Jump to content

ཐེག་ཆེན་

ཡོང་ཁུངས་Wikipedia

ཐེག་ཆེན་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་གོ་རིམ་གསུམ་པོའི་ཡ་གྱལ་ཞིག་ཡིན། འདི་ནི་རང་གི་བྱང་ཆུབ་དང་གཞན་གྱི་དོན་གཉིས་ཆར་སྒྲུབ་པའི་ལམ་ཡིན་ཞིང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་ཁྱེར་ཐུབ་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་བ་ཡིན།

ནང་དོན།

[རྩོམ་སྒྲིག]

ཐེག་ཆེན་གྱི་ཁྱད་ཆོས། "སྒྲིབ་གཉིས་ཀྱི་ཆགས་པ་གཅོད་པར་བྱེད་ཅིང་། ཆོས་ཀུན་ལ་བདེན་ཞེན་གྱིས་ཆགས་པ་དེ་ཟད་པར་འདོད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་།"[] ཞེས་པ་ལྟར། ཐེག་ཆེན་པ་ཞིག་གིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཆར་སྤང་དགོས། ཉོན་མོངས་པའི་སྒྲིབ་པ་ནི་ཞེ་སྡང་ཆགས་པ་སོགས་ཡིན་ལ། ཤེས་བྱའི་སྒྲིབ་པ་ནི་ཆོས་ཐམས་ཅད་བདེན་པར་ཡོད་པར་འཛིན་པའི་རྟོག་པ་ཡིན། གཉིས་ཆར་སྤང་ནས་རྣམ་མཁྱེན་ཐོབ་པ་ཡིན། "སེམས་ཅན་ཚོགས་རྣམས་མང་པོའི་གཙོ་བོ་མཆོག་ཏུ་གྱུར་པ་དང་། སེམས་ཅན་ཁམས་ཀྱི་ལྟ་ངན་སྣ་ཚོགས་རྣམས་བཅོད་པར་འདོད་པ་དེའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་སྟེ་"[] ཞེས་པ་ལྟར། ཐེག་ཆེན་པ་ཞིག་གིས་སེམས་ཅན་ཚད་མེད་པའི་ཁྲོད་ནས་སྐུ་ཚེ་འདི་ཁོ་ནའི་ཆེད་དུ་མིན་གྱི། ཚེ་རབས་མང་པོའི་རིང་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཐུགས་བསྐྱེད་ཅེ་བ་ཞིག་ཡིན། དེ་ཡང་སེམས་ཅན་རྣམས་ཀྱི་ལྟ་བ་ངན་པ་སྣ་ཚོགས་བཅོམ་ནས་ཐར་པ་ལ་འགོད་པ་ཡིན། ཐེག་ཆེན་གྱི་ལམ། "ཐེག་ཆེན་དུ་འཇུག་པའི་རྒྱུ་མཚན་དེའི་ཕྱིར་ན་ཡང་སེམས་དཔའ་ཆེན་པོ་ཞེས་རབ་ཏུ་བརྗོད་དོ། །"[]ཞེས་པ་ལྟར། ཐེག་ཆེན་པ་ཞིག་གིས་ཕར་ཕྱིན་དྲུག་གི་ལམ་ལ་ཞུགས་ཏེ་སྒྲུབ་པ་བྱེད། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ཀྱང་ཐེག་ཆེན་གྱི་ལམ་གྱི་ཡན་ལག་ཡིན། འདིས་བདུད་ཀྱི་སྒྱུ་འདུལ་ནས་ཐེག་ཆེན་གྱི་ལམ་ལ་ཞུགས་པ་ཡིན།

མཚན་ཉིད།

[རྩོམ་སྒྲིག]

