ཆེན་ལས། བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱ་མཚོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་གསུངས་ཏེ། འདི་ལྟར་བྱང་ཆུབ་ཀྱི་སྙིང་པོའི་དོན་རྟོགས་མ་ཐག་ཏུ། གཟུངས་དང་ཏིང་ངེ་འཛིན་དང་སྟོབས་དང་མ་འདྲེས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་། རྒྱ་མཚོ་ཆེན་པོ་ལྟར་མི་གཡོ་བ་ལ་བྱིན་རླབས་འབྱུང་ལ། གདུལ་བྱ་ལ་སྣང་བ་ཡང་རྒྱ་མཚོ་ལྟར་བརྩལ་བ་མེད་པར་འབྱུང་སྟེ། འོན་ཀྱང་རྣམ་པར་མི་རྟོག་ཅིང་ནམ་མཁའི་མཐའ་ལྟར་ཁྱབ་ཅིང་ཡངས་སོ། །ཞེའོ། །ཚུལ་འདི་ཉིད་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་གསུངས་ཏེ། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་འཕྲ་བ་ཡིས། །དེ་མ་ཐག་ཏུ་རང་ལས་འབྱུང་། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །འབྲས་བུ་བརྩལ་བ་མེད་པར་འདོད་པ་ནི། ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། འདི་སྐད་དུ། བླ་མེད་གསང་ཆེནད་གང་གིས་འདི་རྟོགས་ན། །བརྩལ་མེད་འབྲས་བུ་མིན་ཏེ་དེར་སངས་རྒྱས། །ཞེས་གསུངས་པ་དང་ཡང་མཐུན་ནོ། །སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི་ཚུལ་ཡང་དེ་ཉིད་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨ་ལི་ཀ་ལི་ཟབ་ཏུ་བསྟན། །ཞེས་གསུངས་ཏེ། ཆོས་ཀྱི་སྐུའི་རང་བཞིན་ནི་མི་རྟོག་ཅིང་མཉམ་པ་ཉིད་ཡིན་པས། ནམ་མཁའ་ལྟར་ཀུན་ལ་ཁྱབ་བོ། །དེ་ལས་མ་གཡོས་བཞིན་དུ་སངས་རྒྱས་ཀྱི་འཕྲུལ་པ་ཐམས་ཅད་ཀྱང་མེད་པ་མ་ཡིན་ཏེ། སྒྱུ་མ་རྩེད་མོ་དང་འདྲ་བར་རོལ་པས། གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་སོ། །དེ་ལྟ་བུའི་རང་བཞིན་གྱིས་འགྲོ་བ་ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱན་ལ་འགོད་པར་མཛད་ཅིང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་ཟབ་མོས་གྲོལ་བར་མཛད་པས། ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨ་ལི་ཀ་ལི་ཟབ་ཏུ་བསྟནད། །ཞེས་གསུངས་ཏེ། ཨ་ལི་ཀ་ལི་ནི་འདིར་ཀུན་ཏུ་བཟང་པོ་ཡིན་པ་དང་། ཀུན་ཏུ་བཟང་མོ་ཡིན་པ་དང་། གཉིས་སུ་མེད་པ་ཡིན་པའི་དོན་ཀྱིས། སྒྱུ་མའི་འཇིག་རྟེན་སྦྱོང་ཞིང་འདུལ་བའི་མཛད་སྤྱོད་སྟོན་པ་ཡིན་ཏེ། དེ་ལ་ཨ་ཐུང་ནི་ཐམས་ཅད་མ་སྐྱེས་པའི་དོན། ཨ་རིང་པོ་ནི་ཐུགས་རྗེའི་མཛད་སྤྱོད་རྒྱུན་མི་འཆད་པའི་དོན། ཀ་ཐུང་ནི་བྱེད་པའི་དོན་ཏེ། ཡེ་ཤེས་ཆེནད་པོས་ཐམས་ཅད་ལ་དབང་སྒྱུར་བའི་དོན། ཀ་རིང་པོ་ནི་འགྲོ་བ་གནས་ནས་གནས་སུ་བསྐྱོད་པར་མཛད་པའི་དོན། ལ་ནི་ལ་ཡ་ཏི་གྲི་ན་ཞེས་བྱ་སྟེ་ལེན་ཅིང་འཛིན་པའི་དོན། གུ་གུ་ནི་གུད་དུ་བཤད་ན་དབྱིབས་ཀྱི་སྒོ་ནས། ཨི་གླང་པོ་ཆེའི་སྣ་འདྲ་བ་ཞེས་བྱ་སྟེ། ཐུགས་རྗེ་ཆེན་པོས་འགྲོ་བ་མི་གཏོང་བའི་གཟུངས་ཀྱི་དོན། སྒྲའི་སྒོ་ནས་ཨི་སྟྲི་ལིང་ག་ཞེས་བྱ་སྟེ། ཤེས་རབ་ཆེན་པོའི་གཟུངས་ཀྱིས་ཆོས་ཐམས་ཅད་འཛིན་པའི་དོན། ལ་དང་སྦྱར་ཏེ་བཤད་ན། ཐབས་དང་ཤེས་རབ་ཟབ་མོའི་མཛད་སྤྱོད་ལ་མངའ་བརྙེས་པའི་དོན་ཏོ། །དེས་དོན་ཇི་ལྟར་མཛད་པའི་ཚུལ་བསྟན་པ་ནི། དེ་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་ཏེ། དེ་ལ་ཨ་ནི་ཨ་རིང་པོ་སྟེ་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་རྒྱུན་མི་འཆད་པའི་དོན། མཛེས་པའི་ཏ་ནི་མཛད་སྤྱོད་དེ། མཛེས་པར་བྱེད་པ་ནི་ཤེས་རབ་ཆེན་པོ་དག་ཅིང་སྤྲོས་པ་མེད་པའི་ངང་ལ་གནས་ཤིང་དེ་ལས་མ་གཡོས་པ་སྟེ། ཏ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ། །པ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ངང་དུ་འགྲོ་བ་ཐམས་ཅད་གྲོལ་བར་མཛད་པ་སྟེ། དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། འགྲོ་བ་རྣམས་ཀྱི་ཐུན་མོང་གི་སྤྱོད་པ་འདི་ཉིད་ཡིན་མོད་ཀྱི། འོན་ཀྱང་ལས་འཕྲོ་དང་སྐལ་པར་ལྡན་པ་རྣམས་ལ། དབང་པོའི་རིམ་པ་བཞིན་སྐྱོབ་པར་སྣང་བར་འགྱུར་ལ། སྐལ་བ་མེད་པ་རྣམས་ལ་ནི་སྣང་བར་ཡང་མི་འགྱུར་རོ། །དེ་ལྟར་མི་སྣང་ཡང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནི་ཡན་ལག་སྤྲོས་པ་བཞིན་དུ་ཐུན་མོང་དུ་ཁྱབ་པས། པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་པ་ཡིན་ནོ། །ཁྱུང་ཆེན་ལས་ཀྱང་། བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བ་ཆེ། །མངོན་སུམ་མི་སྣང་ཆགས་པས་ཆ་ལུགས་ཀུན་ནས་སྐོང་། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་མེད་བདག་མེད་སྙིང་རྗེར་བསྟན། །ཞེས་པ་དང་། ཡུལ་ཕྱིར་ཆགས་ལ་ཡུལ་ལ་བསྔོ་བའི་དམིགས་པ་མེད། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་མངོན་དུ་བྱ་བའི་ཆོས་མེད་ཀྱང་ཀུན་གྱི་དགོས་འདོད་སྐོང་། བདག་དང་གཞན་དུ་མི་དམིགས་ཀྱང་། བདག་དང་གཞན་གྱི་དོན་མཐརད་ཕྱིན་པར་མཛད། གྲུབ་པར་བྱ་བའི་ཡུལ་མེད་ཀྱང་བདག་མེད་པའི་སྙིང་རྗེ་སྐྱེ། སེམས་ཅན་གྱི་ཕྱིར་ཐུགས་རྗེས་ཆགས་ཀྱང་ཡོངས་སུ་བསྔོ་བའི་དམིགས་པ་མེད་པ་ནི། བདག་མེད་པའི་སྙིང་རྗེ་ཞེའོ། །ལྟ་བ་རིན་པོ་ཆེ་སྒྲོན་མ་ལས་ཀྱང་། ཤེས་རབ་གནས་མེད་ཆགས་པའི་རྡུལ་བྲལ་ཡང་། །སྙིང་རྗེས་སེམས་ཅན་ཁམས་ལ་སྐྱོ་བ་མེད། །ཞེས་གསུངས་པ་དང་། ཐབས་དང་ཤེས་རབ་གསལ་བའི་སྒྲོན་མ་ལས། །སེམས་ཅན་སངས་རྒྱས་བདེན་པར་ཚུལ་གཅིག་ཅིང་། །རང་གི་སེམས་ཉིད་སངས་རྒྱས་ཡིན་ཤེས་ན། །གཞན་ནས་བསྒྲུབ་པར་བྱ་བ་ཅི་ཡང་མེད། །དེ་ལྟ་བས་ན་སྤང་བར་བྱ་བའང་མེད། །དེ་ལྟ་བུའི་ཆོས་ཀྱི་ཚུལ་རིག་ནས