ཐེ་གེ

ཡོང་ཁུངས་Wikipedia

ཐེ་གེ་ནི་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ལ་དར་ཁྱབ་ཆེ་བའི་བྱིས་པའི་རོལ་རྩེད་ཅིག་ཡིན་ཞིང་། བྱིས་པ་རྣམས་ཀྱིས་ཐེ་གེ་རྩེ་བར་སྤྲོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

རྒྱུ་ཆ།[རྩོམ་སྒྲིག]

ཐེ་གེའི་རྒྱུ་ཆ་ནི་ར་ལུག་གི་རྗེ་ངར་དང་རྐང་མགོ་འབྲེལ་མཚམས་ཀྱི་རུས་པ་རྡོག་རྡོག་དེ་ཡིན་པ་དང་། ར་ལུག་མང་སའི་རོང་འབྲོག་གི་ས་ཁུལ་དུ་ཐེ་གེའི་རྒྱུ་ཆ་འཚོལ་སླ་བ་ཡོད།

རིགས།[རྩོམ་སྒྲིག]

ཐེ་གེ་ལ་ངོས་མི་འདྲ་བ་དྲུག་ཡོད་པ་དང་ངོས་རེ་རེས་སེམས་ཅན་མི་འདྲ་བ་རེ་རེ་མཚོན་གྱི་ཡོད། ཐེ་གེའི་ཁ་ཡར་འཁོར་ན་ར་ཐེ་ཡིན། ཐེ་གེའི་ཁ་མར་འཁོར་ན་ལུག་ཐེ་ཡིན། ཐེ་གེའི་གཡས་ཀྱི་ཟུར་ངོས་རྟ་ཐེ་ཡིན། ཐེ་གེའི་གཡོན་གྱི་ཟུར་ངོས་མཛོ་ཐེ་ཡིན། ཐེ་གེ་ཟུར་རྣོ་ས་ནས་ཡར་འགྲེང་ནས་བསྡད་ན་སེང་ཐེ་ཟེར། ཐེ་གེའི་ཟུར་མཉམ་ས་ནས་ཡར་ འགྲེང་ནས་བསྡད་ན་རྔ་མོང་ཟེར། མི་ཚང་ཕལ་ཆེར་ལ་ཐེ་གེ་ཉར་སའི་སྒམ་ཆུང་རེ་ཡོད་ལ་ཐེ་གེ་རྣམས་ལ་ཚོན་སྣ་ཚོགས་བྱུགས་ཏེ་སྙིང་རྗེ་བོ་བཟོས་ཡོད།

རྩེད་སྲོལ།[རྩོམ་སྒྲིག]

ཐོག་མར་རྩེད་མོ་རྩེ་མཁན་གྱིས་མི་ཚང་མར་ཐེ་གེ་ཆ་སྙོམས་ཀྱིས་བགོ་དགོས། དེ་ནས་མི་རེ་རེས་ཐེ་གེ་རེ་ས་ལ་འཕང་སྟེ་གོ་རིམ་རྩོད་དགོས། སེང་ཐེ་བབས་ན་དང་པོ། རྔ་མོང་གཉིས་པ། རྟ་ཐེ་གསུམ་པ། མཛོ་ཐེ་བཞི་བ། ལུག་ཐེ་ལྔ་བ། ར་ཐེ་དྲུག་པ་ཐ་མ་བཅས་གོ་རིམ་ལྟར་ཐེ་གེ་ས་ལ་གཏོར་ཏེ་རྩེ་དགོས། རྩེ་ཐེངས་རེ་ལ། མི་རེ་རེའི་ལག་ནས་ཐེ་གེ་རེ་རེ་རྩེ་ཆོག་ལ། གཉིས་རེ་དང་གསུམ་རེ། ཡང་ན་ལྔ་རེ་དང་བཅུ་རེ་སོགས་བསྡུས་ཏེ་རྩེ་ཆོག་པ་ཡིན། ཐེ་གེ་ཕྱུགས་ཟོག་ཡིན་ཁུལ་གྱིས་རི་ལ་བཀྲམ་ཟེར་ཞིང་རྩེད་མཁན་ཕྱུགས་རྫི་ཡིན་ཁུལ་གྱིས་ལྷས་ལ་བསྡུ་ཟེར་སྲོལ་ཡོད།རྩེད་མོ་འགོ་འཛུགས་མཁན་གྱིས་རྩེ་ཐེངས་གཅིག་གིི་ཐེ་གེ་ཡོངས་རྫོགས་ལག་ཏུ་བཟུང་སྟེ་ཤུགས་ཀྱིས་འབའ་འབུར་མེད་པའི་ས་ཁོད་སྙོམ་སའི་རྩེད་ར་ལ་གཏོར་དགོས། དེ་ནས་རིགས་མཐུན་ཐེ་གེ་རྣམས་བཙལ་ནས་མཐེབ་རྡོག་གིས་གཞུས་ཏེ་རྩེ་བ་ཡིན། ར་ཐེ་དང་ར་ཐེ་དང་། ལུག་ཐེ་དང་ལུག་ཐེ། མཛོ་ཐེ་དང་མཛོ་ཐེ། རྟ་ཐེ་དང་རྟ་ཐེ་མཉམ་དུ་བཞག་སྟེ་རྩེ་དགོས། སྤྱིར་ར་ཐེ་དང་ལུག་ཐེ་མང་བོ་འབབ་པ་དང་། མཛོ་ཐེ་དང་རྟ་ཐེ་དེ་ལས་ཉུང་བ་འབབ། རྔ་མོང་དང་སེང་ཐེ་འབབ་རྒྱུ་ཤིན་ཏུ་ཉུང་། སེང་གེ་རི་དྭགས་ཀྱི་རྒྱལ་བོ་ཡིན་ཟེར་བ་དང་རྔ་མོང་མཐོང་དཀོན་པའི་སྲོག་ཆགས་ཡིན་ཟེར། དེ་གཉིས་གང་རུང་བབས་ཚེ་རྩེ་མཁན་ཚང་མས་ལག་གང་སྔ་བརྩད་དེ་འཕྲོག་རེས་བྱེད་པ་ཡིན། ཐེ་གེ་རྩེ་མཁན་ལ་ཕོ་མོ་དབྱེ་བ་མེད་པར་ཕ་མ་དང་བྱིས་པ།ཕུ་ནུ་མིང་སྲིང་སྤུན་མཆེད་སུ་ཡིན།མི་གྲངས་གཉིས་དང་གཉིས་ཀྱི་ཡན་འཛོམས་ཚེ་རྩེ་ཆོག