"ནམ་མཁའ་དང་འདྲ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་སྐབས་འབྱེད་པར་བསྙེན་པས་ན་འདི་ནི་ཐེག་པ་ཆེན་པོའོ། །"[]ཞེས་པ་ལྟར། ཐེག་ཆེན་གྱི་མཚན་ཉིད་ནི་ནམ་མཁའ་ལྟར་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་པའི་སྒོ་འབྱེད་པ་ཞིག་ཡིན། ནམ་མཁའ་ཇི་ལྟར་ཚད་མེད་པ་དེ་ལྟར་ཐེག་ཆེན་པའི་ཐུགས་རྒྱ་ཡང་ཚད་མེད་ཅིང་སེམས་ཅན་ཚད་མེད་པ་ལ་ཕན་པའི་སྒོ་འབྱེད་པ་ཞིག་ཡིན། "འདིར་ཐེག་པའི་ནང་ནས་མཆོག་ཡིན་ནོ། །"[]ཞེས་པ་ལྟར། ཐེག་པ་རིགས་གསུམ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དག་གི་ཁྲོད་ནས་ཐེག་ཆེན་འདི་ནི་གཞན་ཐམས་ཅད་ལས་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ཡང་རང་གི་ཐར་པ་ཙམ་ལ་མ་ཆེས་པར་གཞན་ཐམས་ཅད་ཀྱི་ཆེད་དུ་སྒྲུབ་པ་བྱེད་པའི་ཕྱིར་ཡིན།

"དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་གཟུགས་སྣ་ཚོགས་སུ་སྤྲུལ་པ་བྱས་ཏེ།"[] ཞེས་པ་ལྟར། སྒྱུ་མ་མཁན་ཞིག་གིས་ལམ་ཆེན་པོ་ཞིག་ཏུ་མི་མང་པོ་སྤྲུལ་ནས་དེ་དག་གཅིག་གིས་གཅིག་གསོད་པ་ལྟ་བུ་སྟོན་ཀྱང་། དངོས་སུ་ནི་སུ་ཡང་མ་ཤི་ལ་སུ་ཡང་མ་གསད་པ་ཡིན། "འགྲོ་བ་འདི་ཀུན་ཀྱང་བདེན་གྲུབ་མེད་པར་སྤྲུལ་པའི་ཚུལ་དེ་འདྲ་བར་རབ་ཏུ་ཤེས་ནས། བྱང་སེམས་དེ་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་མུ་མེད་པའི་སེམས་ཅན་གྱི་དོན་ཁུར་དུ་ལེན་པ་ལ་འཇིགས་པ་ཅུང་ཟད་ཀྱང་མེད་དོ། །"[]ཞེས་པ་ལྟར། ཐེག་ཆེན་པ་ཞིག་གིས་ཀྱང་འགྲོ་བ་ཐམས་ཅད་སྒྱུ་མ་དང་འདྲ་བར་རང་བཞིན་གྱིས་སྟོང་པ་ཡིན་པར་ཤེས་ཏེ། དེ་ལྟར་ཤེས་ནས་ཀྱང་སེམས་ཅན་ཚད་མེད་པའི་དོན་ཁུར་དུ་ལེན་པ་ལ་སྐྲག་པ་མེད། དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་ཡོད་པའི་ཕྱིར་ཡིན། "དེ་ལྟར་ཤེས་ནས་ཀུན་རྫོབ་ཐ་སྙད་ཙམ་དུ་བྱང་ཆུབ་བསྒྲུབ་པ་ལ་འཇུག་པའི་ཚུལ་ལ་ཞུམ་པའི་སེམས་མེད་པ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག་ཏུ་གྱུར་པའོ། །"[]ཞེས་པ་ལྟར། ཆོས་ཐམས་ཅད་སྟོང་པ་ཡིན་པར་ཤེས་ནས་ཀྱང་ཐ་སྙད་དུ་བྱང་ཆུབ་སྒྲུབ་པ་ལ་འཇུག་སྐབས་ཅི་ཡང་མེད་འདུག་སྙམ་དུ་ཞུམ་པའི་སེམས་སྐྱེ་མི་དགོས། དེ་ནི་ཐེག་ཆེན་པ་དམ་པ་རྣམས་ཀྱི་ལམ་གྱི་ཁྱད་ཆོས་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  2. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་འཇུག་པའི་ལེགས་བཤད། ལག་བྲིས།
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་འཇུག་པའི་ལེགས་བཤད། ལག་བྲིས།
  8. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་འཇུག་པའི་ལེགས་བཤད། ལག་བྲིས།