ཐེག་ཆེན་གླིང་དགོན།

ཡོང་ཁུངས་Wikipedia

མཚན་རྒྱས་པར། དགའ་ལྡན་གསང་སྔགས་ཐེག་མཆོག་གླིང་ངམ་རྒྱལ་བྱེད་ཚལ་ཞེས་ཞུ། འབྲོང་རྩེ་དགོན་ནས་སྤྱི་ལེ་༥ཙམ་ལྷོ་ངོས་སུ་ཡར་སོང་ན་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་འབྲུག་པ་པདྨ་དཀར་པོས་ཕྱག་བཏབ་གནང་མཛད་པའི་འབྲུག་པ་བཀའ་བརྒྱུད་ཀྱི་བཤད་སྒྲུབ་གཉིས་ལྡན་གྱི་དགོན་གནས་ཤིག་ཡིན་པ་ལ་ཇུན་གར་དམག་དུས་རྨེག་མེད་དུ་སོང་། དེ་ནས་རྒྱལ་བ་ལྔ་པའི་དུས་སྒྱུར་གླིང་བཅུ་གསུམ་གྲས་རྙིང་དགོན་དུ་བསྒྱུར་ནས་མཚན་ཐེག་མཆོག་གླིང་ཞེས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བློ་བཟང་རིག་རྒྱལ་དགོན་དེའི་མཁན་པོར་གཏོང་གནང་མཛད་དེ་དགེ་འདུན་ཞལ་གྲངས་༡༣༠གཏན་འཁེལ་མཛད། སྔོན་འདུ་ཁང་ཀ་རིང་༤དང་ཀ་ཐུང་༢༠་གཙང་ཁང་སྦུག་མར་སྐུ་རྒྱུ་ཛྷི་ཥིམ་ལས་གྲུབ་པ་བཟོ་རྒྱལ་བྷི་ཀར་གྱི་ཕྱག་བཟོ་ཡིན་ཞུ་བ་ཐུབ་དབང་ཐོག་སོ་གསུམ་ཉན་ཐོས་དང་བཅས་པ། སྨན་འདམ་གྲུབ་པ་སྨན་བླ་བདེ་གཤེགས་བརྒྱད། འདུ་ཁང་ནུབ་ངོས་སུ་ཛྷི་ཥིམ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་གསུང་བྱོན་མ་ཐོག་སོ་གཅིག་ཙམ་ཞིག་ཡོད་པ་དེ་ནི་སྔོན་ཇུན་གར་དམག་གིས་གདན་འདྲེན་པའི་ཚེ་དགོན་འོག་མཆོད་རྟེན་ཉིས་གཤིབ་ཡོད་ས་ནས་མ་ཐེག་པས་ཐུགས་རྗེ་ཆེན་པོས་“ཁྱེད་ཚོས་ང་མི་ཐེག་ང་འདིར་བཞག་སྟེ་བཙུན་ཆུང་ལོ་བརྒྱད་པ་ཞིག་གིས་དགོན་པར་རང་ལོག་ལ་གདན་འདྲེན་ན་ཐེག་”ཅེས་གསུངས་པ་བཞིན་བཙུན་ཆུང་ཞིག་གིས་རང་ལོག་ལ་གདན་དྲངས་པ་ཞེས་པ་དེ་དང་། དེའི་གཡས་གཡོན་དུ་མཁན་ཆེན་བློ་བཟང་རིག་རྒྱལ་དང་། མཁན་ཆེན་དགེ་འདུན་བཀྲ་ཤིས་ཀྱི་སྐུ་བརྙན་སོ་སོ་སྨན་འདམ་ལས་གྲུབ་པ། ཤར་དུ་དམག་ཟོར་མའི་མགོན་ཁང་། ལྡེབས་རིས་སུ་སྲུང་མ་ཁག་དང་། གུ་རུའི་འཁྲུངས་རབས་བཅས་ཡོད། གཞན་ཡང་དགོན་དེར་ལོ་ལྟར་བོད་ཟླ་༥ཚེས་༩ནས་བྱང་གཏེར་ཕུར་པའི་སྒོ་ནས་རྩ་འཆམ་དང་། ཚེས་༡༠ཉིན་གསང་འདུས་ལེའུ་བརྒྱད་པའི་སྒོ་ནས་གར་འཆམ་གནང་སྲོལ་ཡོད།

ད་ལྟ་སྔོན་གྱི་དགོན་ཤུལ་དུ་གཙང་ཁང་སྦུག་མ་ཀ་བ་བཞི་ཆུང་ངུ་སོང་བ་ལས་དེ་མིན་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་གཙང་ཁང་ནང་སྔོན་གྱི་ཐུབ་དབང་གི་སྐུ་བརྙན་གྱི་ཕྱག་གཡས་པ་རང་འཇག་ལ་དེ་བྱིངས་སྨན་འདམ་གྱིས་གསར་བཞེངས་གནང་བ་དང་། སྔོན་གྱི་ཐུགས་རྗེ་ཆེན་པོའི་ཞབས་གཡས་པའི་སྟེང་གསར་བཞེངས་གནང་འཆར་ཡོད་པ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་ཁ་ཤས་སོང་ན་ལྷ་ཐོ་ཆེ་ཞེས་པའི་ལྷ་རི་དེ་མཇལ་བ་ཡིན། རི་དེ་ནི་མྱང་ཡུལ་གྱི་རི་བོ་མཐོ་ཤོས་ཡིན་པས་རི་དེར་སྒྲུབ་ཕུག་༡༠༨ལྷ་ཐོ་༡༠༨ཆུ་མིག་༡༠༨དུར་ཁྲོད་༡༠༨བཅས་ཡོད་པ་དང་བསྟན་པ་སྔ་དར་དུས་གངས་རི་ཡིན་ཞེས་ཟེར།