སྒྲིག་ལམ།[རྩོམ་སྒྲིག]

རྩེད་མོ་འདིར་སྒྲིག་ལམ་ཁ་ཤས་ཡོད་པ་ནི། ཐེ་གེ་རྩེད་རར་བཀྲམ་དུས་གཅིག་ལ་གཅིག་འབྱར་བསྡད་ཡོད་ན་རྩེད་སྐལ་ཤོར་བ་ཡིན། གཅིག་ཐོག་ལ་གཅིག་བརྩེགས་ཡོད་ན་རྩེད་སྐལ་ཤོར་བ་ཡིན། ཐེ་གེར་མཐེབ་རྡོག་གཞུ་བའི་སྐབས་སུ་ཐེ་གེ་གཞན་ལ་ཐུག་པ་དང་རེག་པ་ཡིན་ན་རྩེད་སྐལ་ཤོར་བ་ཡིན། དམིགས་འབེན་ལ་ཏག་ཏག་མ་འཁེལ་ན་རྩེད་སྐལ་ཤོར་པ་ཡིན། མཐར་ཐེ་གེ་བསྡུས་པའི་མང་ཉུང་བསྡུར་ཏེ་རྒྱལ་ཁ་འཐོབ་མཁན་གྱིས་ཕམ་ཁ་ཉོ་མཁན་གྱི་ཐོད་དཀྱིལ་དུ་རང་སྐལ་ལས་ཐེ་གེ་ལྷག་མ་བསྡུས་པའི་ཁ་གྲངས་ལྟར་མཐེབ་རྡོག་གི་གཞུ་བ་དང་རྩེད་ཐེངས་དེ་མཇུག་རྫོགས་པ་ཡིན།


ཡོངས་འཛིན་ནས་དྲངས་པ།[རྩོམ་སྒྲིག]