། །མ་རིག་རྣམས་ལ་སྙིང་རྗེ་ཡོངས་ཀྱིས་སྐྱེ། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་ཀྱིས། །ཕན་འདོགས་ཐབས་ཀྱི་སྤྱོད་པ་ཅིར་ཡང་སྟོན། །ཞེས་གསུངས་པའི་ཚུལ་ཡང་དེ་འདྲའོ། །མདོར་ན་ཆོས་མཉམ་པ་ཉིད་གཉིས་སུ་མེད་པར་རྟོགས་པས། སྙིང་རྗེ་ཆུང་བར་མི་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞིན་ནོ། །དངོས་པོར་ལྟ་བས་སྙིང་རྗེ་ཆེ་བར་མི་འགྱུར་ཏེ། །ཉན་ཐོས་དང་སོ་སོའི་སྐྱེ་བོ་བཞིན་ནོ། །ཐེག་པ་འོག་མའི་ཚུལ་ལས་སྨོན་ལམ་དང་བསྒོམས་པའི་སྟོབས་ལས། གཟུགས་ཀྱི་སྐུའི་ཡོན་ཏན་འབྱུང་བར་འགྱུར་རོ། །ཞེས་ཟེར་བ་དེའང་། ལས་ཀྱི་སྟོབས་ཡིན་པར་ཟད་ཀྱི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ནི་མ་ཡིན་ཏེ། འདི་སྐད་དུ། ཁྱུང་ཆེན་ལས། གསུང་དང་རྒྱས་ལ་དམིགས་དང་སྣང་། །སྒྱུ་མཁན་རི་མོའི་རྣམ་པ་བཞིན། །འབྱུང་འཇུག་ཡེ་ཤེས་རྨུགས་པ་ཡིས། །དེའི་དབང་ལས་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། དམ་པ་ཆོས་ཀྱི་གསུང་རབ་ལ་དམིགས་པ་དང་། སངས་རྒྱས་ལ་དམིགས་པའི་མཐུ་ལས། ཆེ་བའི་ཡོན་ཏན་སྣང་བ་འབྱུང་བ་རྣམས་ཀྱང་། དཔེར་ན་སྒྱུ་མའི་རྣམ་པ་མེད་བཞིན་དུ་སྣང་བའམ། རི་མོའི་རྣམ་པ་གཞི་མཐོན་དམན་མེད་བཞིན་དུ། མཐོན་དམན་དུ་སྣང་བ་རྣམས། སྒྲིབ་པར་བྱེད་པའི་རྐྱེན་ཞིག་གི་དབང་ལས་སྣང་བ་བཞིན་དུ། དམིགས་པ་དང་བཅས་ཅིང་འབྱུང་འཇུག་གི་རྟོག་པ་དང་བཅས་པའི་སྒྲིབ་པས། ཡེ་ཤེས་ཆེན་པོ་བསྒྲིབས་ཤིང་རྨུགས་པར་བྱས་པའི་དབང་ལས། ཡོན་ཏན་གྱི་རྣམ་པ་ལྟ་བུར་སྣང་བ་འབྱུང་བར་འགྱུར་ཏེ། འོན་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ཡོན་ཏན་ནི་མ་ཡིན་ནོ། །མང་པོ་བརྗོད་མི་དགོས་ཏེ། རྫོགས་པ་ཆེན་པོའི་ཚུལ་ལ་སངས་རྒྱས་ཀྱི་ཆོས་མི་རྫོགས་པའི་ཉེས་སྐྱོན་མེད་དོ། །རྫོགས་པ་ཆེན་པོའི་གཞུང་ཉིད་བསྟན་པའི་སྐབས་ཏེ། ལྔ་པའོ།།  །། ད་ནི་རྫོགས་པ་ཆེན་པོའི་ཚུལ་ལ་ཇི་ལྟ་བ་བཞིན་དུ་གནས་པར་མི་ནུས་པ་རྣམས་ལ། རྩོལ་བ་དང་བཅས་པའི་ཐབས་ཀྱིས་ལམ་བཙལ་བ་བསྟན་པར་བྱ་སྟེ། དེ་ཡང་རྫོགས་པ་ཆེན་པོའི་ལྟ་བས་ཟིན་པར་བྱའོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ནི་ཆོས་ཀྱི་རྩ་བ་ཡིན་ཏེ། འཆིང་བའི་ནད་ཐམས་ཅད་འབྱིན་པར་བྱེད་པའོ། །འདི་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཀུན་ཏུ་བཟང་མོས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་སེམས་བཅོས་པའི་ཐབས་ཀྱང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། གསང་སྔགས་ཀྱི་ཚུལ་ལས་སྒོ་མང་དུ་སྣང་སྟེ། འདི་ལྟར་བསམ་གཏན་ཀྱི་སྐྱོན་དྲུག་སྤངས་ཤིང་སྒྲིབ་པ་བཅུ་བསལ་བའི་བསམ་གཏན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ལ། བཟུང་བཏགས་བཀག་ཕྱེ་བཅོམ་པའི་ཏིང་ངེ་འཛིན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། སེམས་རང་བཞིན་གྱིས་གདུལ་བར་དཀའ་བའི་ཆོས་དྲུག་བཏུལ་བའི་བཟླས་བརྗོད་དང་བསམ་གཏན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་། ལུས་སེམས་ལྷ་དང་གསུམ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཐར་པའི་ལམ་མོ། །ཞེས་ཀྱང་འབྱུང་སྟེ། འདི་ལྟ་བུ་ལ་སོགས་པ། སེམས་བཅོས་པའི་ཐབས་མང་དུ་གསུངས་པའང་། ཐམས་ཅད་མཐོང་བར་ཡང་མི་ནུས་ལ། བསྟན་པར་ཡང་མི་ནུས་པས་རེ་ཤིག་འདི་དག་ཙམ་བཤད་དོ། །སྒོ་འདི་དག་བསྟན་པ་ནི་གང་ཟག་མོས་པའི་དབང་གིས་འཇུག་པ་སོ་སོ་ཡང་འབྱུང་ལ། ཕན་ཚུན་གཅིག་ལ་གཅིག་ཕན་འདོགས་པའང་འབྱུང་བས་འདི་དག་ཙམ་བཤད་དོ། །དེ་ལ་བསམ་གཏན་ཀྱི་སྐྱོན་དྲུག་ནི། བྱུང་ཚོར་དབང་གིས་གཡེང་བ་དང་། བྱིང་རྨུགས་དབང་གིས་འཐིབས་པ་དང་། ཐེར་ཟུག་དབང་གིས་འཐས་པ་གསུམ་ནི། ཞི་གནས་ལས་སུ་མ་རུང་བའི་སྐྱོན་ཡིན་ཏེ། དེ་ལ་སྔ་མ་གཉིས་ནི་དཔེར་ན་མར་མེ་ཕྱི་རོལ་གྱི་རླུང་གིས་བསྐྱོད་ན་ཡང་མི་གསལ་ལ། རང་གི་ཉེ་བར་ལེན་པའི་རླུང་བཀག་ནའང་། འཆི་བའམ་འཆི་བ་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་སེམས་གནས་པ་ནི་འདུ་བྱེད་སྣ་ཚོགས་ཀྱིས་བསྐྱོད་ནའང་གཡེངས་པར་འགྱུར་ལ། རང་གི་ཉེ་བར་ལེན་པའི་འདུ་བྱེད་བཀག་ནའང་སེམས་ཉིད་ཀྱང་འགག་པའམ་འགག་པ་ལ་ཐུག་པར་འགྱུར་བས། དེ་བས་ན་འདུ་བྱེད་གཞན་བཀག་ལ་རང་གི་འདུ་བྱེད་མི་དགག་གོ །གསུམ་པ་ནི་དྲན་པ་སྔ་མའི་སྟེང་དུ་ཕྱི་མ་རྟག་དུ་འབབ་པ་ཡིན་ཏེ། དཔེར་ན་ཆུའི་ཐིགས་པ་བཞིན་ནོ། །འདི་ནི་དམིགས་པ་གཅིག་ལས་སུ་རུང་ཡང་། བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཐབས་མེད་དེ་སྒྲིབས་པའོ། །ལྷག་མཐོང་གི་སྒྲིབ་པ་གསུམ་ལ། འཛིན་ཆགས་དབང་གིས་འགོག་པ་ཞེས་བྱ་བ་ནི། ཆོས་བདག་མེད་པར་རྟོགས་པའི་ཤེས་རབ་དང་བྲལ་བས། བསམ་གཏན་གྱི་ཡུལ་ཅི་སྣང་ཡང་འཛིན་ཆགས་དང་མ་བྲལ་བས། ཐར་པ་འགོག་སྟེ་སྒྲིབ་པའོ། །ཡོད་མེད་དབང་གིས་ཉམས་པ་ཞེས་བྱ་བ་ནི། ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་རྨོངས་པས། ཇི་ལྟར་བསམས་ཀྱང་ཡོད་མེད་ཀྱི་མཐར་ལྷུང་སྟེ། ཡེ་ཤེས་ཉམས་པར་གྱུར་པ་སྟེ་སྒྲིབ་པའོ། །ཤེས་རྒྱ་ཆུངས་པས་འཁོར་བ་ཞེས་བྱ་བ་ནི། མཉན་བསམས་ཀྱི་ཤེས་རབ་རྒྱ་ཆུང་པས་བསམ་གཏན་གྱི་ཡུལ་གང་ལ་འཇུག་མ་ཤེས་ཏེ། བྱ་མུན་པ་ལ་རྡུགས་པ་བཞིན་དུ་སེམས་འཁོར་ཞིང་འཚོམས་པ་སྟེ་སྒྲིབ་པའོ། །འདི་དག་ནི་དངོས་སུ་སྒྲིབ་པ་ཡིན་ཡང་ཞི་གནས་དང་ལྷག་མཐོང་སྐྱེ་བ་ཉིད་ལ་གེགས་སུ་གྱུར་པས། ཉེས་སྐྱོན་ཆེ་བའི་ཕྱིར་བསམ་གཏན་གྱི་སྐྱོན་དྲུག་ཅེས་བྱའོ། །དེ་ལ་རྣམ་རྟོག་གཡེང་བའི་སྐྱོན་འབའ་ཞིག་ལ་ཡང་སྐྱོན་ལྔ་གསུངས་ཏེ། འདི་སྐད་དུ། རྟོག་པ་རགས་པའི་རི་བོ་དང་། །མཚན་མ་རྒྱུ་བ་ཚོར་བ་དང་། །བྱུང་ཚོར་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་རགས་དང་འཕྲ་བ་གཉིས། །མཚན་མ་ཆེ་དང་ཆུང་བ་གཉིས། །རྒྱུ་བ་རིང་པོ་ཐུང་ངུ་གཉིས། །དེ་བཞིན་ཚོར་བ་གསལ་མི་གསལ། །བྱུང་ཚོར་གཉིས་སུ་སྣང་བའང་། །མྱུར་བ་དང་ནི་བུལ་བའོ། །ཞེས་གསུངས་ཏེ། འདི་རྣམས་རྟོག་པའི་བྱེ་བྲག་དུ་འདྲ་ཡང་། ཕྲ་རགས་ཀྱི་བྱེ་བྲག་དང་རྣམ་པའི་བྱེ་བྲག་གིས་ཁྱད་པར་དབྱེ་སྟེ། དེ་ལ་རྣམ་པའི་བྱེ་བྲག་ནི། རྟོག་པ་ནི་དོན་ཀྱི་དངོས་པོའ་ཚོལ་བས་ཕྱེ། མཚན་མ་ནི་ཞེན་ཅིང་འཛིན་པས་ཕྱེ། རྒྱུ་བ་ནི་རྒྱུན་ཀྱིས་ཕྱེ། ཚོར་བ་ནི་ཉམས་སུ་མྱོང་བས་ཕྱེ། བྱུང་ཚོར་ནི་འབྱུང་འཇུག་གིས་ཕྱེ། ཕྲ་རགས་ནི་གོ་རིམས་དང་བྱེ་བྲག་གཉིས་བརྗོད་པ་དག་ཡིན་ནོ། །སྤྱིར་བསྡུ་ན་ཕྲ་བའང་རྣམ་པ་གཉིས་ཡིན་ཏེ། སྐྱེ་བ་ཕྲ་བ་དང་འཛིན་པ་ཕྲ་བའོ། །རགས་པའང་རྣམ་པ་གཉིས་ཡིན་ཏེ། སྐྱེ་བ་རགས་པ་དང་འཛིན་པ་རགས་པའོ། །དེ་ལ་མཁས་པ་རྣམས་ཀྱི་བློ་ནི་སྐྱེ་བ་རགས་ལ་འཛིན་པ་ཕྲ་སྟེ། སྐྱེ་བ་རགས་ཏེ། ཤེས་བྱ་ཐམས་ཅད་ལ་རྟོག་ཅིང་འཇུག་ལ། འཛིན་པ་ཕྲ་སྟེ་དེ་ལ་དངོས་པོ་དང་མཚན་མར་ཞེན་པ་མེད་དོ། །བླུན་པོ་རྣམས་ཀྱི་བློ་ནི་སྐྱེ་བ་ཕྲ་ལ་འཛིན་པ་རགས་ཏེ། སྐྱེ་བ་ཕྲ་སྟེ། ཤེས་བྱ་རྣམས་ལ་རྟོག་ཅིང་འཇུག་མི་ནུས་ལ། འཛིན་པ་རགས་ཏེ། དངོས་པོར་འཛིན་ཅིང་ཞེན་པ་དང་མི་འབྲལ་ལོ། །དེ་བས་ན་རྣམ་པར་མི་རྟོག་པ་སྒོམ་པའི་ཚེ། སྐྱེ་བ་ཕྲ་ལ་འཛིན་པ་རགས་པའི་སེམས་ནི་ཐར་པའི་ལམ་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཆ་མཐུན་པས་ལམ་གྱི་སྒྲིབ་པ་ཡིན་ནོ། །དེ་བས་ན་དང་པོར་སྐྱེ་བ་རགས་ལ་འཛིན་པ་ཕྲ་བའི་སེམས་ལས་གོམས་པ་ཀློང་དུ་གྱུར་ཅིང་འཛིན་པ་ཕྲ་བའི་མཐུས་སྐྱེ་བ་ཉིད་ཀྱང་ཇེ་ཕྲ་ཇེ་ཕྲ་གྱུར་ནས། ཐ་མ་རྟོག་པའི་རྣམ་པ་ལྔ་པོ་འདི་དང་བྲལ་ལ། སེམས་རང་རིག་པ་ནི་མ་འགགས་ན་བདེན་པ་མཐོང་བ་ཞེས་བྱ། འདི་རྣམས་ཡུལ་དུ་འཛིན་པའི་རྟོག་པ་དང་། ཡུལ་འཛིན་པ་འཛིན་པའི་རྟོག་པ་གཉིས་ཀྱི་སྒོ་ནས་ཁད་ཀྱིས་ཞི་བར་ཚོར་ན། སེམས་ཀྱི་དྲོད་ཐོབ་པར་གཟུང་ངོ་། །གང་གི་ཚེ་འཛིན་པ་འཕྲ་བར་མ་ཚོར་བའི་སྐྱེ་བ་ཕྲ་བར་ཚོར་བ་ནི་ལམ་གྱི་དྲོད་དུ་མི་གཟུང་ངོ་། །དེ་ལ་ལམ་གྱི་སྒྲིབ་པ་དགུ་ལ། བསམ་གཏན་མི་གཡོ་བ་དང་། ལམ་ཐིམ་པ་དང་། གསལ་བ་གསུམ་ནི། ཡང་དག་པའི་རྩོལ་བ་ལ་སྒྲིབ་པ་སྟེ། འདི་ལྟར་མི་གཡོ་ནའང་ལམ་སྔ་མ་མི་གཏོང་ཞིང་། ལམ་གཞན་ཐོབ་པར་མི་རྩོལ་ཏེ། ཚང་ན་གནས་པའི་བྱིའུ་ཕྲུག་ལྟ་བུའོ། །དེ་བཞིན་དུ་ལམ་ཐིམ་ནའང་མི་རྩོལ་ཏེ། འབེན་ཐིམ་པའི་མདའ་ལྟ་བུའོ། །ཤིན་དུ་གསལ་བར་གྱུར་ནའང་མི་རྩོལ་ཏེ། ཡུལ་གསལ་བས་དབང་པོའི་བློ་གཟུང་བ་ལྟ་བུའོ། །སེམས་ལ་ཤེས་པ་མང་པོ་སྐྱེ་བར་འདོད་པ་དང་། མངོན་པར་ཤེས་པ་ཐོབ་པར་འདོད་པ་དང་། མཚན་མའི་རྫུ་འཕྲུལ་འབྱིན་པར་འདོད་པ་གསུམ་ནི། ཡང་དག་པའི་ཏིང་ངེ་འཛིན་ལ་སྒྲིབ་པ་སྟེ། དཔེར་ན་ཁྱིམ་བདག་དག་གིས་མར་གྱི་སྙིང་པོ་འདོད་པའི་ཕྱིར་བ་བཞོན་མང་པོ་བསྟེན་པ་ལས། དེའི་འོ་མ་དང་ཞོའི་ལོངས་སྤྱོད་ལ་ཆགས་པ་གྱུར་ན། མར་གྱི་སྙིང་པོ་ལ་སྒྲིབ་པར་གྱུར་པ་ལྟ་བུའོ། །འདི་༼བདག་གི་༽ལས་བླ་༼འམ་གོང་༽ན་༼གཞན། ༽མེད་པའི་ཆོས་ཐོབ་བོ་སྙམ་པ་དང་། རང་གི་ལྟ་བ་ལ་ང་བསྙེམས་པ་དང་། གཞན་གྱི་ལྟ་བ་ལ་ཁྱད་དུ་གསོད་པ་གསུམ་ནི། ཡང་དག་པའི་དྲན་པ་ལ་སྒྲིབ་སྟེ། འདི་ལྟར་ཡང་དག་པའི་དྲན་པ་ནི། ངེས་པའི་དོན་ཀྱི་མདོའི་དོན་དང་། །དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་གདམ་ངག་མ་བརྗེད་པར་སྲུང་བ་ཡིན་ན། སྒྲིབ་པ་འདི་རྣམས་ཡོད་ན་དེ་དག་ཡལ་བར་འདོར་ཏེ། དཔེར་ན་རྒྱལ་པོའམ་བློན་པོའི་བུ་གཞོན་ནུ་རྒྱགས་པས་མྱོས་པ་དག །དམ་པ་རྣམས་ཀྱི་གདམ་ངག་ཡིད་ལ་མི་བྱེད་པ་བཞིན་ནོ། །བཅུ་པ་ནི་རང་བཞིན་གྱི་སྒྲིབ་པ་ཡིན་ཏེ། ཆོས་སྤྱོད་རྣམ་བཅུ་ཤིང་ལེབ་ཀྱི་ངོས་ལྟར་གཅིག་ལ་གཅིག་སྒྲིབ་པར་གྱུར་པས། དེ་བས་ན་བསམ་གཏན་ལ་སོགས་པ་དོན་ཆེན་པོ་ལ་གནས་པ་རྣམས་ཀྱིས། ཡི་གེ་འདྲི་བ་ལ་སོགས་པ་དོན་ཆུང་ངུའི་ཆོས་སྤྱོད་མི་སྤྱད་དོ། །ཞེས་བྱ་བའི་དོན་ཏོ། །དོན་འདི་རྣམས་ཀྱིས་ཀྱང་བསམ་གཏན་གྱི་སྒྲིབ་སྐྱོན་མཐའ་དག་བསལ་ཏེ་ཐར་པའི་ལམ་ལ་འཇུག་པར་གསུངས་པ་ཡིན་ནོ། །དེ་ལ་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། ཉེས་པ་ལྔ་ནི་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། ཞུམ་རྒོད་དང་། མངོན་པར་འདུ་མི་བྱེད་པ་དང་། འདུ་བྱེད་པའོ། །དེ་ལ་ལེ་ལོས་ནི་དམ་པའི་ལུང་མི་ཉན་ཅིང་མི་འཇུག་གོ །དམིགས་པ་བརྗེད་པས་ནི་བསམ་པ་ཉམས་ཏེ་ཐོས་པ་རྣམས་ཀྱང་དྲན་པ་མེད་པར་བྱེད་དོ། །ཞུམ་རྒོད་ཀྱིས་ནི་དོན་ལ་གོམས་པར་བྱེད་པའི་བློ་འཇུག་དུ་མི་སྟེར་རོ། །མངོན་པར་འདུ་མི་བྱེད་པ་དང་བྱེད་པ་གཉིས་ཀྱིས་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་གེགས་བྱེད་དོ། །དེ་ལ་སྤོང་བའི་འདུ་བྱེད་བརྒྱད་ནི། དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཤིན་དུ་སྦྱངས་པ་བཞིས་ནི། ལེ་ལོ་སྤོང་ངོ་། །དྲན་པས་ནི་དམིགས་པ་བརྗེད་པ་སྤོང་བའོ། །ཤེས་བཞིན་གྱིས་ནི་ཞུམ་རྒོད་སྤོང་ངོ་། །སེམས་པས་ནི་མངོན་པར་འདུ་མི་བྱེད་དྲགས་ན་གཟེང་བསྟོད་པར་བྱེད་དོ། །བཏང་སྙོམས་ཀྱིས་ནི་མངོན་པར་འདུ་བྱེད་དྲགས་ན་འགོ་གནོན་པར་བྱེད་དོ། །དེ་ནས་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་ཚོར་ན་ལྷག་པར་གཉེན་པོ་བསྟེན་པའི་རྩོལ་བ་མི་སྐྱེད་དོ། །བཏང་སྙོམས་སུ་བག་ཡངས་སུ་བཞག་སྟེ། དོན་ལ་གོམས་པར་བྱེད་དོ། །ཚུལ་འདིའང་ཐརད་པའི་ལམ་མོ། །ཞེས་འབྱུང་ངོ་། །དེ་ལ་བཟུང་བཏགས་བཀག་ཕྱེ་བཅོམ་པ་དང་ལྡན་པའི་ཏིང་ངེ་འཛིནད་གང་ཞེ་ན། འདི་སྐད་དུ། གཏོགས་འདོད་སྤྲེའུ་འདི་བཟུང་ནས་ཀྱང་། །རྐུན་མོ་བྱི་ལ་བཏགས་བྱས་ཏེ། །ཁང་སྟོང་ཕང་ཕུང་ཀུནད་བཤིག་ནས། །གསེབ་ཁུང་སྐར་ཁུང་ཀུན་བཀག་སྟེ། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་རྟག་དུ་སངས་རྒྱས་ཡིན། །ཞེས་གསུངས་པ་སྟེ། དེ་ལ་གཏོགས་འདོད་སྤྲེའུ་གཟུང་བ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ལས་གཟུང་བར་འོས་པ་གཟུང་བ་སྟེ། འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་སྤྲེའུའི་གཏོགས་འདོད་ལྟར། རིགས་པ་དང་ལྡན་པའི་དོན་ལ་ནི་ཆེད་དུ་གཏད་ཀྱང་འཇུག་པར་མི་ནུས། རིགས་པ་དང་མི་ལྡན་པའི་དོན་ལ་ནི་སྐུལ་བ་མེད་པར་རང་ཞུགས་བྱེད་དེ། རྟག་དུ་དོན་མེད་པར་འཕྱན་པ་འདི་ཤེས་བཞིན་དྲན་པའི་སྣོད་དུ་བཅུག་སྟེ། གཞན་དུ་མི་གཡོ་བར་བསྡམ་དགོས་སོ། །རྐུན་མོ་བྱི་ལ་གདགས་པ་ནི། དེ་བཞིན་དུ་ཆོས་རྣམས་ལས་གདགས་པར་འོས་པ་གདགས་པ་སྟེ། དཔེར་ན་བྱི་ལ་ནི་ཤིན་དུ་དལ་ཞིང་འཇམ་པའི་སྤྱོད་པས། གཞན་ཀྱིས་མ་ཚོར་བར་གཞན་གྱི་སྲོག་རྐུ་བར་བྱེད་དོ། །དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་ནི། ཤིན་ཏུ་རྒྱུ་བ་ཕྲ་བའི་ཚུལ་གྱིས་ཀུན་གཞི་ལ་ཁ་ནང་དུ་བལྟས་ཏེ་བདག་དུ་རློམ་སེམས་པས། དེའི་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པའང་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པར་སྐྱེ་སྟེ། ཐམས་ཅད་ཟག་པ་དང་བཅས་པར་བྱིན་གྱིས་རློབ་པར་བྱེད་དོ། །དེ་བས་ན་འདི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱི་གཟུངས་ཀྱིས་མ་བཏགས་ན། ནམ་ཡང་ཐར་པའི་གོ་སྐབས་མི་འབྱེད་དོ། །འདི་ནི་ལྷག་མཐོང་སྤྱོད་པ་ཡིན་ནོ། །སྔ་མ་ནི་ཞི་གནས་སྤྱོད་པ་ཡིན་ནོ། །ཁང་སྟོང་ཕང་ཕུང་བཤིག་པ་ནི། ཕུང་པོ་དང་སྐྱེ་མཆེད་ཀྱི་གྲོང་སྟོང་བཤིག་པ་སྟེ། འདི་རྣམས་ལ་བདག་པོ་མེད་པས་གྲོང་སྟོང་ཡིན་ཏེ། རང་གི་ངོ་བོ་ཡང་མ་གྲུབ་པར་བཤིག་པས་གྲོང་སྟོང་ཉིད་ཀྱང་མེད་དེ་ནམ་མཁའ་ལྟ་བུར་རྟོགས་པར་བྱའོ། །འདི་ཡང་ལྷག་མཐོང་སྤྱོད་པའོ། །གསེབ་ཁུང་སྐར་ཁུང་དགག་པ་ནི། སྒོ་ལྔའི་རྣམ་པར་ཤེས་པ་སྟེ། དབང་པོ་ལྔའི་སྐར་ཁུང་ནས་བྱུང་ནས་ཡུལ་ལ་རང་བཞིན་གྱིས་གཡེང་བ་འདི་དག་ཡིད་ནང་དུ་བསྡུས་པའི་མཐུས་བཀག་སྟེ། མི་འཕྲོ་བར་བྱས་པ་སྟེ། འདི་ཡང་ཞི་གནས་སྤྱོད་པ་ཡིན་ནོ། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ལ་མཁས་པར་བྱས་པ་སྟེ། དཔེར་ན་རྒྱལ་པོའི་མཛོད་ན་ནོར་བུ་རིན་པོ་ཆེ་ལ་སོགས་པ་ནོར་རིན་ཐང་མེད་པའང་ཡོད་ལ། དུག་ལ་སོགས་པ་དམན་པའི་རྫས་ཀྱང་ཡོད་དོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་མཛོད་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་གནས་ཡིན་ནོ། །དེ་ཡང་ཐེག་པ་འོག་མ་བའི་ཚུལ་གྱིས། ཀུན་གཞིའི་མཚན་ཉིད་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་ངོ་བོར་གནས་ཤིང་སྨིན་པ་ཡིན་པས། ཤིང་ཐོག་སྨིན་པ་དང་འདྲ་ལ། ཟག་པ་མེད་པ་རྣམས་ཀྱི་ནི་རྟེན་དང་གནས་ཙམ་ཡིན་ཏེ། དུག་གི་བུམ་པའི་ནང་ན་སྨན་གནས་པ་ལྟ་བུའོ། །ཞེས་བཤད། ཐེག་པ་གོང་མའི་ཚུལ་ལས་ནི། ཀུན་གཞིའི་མཚན་ཉིད་ནི་གདོད་མ་ནས་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་དུ་དག་པ་ཡིན་པས་ཀུན་གཞི་བྱང་ཆུབ་ཀྱི་་་སེམས་ཞེས་བྱ་ལ། ཉོན་མོངས་པ་དང་གནས་ངན་ལེན་ཀྱི་བག་ཆགས་ནི་གློ་བུར་གྱི་དྲི་མ་སྟེ། གསེར་གཡུས་གཡོགས་པའམ། ནོར་བུ་རིན་པོའི་ཆེ་འདམ་དུ་བསུབས་པ་བཞིན་ཡོན་ཏན་ཅུང་ཟད་མི་སྣང་བར་ཟད་དེ། རང་བཞིན་ཉམས་པར་བྱས་པ་མེད་དོ། །ཇི་སྐད་དུ། ༼རྡོ་རྗེ་བཀོད་པ་ལས། ༽སྒྲོན་མ་འབར་བའི་རིན་ཆེན་ནི། །གནས་ངན་འདམ་དུ་བྱིང་འགྱུར་ཡང་། །དེ་ཉིད་ཡོན་ཏན་རང་སྣང་བས། །འོད་ནི་མཁའ་ལ་གསལ་བ་ཡིན། །དེ་བཞིན་སེམས་ཉིད་རིན་པོ་ཆེ། །ལུས་ངན་འཁོར་བར་བྱིང་འགྱུར་ཡང་། །དེ་ཉིད་རང་བཞིན་འོད་གསལ་བས། །ཤེས་རབ་ཆོས་ཉིད་མཁའ་ལ་གསལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །མདོར་ན་གང་ལྟར་ཡང་རུང་སྟེ་དཀར་ནག་གི་ཆོས་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པའི་སྣང་བ་ཙམ་ཡིན་ལ། སྣང་བ་དེའང་འདུ་བྱེད་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་ཏེ། ཇི་ལྟར་སྣང་བ་དེ་བཞིན་ཡོད་པ་མ་ཡིན་པས། ཆོས་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པར་རྟོགས་ན། རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་བ་ཡིན་ཏེ། དེའི་ཚེ་སྤྲེའུ་ཡང་བཟུང་བ་ཡིན་ནོ། །བྱི་ལ་ཡང་བཏགས་པ་ཡིན་ནོ། །ཁང་སྟོང་ཡང་བཤིག་པ་ཡིན་ནོ། །སྐར་ཁུང་ཡང་ཁེགས་པ་ཡིན་ནོ། །འདི་ལྟ་བུའི་བློ་དང་ལྡན་ན་སངས་རྒྱས་ཀྱི་ལམ་གཞན་ནས་བཙལ་མི་དགོས་སོ། །ཞེའོ། །དེ་ལ་སེམས་གདུལ་བར་དཀའ་བའི་ཆོས་དྲུག་གདུལ་བ་ནི། འདི་སྐད་དུ། ༼དཔུང་གཟུངས་ལས། ༽ སེམས་ནི་གློག་དང་རླུང་དང་སྤྲེའུ་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་རྟག་དུ་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པའི་སེམས་ནི་གདུལ་བར་བྱ། །ཞེས་གསུངས་པ་སྟེ། སེམས་ནི་གློག་དང་འདྲ་སྟེ་སྐད་ཅིག་ཙམ་གསལ། རྒྱུན་དུ་གསལ་བར་མི་གནས་པ་ཡིན། རླུང་དང་འདྲ་སྟེ་ངོ་བོ་ཉིད་ཀྱིས་གནས་པའི་ཆོས་མེད་དེ། གཡོ་ཞིང་རྣམ་པར་གཡེང་བའི་མཚན་ཉིད་ཅན་ཡིན། སྤྲེའུ་དང་འདྲ་སྟེ་བྱ་བ་ལ་མི་འཇུག་ཅིང་བྱ་བ་མ་ཡིན་པ་ལ་འཇུག་པའི་ལས་ཅན་ཡིན། རྒྱ་མཚོ་ཆེན་པོའི་རླབས་དང་འདྲ་སྟེ། རྣམ་པར་རྟོག་པ་མི་ཟད་པ་ཡིན། སྒྱུ་ཅན་ཡིན་ཏེ་རྟག་དུ་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་ཡིན། རྟག་དུ་ཡུལ་ལ་མངོན་པར་དགའ་བ་ཡིན་ཏེ། ནང་དུ་ཡང་དག་འཇོག་ལ་མི་དགའ་བ་ཡིན། དེ་ལྟ་བུ་རང་བཞིན་གྱིས་གདུལ་བར་དཀའ་བ་དེ་བཟླས་བརྗོད་དང་བསམ་གཏན་གྱིས་བཏུལ་ཏེ་ཐར་བའི་ལམ་ལ་སྦྱར་རོ། །ཞེའོ། །དེ་ལ་གདུལ་བའི་ཐབས་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཡིན་ཏེ། ཨ་ནུ་གྲ་ཧ་ཞེས་བྱ་བ་རྗེས་སུ་མཐུན་པས་གཟུང་བ་དང་། པི་གྲ་ཧ་ཞེས་བྱ་བ་བཟློག་སྟེ་གཟུང་བའམ་ཚར་བཅད་པས་གཟུང་བ་གཉིས་སོ། །དེ་ལ་རྗེས་སུ་མཐུན་པས་གཟུང་བ་ནི། གློག་ཅུང་ཟད་གསལ་བ་བཞིན་དུ་བསམ་གཏན་ཀྱི་ཡུལ་ལ་དང་པོ་ཅུང་ཟད་ཙམ་གཞག་སྟེ་ཡུན་རིང་དུ་མི་གཏད་དོ། །རླུང་ལྟར་འདུ་བྱེད་སྣ་ཚོགས་ཀྱི་སྒོ་ནས་འཇུག་པར་བྱའོ། །སྤྲེའུ་ལྟར་མཐུན་མཐུན་ལ་འཇུག་པར་བྱའོ། །རྒྱ་མཚོ་ལྟར་རྟོག་པ་སྣ་ཚོགས་དང་མཐུན་པར་བྱའོ། །སྒྱུ་ཅན་ལྟར་ཡང་དག་པ་མ་ཡིན་པའང་གདུལ་བའི་སྐབས་སུ་བསྟེན་པར་བྱའོ། །ཡུལ་ལ་མངོན་པར་དགའ་བ་བཞིན་དུ་འདོད་པའི་ཡུལ་ལའང་གཏད་དོ། ། བཟློག་སྟེ་གཟུང་བ་ནི། གློག་ལས་བཟློག་སྟེ་ཡུན་རིང་དུའང་གསལ་བར་གཟུངས། རླུང་ལས་བཟློག་སྟེ་མི་གཡོ་བར་ཡང་བྱ། སྤྲེའུ་ལས་བཟློག་སྟེ་བྱ་བའི་དོན་ལ་གཏད། རྒྱ་མཚོ་ལས་བཟློག་སྟེ་རྟོག་པའི་རླབས་ཞི་བར་བྱ། སྒྱུ་ཅན་ལས་བཟློག་སྟེ་ཡང་དག་པའི་དོན་ལ་བརྟག །ཡུལ་ལ་མངོན་པར་དགའ་བ་ལས་བཟློག་སྟེ། ནང་དུ་ཡང་དག་འཇོག་ལ་གཞག་གོ །མདོར་ན་སེམས་ཐ་མལ་པའི་ཆོས་ལུགས་དང་རྗེས་སུ་མཐུན་པས་གདུལ་བའི་ཐབས་འདི་ལ། ཐབས་འདི་དང་འདི་ཞེས་རིས་སུ་ཆད་པ་མེད་དེ། སེམས་ཀྱི་འདུ་བྱེད་ཇི་ལྟར་འཕྲོ་ཞིང་གང་ལ་འཇུག་པ་དང་། ཇི་སྙེད་དུ་འཇུག་པ་དེ་དག་ཐམས་ཅད་ཀྱི་རྗེས་སུ་བསམ་གཏན་གྱི་ཡུལ་གང་ཡང་རུང་བ་ཞིག་རྗེས་སུ་མཐུན་པར་བསམས་པས། མཐའ་རྟོག་པ་ཉིད་ཀྱང་བསམ་གཏན་གྱི་ཡུལ་ལས་འདས་ནས་གཞན་དུ་འགྲོ་བའི་ས་གནས་མི་རྙེད་དོ། །འདི་ནི་ཕལ་ཆེར་ཞི་གནས་སྤྱོད་པའི་དབང་དུ་གསུངས་པའོ། །དེ་ལ་རྣལ་འབྱོར་གྱི་ཡན་ལག་དྲུག་དང་ལྡན་པའི་ཏིང་ངེ་འཛིན་ནི། འདི་སྐད་དུ། ༼འདུས་པ་ལས། ༽ སོ་སོར་སྤོང་དང་བསམ་གཏན་དང་། །དབུགས་དགག་གཏོང་དང་གཟུང་བ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ནི། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་གསུངས་པ་སྟེ། དེ་ལ་ནང་སེམས་ཀྱི་རྣལ་འབྱོར་འཐོབ་པའི་ཡན་ལག་འདི་དྲུག་ཡིན་ཏེ། དེ་ལ་སོ་སོར་སྤོང་བ་ནི་སྡོམ་པ་ལ་གནས་པ་ཡིན་ཏེ། ཇི་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་འདོད་པས་གཡེང་བ་མེད་ཅིང་འགྱོད་པའི་དྲི་མ་མེད་པས་རྟག་དུ་དབང་པོ་བསྡམས་པའི་ཕྱིར། ཏིང་ངེ་འཛིན་འཐོབ་པའི་རྒྱུ་ཡིན་པ་དེ་བཞིན་དུ། སོ་སོར་སྤོང་བ་ཞེས་བྱ་བ་འདི་ཡང་ཡུལ་དང་དབང་པོའི་སྒོ་ནས་རྣམ་པར་ཤེས་པ་སྐྱེ་བ་ཐམས་ཅད་སྐྱོན་དུ་བལྟས་ཏེ་སྤང་བར་བྱ་བའང་མ་ཡིན། དངོས་པོར་བལྟས་ཏེ་མཚན་མའི་རྗེས་སུ་འབྲང་བའང་མ་ཡིན་ཏེ། རྟག་དུ་རང་གི་ལྷའི་བདག་ཉིད་དུ་བལྟས་ཏེ་སྤྱད་པར་བྱ་ལ་དངོས་པོར་ཞེན་པ་དང་དགག་པ་གཉིས་སྤང་བར་བྱ་བ་འདི་ནི། དབང་པོ་རང་བཞིན་གྱིས་བསྡམས་ཤིང་། འདོད་པ་བཀག་པའི་གདུང་བས་ཀྱང་མ་ཟིན་པ་དང་། རྒྱལ་བའི་བྱིན་རླབས་ཀྱང་ཉེ་བར་འགྱུར་བས། བསམ་གཏན་ཀྱི་སྣོད་དུ་གྱུར་པ་ཡིན་ནོ། །འདི་ལ་སོ་སོར་སྤྱོད་པ་ཅེས་ཀྱང་བྱ་སྟེ། བདེ་བས་ལོངས་སྤྱོད་དོ། །སོ་སོར་སྤོང་བ་ཞེས་ཀྱང་བྱ་སྟེ། འདོད་པས་གཡེང་བར་འགྱུར་བ་སྤོང་ངོ་། །བསམ་གཏན་ནི་འདོད་པ་དང་སྡིག་ཏོ་མི་དགེ་བའི་ཆོས་ལས་དབེན་པ་ལས་སྐྱེས་པ་ཡིན་པས། དེའི་འོག་དུ་བསམ་གཏན་བསྟན་པར་རིགས་སོ། །དེ་ཡང་ཡན་ལག་རྣམ་པ་ལྔ་སྟེ། འདི་ལྟར་རྟོག་དཔྱོད་གཉིས། དགའ་བདེ་གཉིས། སེམས་རྩེ་གཅིག་པ་དང་ལྔའོ། །བསམ་གཏན་གྱི་ཡུལ་ཡང་འདིའི་སྐབས་སུ་གསང་བ་གསུམ་ཉིད་ཡིན་ཏེ། གསང་བ་གསུམ་ཀྱིས་ནི་ཕྱག་རྒྱ་ཐམས་ཅད་བསྡུས་སོ། །ཕྱག་རྒྱས་ནི་ཡོངས་སུ་དག་པའི་ལྷ་ཐམས་ཅད་ཀྱང་དོན་དང་རྟགས་ཀྱི་ཚུལ་ཀྱིས་བསྡུས་སོ། །དེ་ལ་གསང་བ་གསུམ་ལས། སྐུའི་གསང་བ་ནི། ལྷའི་གཟུགས་ཀྱི་སྐུ་ཁ་དོག་དང་དབྱིབས་དང་གཡོ་བའི་བྱེ་བྲག །འདི་སྐད་དུ། སྨིནད་མ་མིག་དང་སོ་དང་མཆུ། །བཞིན་དང་ལུས་དང་རྐང་ལག་གིས། །རྡོ་རྗེ་སེམས་དཔའ་དཔལ་གྱི་རྒྱ། །རང་དོན་ལས་རྣམས་སྒྲུབ་བྱེད་པའོ། །ཞེས་གསུངས་པ་བཞིན། སྐུའི་ཚུལ་ཐམས་ཅད་ཀྱི་སྒོ་ནས། བསམ་གཏན་ཀྱི་ཡུལ་དུ་དམིགས་པའོ། །གསུང་གི་གསང་བ་ནི། ༼བསམ་གཏན་ཕྱི་མ་ལས། ༽སྒྲ་དང་སྒྲ་མིན་རྣམ་དཔྱད་པ། །ང་རོ་སྦས་པ་རྡོ་རྗེའི་གསུང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར། ལྷའི་ཐུགས་ཀ་དང་ལྗགས་སྟེངས་སུ་ཆོས་ཀྱི་ཡི་གེ་ཁ་དོག་དང་དབྱིབས་ཀྱི་མཚན་མར་བསམ་པ་དང་། དེ་ཡང་སྒྲ་དང་སྒྲའི་དོན་ཀྱི་ཆོས་ཉིད་དང་བཅས་པར་བརྟག་ཅིང་དཔྱད་པ་ནི་བསམ་གཏན་ཐོབ་པའི་རྒྱུ་ཡིན་ཏེ། ཇི་སྐད་དུ། སྒྲ་ལ་གནས་པའི་བསམ་གཏན་ནི་རྣལ་འབྱོར་ཐོབ་པར་བྱེད་པ་ཡིན་ལ། སྒྲའི་མཐའ་ལ་གནས་པའི་བསམ་གཏན་ནི་ཐར་པ་སྟེར་བར་བྱེད་པར་གསུངས་པ་དང་འདྲའོ། །ངག་སྒྲ་གྲགས་པར་བརྗོད་པ་ནི་བསམ་གཏན་གཙོར་སྨོས་པའི་སྐབས་འདིར་གཡེང་བའི་རྒྱུར་འགྱུར་རོ། །ཐུགས་ཀྱི་གསང་བ་ནི། ཐུགས་ཀར་སེམས་པའི་རྡོ་རྗེ་བསྒོམ་པ་དང་། ཡེ་ཤེས་སེམས་དཔའ་ལྟ་བུ་བསྒོམ་པ་ནི་ཐུགས་ཀྱི་མཚན་མ། དེའི་དོན་བྱང་ཆུབ་ཀྱི་སེམས་དང་ཆོས་ཀྱི་སྐུར་གནས་པའི་མཚན་ཉིད་རྣམ་པར་དཔྱད་པ་ནི་ཐུགས་ཀྱི་བདག་ཉིད་དེ། དེ་ལྟར་གསང་བ་གསུམ་ལ་དམིགས་པ་ནི་བསམ་གཏན་གྱི་ཡུལ་ལོ། །དེ་ལ་དམིགས་པར་བྱེད་པ་ནི། ཡན་ལག་ལྔའི་ཚུལ་གྱིས་དམིགས་པར་བྱེད་དེ། དེ་ལ་རྟོག་པ་ནི་གསང་བ་གསུམ་གྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོག་པའི་བློ་སྐྱེ་བའོ། །དཔྱོད་པ་ནི་དེ་ཉིད་ལ་བློ་ཡང་དང་ཡང་དུ་སྦྱོང་ཞིང་། དེའི་དོན་དང་བཅས་པ་ལ་དཔྱོད་པ་ཡང་དང་ཡང་འཇུག་པའོ། །དགའ་བ་ནི་རྟོག་དཔྱོད་གཉིས་ཀྱི་བསམ་གཏན་ཐོབ་པས་གསང་བ་གསུམ་གྱི་འདྲ་སྣང་གི་རྣམ་པ་འབྱུང་བར་འགྱུར་ཏེ། དེའི་ཚེ་འདོད་པས་དབེན་པར་གྱུར་པ་དང་། སྔར་མ་མྱོང་བའི་དོན་ཉམས་སུ་མྱོང་བས་ཐུན་མོང་མ་ཡིན་པའི་དགའ་བ་རླབས་པོ་ཆེ་སྐྱེའོ། །བདེ་བ་ནི་དེའི་དབང་གིས་སེམས་བསྡུས་པ་ཐོབ་པ་ན་ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །སེམས་རྩེ་གཅིག་པ་ནི་དེ་ལྟར་སེམས་ཤིན་དུ་བསྡུས་པར་གྱུར་པ་ལས། ཤེས་པ་དང་ཤེས་བྱ་གཉིས་སུ་སྣང་བར་མི་སྐྱེ་སྟེ། རང་རིག་པ་ཙམ་དུ་གྱུར་པའོ། །དེ་ལྟར་བསམ་གཏན་ཀྱིས་སེམས་ཞི་བར་བྱས་པ་ལ། དེ་ཤིན་དུ་དུལ་བར་བྱ་བའི་ཕྱིར་དབུགས་དགག་ཅིང་གཏང་བ་ལ་བསླབ་པར་བྱའོ། །དེ་ལ་ཇི་ལྟར་བསླབ་པའི་ཐབས་ནི་སྒོ་མང་བས་གང་ལྟར་བསླབས་ཀྱང་འགལ་བ་མེད་དོ། །དེ་ནས་སེམས་དུལ་ཞིང་དབུགས་ཞི་ནས། བརྟན་ཞིང་སྟོབས་དང་ལྡན་པར་བྱ་བའི་ཕྱིར། དབུགས་ནང་དུ་གཟུང་བ་ལ་བསླབ་པར་བྱའོ། །དེ་ནས་དབུགས་ཟིན་ཏེ་སེམས་ཀྱང་ཤིན་དུ་ཞི་བར་གྱུར་ནས་བརྟན་པ་ཐོབ་པ་ན། མཚན་མ་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། འདི་སྐད་དུ། དང་པོ་སྨིགས་རྒྱུ་འདྲ་བ་དང་། །གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་པ་རྟག་དུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །ཞེས་གསུངས་ཏེ། དེ་ལ་རྟགས་འདི་ཡང་ཕྱི་ནང་རྣམ་པ་གཉིས་ཏེ། དེ་ལ་ཕྱིའི་རྟགས་ནི་དབུགས་ནང་དུ་ཟིན་པར་གྱུར་པ་ན། ཕྱི་རོལ་དུ་མདུན་ཀྱི་ནམ་མཁའ་ལ་མིག་ལམ་དུ་འོད་སྣང་བར་འགྱུར་ཏེ། དེ་ཡང་དང་པོ་དབུགས་བརྟན་པར་ཟིན་ནས་ནམ་མཁའ་ལ་ཡུན་རིང་དུ་བརྟན་པར་བལྟས་པ་ན། འོད་སྣང་བའི་སྔ་རྟགས་དུ་བའི་རྣམ་པ་སྨིགས་རྒྱུའི་རྣམ་པ་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་དུ་བ་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་སྲིན་བུ་མེད་ཁྱེར་གྱི་འོད་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་མར་མེའི་འོད་འདྲ་བ་མཐོང་བར་འགྱུར་རོ། །དེ་བརྟན་པར་གྱུར་ནས་སྤྲིན་མེད་པའི་ནམ་མཁའ་བཞིན་དུ་ཐམས་ཅད་གསལ་བར་འགྱུར་ཏེ། རྟགས་ཚད་དུ་ཕྱིན་ཏོ། །འདི་ནི་ཉིན་པར་གྱི་དབང་དུ་གསུངས་པ་ཡིན་ཏེ། མཚན་མོ་བལྟས་ན་ནི་ཐམས་ཅད་དུ་མེའི་འོད་འདྲ་བར་རིམས་ཀྱིས་རྒྱས་པར་མཐོང་བར་འགྱུར་རོ། །ནང་གི་རྟགས་ནི་སེམས་ཇེ་ཞི་ཇེ་གསལ་གྱུར་པ་ཉིད་དང་སྦྱར་རོ། །དེ་ལྟར་བརྟན་པའི་རྟགས་ཐོབ་ནས། སེམས་ཤིན་དུ་སྦྱངས་པ་ཐོབ་པར་བྱ་བའི་ཕྱིར། རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། སྟེང་འོག་གི་སྒོ་གང་རུང་ཞིག་ནས་གསང་བ་གསུམ་ཀྱི་རྣམ་པའི་འོད་ཟེར་ཀྱི་སྤྲོ་བསྡུ་རྒྱ་ཆེ་ཆུང་དང་གྲངས་མང་ཉུང་གིས་སེམས་ཀྱི་རྩལ་སྦྱང་བར་བྱའོ། །དེ་ལྟར་རྩལ་འབྱོངས་ནས་ཏིང་ངེ་འཛིན་ལ་བསླབ་པ་ནི། གོང་མ་ལྟར་རྩལ་འབྱོངས་པའི་ཤུགས་ཀྱིས་ཡེ་ཤེས་རང་རིག་པ་ཐོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་སྒྲིབ་པའི་དྲ་བ་ཐམས་ཅད་གཅོད་པར་འགྱུར་རོ། །ཡན་ལག་གཞན་ཀྱི་ཡོན་ཏན་ནི། སོ་སོར་སྤྱད་པས་བདེར་གཤེགས་རྣམས་དགོངས་པར་འགྱུར། བསམ་གཏན་ཐོབ་པ་ལས་མངོན་པར་ཤེས་པ་འཐོབ་བོ། །དབུགས་དབང་དུ་གྱུར་པ་ལས་འོད་ཀྱི་དཀྱིལ་འཁོར་འབྱུང་ངོ་། །དེ་ལ་ལུས་དང་སེམས་དང་ལྷ་ལ་དམིགས་པའི་ཚུལ་གང་ཞེ་ན། ལུས་ལ་དམིགས་པ་ནི་དབུགས་ཀྱི་སྒོ་ནས་དམིགས་ཏེ། དེ་ཡང་དབུགས་ཀྱི་རང་བཞིན་དང་། དེ་བཞིན་དུ་གནས་དང་། ཡུལ་དང་། ལམ་དང་། ལས་དང་། དམིགས་པའི་ཐབས་དང་། ཡོན་ཏན་ནོ། །དེ་ལ་དབུགས་ཀྱི་རང་བཞིན་ནི། ལུས་ཉིད་ཁམས་ལྔའི་རང་བཞིན་དུ་གནས་པས། དབུགས་ཀྱི་རང་བཞིན་ཁམས་ལྔའི་རང་བཞིན་ཡིན་ཏེ། དེ་ལ་སའི་དབུགས་ནི་སྲ་ཞིང་ལྕིའོ། །ཆུའི་དབུགས་ནི་དལ་ཞིང་འཇམ་མོ། །མེའི་དབུགས་ནི་ཡང་ཞིང་དྲོའོ། །རླུང་གི་དབུགས་ནི་ཡང་ཞིང་རྩུབ་བོ། །ནམ་མཁའི་དབུགས་ནི་ཕྲ་ཞིང་རྒྱུ་བ་མི་ཚོར་རོ། །དབུགས་ཀྱི་གནས་ནི་སྙིང་ཁོང་སྟོང་དང་། གློ་བ་ཁོང་སྟོང་ངོ་། །དབུགས་ཀྱི་ཡུལ་ནི་ནང་དུ་ལུས་ཀུན་ལ་ཡང་ཁྱབ་པར་རྒྱུ་ན། ཤས་ཆེར་ལྟེ་བ་ཡན་ཆད་ནས། ཕྱི་རོལ་ཀྱི་སོར་བཅུ་དྲུག་ཚུན་ཆད་དོ། །དབུགས་ཀྱི་ལམ་ནི་གཙོར་མགྲིན་པའི་གསང་ནས་སྣའི་བུ་གའོ། །དབུགས་ཀྱི་ལས་ནི་གཉིས་ཏེ། འཛིན་པའི་ལས་དང་བྱེད་པའི་ལས་སོ། །དེ་ལ་འཛིན་པའི་ལས་ནི་རེག་པས་ལུས་ལ་ཕན་འདོགས་ཤིང་། ལུས་འཛིན་པར་ཡང་བྱེད། སེམས་ཀྱི་བཞོན་པ་བྱེད་ཅིང་སེམས་ཀྱང་འཛིན་པར་བྱེད་དེ། ལུས་སེམས་གཉིས་ག་འཛིན་པར་བྱེད་པས་སྲོག་འཛིན་པའི་ལས་བྱེད་ཅེས་བྱ། བྱེད་པའི་ལས་ནི། གཡོ་བའི་ཚེ་ལུས་སེམས་གཉིས་ག་ཡང་གཡོ་བར་བྱེད། མི་གཡོ་བའི་ཚེ་གཉིས་ག་ཡང་མི་གཡོ་བར་བྱེད་དོ། །དབུགས་ལ་དམིགས་པའི་ཐབས་ནི་སྒོ་མང་སྟེ་གང་ལྟར་ཡང་འགལ་བ་མེད་དོ། །མདོར་བསྡུ་ན་དབུགས་ཀྱི་ཆོས་དང་མཐུན་པར་དམིགས་པ་དང་། ཆོས་ལ་མ་བརྟེན་པར་དམིགས་པའོ། །དེ་ལ་མཐུན་པ་ནི། གཡས་ནས་རྒྱུ་བ་མེ་དང་རླུང་གི་ཁམས། གཡོན་ནས་རྒྱུ་བ་ས་དང་ཆུའི་ཁམས། དབུས་ནས་རྒྱུ་བ་ནམ་མཁའི་ཁམས་ཞེས་བཤད་པ་དང་། དེ་ལས་ཀྱང་ཕྱེ་ན། གཡས་གཡོན་རེ་རེ་ལའང་ཁམས་ལྔ་ལྔ་ཚང་བར་རྒྱུ་བ་དང་། རགས་རིམས་མདོར་བསྡུ་ན། གཡས་གཡོན་རེ་རེ་ལའང་འབྱུང་བ་རེ་རེའི་ཤས་སུ་བསྟན་པ་དག་གི་སྒོ་ནས། ཁ་དོག་དང་། དབྱིབས་དང་། བོང་ཚོད་དང་། རྣམ་པའི་སྒོ་ནས་སོ་སོར་ཕྱེ་ནས་དམིགས་པའོ། །རྣམ་པའང་འོད་དང་ཡི་གེ་དང་མཚན་མ་དང་སྐུ་ཕྲ་མོ་ལྟ་བུའི་རྣམ་པར་དམིགས་པའོ། །ཆོས་ལ་མ་རྟེན་པ་ནི་བྱེ་བྲག་སོ་སོར་ཕྱེ་བ་མེད་པར། དབུགས་ཕྱི་ནང་དུ་རྒྱུ་བ་ཙམ་ལ་དམིགས་ཏེ། མཚན་མའི་རྣམ་པ་གང་ཡང་རུང་བ་གཅིག་ལ་དམིགས་པའམ། རེག་བྱ་ཙམ་ལ་དམིགས་ཀྱང་རུང་སྟེ། སེམས་མ་ཡེངས་པར་གཏད་པ་འབའ་ཞིག་ཙམ་ཀྱིས་ཀྱང་ཆོག་གོ །སྤྱིར་གྲགས་པའི་ཁ་དོག་དང་བོང་ཚོད་ཀྱི་སྐྱོན་དང་ཡོན་ཏན་ནི། ཁམས་རྣམས་ནི་གདུག་པའི་མཚན་ཉིད་ཡིན་པས། བསམ་གཏན་གྱི་ཡུལ་དུ་དམིགས་པ་ཙམ་ལའང་མཐུ་བརྟས་པའི་དུས་ན། སྐྱོན་དང་ཡོན་ཏན་ཡོད་དེ། དེ་ལ་ཁ་དོག་དཀར་པོ་ནི་གདུག་པ་ཞི་བར་བྱེད་པའི་མཚན་ཉིད། སེར་པོ་ནི་གདུག་པ་འཛིན་པའི་མཚན་ཉིད། དམར་པོ་ནི་གདུག་པ་མཆེད་པའི་མཚན་ཉིད། ནག་པོ་ནི་གདུག་པ་སློང་བའི་མཚན་ཉིད་ཞེས་འབྱུང་། རེག་བྱ་དང་བོང་ཚོད་ཀྱང་སྲ་ཞིང་སྦོམ་པ་ལྟར་ལུས་ལ་མི་བདེ་བ་འབྱུང་། ཕྲ་ཞིང་དང་ལ་ཆུ་ཟླ་ལྟར་དངོས་པོའི་ཤས་ཆུང་བར་དམིགས་ན་ལུས་ལ་མི་བདེ་བ་མི་འབྱུང་ངོ་། །ཞེའོ། །དབུགས་ལ་དམིགས་པའི་ཡོན་ཏན་ནི། ལུས་ཀྱི་རྣམ་པ་ལ་མཁས་པས་གཅིག་པུར་ལྟ་བ་དང་། དངོས་པོར་ལྟ་བ་དང་། བདེ་ཞིང་གཙང་བར་ལྟ་བ་རྣམས་ལྡོག་སྟེ། ལྷག་མཐོང་བསྐྱེད་དོ། །སེམས་གནས་པ་ཐོབ་པས་ཞི་གནས་ལས་སུ་རུང་བར་འགྱུར་རོ། །སེམས་ལ་དམིགས་པའང་དེ་བཞིན་སྦྱར་ཏེ། སེམས་ཀྱི་རང་བཞིན་ནི་སྣང་བའི་ཁམས་དང་། རློམ་སེམས་པའི་ཁམས་དང་། དངོས་པོ་སོ་སོ་རྣམ་པར་རིག་པའི་ཁམས་སོ། །སེམས་ཀྱི་གནས་ནི་ཁམས་ལྔ་པའི་རླུང་ལ་ཞོན་ནས་ཁམས་ལྔ་པའི་ལུས་ལ་གནས་སོ། །སེམས་ཀྱི་ཡུལ་ནི། སྣང་བའི་ཡུལ་ནི་ཆོས་ཐམས་ཅད་དོ། །རློམ་སེམས་པའི་ཡུལ་ནི་སེམས་ཉིད་དོ། །རྣམ་པར་རིག་པའི་ཡུལ་ནི་ཕྱིའི་སྐྱེ་མཆེད་རྣམས་སོ། །སེམས་ཀྱི་ལམ་ནི་དབང་པོ་རྣམས་སོ། །སེམས་ཀྱི་ལས་ནི་གཉིས་ཏེ། འཛིན་པའི་ལས་ནི་ཆོས་ཐམས་ཅད་འཛིན་པར་བྱེད་དོ། །བྱེད་པའི་ལས་ནི་དཀར་གནག་གི་འདུ་བྱེད་ཐམས་ཅད་མངོན་པར་འདུ་བྱེད་དོ། །སེམས་ལ་དམིགས་པའི་ཐབས་ནི། གོང་དུ་དབུགས་ལ་དམིགས་པ་ལས་སུ་རུང་བས། དེ་ནས་དྲན་པ་དང་ཤེས་བཞིན་ཀྱིས་བཟུང་སྟེ། སེམས་ཇི་ལྟར་སྐྱེ་བ་ཉིད་ལ་དམིགས་པས་སེམས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །དམིགས་པའི་ཡོན་ཏན་ནི། བདག་དུ་ལྟ་བ་དང་། རྟག་པར་ལྟ་བ་དང་། དངོས་པོར་ལྟ་བ་ཐམས་ཅད་ལྡོག་སྟེ། ལྷག་མཐོང་སྐྱེད་དོ། །སེམས་ལས་སུ་རུང་བར་འགྱུར་ཏེ་ཞི་གནས་འཐོབ་བོ། །དེ་ལྟར་ལུས་དང་སེམས་ལ་དམིགས་པ་ལས་སུ་རུང་ནས། ལྷ་ལ་དམིགས་པར་བྱ་སྟེ། ལྷ་ལའང་རེ་ཞིག་གི་མཚན་མ་ལུས་སེམས་དང་མཐུན་པར་བསྟན་ཏེ། དེ་ཡང་འདི་ལྟར་ལྷའི་རང་བཞིན་ནི། ཆོས་ཉིད་དག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཅི་ཡང་ས་ལེ་མཁྱེན་པའི་ཡེ་ཤེས་དང་། འགྲོ་བ་འདུལ་བའི་གཟུགས་ཀྱི་སྐུ་དང་། སོ་སོའི་སྐད་དུ་དམ་པའི་ཆོས་སྟོན་པའི་གསུང་སྟེ། ཆོས་ལྔའི་རང་བཞིན་ནོ། །ལྷའི་གནས་ནི། སེམས་ཅན་ཀྱི་ལུས་དང་སེམས་ཉིད་དོ། །ལྷའི་ཡུལ་ནི་ཆོས་ཀྱི་དབྱིངས་དང་། ཐུགས་རྗེའི་ཞིང་རྣམས་སོ། །ལྷའི་ལམ་ནི་འགྲོ་འོང་མི་མངའ་འང་། ལྷའི་ཡོངས་སུ་གཟུང་བ་ནི་སེམས་ཅན། སེམས་ཅན་ཀྱི་སྐྱབས་ནི་ལྷ་སྟེ། འབྲེལ་པ་གཉིས་ཀྱི་སྒོ་དང་ལམ་དུ་གྱུར་པ་ནི། ལམ་གྱི་ཆོས་༼སེམས་ཅན་དང་ལྷར་འབྲེལ། ༽ དང་ལུང་གི་ཆོས་༼ལྷ་དང་སེམས་ཅན་དུ་འབྲེལ། ༽ སོ། །ལྷའི་ལས་ནི། འཛིན་པའི་ལས་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །བྱེད་པའི་ལས་ནི་སེམས་ཅན་སྒྲོལ་བར་མཛད་པའོ། །ལྷ་ལ་དམིགས་པའི་ཐབས་ནི་ལུས་དང་སེམས་ཉིད་ལྷར་བསྒོམས་པ་སྟེ། དེ་ཡང་རྣལ་འབྱོར་རྣམ་པ་གསུམ་གྱི་ཚུལ་ཀྱིས། བྱིན་ཀྱིས་རློབ་པའི་ཚུལ་ལམ། ཡོངས་སུ་བརྟགས་པའམ། རྫོགས་པའི་ཚུལ་གང་ཡང་རུང་བར་བསྒོམ་མོ། །ཡོན་ཏན་ནི། ཚོགས་རྣམ་པ་གཉིས་དུས་གཅིག་དུ་རྫོགས་པར་འགྱུར་བའོ། །དེ་ལྟར་དམིགས་པ་རྣམ་པ་གསུམ་ལ་རིམས་ཀྱིས་བསླབ་ཅིང་། རིམས་ཀྱིས་བསྟན་པར་བཤད་པ་འདི་ནི། བྱིས་པ་དང་པོ་གཞུག་པ་ཙམ་སྟེ། དངོས་སུ་ནི་ལུས་ཉིད་སེམས་ཀྱི་རྣམ་པ་ཡིན་ལ། སེམས་ཀྱི་རང་བཞིན་ནི་ལྷ་ཡིན་ནོ། །དེ་བས་ན་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ལྷ་ཉིད་དུ་ཤེས་པ་ནི། དང་པོ་ལྷ་ངོ་ཤེས་པ་ཡིན་ནོ། །བར་དུ་ལྷ་བསྒོམ་པའི་ཐབས་ཤེས་པ་ནི། བསྒྲུབ་ཐབས་སྣ་ཚོགས་ནས་གསུངས་པ་དང་། གོང་དུ་བསྟན་པའི་བསམ་གཏན་ཀྱི་ལུང་སེམས་ལོན་གྱིས་བཅོས་པའི་ཐབས་བསྟན་པ་རྣམས་ཡིན་ནོ། །ཐ་མ་ལས་སུ་རུང་བའི་ཚད་བསྟན་པ་ནི། མཚན་མ་མེད་པའི་ལྷའི་ཚད་ནི་གོང་དུ་བསྟན་ཟིན་ཏོ། །མཚན་མའི་ལྷའི་སྐུ་བསྒོམས་པའི་ཚད་ནི། ལྷའི་ལུང་བཅུར་བསྟན་པའང་ཡོད་ན། མདོ་གསུམ་དུ་འདུས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེ་བ་དང་གསུམ་སྟེ། དེ་ལ་ལྷམ་མེ་ནི་མ་བརྡོས་པ། ལྷན་ནེ་ནི་མ་གཡོས་པ། ལྷང་ངེ་ནི་མ་བསྒྲིབས་པའོ། །དེ་ལ་མ་བརྡོས་པ་ནི་སྣང་ལ་རང་བཞིན་མེད་པ་སྟེ། གཟུགས་བརྙན་ནམ་ཆུ་ཟླ་ལྟ་བུའོ། །མ་གཡོས་པ་ནི་བྱིང་རྒོད་ཀྱི་ཟུག་རྔུས་མ་བསྐྱོད་པ་སྟེ། ནོར་བུ་རིན་པོ་ཆེའི་འོད་ལྟ་བུའོ། །མ་བསྒྲིབས་པ་ནི་དེ་གཉིས་དང་ལྡན་པས་མ་རྟོགས་པའི་སྒྲིབ་པ་དང་། མི་གསལ་བའི་སྒྲིབ་པ་གཉིས་མེད་པར་ཤིན་དུ་གསལ་བར་སྣང་བ། དབང་པོས་བལྟ་བར་མི་བཟོད་པ་ལྟར་ཤིན་ཏུ་གསལ་བའོ། །དེ་དག་ནི་ཚུལ་བཞིན་དུ་སློབ་པར་འདོད་པ་རྣམས་ཀྱི་དབང་དུ་བཤད་པའོ། །གང་དག་མོས་པ་དང་བྱ་བས་གཡེངས་པར་གྱུར་ཅིང་ཚུལ་བཞིན་དུ་སྦྱོར་མི་ནུས་པ་རྣམས་ཀྱིས་ནི། རྫོགས་པ་ཆེན་པོའི་དོན་དང་། ལྷའི་རང་བཞིན་ཇི་ལྟ་བ་ཡིད་ལ་བྱ་སྟེ། དེས་ཟིན་པར་བྱས་ལ། ཆོ་གའི་རིམ་པས་བསྐྱེད་ཀྱང་རུང་། སྐད་ཅིག་གཅིག་ལ་རྫོགས་པའི་ཚུལ་ལམ། བག་ཆགས་ཀྱི་ཤུགས་སམ། མོས་པ་དང་ང་རྒྱལ་ཀྱི་སྒོ་ནས་ཀྱང་མ་ཡེངས་པའི་སེམས་ཀྱིས་བཟུང་སྟེ། བཟླས་བརྗོད་དང་བསམ་གཏན་ལ་འཇུག་གོ །བཟླས་བརྗོད་ཀྱི་ཚེའང་མདུན་དུ་ལྷ་དམིགས་ཀྱང་རུང་། མ་དམིགས་ཀྱང་རུང་། འཕྲོ་འདུ་ཡོད་ཀྱང་རུང་མེད་ཀྱང་རུང་། ལས་སམ་འབྲས་བུ་གང་ལ་དམིགས་ཀྱང་རུང་སྟེ། སྤྱིར་དམིགས་པ་རྩེ་གཅིག་པས་འབད་པ་ལྟར་མཐུ་དང་བྱིན་རླབས་ཆེའོ། །སྤྱིར་ལྷའི་དེ་ཁོ་ན་ཉིད་ལ། ལྷ་དྲུག་དུ་གྲགས་པ་དང་། ༼དོན་དམ་པའི་ལྷ། ༽ཆོས་ཉིད་ཀྱི་ལྷ་དང་། སེམས་པའི་བྱེ་བྲག་གི་ལྷ་༼གཞན་ཀུན། ༽ཞེས་བྱ་བ་དང་། ལྷར་བཏགས་པ་དང་། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷ་ཞེས་སྤྱིར་གྲགས་མོད་ཀྱི། ཕྱག་རྒྱའི་མཚན་མ་ལ་ལྷར་གྲགས་པ་ན། བརྟག་པ་རྣམ་པ་དུ་མ་ལ་འཇུག་སྟེ། རྣམ་པར་༼ཕ་རོལ་དུ་ཕྱིན་པའི་ལུགས། ༽སྨིན་པའི་ལུས་ཀྱི་དབྱིབས་ཀྱི་བྱེ་བྲག་ཅེས་བརྟག་པ་དང་། དེ་ཉིད་བདག་ཉིད་ཆེན་པོ་༼སྔགས་ཀྱི་ལུགས། ༽རྣམས་ཀྱི་མཚན་མའི་གཟུགས་སོ། །ཞེས་བརྟག་པ་དང་། དེ་ཉིད་སྐྱེ་བོ་བྱིན་ཀྱིས་རློབ་པ་ལ་སོགས་པའི་ནུས་མཐུ་ཅན་ནོ། །ཞེས་བརྟག་པ་དང་། དེ་ཉིད་དམ་ཚིག་ཅན་ཀྱི་སྐྱེ་བོས་ལྷར་བརྟགས་པའོ། །ཞེས་བརྟག་པ་དང་། དེ་ཉིད་རྣམ་པར་སྨིན་པའི་གཟུགས་ཀྱི་བྱེ་བྲག་དང་། ཡེ་ཤེས་ཆེན་པོའི་བྱིན་རླབས་གཉིས་དབྱེར་མེད་པར་འདྲེས་པའོ། །ཞེས་བརྟག་པ་དང་། དེ་ཉིད་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་གསང་བའི་ཡེ་ཤེས་ཉིད་མཚན་མའི་གཟུགས་སུ་སྤྲུལ་པ་སྟེ། ཆུ་གྲང་བའི་རྐྱེན་ཀྱིས་ཆབ་རོམ་དུ་གྱུར་པ་ལྟ་བུའོ། །ཞེས་བརྟག་པ་དང་། ཆོས་ཐམས་ཅད་ལྷུན་ཀྱིས་གྲུབ་པའི་ཕྱག་རྒྱའི་རང་བཞིན་ཡིན་པ་ལས། ལས་འཕྲོ་དང་སྐལ་བའི་དབང་གིས་སོ་སོར་སྣང་སྟེ། དེ་ལ་ཤིན་དུ་དག་པ་དུལ་བར་གྱུར་པ་རྣམས་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུར་སྣང་ངོ་། །སེམས་ཅན་ཁེངས་པ་ལས་དག་པར་གྱུར་པ་རྣམས་ལ་ནི། སྤྲུལ་པའི་སྐུ་རབ་དུ་བྱུང་བའི་ཆ་ལུགས་སུ་སྣང་ངོ་། །དེའི་འོག་མ་རྣམས་ལ་ནི་ཆ་ཤས་ཀྱི་ཕྱག་རྒྱ་སྣང་ངོ་། །དེའི་འོག་མ་རྣམས་ལ་ནི་ཐུན་མོང་གི་གཟུགས་ལ་རྟེན་པའི་ཕྱག་རྒྱ་སྣང་སྟེ། ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པའི་ཕྱག་རྒྱར་བྱེ་བྲག་མེད་དོ། །ཞེས་འདོད་དོ། །དེ་ལ་གོང་མ་ལྔ་ནི་དངོས་པོར་ལྟ་བའི་དབང་དུ་བཤད་པའོ། །ཐ་མ་གཉིས་ནི་དངོས་པོར་ཞེན་པ་དང་བྲལ་བའི་དབང་དུ་བཤད་པའོ། །བརྟག་པ་དེ་ལྟར་འཇུག་ཀྱང་ཡོངས་སུ་གཟུང་བར་བྱ་བ་ནི། ཕྱི་མ་ལྟར་གཟུང་བར་བྱའོ། །མདོར་ན་བསམ་གཏན་གྱི་བྱེ་བྲག་འདི་དག་ཐམས་ཅད་ལའང་། །རྫོགས་པ་ཆེན་པོའི་དོན་ཀྱིས་ཟིན་པར་བྱས་ན་ཐབས་མཁས་པའི་སྤྱོད་པར་འགྱུར་རོ། །མ་ཟིན་ན་ཐབས་མི་མཁས་པའི་སྤྱོད་པར་འགྱུར་རོ། །བརྒྱུད་པའི་ཐབས་བསྟན་པ་སྟེ། སྐབས་དྲུག་པའོ།།  །། ཆོས་རྣམས་སྒྱུ་མ་ལྟ་བུ་ཞེས། །གསུང་རབ་སྤྱི་ལས་གྲགས་མོད་ཀྱི། །སྒྱུ་མ་སྨིགས་རྒྱུ་ལ་སོགས་དང་། །འགོ་མཉམ་ཉིད་དུ་སྟོན་བྱེད་པ། །ངེས་དོན་རྫོགས་པ་ཆེན་པོའི་ཚུལ། །ཚུལ་འདི་བསྒྲུབ་པར་བྱ་བ་ལ། །བརྒལ་ལན་བཅས་ཤིང་ཤན་དང་བཅས། །རིགས་པས་གནོད་མེད་ཚུལ་དང་བཅས། །ངེས་དོན་བྱང་ཆུབ་སེམས་ཀྱི་དོན། །རང་བཞིན་དང་ནི་ཆེ་བ་དང་། །གོལ་སྒྲིབ་དང་ནི་གཞག་ཐབས་ཀྱང་། །བརྒྱུད་ཐབས་བཅས་པར་བསྟན་པ་ལགས། །རྐྱེན་རྣམས་ཉེ་བར་གནས་བཞིན་དུ། །འབྲས་བུ་སྣང་བར་མི་འགྱུར་ཞེས། །གང་དུའང་སྐུར་བ་མ་བཏབ་པས། །འདི་ལ་སྐུར་བའི་གནས་མ་མཐོང་། །རྒྱུ་འབྲས་རྟེན་ཅིང་འབྲེལ་ཚུལ་དུ། །སྣང་བ་ཙམ་ལས་མ་གཏོགས་པ། །རྒྱུ་འབྲས་དངོས་པོ་མི་སྒྲུབ་པས། །འདི་ལ་སྒྲོ་འདོགས་གནས་མ་མཐོང་། །གང་གཞན་སྒྲོ་སྐུར་བྲལ་བའི་དོན། །ཚུལ་གཞན་དག་གིས་སྒྲུབ་བྱེད་ཀྱང་། །ངེས་དོན་བཀའ་ཡི་རྗེས་འབྲངས་ནས། །དོན་ལ་བདག་བློ་འདི་ལྟར་སྐྱེས། །ཐེག་ཆེན་ཚུལ་ལ་འཇུག་པ་ཙམ། །ལྷོ་སྒོམ་དོན་དུ་འདི་བགྱིས་ཏེ། །༼རྫོགས་ཆེན་དགོན་དང་རྨུགས་སངས་དགོན་པའི་ཤིང་པར་གཉིས་ཆར་ལྷ་སྒོམ་ཞེས་འབྱུང་། བྲིས་མ་ཡིག་རྙིང་གཞན་ཞིག་ལས་ལྷོ་སྒོམ་ཞེས་འབྱུང་བ་ཡིན་ངེས་ཆེ་སྙམ། ༽ཐེག་ཆེན་སྣོད་དུ་གྱུར་པ་ཡི། །འགྲོ་བ་རྣམས་ཀྱིས་མཐོང་གྱུར་ཏམ། །འཇིག་རྟེན་གྲགས་མཐུན་སྒྲུབ་བྱེད་པའི། །བསྟན་ཆོས་རྗེས་སུ་ཞུགས་པའི་བློ། །འཛིན་བཅས་རྣམས་ཀྱིས་མཐོང་ཡང་རུང་། །ཐེག་ཆེན་བདེན་པའི་བྱིན་རླབས་ཀྱིས། །བླང་དོར་བྲལ་བའི་དོན་རྟོགས་ཏེ། །ཁྱུང་ཆེན་ནམ་མཁར་ལྡིངས་པ་བཞིན། །བཅིངས་མེད་བསྐྱོད་པ་མེད་བཞིན་དུ། །སྤྱི་རྒྱ་རླབས་ཀྱིས་ཆོད་པར་ཤོག །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་ཐབས། འཇུག་པའི་ཡན་ལག་དང་བཅས་པར་བསྟན་པ་རྫོགས་སོ། །མཁས་པའི་དབང་པོ་རོང་ཟོམ་ཆེན་པོས་སོ།།  །།

ལེའུ་དང་པོ་ཉོན་མོངས་ཀྱི་མཚན་ཉིད་༡-༡༤། །གཉིས་པ་ལ་བརྒལ་ལན༡༤-༣༡། ། གསུམ་པ་ལ་ཤན་སྦྱར༣༡-༤༤། །བཞི་པར་རིགས་པས་མི་གནོད་ཚུལ༤༤-༥༤། །ལྔ་པར་རྫོགས་པ་ཆེན་པོའི་གཞུང་༥༤-༩༠། །དྲུག་པར་བརྒྱུད་པའི་ཐབས་བསྟན་པའོ༩༠-- ༡༠༠། །སརྦ་མངྒ་ལཾ། །ཤུ་བྷཾ། །བཀྲ་ཤིས། དགེའོ། །དགེའོ། །དགེའོ།།  །།