ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་

ཡོང་ཁུངས་Wikipedia

༄༅།། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་རྒྱུད་འདེབས་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་ར་ཝེ། འཆི་མེད་ཐོག་མའི་མགོན་པོ་འོད་མཐའ་ཡས།། སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས།། ཟུང་འཇུག་སྤྲུལ་པའི་རྣམ་རོལ་མཚོ་སྐྱེས་རྗེར།། གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ།། མཁའ་སྤྱོད་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་ཡུམ།། འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན།། ཀུན་མཁྱེན་ཆོས་རྗེ་དྲི་མེད་འོད་ཟེར་ལ།། གསོལ་བ་འདེབས་སོ༴ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང༌།། ཕྱག་ན་པདྨོ་རྒྱལ་བའི་མྱུ་གུའི་ཞབས།། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ།། གསོལ་བ་འདེབས་སོ་དངོས༴ སེམས་དཔའ་ཆེན་པོ་བསྟན་པའི་ཉི་མའི་མཚན།། བི་མའི་རྣམ་འཕྲུལ་པདྨ་ལས་འབྲེལ་རྩལ།། བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ།། གསོལ་བ་འདེབས་སོ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།། ངེས་འབྱུང་བྱང་ཆུབ་སེམས་གཉིས་རབ་རྒྱས་ཤིང༌།། སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ་བརྟེན་ནས།། ཟུང་འཇུག་འཕགས་པའི་གོ་འཕང་མྱུར་ཐོག་ཤོག། ཅེས་པ་འདིའང་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་གསུང་ལ་རྒྱལ་བའི་མྱུ་གུ་མན་ཆད་རྐང་པ་གསུམ་སངས་རྒྱས་རྡོ་རྗེའི་ཁ་སྐོང་ངོ༌།། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་བཞུགས། ༄༅།། འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་བཞུགས། འུྃ༔ ན་མོ་ལོ་ཀཱི་ཤྭ་རཱ་ཡཿ གསང་བ་ལྟར་དུ་སྒྲུབ་པ་ནིཿ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུཿ སྡུག་བསྔལ་རང་གྲོལ་ངོ་བོ་སྟེཿ ཤིན་ཏུ་ཟབ་པའི་ཏི་ལ་ཀཿ འདི་ཉིད་སྒྲུབ་པའི་གནས་མཆོག་ནིཿ འཇམ་ཞིང་ཁོད་སྙོམས་ཁ་དོག་དཀརཿ དཀར་ཕྱོགས་དགེ་བསྙེན་གནས་པའི་སཿ དགྲ་འདྲེས་དབང་དུ་མ་བྱས་པརཿ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་ཿ སྒྲུབ་རྫས་པྲ་ཁྲིད་བཞིན་དུ་བཀོདཿ ཡང་ན་སྨན་རག་གཏོར་མར་བརྟེནཿ དེ་ལ་སྔོན་འགྲོ་དངོས་གཞི་རྗེསཿ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནིཿ ན་མོཿ མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལཿ དབང་མེད་སྤྱོད་པའི་བདག་སོགས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་འཕགས་མཆོག་ཐུགས་རྗེའི་ལྷརཿ སྙིང་ནས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆིཿ ལན་གསུམཿ གཉིས་པ་སེམས་བསྐྱེད་ནིཿ ཧོཿ ཕ་མ་རིགས་དྲུག་སྙིང་རྗེའི་ཡུལ་གྱུར་ཀུནཿ རང་ངོ་མ་ཤེས་འཁྲུལ་བའི་ལས་ལ་སྤྱོདཿ ཚད་མེད་སྙིང་རྗེས་བྱང་ཆུབ་ལམ་ལ་འགོད་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱིཿ ལན་གསུམཿ གསུམ་པ་ཡན་ལག་བདུན་པ་ནིཿ ཧོཿ དུས་གསུམ་བཞུགས་པའི་སྐྱབས་གནས་ཐམས་ཅད་ལཿ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོཿ ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོགཿ བཞི་པ་བགེགས་གཏོར་ཨོཾ་ཨཱཿཧཱུྃ་གིས་བརླབསཿ ཧྲཱིཿ ང་ནི་པདྨ་དབང་གི་སྐུཿ ལོག་འདྲེན་འདུལ་བའི་གཤེད་པོ་ཆེཿ ཉོན་ཅིག་བགེགས་དང་ལོག་འདྲེན་ཀུནཿ འདོད་ཡོན་གཏོར་མ་འདི་ལོངས་ལཿ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངསཿ གལ་ཏེ་བཀའ་ལས་འདའ་བྱེད་ནཿ རྡོ་རྗེའི་ཐོ་བས་ཀླད་ནས་གཞོམཿ དེ་བས་བཀའ་ལས་མ་འདའ་ཞིགཿ ཧཱུྃཿབཞིའི་སྔགས་བརྗོདཿ ལྔ་པ་སྲུང་འཁོར་ནིཿ ཧྲཱིཿ སྣང་སྲིད་ཐམས་ཅད་རྡོ་རྗེའི་གུརཿ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་ཿ བག་ཆགས་འཁྲུལ་པའི་གདོན་བགེགས་རྣམསཿ སྐུ་གསུམ་ངང་དུ་མཚམས་བཅད་དོཿ བཛྲ་རཀྵ་རཀྵ་ཛྭ་ལ་ཧཱུྃ་ཕཊཿ དྲུག་པ་བྱིན་འབེབས་ནིཿ ཧཱུྃཿ སྟོང་ཉིད་དབྱིངས་ལས་ཐུགས་རྗེ་རོལ་པའི་རྩལཿ འགག་མེད་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིནཿ ཀུན་རྫོབ་མཚན་མའི་རྫས་ཀུན་བྱིན་བརླབས་པསཿ གདོད་ནས་དག་པའི་དཀྱིལ་འཁོར་ཆེན་པོར་གྱུརཿ ཨོཾ་ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་སརྦ་ས་མ་ཡ་ཛཿ བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནིཿ ཨོཾ་ཨཱཿཧཱུྃཿ ཕྱི་ནང་གསང་བའི་མཆོད་རྫས་མ་ལུས་པཿ རྣམ་པ་རྫས་ལ་ངོ་བོ་ཡེ་ཤེས་ཀྱིཿ བདུད་རྩི་ཆེན་པོ་རོ་བརྒྱའི་དཔལ་འཛིན་པསཿ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྟའི་བར་དང་ཿ སརྦ་པཉྩ་རཀྟ་བྷ་ལིཾཏ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃཿ ལན་གསུམ་གྱིས་བརླབཿ གཉིས་པ་དངོས་གཞི་ལ་རྣམ་གྲངས་བདུན་ལསཿ དང་པོ་རྟེན་དང་རྟེན་པ་བསྐྱེད་པ་ནིཿ ཧྲཱིཿ ཆོས་ཀུན་མི་དམིགས་གཞི་མེད་རྩ་བྲལ་ངང་ཿ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་ཞིང་ཿ རང་སྣང་ལྷུན་གྲུབ་རི་བོ་པོ་ཏཱ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་ཿ ཧྲཱིཿལས་རང་ཉིད་འཕགས་མཆོག་སྙིང་རྗེའི་ལྷཿ སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་སྐུཿ ཞལ་གཅིག་ཕྱག་བཞི་མཉམ་པའི་སྟབས་ཀྱིས་བཞེངསཿ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཚུལཿ ལྷག་མ་རྣམ་གཉིས་བགྲང་ཕྲེང་པད་དཀར་འཆང་ཿ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེསཿ དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲསཿ ཁ་སར་པ་ཎི་དང་ཕྱག་སྟབས་གཅིགཿ ཞུ་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེསཿ དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚནཿ ཕྱོགས་བཞིར་པདྨ་འདབ་གཞིའི་གདན་སྟེང་དུཿ ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀརཿ ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོག། ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངསཿ བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང་ཿ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགསཿ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅནཿ གྲི་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་རྔམསཿ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིངསཿ བར་མཚམས་སངས་རྒྱས་བྱང་སེམས་རིག་འཛིན་དང་ཿ དཔའ་བོ་ཌཱཀྐི་དམ་ཅན་སྤྲིན་ལྟར་གཏིབསཿ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ན་གསལཿ ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་གྱི་མཚནཿ དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དང་ཿ ཁྱད་པར་སྤྲུལ་བའི་ཞིང་ཁམས་པོ་ཏཱ་ལཿ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནསཿ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་པ་ནིཿ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནསཿ མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལཿ སྤྲུལ་པའི་ཞིང་ཁམས་རི་བོ་ཏཱ་ལ་ནསཿ འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལཿ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནསཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལཿ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་ལོ་ཀི་ཤྭ་ར་གུ་རུ་དྷེ་ཝ་ཌཱ་ཀྐི་ནི་སརྦ་ས་མ་ཡ་ཛཿཛཿ གསུམ་པ་བཞུགས་སུ་གསོལ་བ་ནིཿ ཧྲཱིཿ དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷརཿ གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་ཿ གཉིས་སྣང་གློ་བུར་དྲི་མ་སྦྱངས་པའི་ཕྱིརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ཧོཿ བཞི་པ་ཕྱག་འཚལ་བ་ནིཿ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལཿ རང་ཤེས་འཁྲུལ་པ་བྲལ་བའི་བརྡ་ཕྱག་གརཿ ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཇི་བཞིན་དུཿ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱིཿ ན་མོ་པུ་རུ་ཤ་ཡ་ཧོཿ ལྔ་པ་མཆོད་པ་ནིཿ ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིནཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་ཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ ལྷ་མིའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེསཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་རཱུ་པ་ཤབྟ་གྷནྡེ་རཱ་ས་པརྴེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ དྲུག་པ་ཁྱད་པར་གྱི་མཆོད་པ་ནིཿ ཧྲཱིཿ ཁྱད་པར་རྨད་བྱུང་བདེ་བ་ཆེན་པོའི་རྫསཿ སྨན་གཏོར་རཀྟ་ཚོགས་མཆོད་དང་རེ་སྤྲོཿ ཤེས་རབ་རིག་མ་བློ་འདས་གཉུག་མའི་གཤིསཿ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལཿ སརྦ་པཉྩ་རཀྟ་བྷ་ལིཾཏ་མ་ཧཱ་སུ་ཁ་དྷརྨ་དྷཱརྟུ་པཱུ་ཛ་ཧོཿ བདུན་པ་བསྟོད་པ་ནིཿ ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནསཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅནཿ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོདཿ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེནཿ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གརཿ ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅནཿ རིགས་བཞིའི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོདཿ རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིང་ཿ ལོག་འདྲེན་འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབསཿ ཐོག་མེད་བསྒྱུར་བའི་རིགས་བཞིའི་ཧྱ་གྲཱྀཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བརྒྱད་པ་འཛབ་ནིཿ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་རུཿ ཉི་ཟླའི་གའུ་ཁ་སྦྱོར་ཡངས་པའི་དབུསཿ ཟླ་བའི་སྟེང་ན་ཐུགས་སྲོག་ཧྲཱིཿདཀར་པོཿ དེ་མཐར་ཡི་གེ་བདུན་པས་བསྐོར་བ་ལསཿ འདོ་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་དངཿ ཁྱད་པར་ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་བསྐུལཿ འགྲོ་དྲུག་སེམས་ཅན་ཀུན་གྱི་ལས་ཉོན་སྦྱངསཿ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པ་ཡིསཿ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་དམིགསཿ འགྲོ་ལ་སྙིང་རྗེའི་ངང་ནས་བཟླས་པར་བྱཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གྲངས་ཀྱི་བསྙེན་པ་བྱེ་བ་གཅིགཿ དུས་ཀྱི་བསྙེན་པ་དེའི་བཞི་འགྱུརཿ མཚན་མའི་བསྙེན་པ་རྟགས་དང་སྦྱརཿ རྟགས་ནི་མེ་ཏོག་དཀར་པོ་འཐུཿ གངས་རིར་འཛེགས་དང་ཕྱག་མཚན་རྙེདཿ རོལ་མོ་འཁྲོལ་དང་ཁྲུས་བྱེད་སོགསཿ དངོས་ཉམས་རྨི་ལམ་མ་ངེས་འབྱུང་ཿ ཁྱད་པར་ཚེ་ཡི་སྒྲུབ་བྱེད་ནཿ འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ རྗེ་བཙུན་སྒྲོལ་མའི་ཐུགས་རྒྱུད་བསྐུལཿ བརྟན་གཡོའི་ཁམས་ནས་ཚེ་བཅུད་དང་ཿ བླ་ཚེ་སྲོག་དབུགས་ཡར་བ་བཀུགཿ བསྒྲུབ་བྱ་གཙོ་བོའི་ཐུགས་སྲོག་དབུསཿ གསལ་བ་ལ་བསྟིམ་ཚེ་འསྲིང་གྱུརཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཏཱ་རེ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲི་ཛ་སྭཱ་ཧཱཿ ཞེས་བཏག་བསྙེན་པས་ཚེ་གེགས་ཞིཿ བགེགས་འདུལ་བསོད་ནམས་རྒྱས་བྱེད་ནཿ འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ འོད་ཟེར་ཅན་མའི་ཐུགས་རྒྱུད་བསྐུལཿ འོག་པར་འདྲེན་པའི་བཀྲགས་མདངས་བཅུདཿ སྦུབ་ཆུས་དྲངས་བཞིན་བདག་ལ་བསྟིམཿ གཟི་བྱིན་ཉི་ཟླ་ལྟ་བུར་གྱུརཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱརྱ་མ་རི་ཙྱཻ་མཱཾ་སྭཱ་ཧཱཿ ལོག་འདྲེན་འདུལ་ཞིང་ཚེ་བསོད་རྒྱསཿ ཁམས་གསུམ་མ་ལུས་དབང་སྡུད་ནཿ འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ རིག་བྱེད་དབང་མོའི་ཐུགས་རྒྱུད་བསྐུལཿ བརྟན་གཡོའི་དྭངས་བཅུད་མ་ལུས་དང་ཿ ཁྱད་པར་དམིགས་བྱའི་ཚེ་བསོད་དབང་ཿ འོད་དམར་རྣམ་པར་མེར་གྱིས་བསྡུསཿ བདག་ཐིམ་གཟི་བྱིན་འབར་བར་གྱུརཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀུ་རུ་ཀུལླེ་ཧྲིཾ་ཧྲིཾ་ཝཱ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཏག་བཟླས་པས་རང་དབང་འགྱུརཿ ནོར་གྱིས་བང་མཛོད་གང་བྱེད་ནཿ འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ ནོར་རྒྱུན་མ་ཡི་ཐུགས་རྒྱུད་བསྐུལཿ ལྷ་ཀླུ་དྲང་སྲོང་མིའི་ནོར་བུཿ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིསཿ བཀུགས་ནས་བདག་ལ་སྩོལ་བར་གྱུརཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མ་མ་བཱ་སུ་དྷ་རི་སྭཱ་ཧཱཿ ཞེས་བཏགས་བཟླས་པས་དངོས་གྲུབ་ཐོབཿ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམཿ སྒྲུབ་རྫས་བླ་རྡོ་སྲོག་འཁོར་དང་ཿ དམིགས་གནད་དམར་བྱང་གནད་ཡིག་ལསཿ རྟོགས་པར་བྱ་བ་ཁོ་ནའོཿ ས་མ་ཡཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱིཿ སྒྲུབ་ཐབས་རྗེ་བཙུན་མ་ཧཱ་གུ་རུསཿ མངའ་བདག་ཆོས་རྒྱལ་ཡབ་སྲས་ཡཿ བར་ཁང་གཡུ་ཞལ་འབར་བ་རུཿ གདམས་ཏེ་སྙིང་མཛོད་སྒྲོམ་བུར་སྩལཿ སྨོན་ལམ་གཏད་རྒྱའི་མཐུ་བཙན་པོཿ དུས་བབ་ས་ཕོ་སྟག་གི་ལོརཿ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་ཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མསཿ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ཀློང་ཿ ཀློང་གསལ་བརྡ་རིས་ཤོག་དྲིལ་སྤྲོདཿ བརྡ་དོན་གབ་སྦས་མེད་པར་བཀོདཿ བཀའ་སྲུང་གཟའ་བདུད་ཆེན་པོ་ཡིསཿ ཤིན་ཏུ་ཟབ་པའི་གཏེར་གྱི་བཅུདཿ གཡེལ་མེད་སྐྱོངས་ཤིག་ས་མ་ཡཿ ལོ་བདུན་གསང་རྒྱ་བྱས་ནས་གཏན་ལ་ཕབཿ སྙིང་ལས་གཅེས་པའི་གདམས་པའོཿ ༄༅།། ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར།། ཕྱག་གཡས་མཆོག་སྦྱིན་ཨུཏྤལ་དཀར་པོ་དང༌།། གཡོན་པས་མཉམ་གཞག་འཆི་མེད་ཚེ་བུམ་འཛིན།། ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས།། ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོག། ཞབས་གཉིས་དོར་སྟབས་ཞི་ཁྲོའི་ཉམས་དང་ལྡན།། ཞལ་གཅིག་ཟུར་ཞལ་གྱེན་དུ་གཟིགས་པའི་ཚུལ།། ཕྱག་གཉིས་ནོར་བུ་ཉི་ཟླའི་ཞགས་པ་གདེངས།། ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངས།། ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྐྱང་བསྐུམ་བཞུགས།། རྩ་ཕྱག་པདྨ་དམར་པོའི་མདའ་གཞུ་བཀང༌།། ལྷག་མ་རྣམ་གཉིས་ལྕགས་ཀྱུ་ཞགས་པ་གདེངས།། བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང༌།། ཡིད་བཞིན་འདོད་པ་འཇོ་བའི་གཏེར་བུམ་སྟེང༌།། ཞལ་གཅིག་ཕྱག་གཉིས་ཞབས་ཟུང་མཉམ་སྟབས་བཞེངས།། ཕྱག་གཡས་ནོར་བུ་གཡོན་པས་ནེའུ་ལེ་འཛིན།། འཇམ་དབྱངས་མཁྱེན་བརྩེའི་གསུང༌། ༄༅།། ཆོ་ག་གཞན་དང་མ་འབྲེལ་བར་ན་རག་སྐོང་བཤགས་རྐྱང་བ་གཏོང་བའི་ཚེ། ཚིག་བདུན་གསོལ་འདེབས་སོགས་གང་རིགས་སྔོན་དུ་འགྲོ་བས། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁའ་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཡན་ལག་བརྒྱད་པ་ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག། སྡུག་བསྔལ་ཀུན་དང་བྲལ་བར་ཤོག། བདེ་དང་རྟག་ཏུ་མི་འབྲལ་ཞིང༌།། ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག། ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། ཅེས་པ་ལྟ་བུའི་གཉུག་མའི་ལྷ་གང་ཡང་རུང་བར་གསལ་བས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨ། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག ཅེས་མཆོད་པའི་བྱིན་རླབས་སྔགས་དང་རོལ་མོ་བཅས་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀྱི་ཚོགས་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞི་སོགས་ནས་ཕྱག་མཆོད་བཞེསཿ ཞེས་གདངས་དང་བཅས་པའི་མཐར་རོལ་མོ། ཡོན་ཏན་ཕུན་ཚོགས་སོགས་བསྐང་བ་བསྡུས་པའི་བར་གཞུང་ལྟར། མཐར་བླ་མ་ཡི་དམ་སོགས་བསྔོ་སྨོན་དང༌། ཤིས་བརྗོད་ཅི་རིགས་བྱའོ།། ཅེས་པའང་མཁྱེན་བརྩེའི་དབང་པོས་སོ།། མངྒ་ལཾ།། །། སྡུག་བསྔལ་རང་གྲོལ་གྱི་བུམ་སྒྲུབ་ནི། ༄༅།། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བུམ་སྒྲུབ་ནི། ཨོཾ་སྭ་བྷ་ཝས་སྦྱངས། བུམ་པ་མི་དམིགས་སྟོང་པའི་ངང་ཉིད་ལས།། མཚན་ཉིད་ཡོངས་རྫོགས་གཞལ་མེད་ཁང་དབུས་སུ།། ལྷ་ཚོགས་ཀུན་གསལ་ཐུགས་ཀའི་ས་བོན་ལས།། འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར།། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ།། འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ།། དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན།། བབ་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར།། མ་ཎི་ཅི་རིགས༌། མ་ཎི་དབྱངས་གསལ་སྤྲེལ་བར་བཟླ། བྱེ་ཡུངས་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་པའི་ལྷ་རྣམས་ཀྱི་ཐུགས་དམ་ཀྱི་རྒྱུད་བསྐུལ། བདག་དང་ལྷ་རྣམས་ལས་འོད་ཟེར་འཕྲོས། རིགས་དྲུག་གི་གནས་དང་བར་དོ་གང་ན་གནས་པའི་ཚེ་འདས་སམ། དམིགས་ཡུལ་དེའི་ལུས་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སངས་ཀྱིས་དག་ཅིང་བྱང་ནས་རྣམ་པར་ཤེས་པ་རྒྱངས་ཀྱིས་ལྷའི་དཀྱིལ་འཁོར་འདིར་ཕྱུང་ནས་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྐྱེས་པར་ཡང་ཡང་བསྒོམས་ཤིང༌། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དང༌། ཡིག་བརྒྱ། ངན་སོང་སྦྱོང་སྔགས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨཱརྷ་ཏེ་སྨྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎི་བི་ཤུདྡྷེ་སྭཱཧཱ། མི་འཁྲུགས་པའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ། ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཧཱ། རྣམས་ཀྱི་མཐར། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་གྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། སྔགས་བཏབ། ལས་བུམ་ལ་དམིགས་ནས། ལས་བུམ་དུ་ཁྲོ་རྒྱལ་རྟ་མགྲིན་སྐུ་མདོག་དམར་པོ་གཡས་དབྱུག་ཏོ་དང༌། གཡོན་སྡིག་མཛུབ་མཛད་པ་སྐད་ཅིག་གིས་གསལ་བའི་ཐུགས་ཀའི་འོད་ཟེར་འཕྲོས་འདུས་དོན་གཉིས་མཛད། སྐུ་ཡི་ཆ་ཐམས་ཅད་ནས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཅི་རིགས་བཟླས་མཐར། མཆོད་པ་རྒྱས་བསྡུས་གང་འཚམས་ཀྱིས་མཆོད། ལས་གཞུང་གི་བསྟོད་པའི་མཇུག་ཏུ། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང༌།། ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས།། སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམས་པའི་སྐུ།། རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད།། ཡིག་བརྒྱ་བཟླ། ཨོཾ་ཨཱཿཧཱུྃ་ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་བདེ་སྟོང་ཆེན་པོའི་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་དང༌། ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་དོར། ཨོཾ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ།། དེ་ཉིད་དུ་ནི་མཉམ་སྦྱོར་བས།། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ། ཞེས་དང༌། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར།། བདག་གི་སློབ་མ་འཇུག་པར་འཚལ།། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ས་ཏྭ་ས་མ་ཡ༴ སོགས་ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃཿ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ།། སྡུག་བསྔལ་རང་གྲོལ་གྱི་ཚོགས་མཆོད་བསོད་ནམས་དཔལ་སྟེར། ༄༅།། ཀློང་ཆེན་སྙིང་གི་ཐིག་ལེ་ལས། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཚོགས་མཆོད་བསོད་ནམས་དཔལ་སྟེར་བཞུགས་སོ།། ན་མོ་ལོ་ཀི་ཤྭ་ར་ག་ཎ་ཙཀྲ་པཱུ་ཙ་ཧོ། བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང༌།། དོན་གཉིས་ལྷུན་གྲུབ་སྐུ་ལྔའི་བདག་ཉིད་རྗེ།། མཐའ་ཡས་འགྲོ་བའི་སྐྱབས་མགོན་ཐུགས་རྗེའི་གཏེར།། གང་དང་དབྱེར་མེད་འཇིགས་མེད་གླིང་པར་འདུད།། དེ་ཡང་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ནང་སྒྲུབ་རིག་འཛིན་འདུས་པའི་རྗེས་ཀྱི་ལམ་རིམ་རྣམས། གསང་སྒྲུབ་ཐུགས་རྗེ་ཆེན་སྡུག་བསྔལ་རང་གྲོལ་གྱི་གཤམ་དུ་འདོགས་ཚུལ་འདི་བཞིན་རྗེས་ལ་ཚོགས་ལས་ཀྱི་རིམ་པ་ནི།། སྲིད་པའི་འདོད་ཡོན་ཚོགས་སུ་བཤམསཿ ཁྱད་པར་ཤ་ཆང་མེད་མི་རུངཿ ཞེས་གསུངས་པ་བཞིན་བཟའ་བཅའ་བཏུང་བའི་རིགས་རྣམས་སྡིག་དང་མ་འདྲེས་པར་མཐོང་རྒྱུན་ལྟར་ལ། སྐབས་འདིར་ན་རག་སྐོང་བཤགས་བཏང་ནས་དང་པོ་བྱིན་གྱིས་བརླབ་པ་ནི། ཧཱུྃ། བདག་ཉིད་ཐུགས་ལས་རྃ་ཡྃ་ཁྃཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་ཡོན་ནམ་མཁའ་མཉམ་པར་སྤེལཿ རྃ་ཡྃ་ཁྃཿ ཨོཾ་ཨཱཿཧཱུྃཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནིཿ ཧཱུྃཿ འོག་མུན་བདེ་ཆེན་ཞིང་ཁམས་དང་ཿ ལྷོ་ཕྱོགས་རི་བོ་གྲུ་འཛིན་ཞེས།། ཐུགས་རྗེ་ཆེན་པོའི་བཞུགས་གནས་དང༌།། འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནས།། སྡུག་བསྔལ་རང་གྲོལ་ལྷ་ཚོགས་རྣམས།། ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའཿ མཁའ་འགྲོའི་འདུ་བ་བག་རེ་དྲོཿ རྣལ་འབྱོར་ཕོ་མོ་དམ་རེ་གཙང་ཿ འདོད་ཡོན་ཚོགས་མཆོད་མདངས་དང་ལྡནཿ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབཿ མཆོག་དང་ཐུམ་མོང་དངོས་གྲུབ་སྩོལཿ གསུམ་པ་ཚོགས་ཕུད་འབུལ་བ་ནིཿ ཧཱུྃཿ རྩ་གསུམ་ཐུགས་རྗེའི་དཀྱིལ་འཁོར་ལྷ།། འགྲོ་འདུལ་སྤྲུལ་པའི་ལྷ་ཚོགས་ལ།། འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ག་ཎ་ཙ་ཀྲ་པཱུ་ཙཁཱ་ཧིཿ བཞི་པ་བར་བཤགས་ནི། ཧཱུྃཿ བདག་གི་ཚེ་རབས་ཐོག་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ བཛྲ་ས་མ་ཡ་ཨཱཿ ལྔ་པ་བསྒྲལ་ཞིང་བསྟབ་པ་ནིཿ ཧཱུྃཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་ནྲི་ཏྲི་ཛཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧིཿ དྲུག་པ་ལྷག་མ་བསྔོ་བ་ནིཿ ཧཱུྃཿ དཀྱིལ་འཁོར་ཆེན་པོའི་མུ་རན་ལཿ གནས་པའི་དབང་ཕྱུག་གིང་ལངྒ་ཿ ལྷག་མའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཨུཙྪིཥྟ་བྷ་ལིཾཏ་ཁཱ་ཧིཿ བདུན་པ་ཐུགས་དམ་བསྐུལ་བ་ནིཿ ཧཱུྃཿ བཞེངས་ཤིག་སྡུག་བསྔལ་རང་གྲོལ་ལྷ།། ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་སྒྲུབ་པ་བར་ཆར་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ བརྒྱད་པ་ཆད་ཐོ་བྱ་བ་ནིཿ ཧཱུྃཿ སྔོན་ཚེ་འོག་མིན་བདེ་ཆེན་ཞིང་ཿ ལྷ་གནས་གསུམ་སོགས་ཉམས་དགའ་བརཿ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེཿ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམསཿ དམ་ཚིག་གཉན་པོའི་གྲལ་དུ་བཞགཿ བར་དུ་གངས་ཅན་བོད་ཀྱི་ཡུལཿ སློབ་དཔོ་ན་པདྨ་ཐོད་ཕྲེང་གིསཿ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེཿ སྲིད་པའི་ལྷ་སྲིན་ཆེ་དགུ་ཡིཿ སྲོག་སྙིང་ཕྲོགས་ཏེ་རྩིས་སུ་ཕབཿ ཐ་མ་འོད་གསལ་དག་པའི་ཞིང་ཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ རིག་འཛིན་པདྨ་དབང་ཆེན་ལཿ པད་འབྱུང་དྲི་མེད་འོད་ཟེར་གྱིསཿ ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིང་ཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ ཀློང་གསལ་བརྡ་རིས་སྤྲད་པའི་ཚེཿ གཟའ་རྒོད་སྲོག་གི་སྤུ་གྲི་སོགསཿ བཀའ་སྲུང་གཉན་པོས་ཁས་བླངས་བཞིནཿ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལཿ ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོདཿ དགུ་བ་བརྟན་མ་སྐྱོང་བ་ནིཿ ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་ཿ མ་སྲིང་བསྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ མ་མ་ཧྲཱིཾ་ཧྲཱིཾ་བྷ་ལིཾཏ་ཁཱ་ཧིཿ བཅུ་པ་རྟ་བྲོ་བྱ་བ་ནིཿ ཧཱུྃཿ འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟཱཾ་བྷ་ཡ་ནནཿ བཅུ་གཅིག་པ་དངོས་གྲུབ་བླང་བ་ནིཿ ཧཱུྃཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམསཿ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམསཿ རྡོ་རྗེ་སེམས་དཔའི་ནམ་ཡང་ལངསཿ དངོས་གྲུབ་སྩོལ་བའི་དུས་ལ་བབསཿ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ མི་གནས་ཡེ་ཤེས་གསང་བ་མཆོགཿ རྡོ་རྗེ་གསུམ་གྱིས་བྱིན་རློབས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་ཐོབ་པར་སྩོལཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཝཱ་ཀཱ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿ བཅུ་གཉིས་པ་ནོངས་པ་བཤགས་པ་ནིཿ ཧཱུྃཿ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ༴ སོགས་བརྗོདཿ བཅུ་གསུམ་པ་རྫོགས་རིམ་བསྡུ་པ་ནིཿ ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་ཿ བཅུ་བཞི་པ་བསྔོ་སྨོན་མཚམས་སྦྱོར་ནིཿ ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ལན་གསུམཿ བཅོ་ལྔ་པ་བཀྲ་ཤིས་བརྗོད་པ་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ཿ དཀོན་མཆོག་གསུམ་གྱི་བདེན་པ་དང་ཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ དེ་ལྟར་རིག་འཛིན་འདུས་པ་ཡི། རྗེས་སྨིན་ལས་རིམ་ཚང་མ་འདི། སྡུག་བསྔལ་རང་གྲོལ་ཆོ་ག་ཡི།། གཤམ་སུ་སྦྱར་རྒྱུར་རྣལ་འབྱོར་པ།། འཇིགས་མེད་ཕྲིན་ལས་འོད་ཟེར་ལ།། སོག་པོའི་གྲྭ་པ་ཟུང་ཞིག་གིས།། བསྐུལ་ངོར་སྤེལ་བའི་རིམ་པའདི།། སངས་རྒྱས་བཟང་པོས་བྲིས་པའི་དགེས།། འགྲོ་རྣམས་སངས་རྒྱས་ས་ཐོབ་ཤོག། དགེའོ།། སྐོང་བཤགས་རྡོ་རྗེའི་ཐོལ་གླུ་བཞུགསཿ འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ སྐོང་བཤགས་རྡོ་རྗེའི་ཐོལ་གླུ་བཞུགསཿ འུྃཿ ན་མོཿ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབཿ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་ཿ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུཿ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེདཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷཿ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནཿ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམཿ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལཿ བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾཿ ཞེས་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའི་ཚིག་རྐང་རྣམས་ཀྱི་ཚོགས་ཞིང་སྒྲུབ་རྗེས་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཟབ་གསལ་རྡོརྗེའི་ཏིང་ངེ་འཛིན་གྱིས་བརླབ་པ་ནིཿ ཨོཾཿ ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུཿ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངསཿ ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིསཿ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིནཿ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་སྒྱུརཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏདྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ལན་བདུན་བརྗོདཿ ཨཱཿ རང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབསཿ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོང་ཿ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནསཿ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐང་ཿ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡིཿ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོས༔ བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནསཿ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་༴ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལཿ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིང་ཿ དགོངས་བརྡའི་དོན་བརྒྱུད་ཚིག་རྫོགས་སྤྲུལ་པའི་གརཿ སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་༴ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་ཿ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལསཿ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལཿ གཏད་རྒྱ་སྨོན་ལམ་དབང་བརྒྱུད་༴ གདོད་ནས་ཀུན་ཏུ་བཟང་པོ་རང་རིག་ལཿ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དང་ཿ སངས་རྒྱས་གཞན་དུ་བཙལ་བའི་ནོངས་པ་ཀུནཿ དག་ནས་བྱ་རྩོལ་བྲ་བའི་ས་ལ་སྐྱོལཿ ཐེག་པ་རིམ་དགུ་སྤྱིར་སྐོང་བཿ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལཿ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱང་ཿ ཀུན་རྟོག་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིརཿ ཐེག་པ་རིམ་དགུར་ཤར་བའི་ཐུགས་༴ དེ་ལ་ནང་གསེས་ཀྱི་སྡེ་སྣོད་གསུམ་ལསཿ ཉན་ཐོས་འདུལ་བའི་དཀྱིལ་འཁོརཿ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིསཿ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་ཞུགས་ནསཿ བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱིཿ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་༴ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡིཿ བཅས་དང་རང་བཞིན་འགལ་བའི་ཞེས་པ་ཀུནཿ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱིཿ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབསཿ རང་རྒྱལ་མདོ་སྡེའི་དཀྱིལ་འཁོརཿ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་ཿ ཕུང་སོགས་རང་བཞིན་མེད་པར་རྟོགས་པ་དང༌།། རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིཿ རང་རྒྱལ་དཀྱིལ་འཁོར་བཞི་ཡི་༴ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིསཿ བསླབ་པ་མདོ་སྡེའི་སྲུང་མཚམས་ཉམས་པ་ཀུནཿ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་ཿ ཚོགས་དང་བསེ་རུའི་རང་རྒྱལ་དངོས་གྲུབ་རྩོལཿ བྱང་སེམས་མངོན་པའི་དཀྱིལ་འཁོརཿ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངང་ཿ སྙིང་རྗེས་གཞན་དོན་བསྒྲུབ་ལ་ཆེས་དཔའ་ཞིང་ཿ བདེན་གཉིས་ལམ་ཁྱེར་མངོན་པའི་སྡེ་སྣོད་ཀྱིཿ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐང་ཿ སོ་སོར་རྟོག་པའི་ཤེས་རབ་ཏིང་ངེ་འཛིནཿ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དང་ཿ སྙིང་རྗེའི་མྱུ་གུ་བསྐམས་པའི་ནོངས་པ་ཀུནཿ དག་ནས་ཀུན་ཏུ་འོད་ཀྱི་ས་ལ་སྐྱོལཿ གསང་སྔགས་ཕྱི་པའི་རྒྱུད་གསུམ་ལས་བྱ་སྤྱོད་གཉིསཿ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིང་ཿ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་བསྒྲུབ༔ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱིཿ དཀྱིལ་འཁོར་དྲུག་གི་ལྷ་ཚོགས་ཐུགས་དམ་བསྐང་ཿ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལཿ ཆ་མཉམ་སྤྱོད་པས་མ་ནིང་ཐེག་པ་སྟེཿ མངོན་བྱང་ལྔ་ཡི་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབཿ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་༴ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དང་ཿ ཕྲག་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམ་བརྒྱད་ཀྱིཿ ཐུན་མོང་དངོས་གྲུབ་མཛད་མེད་ཆར་དུ་སྙིལཿ ཡོ་ག་རྣལ་འབྱོར་རྒྱུདཿ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡིཿ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགསཿ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེསཿ ལིང་ཚེ་དགུ་ལྡན་ཡོ་གའི་ཐུགས་དམ་བསྐང་ཿ བདག་དང་ལྷ་ལ་བཟང་ངན་བལྟས་པ་དང་ཿ བསྙེན་སྒྲུབ་མཆོད་པ་སྦྱིན་སྲེག་ཆག་པ་དང་ཿ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུནཿ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལཿ བླ་མེད་གསང་སྔགས་ནང་པའི་རྒྱུད་གསུམ་ལས་མ་ཧཱ་ཡོ་གཿ བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབསཿ བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུཿ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགསཿ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་༴ ཤེས་བྱ་ལྔ་དང་མི་སྤང་དང་དུ་བླང་ཿ སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔ་ཿ གསང་བཅུ་ལ་སོགས་ཉམས་ཆགས་སྡིག་སྒྲིབ་ཀུནཿ བཤགས་སོ་རིག་འཛིན་རྣམས་བཞིའི་ས་ལ་སྐྱོལཿ ལུང་ཨ་ནུ་ཡོ་གཿ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནང་ཿ རྩ་གསུམ་འཁོར་ལོ་ལྔ་ཡིའཇའ་ཟེར་སྦུབསཿ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལཿ ཨ་ནུ་ཡོ་གའི་དཀྱིལ་འཁོར་ཐུགས་༴ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དང་ཿ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གིཿ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུཿ ལྷན་སྐྱེས་བདེ་བ་ཆེན་པོའི་ས་ལ་སྐྱོལཿ འོད་གསལ་རྫོགས་པ་ཆེན་པོཿ ཤེས་རིག་ཟང་ཐལ་གཉུག་མའི་གཞལ་ཡས་སུཿ ཡེ་གདངས་སྒྲོན་དྲུག་་སྒྲོན་བཞིའི་སྟེང་བར་དོའི་དུས་ཀྱི་སྒྲོན་མ་ནི་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་བ་ངོ་ཤེས་པས་གདོད་མའི་སར་སྐྱེལ་བའོ།། མཐར་ཐུག་འབྲས་བུའི་སྒྲོན་མ་ནི་ཡེ་ཤེས་དབྱིངས་སུ་འཁྱིལ་བ་གཞོན་ནུ་བུམ་པའི་སྐུའི་ཞིང་ན་བཙན་ས་ཟིན་པའོ།། འཇའ་ཟེར་ཐིག་ལེའི་ཀློང་ཿ རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷཿ ཞལ་ཕྱག་འཛིན་པ་དག་པའི་ཐུགས་༴ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིསཿ གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངསཿ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལཿ རྩ་གསུམ་ཌཱཀྐི་དམ་ཅན་སྤྱིར་སྒོས་སུཿ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློང་ཿ ཐ་དད་རིག་པས་བཏགས་པའི་སྲིད་ཞིའི་མགྲོནཿ རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དང་ཿ སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལཿ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙཿ ཟུང་འཇུག་ཐུགས་རྗེ་བཛྲ་ས་དྷུ་སོགས།། སྙིང་ཐིག་གཉན་པོའི་བཀའ་སྲུང་ཐམས་ཅད་དང་ཿ ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིང་ཿ འ་ཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལཿ གསེར་གླིང་རྔ་ཡབ་ལངྒའི་གླིང་ཕྲན་དང་ཿ རྒྱ་ནག་ལྗོངས་ཡུལ་གེ་སར་དམག་གི་གླིང་ཿ ཙཱ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངསཿ མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་ཿ མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལཿ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོཿ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉནཿ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱིཿ ཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལཿ གནས་པའི་དཔའ་བོ་ཌཱཀྐི་ཆོས་སྲུང་ཚོགསཿ ཞལ་ནས་གསུངས་དང་རྗེས་སུ་གནང་བ་དང་ཿ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དང་ཿ ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགས༔ གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིང་ཿ དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའིཿ དམ་ཅན་ཌཱ་ཀྐི་བསྟན་སྲུང་རྒྱ་མཚོ་ཡིཿ ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པཿ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོནཿ རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབསཿ འཁོར་འདས་རོ་རྐྱང་ཟུག་འཇུག་ཕྱག་རྒྱ་ཆེརཿ སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའིཿ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལསཿ གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེརཿ བློ་བྲལ་ཐུགས་ཕྲད་ཤེས་པའི་ངོ་བོ་རུཿ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགསཿ སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུནཿ རིག་སྟོང་རྗེན་པར་གྲོལ་བའི་འདོད་ཡོན་ལྔཿ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གརཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་བསྐྱིལཿ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་པཱ་ལརཿ དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲགཿ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏཿ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔཿ ཉི་ཟླའི་དྭངས་མ་རྩ་བརྒྱད་ཡན་ལག་སྟོང་ཿ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུནཿ འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལཿ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློང་ཿ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལཿ བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གརཿ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫསཿ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལཿ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིསཿ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱག་རྒྱ་དང་ཿ ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལཿ སྨོན་འཇུག་སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོནཿ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་ལཿ མ་ཉེས་ཁ་ཡོགས་ཅལ་སྒྲོག་ངན་སྦྱོར་གཤོམཿ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡིཿ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུང་ཿ མཐོན་མཐིང་རལ་པའི་གླེགས་བམ་མན་ཆད་ནསཿ བདོག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆད་དུཿ མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫསཿ རྩ་གསུམ་དམ་ཅན་ཌཱ་ཀྐིའི་བླ་རྡོར་འབུལཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིརཿ སྟག་མོ་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེཿ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགསཿ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡིཿ ཕྲ་རགས་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅནཿ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློང་ཿ འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོགཿ ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལཿ བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལསཿ འབྱུང་པའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམསཿ འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོགཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུནཿ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིསཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནསཿ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ གུ་ཧྱཿ དྷ་ཐིམཿ གང་འདི་འོག་མིན་དཔལ་གྱི་མཆིམས་ཕུ་ཡིཿ མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་པ་རུཿ བྷུ་སུ་ཀུ་པ་མཁྱེན་རྩེའི་འོད་ཟེར་དེཿ གཅིག་པུར་སྙིང་པོའི་སྒྲུབ་ལ་གཞོལ་བའི་སྐབསཿ རྣམ་གནོན་ལྕགས་འབྲུག་ཟླ་བ་ཤར་བའི་མགོརཿ བདག་ཅག་སྟོན་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱིཿ རྒྱལ་པོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ཏེཿ མཆོད་ཅིང་བསྙེན་བསྐུར་ཞུས་པའི་དུས་ཆེན་ཉིནཿ སྒྲུབ་པ་སྙིང་པོར་བྱེད་པའི་ཆ་རྐྱེན་དུཿ ཡུལ་གྱི་རྟེན་འབྲེལ་དག་པས་མཚམས་སྦྱར་ཏེཿ དག་པ་ཡེ་ཤེས་རིག་པའི་ངོར་ཤར་བཞིནཿ ཀློང་ཆེན་དགོངས་པའི་གསང་མཛོད་ནས་ཕྱུངས་ཏེཿ བརྡ་ཚིག་ཡི་གེའི་ལམ་དུ་སྣང་བར་བྱསཿ བྱ་སླ་ཁྱེར་བདེ་ཟབ་མོའི་གནད་ཀུན་ཚང་ཿ ཉམས་ཆགས་སྡིག་སྒྲིབ་དག་ཅིང་ཐུགས་དམ་བསྐང་ཿ འཕྲལ་རྐྱེན་རྟེན་འབྲེལ་ངན་པ་བཟློག་པར་ནུསཿ བསམ་དོན་ཡིད་བཞིན་འགྲུབ་ཅིང་དངོས་གྲུབ་ཐོབཿ དེ་ཕྱིར་འདི་ནི་ཨུ་པ་དེ་ཤ་སྟེཿ བདག་རྗེས་འབྲང་བ་རྣམས་ཀྱིས་དང་དུ་ལོངསཿ སྙིང་ཐིག་གཉེན་པོའི་བཀའ་སྲུང་རྣམས་ལ་གཏདཿ སྐལ་མེད་ལོག་ལྟ་ཅན་ལ་ཨ་ཐཾ་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྗོད་མེད་དོན་གྱི་བཤགས་པ་ཞེས་བྱ་བ་བཞུགས་སོ།། ༄༅།། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི།། ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌།། ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ།། འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ།། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ།། བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ།། ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི།། ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི།། ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས།། མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ།། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད།། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ།། རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས།། གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག། སེམས་ཀྱི་རང་བཞིན་ཆོས་ཉིད་ནམ་མཁའ་ཆེ།། ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༌།། རྣལ་འབྱོར་ཉིད་དབྱིངས་སྨར་བསམ་བརྗོད་ལས་འདས།། མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད།། ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ།། ཕྱི་ནང་གསང་བའི་དཀྱིལ་འཁོར་བཀོད་པ་ནི།། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས།། བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས།། གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མའི།། མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ལ།། གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༌།། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོ་སྐུ།། ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ།། འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི།། བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༌།། བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས།། རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག། རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ།། གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི།། ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་རྣམས།། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས།། ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི།། ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས།། དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ།། ཧཱུྃ། ཐུགས་རྗེའི་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ།། བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར།། བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༌།། སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག། རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར།། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས།། སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ།། ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ།། དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༌།། གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས།། ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༌།། ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ།། སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས།། ཚོར་དང་མ་ཚོར་མ་རིག་དབང་གིས་ན།། སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ།། རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༌། སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས།། བཀའ་ལས་བྱུང་ཞིང་དེ་ལྟར་མ་རྟོགས་ཏེ།། གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༌།། མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ།། ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༌།། ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༌།། ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས།། ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ།། ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས།། རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༌།། གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ།། མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང༌།། གཉིས་མེད་དོན་གྱི་ཚངས་པ་སྩལ་ཏུ་གསོལ།། དོན་དམ་དམིགས་མེད་སྤྲོས་ལས་འདས་པ་ལ།། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ།། ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན།། ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ།། ཞེས་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པའི་ལེའུ་བཞི་པ་ཁོལ་དུ་ཕྱུངས་པའོ།། །། སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས། ༄༅།། བླ་མ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་བྱེད་པར་འདོད་ན། བསྐང་རྫས་ཀྱི་དངོས་པོ་བཤམས། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་མཆོག་གི། འདྲེན་པ་འོད་དཔག་མེད་ཀྱི་ཐུགས་རྗེ་ལས།། སྤྲུལ་མཛད་འཕགས་མཆོག་སྡུག་བསྔལ་རང་གྲོལ་ལྷ།། བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ།། སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས།། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།། ཕྱི་ནང་གསང་བའི་མཆོད་ཚོགས་དཔག་མེད་འབུལ།། ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ཞིང་བཤགས།། འཁོར་འདས་དགེ་ཚོགས་ཀུན་ལ་རྗེས་ཡི་རང༌།། སྡུག་བསྔལ་རང་གྲོལ་ཆོས་འཁོར་བསྐོར་བར་བསྐུལ།། རྟག་ཏུ་འགྲོ་དོན་མཛད་པར་གསོལ་བ་འདེབས།། ཚད་མེད་རྣམ་བཞིའི་དགེ་ཚོགས་འགྲོ་ལ་བསྔོ།། ཞེས་བརྗོད་ཅིང་བསྐང་བ་དངོས་ལ་འཇུག་པ་ནི། ཧྲཱིཿ འཇིག་རྟེན་ཁམས་ཀྱི་དག་བྱེད་ཆེ་ཆུང་ཆབ།། ཆུ་དང་ཐང་སྐྱེས་མེ་ཏོག་སྣ་ཚོགས་རིགས།། རང་བཞིན་ངད་ལྡན་སྤོས་དང་སྦྱར་སྤོས་རིགས།། མུན་པ་སེལ་བྱེད་ཉི་ཟླ་སྒྲོན་མེ་སོགས།། བཟང་པོའི་དྲི་ལྡན་གཙང་ཆབ་སྦྱར་བའི་དྲི།། བཟའ་བཅའ་ལྡག་གཞིབ་ལྷ་མིའི་ཞལ་ཟས་རིགས།། འབུལ་དཀྲོལ་སྙན་འཇེབས་རོལ་མོའི་ཚོགས་རྣམས་ཀྱིས།། སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང༌།། རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང༌།། འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང༌།། སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང༌།། ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི།། དམ་ཚིག་ཉམས་ཆགས་ཉེས་ལྟུང་ཡོངས་དག་ནས།། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང༌།། ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་གྲུབ་མཛོད།། ཧྲཱིཿ མིག་ཤེས་འཇུག་ཡུལ་གཟུགས་རྣམས་ཐམས་ཅད་དང༌།། སྒྲ་འཛིན་ལམ་དུ་གྲགས་པ་སྒྲ་ཡི་རིགས།། དྲི་འཛིན་ཤེས་ངོར་སྣང་བའི་སྣ་ཚོགས་དྲི།། སྣ་ཚོགས་རོ་དང་རེག་བྱ་ཆོས་སོགས་ཀྱིས།། སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང༌།། རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང༌།། འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང༌།། སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང༌།། ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི།། དམ་ཚིག་ཉམས་ཆགས་ཉེས་ལྟུང་ཡོངས་དག་ནས།། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང༌།། ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་གྲུབ་མཛོད།། ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་མཆོག་དང༌།། རྒྱུ་དྲུག་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ།། རོ་མཆོག་བརྒྱ་དང་ལྡན་པའི་བྷ་ལིཾཏ་།། བདེ་སྟོང་སྦྱོར་དང་རྟོག་ཚོགས་ཀུན་བསྒྲལ་བས།། སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང༌།། རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང༌།། འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང༌།། སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང༌།། ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི།། དམ་ཚིག་ཉམས་ཆགས་ཉེས་ལྟུང་ཡོངས་དག་ནས།། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང༌།། ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་གྲུབ་མཛོད།། ཧྲཱིཿ གཞན་ཡང་མཆོད་རྫས་བསྐང་རྫས་བསྒྲུབས་རྫས་སོགས།། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ།། མཐའ་ཡས་འགྲོ་བའི་ཚོགས་བསགས་སྒྲིབ་སྦྱང་ཕྱིར།། བསྐང་བྱ་སྐོང་བྱེད་དངོས་འཛིན་རྣམ་དག་པས།། སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཐུགས་དམ་བསྐང༌།། རིགས་བདག་འཆི་མེད་མགོན་པོའི་ཐུགས་དམ་བསྐང༌།། འཁོར་གྱི་ལྷ་མོ་རྣམ་བཞིའི་ཐུགས་དམ་བསྐང༌།། སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང༌།། ཐུགས་དམ་བསྐང་ངོ་ཕྱི་ནང་གསང་བ་ཡི།། དམ་ཚིག་ཉམས་ཆགས་ཉེས་ལྟུང་ཡོངས་དག་ནས།། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང༌།། ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཡོངས་གྲུབ་མཛོད།། ཧྲཱིཿ དེ་ལྟར་བསྐངས་ཞིང་བཤགས་པའི་མཐུ་སྟོབས་ཀྱིས།། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི།། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཡོངས་བྱང་ཞིང༌།། ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཟློག། སྔ་འགྱུར་བསྟན་ལ་འཁུ་བའི་ལོག་འདྲེན་རིགས།། རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས།། ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང༌།། རྡོ་རྗེ་ཐེག་པ་དར་ཞིང་རྒྱས་པར་མཛོད།། དེ་ལྟར་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྐང་བཤགས་འདོད་དགུ་ལྷུན་གྲུབ་འདི་ཉིད་དད་ལྡན་ཤེས་རབ་བསྟན་འཛིན་གྱིས་བསྐུལ་ངོར། རྡོ་བླས་ཇི་ལྟར་སྨྲས་བཞིན་ཀུན་བཟང་འཆི་མེད་ཀྱིས་བྲིས་པའི་དགེ་བས་འགྲོ་རྣམས་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག དགེའོ།། །། ༄༅༅།། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུཾ་ཕཊཿ ཨོཾ་སྭ་བྷ་བ་ཤུདྡྷཿསརྦ་དྷརྨཿ སྭ་བྷ་བ་ཤུདྡྷོ྅ཧཾཿ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ནྲི་ཡོངས་སུ་གྱུར་པ་ལས་ཚེ་འདས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་དུས་ཀྱི་གནས་སྐབས་ཇི་ལྟ་བར་གྱུར། ཧྲཱིཿ བདག་ཉིད་ཐུགས་རྗེ་ཆེན་པོའི་སོགས། སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་། ༄༅།། ཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་བཞུགས་སོ།། ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡེ། རྒྱལ་ཀུན་བྱམས་བརྩེའི་རྣམ་རོལ་སྤྱན་རས་གཟིགས།། གང་དང་རྣམ་དབྱེར་མ་མཆིས་མཁྱེན་བརྩེའི་ལྷ།། སྙིང་དབུས་དད་བརྒྱའི་པདྨོའི་གེ་སར་སྟེང༌།། འབྲལ་མེད་རྟག་པར་བཞུགས་ལ་བྱིན་གྱིས་རློབས།། དེ་ཡང་གཤིན་པོ་རིགས་དྲུག་གྲོང་ཁྱེར་ནས།། བདེ་ཆེན་ཐར་པའི་གོ་སར་དབུགས་དབྱུང་ཕྱིར།། གནས་འདྲེན་ཆོ་ག་རྣམ་གྲོལ་ལམ་བཟང་མཆོག། སྤེལ་ལ་ཕྱག་ན་པདྨོས་བྱིན་ནུས་སྩོལ།། དེ་ལ་ཐོག་མར་སྡུག་བསྔལ་རང་གྲོལ་གྱི།། ཆོ་ག་དཀྱུས་བཞིན་འཛབ་བཟླས་བསྟོད་པ་བཅས།། གྲུབ་རྗེས་རིགས་དྲུག་དལ་དུ་ཐུབ་དྲུག་དང༌།། ས་བོན་དྲུག་བཀོད་གཞན་ཡང་སྦྱོང་ཆས་དང༌།། རིགས་དྲུག་སོ་སོའི་ལན་ཆགས་གཏོར་མ་དྲུག། ཁྲུས་བུམ་དབང་རྫས་གཞུང་ལྟར་ལེགས་བཀོད་ནས།། གཤིན་གྱི་མིང་བྱང་ཆས་ལྡན་ཟས་བསྔོའི་རྫས།། མ་ཚང་མེད་པར་འདུ་བྱ་བཤམས་ཏེ་བཞག། དེ་ནས་བྱམས་བརྩེའི་ངང་ནས་འདི་བཞིན་བརྗོད། ཧྲཱིཿ བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི།། ཐུགས་ཀའི་ཧྲཱིཿལས་འོད་ཟེར་རབ་འཕྲོས་པས།། ཚེ་འདས་རྣམ་ཤེས་འཇིག་རྟེན་བདུན་པོའི་ཡུལ།། གང་ལ་གནས་ཀྱང་བཀུག་སྟེ་གཟུགས་ལ་བསྟིམ།། ཞེས་བསམ་ཏིང་འཛིན་ཡེངས་མེད་སྟོབས་ཀྱིས་བཀུག ན་མོ། མཆོག་གསུམ་རྩ་གསུམ་ཀུན་འདུས་ཐུགས་རྗེའི་ལྷ།། སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་གི། བདེན་པའི་སྟོབས་ཀྱིས་ཚེ་འདས་རྣམ་ཤེས་དེཿ མྱུར་བ་ཉིད་དུ་མཚན་བྱང་འདི་ལ་ཁུག། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་ལས་འདས་པ་ཨཾ་ཀུ་ཤཱ་ཡ་ཛ་ཛཿ མདུན་དུ་དུལ་བའི་ཚུལ་གྱིས་བག་ཕེབས་གྱུར། ཧྲཱིཿ འདི་སྣང་ལས་ཐར་ཚེ་འདས་ཁྱོད་ཉོན་ཅིག། རིགས་དྲུག་གར་སྐྱེས་སྡུག་བསྔལ་འཛིན་ཁྲིའི་གནས།། དེ་ལས་འདོན་ཕྱིར་གཟུགས་མིང་ཡིད་ཆགས་རྫས།། སྒོ་གསུམ་རྟེན་རྫས་འདི་ལ་བརྟན་པར་བཞུགས།། ནྲྀཿཛཿཧཱུྃ་བཾ་ཧོཿ ཏིཥྛནྟུ། ཞེས་བརྗོད་བརྟན་པར་བཞུགས་ནས་ཆོས་ཉན་མོས། བགེགས་གཏོར་བསང་སྦྱངས་བྱིན་རླབས་སྔོན་འགྲོ་བྱ། ཧྲཱིཿ འཁོར་བར་འཁོར་ཚེ་ལན་ཆགས་ཤ་མཁོན་རྒྱུས།། བསྐྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དང༌།། དབུགས་ལེན་གཤིན་དུ་བརྫུ་བའི་རིགས་རྣམས་ཀུན།། གླུད་འདི་ལོངས་ལ་གཞན་དུ་དེངས་ཤིག་ཕཊ།། ཚམ་རྔམ་དྲག་པོས་གཏོར་མ་ཕྱིར་བཏང་ཞིང༌། ཧཱུྃ་བཞིའི་སྔགས་དང་དྲག་སྔགས་སོ་ལྔའི་བཤམ། ཟ་འདྲེ་ཤི་གཤེད་ཐམས་ཅད་ཨུ་ཙཎྚ་ཡ་མཱ་ར་ཡ་ཕཊཿ ཅེས་བརྗོད་གཤིན་འདྲེ་བྲལ་བའི་མོས་པ་དང༌། ཚེ་འདས་སྒོ་གསུམ་གུས་པས་འདི་སྐད་ཅེས། ཞུ་ཞིང་གསོལ་བ་འདེབས་པའི་དམིགས་འདུན་གྱིས། ཧོཿ སྐྱབས་གནས་ཀུན་འདུས་བླ་མ་སྤྱན་རས་གཟིགས།། སྐྱབས་མེད་བདག་སོགས་ཐུགས་རྗེས་སྐྱབ་ཏུ་གསོལ།། རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས།། བསྒྲལ་ནས་ཐར་པའི་སྐམ་སར་དྲང་དུ་གསོལ།། ལན་གསུམ་ཞུ་རྗེས་བླ་མ་ཡིས། ཧཱུྃཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ།། ཐོབ་དཀའི་མི་ལུས་ཐོབ་ལགས་ཀྱང༌།། མི་རྟག་འཆི་བ་དབང་བཙན་པས།། རྣམ་ཤེས་ཕ་རོལ་གནས་སུ་འཁྱམས།། འདུས་བྱས་གཟུགས་ཕུང་ཤུལ་དུ་ལུས།། ལས་ངན་བག་ཆགས་རླུང་གིས་བསྒྲུབ།། དཀར་ནག་རྣམ་སྨིན་སྔོན་ནས་བསྒུགས།། གཤིན་རྗེའི་ཕོ་ཉས་དབང་མེད་ཁྲིད།། མི་འདོད་ངན་སོང་གླིང་གསུམ་སྙོགས།། སྡུག་བསྔལ་བཟོད་དཀའ་ཡ་རེ་ང༌།། དེ་དག་རང་བྱས་ལས་འབྲས་ཡིན།། དོན་ལ་རང་སྣང་མཐུ་བརྟས་པས།། ཐོ་ཡོར་མི་དང་ཐག་ཁྲར་སྦྲུལ།། འཁྲུལ་ངོར་སྣང་བཞིན་ཤེས་མཛོད་ལ།། རང་རིག་ཡེངས་མེད་ངང་ཉིད་ལས།། ལྷ་དང་བླ་མར་གསོལ་བ་ཐོབ།། ལན་གསུམ་བརྗོད་ཅིང་ཚེ་འདས་ཀྱིས། བརྗོད་པར་བསམས་རྗེས་ཨ་དརྴར། མཚན་བྱང་ཤར་བ་བཀྲུ་བྱ་ཞིང༌། ཧཱུྃཿ འདི་ནི་བྱམས་དང་བརྩེ་བའི་འཕྲུལ།། སྤྲུལ་སྐུའི་རོལ་རྩལ་ཆུ་རྒྱུན་གྱིས།། ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི།། མ་དག་སྒྲིབ་ཚོགས་དག་གྱུར་ཅིག། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདི་ནི་ལྷུན་གྲུབ་དབྱིངས་སྣང་རྩལ།། འགགས་མེད་ལོངས་སྐུའི་ཆུ་རྒྱུན་གྱིས།། ཁྱོད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི།། མ་དག་སྒྲིབ་ཚོགས་དག་གྱུར་ཅིག། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདི་ནི་ཀ་དག་སྤྲོས་བྲལ་གདངས།། གཞོན་ནུ་བུམ་སྐུའི་ཆུ་རྒྱུན་གྱིས།། ཁྱོད་ཀྱི་ལྷན་སྐྱེས་ཀུན་བརྟགས་ཀྱིས།། མ་དག་སྒྲིབ་ཚོགས་དག་གྱུར་ཅིག། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བུདྡྷུ་ཛྙཱ་ན་དྷརྨ་དྷརྟུ་ཨཱཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། དེ་ལྟར་སྔགས་གསུམ་བཟླས་པ་དང༌། ཆབས་ཅིག་ལས་བུམ་ཆུ་ཡིས་བཀྲུ། དེ་ནས་དུག་དབྱུང་བྱ་བ་ནི། ཧཱུྃ། མ་རིག་རྩལ་སྣང་འོད་ལྔ་པོ།། བདག་གིར་བཟུང་ལ་རབ་འཐས་པས།། ཕྱི་ནང་འབྱུང་བ་ལྔ་ཕྲག་ཟུང༌།། དུག་ལྔའི་སྐྱེ་མཆེད་སྐྱེ་ཡུལ་གྱི།། ཕ་མ་ཇི་བཞིན་གྱུར་པའི་དུག།། ལྷ་སྔགས་ཏིང་འཛིན་རོལ་རྩལ་གྱིས།། དུག་ཕྱུང་དུག་ལྔའི་སྒྲིབ་ཚོགས་ཀུན།། འབྱུང་བ་སོ་སོའི་དབྱིངས་སུ་དག། དུག་འཛིན་མཁའ་ལྟར་སྟོང་གྱུར་ཅིག། བྱེ་མ་བྲབ་ལ་ཡིག་དྲུག་མཐར།། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། གོང་གི་ཁྲུས་སྔགས་གསུམ་པོ་དང༌། འོག་གི་དུག་སྦྱང་སྔགས་དང་བཅས། སོ་སོའི་སྐབས་སུ་གསུམ་གསུམ་བཟླ། དེ་ནས་རིགས་དྲུག་གནས་འདྲེན་ནི། མཚན་བྱང་རིམ་བཞིན་སྤོ་བ་དང༌། གཏོར་མ་དྲུག་ཀྱང་བཤམས་ནས་སུ། འགྲོ་དྲུག་རིགས་ལ་རིམ་བཞིན་འབུལ། དང་པོ་དམྱལ་བའི་སྒྲིབ་སྦྱང་ནི།། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི།། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར།། ཚེ་འདས་ཞེ་སྡང་ལས་བསགས་པའི།། ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ།། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བརྗོད་གཏོར་མ་བསྔོ་འཕྲལ་དུ། དམྱལ་བའི་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ། ཞེ་སྡང་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ།། དམྱལ་བའི་ཐུབ་པ་མེ་ཆུའི་ཕྱག་མཚན་བསྣམས།། ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས།། མི་བསྐྱོད་རྡོ་རྗེའི་གསང་གསུམ་དབང་ཐོབ་ཤོག། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་རཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཅེས་བརྗོད་ཚེ་འདས་ཀྱི་སེམས་དང་རང་གི་སེམས།། བསྲེ་བཞིན་དམྱལ་བ་དོང་ནས་སྤྲུགས་པར་བསམ་ཞིང༌། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ།། སེམས་ཉིད་བདག་མེད་བདག་ཏུ་བཟུང་སྐྱོན་དང༌།། སྣང་བ་གཞན་མེད་གཞན་བཟུང་སྡང་ཞེན་འབྲས།། ཚ་གྲང་དམྱལ་བའི་སྣོད་བཅུད་ཞེ་རེ་འཇིགས།། དོན་ལ་རང་སེམས་འཁྲུལ་པ་ཡིན་པའི་ཕྱིར།། འཁྲུལ་སྣང་རྨི་ལམ་སད་པའི་གནས་སྐབས་ལྟར།། ཤེས་པར་གྱིས་ལ་དམྱལ་གནས་སྤང་བར་མཛོད།། ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང༌། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི།། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར།། ཚེ་འདས་སེར་སྣས་ལས་བསགས་པའི།། ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ།། ན་མ་ཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོ་ཁ་འབར་དབང་བསྐུར་བ། ཧཱུྃ། སེར་སྣ་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ།། ཡི་དྭགས་ཐུབ་པ་སྒྲོམ་བུའི་ཕྱག་མཚན་ཅན།། ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས།། སྣང་བ་མཐའ་ཡས་གསང་གསུམ་དབང་ཐོབ་ཤོག། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཅེས་བརྗོད་ཡི་དྭགས་འཁོར་བ་དོང་སྤྲུངས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ།། བདག་མེད་རྣམ་གཉིས་མ་རྟོགས་འཁྲུལ་དབང་གིས།། སེར་སྣའི་ལས་བསགས་ཡི་དྭགས་ཡུལ་དུ་སྐྱེས།། བཀྲེས་སྐོམ་སྡུག་བསྔལ་བཟོད་དཀའ་ཡ་རེ་ང༌། དེ་ཡང་རྨི་ལམ་སྐབས་ལྟར་ཤེས་མཛོད་ལ།། པྲེ་ཏའི་ཡུལ་སྤོང་ཐར་ལམ་ཞིང་ཁམས་སྙོགས།། ཞེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང༌། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི།། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར།། ཚེ་འདས་བཀོལ་སྤྱོད་ལས་བསགས་པའི།། ལན་ཆགས་ཤ་མཁོན་སྦྱང་སྤྱིར་བསྔོ།། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་སཾ་བྷ་ར་ཧཱུྃ། ཞེས་བསྔོ་དུད་འགྲོའི་ཐུབ་པའི་དབང་བསྐུར་བ། ཧཱུྃ། གཏི་མུག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ།། དུད་འགྲོའི་ཐུབ་པ་པོ་ཏིའི་ཕྱག་མཚན་ཅན།། ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས།། རྣམ་པར་སྣང་མཛད་གསང་གསུམ་དབང་ཐོབ་ཤོག། ཨོཾ་མི་ནེ་བྲེཾ་སྭཱ་ཧཱ། ཨོཾ་མ་ཐཱ་མ་ཐཱ་སརྦ་ཏིརྱ་ཀ་ག་ཏེ་ཧཱུྃ་ཕཊ། ཅེས་བརྗོད་དུད་འགྲོའི་མཁོར་བ་དོང་སྤྲུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ།། རང་ངོ་མ་ཤེས་རྨོངས་པའི་ལས་ལས་དབང་གིས།། བྱོལ་སོང་ཡུལ་སྐྱེས་གཏི་མུག་ལས་ལ་སྤྱོད།། བཀོལ་སྤྱོད་སྡུག་བསྔལ་བཟོད་བཀའ་བག་རེ་གྲང༌།། དེ་ཡང་ཐག་ཁྲར་སྤྲུལ་འཛིན་ལས་ལྡོག་ལྟར།། དུད་འགྲོའི་ཡུལ་སྤོང་ཡང་དག་ལམ་དུ་ཤོག། ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང༌།། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི།། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར།། ཚེ་འདས་འཐབ་རྩོད་ལས་བསགས་པའི།། ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ།། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོ་ལྷ་མིན་ཐུབ་པའི་དབང༌། ཧཱུྃ། ཕྲག་དོག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ།། ལྷ་མིན་ཐུབ་པའི་རལ་གྲི་གོ་ཆ་འཛིན།། ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས།། དོན་ཡོད་གྲུབ་པའི་གསང་གསུམ་དབང་ཐོབ་ཤོག། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་བི་དན་ཁ་ཏ་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཅེས་བརྗོད་ལྷ་མིན་འཁོར་བ་དོང་སྤྲུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ།། ལྷན་སྐྱེས་ཀུན་བརྟགས་མཐུ་བརྟས་རྒྱུ་རྐྱེན་གྱི།། ཕྲག་དོག་འཁོན་འཛིན་ལས་ཀྱིས་འཕངས་པའི་འགྲོ།། ལྷ་མིན་ཡུལ་སྐྱེས་འཐབ་རྩོད་བཟོད་དཀའ་ཡང༌།། ལ་ཁའི་ཐོ་ཡོར་མིར་འཁྲུལ་སངས་པ་བཞིན།། ལྷ་མིན་ཡུལ་སྤོང་རྣམ་དག་ཞིང་ཁམས་སྙོགས།། ཞེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང༌། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི།། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར།། ཚེ་འདས་ང་རྒྱལ་ལས་བསགས་པའི།། ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ།། ན་མཿ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོ་ལྷ་ཡི་ཐུབ་པའི་དབང༌། ཧཱུྃ། ང་རྒྱལ་རྣམ་དག་འགྲོ་འདུལ་སྤྲུལ་བའི་སྐུ།། ལྷ་ཡི་ཐུབ་པ་པི་ཝང་ཕྱག་མཚན་ཅན།། ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས།། རིན་ཆེན་འབྱུང་ལྡན་གསང་གསུམ་དབང་ཐོབ་ཤོག། ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨོཾ་སརྦ་སུ་ཁ་སརྦ་ཀརྨ་ཚིནྡྷ་ཚིནྡྷ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལྷའི་འཁོར་བ་དོང་སྤྲུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ།། ཀུན་གཞིའི་རྣམ་ཤེས་གཞན་དབང་གྱུར་པ་ཡིས།། ང་རྒྱལ་ཁེངས་སེམས་ལས་ལ་སྤྱོད་འབྲས་ཀྱིས།། ལྷ་ཡུལ་སྐྱེས་ནས་འཕོ་ལྟུང་ལ་སོགས་ཀྱི།། སྡུག་བསྔལ་བརྣག་པར་དཀའ་ཡང་སྒྱུ་མའི་འཕྲུལ།། ཞིག་ལྟའི་ལྷ་ཡུལ་འཛིན་པ་སྤོང་མཛོད་ལ།། རྣམ་མཁྱེན་ཡང་དག་ལམ་དུ་འདོངས་པར་གྱིས།། ཞེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང༌། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི།། གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར།། ཚེ་འདས་དུག་ལྔ་སྤྱི་དང་ནི།། ཁྱད་པར་འདོད་ཆགས་ལས་བསགས་པའི།། ལན་ཆགས་ཤ་མཁོན་སྦྱངས་ཕྱི་བསྔོ།། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོ་ཤཱཀྱ་ཐུབ་པའི་དབང༌། ཧཱུྃ། འདོད་ཆགས་རྣམ་དག་འགྲོ་འདུལ་སྤྲུལ་བའི་སྐུ།། མི་ཡི་ཐུབ་པ་གསེག་གཤང་ལྷུང་བཟེད་བསྣམས།། ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། ཐུགས་རྗེ་ཆེན་པོའི་གསང་གསུམ་དབང་ཐོབ་ཤོག། ཨོཾ་མི་ནེ་སུཾ་སྭཱ་ཧཱ། ཨོཾ་ནྲྀ་བི་ཤ་མུ་ཥ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཞེས་བརྗོད་མི་ཡི་འཁོར་བ་དོང་སྤྲུག་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ།། སྒོ་ལྔའི་རྣམ་ཤེས་ཡུལ་ལྔའི་རྗེས་འབྲང་བས།། ཚོགས་དྲུག་ཡུལ་ལ་ཆགས་སྡང་བྱས་འབྲས་ཀྱིས།། མི་ཡུལ་སྐྱེས་ནས་སྡུག་བསྔལ་བཅུ་གཅིག་ལ།། རྟག་ཏུ་སྤྱོད་པ་བཟོད་དཀའི་གནས་ཡིན་ཀྱང༌།། རང་གྲིབ་མཐོང་ཚེ་དེ་ཉིད་དགྲར་བཟུང་བ།། ཇི་བཞིན་རྟོགས་ལྟར་ངར་འཛིན་སྤོང་མཛོད་ལ།། ཕྱག་ན་པདྨོའི་གོ་སར་སླེབས་པར་ཤོག། དེ་ནས་གཤིན་པོར་དབང་བསྐུར་ཚེ། ཡན་ལག་བརྒྱད་པའི་ཚོགས་བསགས་ནི།། ན་མོ། མཆོག་གསུམ་རྩ་གསུམ་ངོ་བོ་ཉིད།། སྡུག་བསྔལ་རང་གྲོལ་ལྷ་ཚོགས་ལ།། ཕྱག་འཚལ་སྐྱབས་མཆི་ཉེས་ཚོགས་བཤགས།། མཆོད་ཚོགས་ཀུན་འབུལ་ཆོས་འཁོར་བསྐོར།། དགེ་རྩར་ཡི་རང་རྟག་བརྟན་བཞུགས།། བསོད་ནམས་འགྲོ་ལ་ཕན་ཕྱིར་བསྔོ།། ཞེས་བརྗོད་དལ་གྱི་ཤར་སྒོ་རུ། དབང་སྟེགས་པདྨ་འདབ་བརྒྱད་ལ། ཚེ་འདས་མངོན་སུམ་ལྷར་གསལ་ལ། མིག་དར་གདབ་ཅིང་སྔགས་འདི་བརྗོད། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། མེ་ཏོག་སྔགས་འདིས་གཏད་པར་བྱ། ཨོཾ་ཨཱ་ཁཾ་ཝཱི་ར་ཧཱུྃ། ཨོཾ། རང་སྣང་རྣམ་དག་འོག་མིན་ཞིང༌།། སྡུག་བསྔལ་རང་གྲོལ་ཕོ་བྲང་འདིར།། བདག་ནི་སྨིན་པར་འཚལ་ལགས་ན།། ཐུགས་རྗེ་ཆེན་པོས་བདག་སྐྱབས་མཛོད།། ལན་གསུམ་གསོལ་བཏབ་དལ་སྒོ་དབྱེ། ཧཱུྃ། དོན་གྱི་འོག་མིན་སྒོ་སྐྱོང་བ།། ཚད་མེད་བཞི་ལྡན་ལྷ་བཞི་པོ།། ཐུགས་རྗེ་སེམས་ཅན་དོན་མཛད་ཕྱིར།། ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག། ཅེས་བརྗོད་དཀྱིལ་འཁོར་ལྷ་ཚོགས་རྣམས།། མངོན་སུམ་མཇལ་བའི་མོས་འདུན་གྱིས། གཤིན་པོས་འདི་ལྟར་བཟློ་བར་བསམ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།། སྤྱི་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར།། སྡུག་བསྔལ་རང་གྲོལ་དཀྱིལ་འཁོར་ལྷར།། བདག་ནི་གུས་པས་སྐྱབས་སུ་མཆི།། དགེ་བསྙེན་དགེ་ཚུལ་དགེ་སློང་དང༌།། བྱང་སེམས་སྔགས་ཀྱི་བསླབ་སྡོམ་རིགས།། མ་ལུས་བདག་གིས་ཡོངས་སུ་བཟུང༌།། ལན་གསུམ་གདབ་རྗེས་ཡེ་ཤེས་དབབ། ཚེ་ལས་འདས་པ་སྐད་ཅིག་གིས།། འཕགས་པའི་སྐུར་གསལ་གནས་གསུམ་དུ།། ཡིག་འབྲུ་གསུམ་གྱིས་མཚན་པ་ལས།། འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགས།། སྤྱན་དྲངས་གཤིན་པོ་ལྷར་གསལ་བར།། དབྱེར་མེད་དུ་མ་རོ་གཅིག་གྱུར།། ཡི་གེ་དྲུག་མའི་སྔགས་ཤམ་དུ། ཨཱརྱ་ལོ་ཀི་ཤྭ་ར་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཡེ་ཤེས་དབབ་ཅིང་བརྟན་བཞུགས་ནི། ཏིཥྠ་བཛྲ་སོགས་བརྗོད་ཅིང༌། དལ་དུ་མེ་ཏོག་གཏོར་བ་ནི། ཧཱུྃ། རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༌།། དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན།། སྔོན་ནས་ལས་འཕྲོ་གང་ཡོད་པའི།། ལྷག་པའི་ལྷ་དེར་འབབ་པར་ཤོག། པུཥྤེ་པྲ་ཏཱིཙྪ་ཧོཿ མེ་ཏོག་གང་བབ་ལྷ་དང་ནི། མཚུངས་མིང་བཏགས་ཤིང་མིག་དབྱེ་བ། ཧཱུྃ། མིག་དར་མ་རིག་ལིང་ཏོག་མཚོན།། ཐུགས་རྗེ་ཆེན་པོའི་གསེར་ཐུར་གྱིས།། ཡེ་ཤེས་སྤྱན་དུ་དབྱེ་བགྱི་ན།། རང་བྱུང་ལྷ་ཞལ་མཇལ་བར་ཤོག། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། དེ་ནས་ལྷ་ཞལ་བསྟན་པ་ནི། ཧཱུྃ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ།། ལྟོས་ཤིག་མདུན་གྱི་དལ་ལ་ལྟོས།། མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི།། འོག་མིན་སྤྲུལ་པའི་ཞིང་ཁམས་ཏེ།། ཐུགས་རྗེ་ཆེན་པའི་དཀྱིལ་འཁོར་ཡིན།། དོན་ལ་རང་སེམས་མ་འཁྲུལ་པའི།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ།། ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ།། དེ་མ་རྟོགས་པའི་ཡི་དམ་ལྷ།། ལོགས་ན་མེད་དོན་ཤེས་པར་མཛོད།། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་ཨ་ཨཿ ཞེས་བརྗོད་མཉམ་གཞག་ཡེངས་མེད་བྱ། དེ་ནས་བུམ་དབང་བསྐུར་བ་ནི། ཨོཾ། ཕྱི་ལྟར་བུམ་པ་སྣོད་བཅུད་ལྡན།། ནང་ལྟར་ཕྱག་ན་པདྨོ་ཡི།། ཐུགས་རྗེའི་བདུད་རྩིའི་ཆུ་རྒྱུན་གྱིས།། ཚེ་འདས་ལུས་ལ་དབང་བསྐུར་བས།། སྤུལ་པའི་སྐུ་རུ་སྨིན་པར་ཤོག། རྩ་སྔགས་ཤམ་དུ་འདི་བཏགས་བཟླས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། གསུང་སྔགས་ཀྱི་དབང་བསྐུར་བ་ནི། ཨཱཿཕྱི་ལྟར་ས་ཆུ་མེ་རླུང་སྒྲ།། ནང་ལྟར་འགྲོ་བ་རིགས་དྲུག་སྐད།། གསང་བ་རྒྱལ་ཀུན་གསུང་གསང་དོན།། ཡི་གེ་བདུན་པར་འདུས་པའི་དབང༌།། ཚེ་འདས་ངག་ལ་དབང་བསྐུར་བས།། ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག། རྩ་སྔགས་ཤམ་བུར་འདི་ཉིད་བཏགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཐུགས་རྡོ་རྗེ་དབང་བསྐུར་ཏེ། ཧཱུཾ། མཚན་མ་རྫས་ཀྱི་རྡོ་རྗེ་འདི།། རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ།། ཚེ་འདས་སེམས་ལ་དབང་བསྐུར་བས།། ཆོས་ཀྱི་སྐུ་རུ་སྨིན་པར་ཤོག། རྩ་སྔགས་ཤམ་བུར་འདི་ཉིད་བཏགས། ཙིཏྟ་ཨ་བྷི་ཥིཙྪ་ཧཱུྃ། དེ་ལྟར་དབང་བསྐུར་རྫོགས་རྗེས་སུ།། འདོད་ཡོན་ཟས་གཏད་འདི་བཞིན་ཏེ། མདུན་དུ་རིན་པོ་ཆེ་ཡི་སྣོད།། ཡངས་ཤིང་རྒྱ་ཆེ་གྲངས་ལྡན་པའི།། ནང་དུ་ལྷ་དང་མི་སོགས་ཀྱི།། བཟའ་བཅའ་ལྡག་གཞིབ་ལ་སོགས་ཟས།། ཇ་ཆང་འོ་ཞོ་ལ་སོགས་སྐོམ།། འཛད་མེད་ཡིད་བཞིན་གཏེར་དུ་གྱུར།། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བཅས།། ལན་གསུམ་བརླབས་རྗེས་འདི་ལྟར་བསྔོ།། ཧཱུྃ། ཁ་ཟས་རོ་མཆོག་བརྒྱ་ལྡན་པའི།། བཟའ་བའི་ཟས་དང་བཏུང་བའི་སྐོམ།། བགོ་བའི་གོས་དང་ཡོ་བྱད་རྫས།། མི་ཟད་གཏེར་དུ་བྱིན་བརླབས་ནས།། ཚེ་འདས་ཁྱོད་ལ་བསྔོས་པ་ཡིས།། དབང་པོ་དྲུག་དང་རམ་མཐུན་པའི།། སོ་སོའི་ལོངས་སྤྱོད་ཕུན་ཚོགས་གཏེར།། བསྔོས་པ་ཇི་བཞིན་ཐོབ་གྱུར་ནས།། འཕྲལ་དུ་དགའ་བདེའི་རོས་ཚིམ་ཞིང༌།། མཐར་ཐུག་རྣམ་དག་སར་སྤྱོད་ཤོག། ཅེས་བརྗོད་གསུར་བཏང་སྐྱེམས་གཏོར་ནས། ལུས་རྟེན་ལྷ་ལ་འདི་བཞིན་འབུལ། ཧཱུྃ། ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས།། གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷར།། ཡོན་དུ་འབུལ་ལོ་ཡོངས་བཞེས་ནས།། ཚོགས་རྫོགས་སྒྲིབ་བྱང་སྐུ་ལྔ་ཡི།། དཔལ་ལ་ལོངས་སྤྱོད་མཐུ་ཐོབ་ཤོག། ཅེས་དང་མར་མེས་གསལ་བྱས་ལ། ཧཱུྃ། ཡེ་ཤེས་ལྔ་ལྡན་སྒྲོན་མེ་འདི།། ངོ་བོ་སྟོང་ཀྱང་རང་བཞིན་གསལ།། ཐུགས་རྗེའི་རྩལ་ཤུགས་མ་འགགས་པས།། ཚེ་འདས་མ་རིག་མུན་པའི་སྨག། བསལ་ནས་སྐུ་གསུམ་ཞིང་མཐོང་ཤོག། དེ་ནས་གནས་སྤར་ནི། ཧཱུྃ། ཚེ་འདས་བུ་ཁྱོད་ལེགས་པར་ཉོན།། མཆོག་དམན་འཁོར་བའི་གནས་རིགས་ཀུན།། སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ།། མ་ཚུད་སུ་ཡང་མེད་ངེས་ཕྱིར།། མ་ཆགས་མ་ཞེན་སེམས་མཆོག་བསྐྱེད།། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།། བདེ་སྐྱིད་ལོངས་སྤྱོདཕུན་ཚོགས་གནས།། སྡུག་བསྔལ་མིང་མེད་བདེ་ཆེན་ཞིང༌།། དེ་ན་མགོན་པོ་ཚེ་མཐའ་ཡས།། གཡས་ན་འཕགས་པ་སྤྱན་རས་གཟིགས།། གཡོན་ན་མཐུ་ཆེན་ཐོབ་ལ་སོགས།། སངས་རྒྱས་བྱང་སེམས་དཔག་མེད་ཀྱིས།། བསྐོར་བའི་གོ་སར་འགྲོ་བར་བྱོས།། ཁྱོད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿ སྐར་མདའ་ཇི་བཞིན་མྱུར་བསྐྱོད་ལ།། སྣང་བ་མཐའ་ཡས་ཐུགས་ཀློང་དུ།། དབྱེར་མེད་རོ་གཅིག་འདྲེས་པར་གྱུར།། ཞེས་པས་ཧྲཱིཿཧྲཱིཿཧྲཱིཿབརྗོད་མཐར། ཕཊ་ཕཊ་ཕཊཿ གསུམ་བརྗོད་པ་ཡིས། སྐུ་གསུམ་དབྱིངས་སུ་ཐིམ་པར་མོས། དེ་ནས་ཚེ་འདས་མིང་བྱང་དེ། མ་རིག་ཟུང་གིས་བསྐྲུན་པའི་རྟེན། ཉོན་མོངས་བརྒྱད་ཁྲི་བརྟེན་པའི་ལུས། ཀ་དག་ལྷུན་གྲུབ་མེས་བསྲེག་སྟེ། ཧཱུྃ། ཀ་དག་སྤྲོས་བྲལ་མེ་ཐབ་ཏུ།། རང་བྱུང་ཡེ་ཤེས་མེ་སྦར་བས།། མཚན་མའི་རྣམ་རྟོག་བུད་ཤིང་ཀུན།། ལྷག་མེད་མཛོད་ཅིག་ཛྭ་ལ་རཾ།། ཉོན་མོངས་ཡེ་ཤེས་མེ་ལ་བསྲེགས།། བདག་གཉིས་བདག་མེད་དབྱིངས་སུ་བསྲེགས།། ཀུན་གཞི་མ་རིག་གཉིས་དང་བཅས།། གཞོན་ནི་བུམ་སྐུའི་ཀློང་དུ་བསྲེགས།། འཁོར་བར་ལྡོག་མེད་རྒྱ་ཡིས་གདབ།། གདོད་མའི་གྲོལ་གཞི་མངོན་གྱུར་ནས།། མཐའ་ཡས་འགྲོ་དོན་ཡོང་འགྲུབ་ཤོག། ཅེས་བརྗོད་གཟུངས་སྔགས་ཀྱིས་བསྦྱང་མཐར། སྤྲོས་བྲལ་དབྱིངས་སུ་མཉམ་པར་བཞག དེ་ལྟར་རིགས་བདག་བླ་མ་རྗེའི།། དགོངས་གཏེར་སྡུག་བསྔལ་རང་གྲོལ་གྱི།། གནས་འདྲེན་རྣམ་གྲོལ་ལམ་བཟང་འདི།། བླ་མ་སངས་རྒྱས་ཆོས་འཕེལ་གྱིས།། ཡང་ཡང་བསྐུལ་ངོར་བྱ་བྲལ་བ།། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས།། བྲིས་འདིས་མགོན་མེད་གཤིན་པོའི་ཚོགས།། རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག། དགེའོ།། །། ལྷ་ཁྲུས་གསོལ་བ་ནི། ༄༅།། ལྷ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ།། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར།། རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན།། མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར།། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ།། རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས།། ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི།། རོལ་མོར་བཅས་པ་དུ་མས་སྐུ་ཁྲོས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་༴ མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌།། སྤྱོད་པ་སྤྱད་ཚེ་ན་ཡང་མཆེད་གྱུར་པ།། བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི།། རྫོགས་པའི་སངས་རྒྱས་སྟོང་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས།། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་ཁྱོད་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས།། ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ།། ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌།། ཉེ་བའི་སྲས་ཆེན་བརྒྱད་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ མདོ་སྡེ་དབྱངས་བསྙན་ལུང་བསྟན་ཚིགས་སུ་བཅད།། ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང༌། སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ།། གསུང་རབ་ཡན་ལག་བཅུ་གཉིས་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། བསླབ་པ་དག་ལ་རབ་ཏུ་གུས།། ཞིང་གི་དམ་པ་ཡོན་ཏན་ལྡན།། དགེ་འདུན་ལ་ཡང་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན།། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། རང་སེམས་ཆོས་སྐུ་མངོན་དུ་སྟོན་མཛད་པའི།། རྩ་བའི་བླ་མ་རྣམས་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནས།། ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅན།། ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས།། སྡུག་བསྔལ་རང་གྲོལ་ལྷ་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན།། དངོས་གྲུབ་རྩ་བ་གཏེར་ཆེན་སྤྱན་རས་གཟིགས།། རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ།། ཡི་དམ་ལྷ་ཚོགས་རྣམས་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་སྟེ།། བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ།། རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས།། མ་སྲིང་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ སྔོན་ཚེ་ཨོ་རྒྱན་ཆེན་པོ་སྤྱན་སྔ་རུ།། ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ།། མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི།། ཆོས་སྐྱོང་སྲུང་མ་རྣམས་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ༴ དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས།། གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ།། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཀ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌།། གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི།། གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ།། བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན།། ཐུགས་རྗེའི་ཆུ་ནི་བླ་ན་མེད།། བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི།། ཅི་འདོད་གྲུབ་སྩོལ་བར་མཛོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཧཱུྃ། འདི་ནི་བྱམས་དང་སོགས། ཕུང་ཁམས་སྐྱེ་མཆེད་བྱིན་རླབས། ༄༅།། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་བ་ཤུདྡྷཿ སརྦ་དྷརྨཿ སྭཱ་བྷ་བ་ཤུདྡྷོ྅ཧཾཿ ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཚེ་ལས་འདས་པ་སྐད་ཅིག་གིས།། འཕགས་པའི་སྐུར་གསལ་གནས་སོགས། བགེགས་གཏོར་བྱིན་རླབས། ༄༅།། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཨོཾ་སྭཱ་བྷ་ཝ་ཤུདྡྷཿ སརྦ་དྷརྨཿ སྭཱ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གཉིས། ཨོཾ་ཨཱཿཧཱུྃ་ཧོཿ ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ ལན་གསུམ། ཞི་བའི་གཏོར་མ་གསུམ་རྟེན་ལ་གཡས་སུ་བསྐོར་ཚུལ་གྱིས། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧྞེ་ཨེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་དོར་ར། ཕྱེད་མས་སྦྱོང་བ་ཏིང་ལོ་དང་ཆང་བུ་གཡོན་དུ་བསྐོར་ཞིང༌། སྔགས་དྲག་པོ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀ་ཧྣ་གྲྀ་ཧྣ་ཧཱུྃ། གྲི་ཧྣ་པཱ་ཡ། གྲྀ་ཧྣ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་ཝན་བིདྱ་ར་ཛ་ཀྲོ་དྷ་ཧཱུྃ་ཕཊཿ གསུམ་བརྗོད་ལ། ཧྲཱིཿ འཁོར་བར་འཁོར་ཚེ་ལན་ཆགས། སོགས། གཏོར་མ་དྲུག་བྱིན་རླབས། ༄༅།། གཏོར་མ་དྲུག་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་བ་ཤུདྡྷཿ སརྦ་དྷརྨཿ སྭཱ་བྷཱ་བ་ཤུདྡྷོ྅ཧཾཿ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་རིགས་དྲུག་སོ་སོའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།། ཨོཾ་ཨཱཿཧཱུྃ། ལན་གཉིས། ཨོཾ་ཨཱཿཧཱུྃ་ཧོཿ ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་ཏྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། སོགས། གསུར་བྱིན་རླབས། ༄༅།། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་འདོད་ཡོན་གྱི་དངོས་པོ། གཟུགས་བཟང་བ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། སྟོང་གསུམ་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པ་ཆེན་པོ་གཅིག་ཏུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གཉིས། ཨོཾ་ཨཱཿཧཱུྃ་ཧོ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་ཏྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། མདུན་དུ་རིན་པོ་ཆེ་ཡི་སྣོད་སོགས། གསུར་འདོད་པའི་ཡོན་ཏན། ཨོཾ་ཨཱཿཧཱུྃ་ཧོ། འདོད་པའི་ཡོན་ཏན་མཆོག་ཏུ་གྱུར་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་ཁར་སང་ད་ནངས་སམ། ན་ནིང་གི་ལོ་ཟླ་ཞག་དུས་ནས་སྔ་མའི་ལུས་རྟེན་བོར། ཕྱི་མའི་ལུས་རྟེན་མ་རྙེད། སྲིད་པ་བར་མ་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། སྔོན་གྱི་བསགས་རྒྱབ་མེད་པ། དགེ་བའི་ར་མདའ་ཉུང་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱགས་ལྟོགས་སྐོམ་གསུམ་གྱིས་གདུང་བ། ཚེ་ཚད་ལ་ངེས་པ་མེད་པ། བྱ་སྒྲོ་རླུང་གིས་བཏེག་པ་བཞིན། གར་འགྲོའི་རང་དབང་དང་བྲལ་བའི་བར་དོའི་སེམས་ཅན། དམིགས་ཡུལ་ཚེ་ལས་འདས་པའི་གཙོ་བྱས་པའི་བར་དོར་གནས་པ་ཐམས་ཅད་ལ་འབུལ་ལོ།། གནས་གྲོགས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་དང་ཕྲད་ནས་བག་ཕེབས་པར་གྱུར་ཅིག དེ་ལྟར་གྱུར་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དང༌། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་མཐོང་ནས་བར་དོ་ཡིན་པར་ངོ་ཤེས། འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག་ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ། ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག འདོད་ཡོན་ནམ་མཁའ་མཛོད་བཞིན་དུ།། ལོངས་སྤྱོད་ཆད་པ་མེད་པར་ཤོག། རྩོད་པ་མེད་ཅིང་འཚེ་མེད་པར།། རང་དབང་དུ་ནི་སྤྱོད་པར་ཤོག། ཀྱེ་མ། འཇིགས་རུང་གནས་སུ་འཁྱམས་པའི་མནར་བའི་འགྲོ། རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག། ཡེ་ཤེས་ལྔ་ལས་སེམས་དཔའི་སྐུར་སྤྲུལ་པ།། ས་སྙིང་ནམ་མཁའི་སྙིང་པོ་སྤྱན་རས་གཟིགས།། ཕྱག་རྡོར་སྒྲིབ་པ་རྣམས་སེལ་ཐུགས་རྗེ་ཡིས།། ཚེ་འདས་དབང་པོ་སྒོ་ལྔའི་ནད་སེལ་ནས།། ཕུན་ཚོགས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག། ཐོག་མེད་དུས་ནས་བསྙེན་པའི་ཡི་དམ་ལྷ།། འདྲེན་མཆོག་བྱང་སེམས་ལྔ་ལ་སྐྱབས་སུ་མཆི།། ཐུགས་རྗེས་ཚེ་འདས་བྱིན་གྱིས་རླབ་ཏུ་གསོལ།། ཧཱུྃ། ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས། སོགས གསོལ་འདེབས་ཞལ་མཐོང་མ། ༄༅།། འཕགས་པའི་གསོལ་འདེབས་ཞལ་མཐོང་མ་བཞུགས། ན་མོ་ལོ་ཀི་ཤྭ་ར་ཡ། རིག་སྟོང་ཟུང་འཇུག་འོད་གསལ་ཆེན་པོའི་སྦུབས།། ལྷན་སྐྱེས་གཉུག་མ་བདེ་གཤེགས་སྙིང་པོའི་ཐུགས།། མཐོང་བ་དོན་ལྡན་ལོངས་སྐུ་སྤྱན་རས་གཟིགས།། ཁམས་གསུམ་འགྲོ་བའི་འདྲེན་པ་ཁྱོད་ཕྱག་འཚལ།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། གང་སྐུ་སྟོན་ཀའི་ཟླ་གཞོན་གསར་པ་ལ།། མཚན་དཔེ་ཡོན་ཏན་རི་དྭགས་གཞོན་ནུས་འཁྱུད།། འཁོར་འདས་མཉམ་སྦྱོར་ཕྱག་རྒྱ་ཐུགས་ཀར་མཛེས།། བགྲང་ཕྲེང་པད་དཀར་འཛིན་ཅིང་འགྲེང་བུར་བཞུགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། གང་གསུང་ཡན་ལག་དྲུག་ཅུའི་ཏམ་བུ་ར།། ཀ་ལ་པིངྒའི་རྒྱུད་རྫོགས་མཉེན་ལྕུག་འཁྲིལ།། ཐེག་པ་ཀུན་གྱི་དོན་བསྡུས་ཆོས་སྒྲ་སྒྲོགས།། སྨིན་གྲོལ་ལམ་གྱི་བདག་པོ་ཁྱོད་ཕྱག་འཚལ།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། གང་ཐུགས་འཕོ་མེད་སྤྲོས་ཀུན་ཉེར་ཞིའི་ཀློང༌།། མཁྱེན་གཉིས་ཡོན་ཏན་ཆ་རྫོགས་ཐུགས་རྗེའི་རྩལ།། ལུས་ཅན་སྤྱི་དང་ཁ་བ་རི་པ་ལ།། སྤྲོ་བའི་ཕྲིན་ལས་རྨད་བྱུང་ཁྱོད་ཕྱག་འཚལ།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། མཚན་ཙམ་ཐོས་པའི་མི་མཐུན་རྒུད་པ་སེལ།། དྲན་པ་ཙམ་གྱིས་ངན་འགྲོའི་འཇིགས་ལས་སྒྲོལ།། འགྲོ་དྲུག་ཡིད་ཅན་ཀུན་གྱི་གཉེན་གཅིག་པོ།། ལྷག་པའི་ལྷ་མཆོག་མགོན་པོ་ཁྱོད་ཕྱག་འཚལ།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། སྤང་བྱའི་དྲི་མ་མཐའ་དག་རིང་དུ་དོར།། བསྒྲུབ་བྱའི་ཡོན་ཏན་མ་ལུས་མངོན་དུ་མཛད།། མཐོང་ན་མི་མཐུན་མེད་པའི་རྫུ་འཕྲུལ་ཅན།། འཕགས་པ་འཇིག་རྟེན་དབང་ཕྱུག་ཁྱོད་ཕྱག་འཚལ།། རྒྱལ་སྲས་ཁྱེད་རང་ལྟ་བུར་ཕྱིན་གྱིས་རློབས།། ཨེ་མ་ཁྱེད་ནི་སྨོན་ལམ་མཐུ་བཙན་པས།། བདག་ལ་སྐྱབས་གནས་རེ་ལྟོས་གཞན་མེད་དོ།། ཐུགས་རྗེའི་ལྕགས་ཀྱུས་བཟུང་བའི་དུས་ལ་བབ།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ཀུན།། བཟོད་མེད་ལས་ཀྱི་དུཿཁས་རྟག་ཏུ་མནར།། འཁོར་བ་ལུ་གུ་རྒྱུད་དུ་ཁ་འབྱམས་ན།། གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིག།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། བདག་ནི་བག་མེད་ལས་ལ་གོམས་པའི་མཐུས།། མགོན་ཁྱོད་དགྱེས་པའི་སྤྱན་རས་རིང་དུ་སོང༌།། སྡུག་བསྔལ་ཆུ་བོའི་གཉེར་མར་སྤྱོད་པའི་ཚེ།། གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། འཁོར་འདས་གཉིས་ཀྱི་བླང་དོར་ཚུལ་ལ་རྨོངས།། རྣམ་གཡེང་དགའ་མའི་བཞིན་ལ་རྟག་པར་ཆགས།། ཉིན་མཚན་ལོག་པའི་སྤྱོད་པས་ལ་བཟླ་ཚེ།། གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། ལང་ཚོའི་མཛེས་པ་ལོ་ཟླའི་དམག་གིས་བཅོམ།། བླ་ཚེའི་ལྗོན་པ་གཤིན་རྗེའི་སྟྭ་རེས་གསེས།། ཐར་པའི་སྲོག་རྩ་ཕྲ་མོར་བྱས་པའི་ཚེ།། གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། ཕར་ཕྱིན་དྲུག་གི་ལང་ཚོའི་གོམ་པ་འཁྱོར།། ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་ཕྲ།། ངལ་བ་དོན་མེད་སྤྱོད་པ་ལྷུར་ལེན་ཚེ།། གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། ཡེ་ཤེས་རྣམ་ལྔའི་བཞིན་རས་དུག་ལྔས་བསྒྲིབས།། རང་བྱུང་ཡེ་ཤེས་ལྟ་བའི་འདྲེན་བྱེད་ལོང༌།། ལས་དང་བག་ཆགས་མུན་པར་འཐུམས་པའི་ཚེ།། གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། ཁྱབ་པ་འདུ་བྱེད་སྡུག་བསྔལ་གྱིས་མནར་བའི།། བྱིས་པ་སོ་སོའི་སྐྱེ་བོའི་ལུས་ཅན་ཀུན།། ལས་ངན་འབྲས་བུའི་མཚོ་ཆེན་རྡོལ་བའི་ཚེ།། གསོལ་བ་འདེབས་སོ་འཕགས་པའི་ཐུགས་རྗེས་གཟིགས།། རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། སྨོན་འཇུག་བྱང་ཆུབ་སེམས་ལ་བློ་འབྱོངས་ནས།། ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ཏེ།། སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་ནས་ཀྱང༌།། འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག། གང་གིས་བདག་ལ་ལེགས་བཤད་ཐོས་པའམ།། མཐོང་ཐོས་དྲན་རེག་གཏམ་གྱིས་འབྲེལ་པ་ཚུན།། མཚམས་མེད་ལས་བྱང་ངན་སོང་སྒོ་ཁེགས་ནས།། ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག། །། ཅེས་པའང་ས་ཁམས་སྟག་གི་ལོ་ཟླ ༡༠ ཚེས་ ༡༠ ཐོ་རེངས་ཁར། འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་གཟིགས་ཤིང༌། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྡ་རྟགས་ཤར་བའི་ཚེ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ།། དགེའོ།། མར་མེའི་སྨོན་ལམ་ནིཿ ༄༅།། མར་མེའི་སྨོན་ལམ་ནིཿ ཧཱུྃཿ རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུཿ རིག་གདངས་སློབ་དཔོན་གཉེན་གྱི་དབུ་བཟུང་ནསཿ རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམསཿ རིག་སྟོང་རྗེན་པའི་གཤིས་ལ་མི་འདའ་ཤོགཿ ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེཿ མ་རིག་འཁྲུལ་པའི་གཡང་སར་མི་བཏང་ཞིང་ཿ འཁོར་བ་ལུ་གུ་རྒྱུད་དུ་མི་ལྷུང་བརཿ འཁོར་བ་ཀ་ནས་དག་པ་གཞི་དབྱིངས་ཆེརཿ གཞི་སྣང་གཞོན་ནུ་བུམ་སྐུར་གྲོལ་བར་ཤོགཿ གལ་ཏེ་གདོད་མའི་ས་ལ་མ་གྲོལ་ནཿ ལྷུན་གྲུབ་ཞི་ཁྲོའི་སྣང་བ་འཆར་བའི་ཚེཿ རང་སྣང་ཡེ་ཤེས་ཆེན་པོར་ངོ་འཕྲོད་ནསཿ བར་དོ་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ཤོགཿ ཡེ་གདངས་གསལ་སྟོང་དག་པ་གཉིས་ལྡན་ཆེཿ སྟོང་གཟུགས་དྭངས་མ་ལྔ་ལྡན་རིགས་ལྔའི་ཞིང༌།། རང་སྣང་རྣམ་དག་ལོངས་སྐུའི་ཞིང་ཁམས་སུཿ དག་པ་གསུམ་གྱི་འཁོར་ལ་ཆོས་སྟོན་ཤོགཿ གལ་ཏེ་ལོངས་སྐུའི་ཞིང་དུ་མ་གྲོལ་ནཿ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ལྔ་ཚོམ་དང་ཿ རིགས་འདུས་རྔ་ཡབ་དཔའ་རིའི་ཕོ་བྲང་ཆེརཿ སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེས་ནས་ཀྱང་ཿ རིག་འཛིན་རྣམ་བཞིའི་གྲལ་དུ་སྨིན་པར་ཤོག༔ ཐེག་པ་རིམ་དགུའི་ཡང་རྩེ་ཡོ་ག་གསུམཿ དེ་ལས་རྣམ་པར་འདས་པ་མན་ངག་སྡེའིཿ དགོངས་ཀློང་བྱ་རྩོལ་བྲལ་བའི་གཤིས་ལུགས་སུཿ བློས་བྱས་བདེན་ཞེན་དྲི་མ་དག་པར་ཤོགཿ རང་རིག་གདོད་ནས་དག་པའི་ངང་མདངས་སུཿ རང་རྩལ་དམ་པ་རིགས་བརྒྱ་ཞི་ཁྲོའི་སྐུཿ སྣང་ལ་རང་བཞིན་མེད་པའི་དལ་བཀྲམ་སྟེཿ ཡེ་ཤེས་མཐོང་བ་དག་པའི་མར་མེ་འབུལཿ ཉོན་མོངས་འཁོར་བའི་ཆོས་ཀྱི་མུན་པ་སངསཿ བཟང་ཞེན་ཤེས་བྱའི་སྨག་རུམ་བསལ་ནས་ཀྱང་ཿ བརྗོད་མེད་ལྷག་མཐོང་ཡེ་ཤེས་ཆེན་པོའི་ཀློང་ཿ ཉམས་རྟོགས་རིག་པའི་རྩལ་ཆེན་རྫོགས་པར་ཤོགཿ ཕུང་པོ་ལྔ་དག་རིགས་ལྔའི་ཞིང་དུ་གྲོལཿ འབྱུང་ལྔ་གནས་དག་རིགས་ཀྱི་ཡུམ་ལྔར་སྨིནཿ རྣམ་ཤེས་དབང་དག་སེམས་དཔའ་བརྒྱད་དུ་གྲོལཿ སྣང་བཞི་ཟད་ནས་འཇའ་ལུས་འགྲུབ་པར་ཤོགཿ དྲན་རིག་འོད་གསལ་ཆེན་པོའི་མར་མེ་འདིཿ རྒྱུན་ཆད་མེད་པར་སྦར་བའི་བསོད་ནམས་མཐུསཿ ལས་རླུང་བག་ཆགས་མུན་པ་དྲུངས་ཕྱུང་ནསཿ ཀུན་བཟང་དགོངས་ཀློང་ཕྱམ་གཅིག་གྲོལ་བར་ཤོགཿ ནམ་མཁའི་མཐར་ཐུགས་མཐས་ཡས་སེམས་ཅན་རྣམས།། མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ།། ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ།། ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག། དགེའོ།། །།