འབྲོག་ཕྱོགས་ལ་ཆ་མཚོན་ན་ལུག་མང་པོ་བཤས་རྐྱེན་བྱིས་པ་ཁ་ཤས་ལ་ཐེ་གེ་རྩེད་ཆས་བརྒྱ་ཕྲག་དུ་མ་ཡོད། ཐེ་གེའི་ཕྱི་ཡི་རི་མོ་ལ། བོད་མི་རིགས་ཀྱིས་རང་གི་འདོད་མོས་ཇི་བཞིན་རང་བྱུང་ཁོར་ཡུག་སྟེང་རང་ལ་འབྲེལ་བ་དམ་ཟབ་ཡོད་པའི་བོད་རང་ནས་བྱུང་ཞིང་འབྲེལ་བ་ཡོད་པའི་སྲོག་ཆགས་འགའ་ལས་གྲུབ་འདུག བོད་མི་རིགས་འདི་གདོད་མ་ནས་གངས་རི་ལ་དུངས་ཤིང་། གངས་སེང་ལ་དགའ་བའི་མི་རིགས་ཤིག་ཡིན་ཕྱིན་ཐེ་གེ་ཡི་མགོ་སེང་གེ་ཡི་མཚོན་རྟགས་སུ་གྲུབ་ཅིང་ཨང་གྲངས་ལ་བཀུག་ཚེ་བརྒྱ་ཐམ་པ་ཡིན། ཐེ་གེ་ཡི་མཇུག་ནི་ལོ་ངོ་སྟོང་ཕྲག་དུ་མར་ང་ཚོ་བོད་པ་དང་མཉམ་དུ་གྲང་ངར་རྐུན་ཇག་སོགས་ལ། ལུས་སྲོག་དམར་པོ་འབེན་དུ་འཇོག་མཁན་འབྲོག་པའི་ལ་ཁྱི་ཞེས་པ་དེ་ཡིན། ཨང་གྲངས་ལྔ་བཅུ་ཡིན། ཐེ་གེ་ཡི་ངོས་གཅིག་འགྲོས་གློག་ལྟར་མྱུར་བའི་ཅང་ཤེས་ཏེ། རྟ་མཆོག་རིན་པོ་ཆེ་ཡིན་ཞིང་། དེ་ནི་བཀྲ་ཤིས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ། བཀྲ་ཤིས་གཡང་ཀུན་འཁྱིལ་བའི་མཚོན་རྟགས་སུ་གྲུབ་བོ།། ཨང་གྲངས་སུམ་ཅུ་ཐམ་པ་ཡིན། ཐེ་གེའི་ངོས་གཉིས་པ་ནི་གངས་ཅན་བོད་ཀྱི་ནོར་བུ་སྟེ། རྒྱབ་རྩིད་པ་བླངས་ཏེ་མགོ་སྦྲ་བཟོས། ཞོ་འོ་མ་བླངས་ནས་ལྟོགས་སྐོམ་སེལ་མཁན་ནོག་གནག་ཡིན་ལ། ཨང་གྲངས་ཉི་ཤུ་ཐམ་པ་ཡིན། ཐེ་གེའི་སྟེང་ཕྱོགས་ཕྱིར་འབུར་བ་དེ་ནི་གཡང་དཀར་ལུག་སྟེ། རྒྱབ་པགས་པ་བཤུས་ནས་གྱོན་པ་བཟོས། ལུས་ཤ་ཁྲག་ཟོས་ཏེ་ལྟོགས་སྐོམ་སེལ། ཨང་གྲངས་བཅུ་བ་ཡིན། ཐེ་གེའི་འོག་རྐོ་ལ་ལྷུང་བ་དེ་ནི་ར་མ་ཡིན་ཏེ། ཨ་གྲངས་ལྔ་བ་ཡིན་ནོ།།

བྱིས་པ་མང་བོ་ཕྱོགས་གཅིག་ཏུ་འདུས་ནས་ཐེ་གེ་མང་བོ་སར་འཕངས་པ་ན་ཆེས་མཐོ་བ་སེང་གེ་དང་ཁྱི་གཉིས་ཡིན་ཞིང་། ཐད་ཀར་བླངས་ཏེ་ཨང་གྲངས་བརྒྱའམ་ལྔ་བཅུར་བརྩིས་ན་ཆོག དེ་ལས་གཞན་པ་རྣམས་རྟ་རྟ་ལ་ཐོད་གཏུག་པ། གཡག་གཡག་ལ་ཐོད་གཏུག་པ་བཅས་བྱེད་དགོས། ཐོད་གཏུག་ཅེས་པ་ནི་མཐེབ་རིས་ཀྱིས་བརྒྱབ་པ་ལ་གོ་དགོས། དེ་ལའང་སྒྲིག་ཁྲིམས་ནན་མོ་ཡོད་དེ། དེ་འདྲའི་ཐེ་གེ་མང་བོ་ཞིག་གཅིག་གཅིག་འཕྲད་པའམ་ཁེན་མི་ཆོག འཕྲད་པའམ་ཁེན་ཚེ་ཚང་མ་རུལ་སོང་ཞེས་མི་བརྩི་བ་ཡིན། གལ་ཏེ་དཔེར་ན། རྟས་རྟ་ལ་ཐོད་གཏུག་སྐབས་སྟབས་མ་ལེགས་པར་ར་མ་དང་འཕྲད་དེ་སྒུལ་ཚེ་ཡང་མི་བརྩི་བ་ཡིན་ནོ།། གཞན་ཡང་ཐེ་གེ་གཅིག་ཀྱང་རྩེ་ཆོག་སྟེ། དཔེར་ན། ངའི་བསོད་ནམས་ནང་ལ་ཅི་ཞིག་འབབ་གི། ངའི་སྒོ་ཕྱུགས་གཙོ་བོ་གང་རེད། ངའི་ཞོན་རྟ་ཅི་ཞིག་རེད་ལྟ་བུ་སོགས་ཀྱི་རྩེད་མོ་མང་བོ་ཞིག་མཆིས། གང་ལྟར་འབྲོག་ཁུལ་དུ་ཐེ་གེ་རྩེ་བའི་རོལ་རྩེད་འདི་ཆེས་ཆེར་དར་བ་དང་། རྩེ་བའི་སྐབས་སུ་ཐེ་གེ་རེ་རེར་མ་ཎི་ཚར་གཅིག་འདོན་པ་དང་། དེའི་སྟེང་དུ་ཕུ་བཏབ་སྟེ་ལུས་ཤ་ཁྲག་ཟོས་པ་ལ་འགྱོད་བཤགས་བྱེད་པའི་ལུགས་སྲོལ་ཞིག་ཀྱང་རང་ཤུགས་སུ་ཆགས་ཡོད་དོ།།

"https://bo.wikipedia.org/w/index.php?title=ཐེ་གེ&oldid=136911"ལས་སླར་རྙེད་སོང།