Jump to content

ཐུགས་རྗེ་ཆེན་པོ་

ཡོང་ཁུངས་Wikipedia

ཐུགས་རྗེ་ཆེན་པོ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་མི་བཟོད་ཅིང་དེ་དག་སྡུག་བསྔལ་ལས་གྲོལ་བར་བྱེད་འདོད་ཀྱི་ཐུགས་ཀྱི་ཡོན་ཏན་ཆེན་པོ་ཞིག་ལ་ཟེར་བ་ཡིན། དེ་ཡང་སྤྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་ཞེས་པའི་ཡོན་ཏན་འདི་ཡོད་མོད། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཐུགས་རྗེ་ཆེན་པོ་ཞེས་པའི་མཚན་ཡང་འདོགས་ཏེ་བསྟོད་ཅིང་གསོལ་བ་འདེབས་པ་ཡིད་ཆེས་ཀྱི་ལམ་ཞིག་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

དཔྱད་གཞི་ཡིག་ཆ་ནང་གསལ་བ་ལྟར་ན་ཐུགས་རྗེ་ཆེན་པོ་ཞེས་པ་ནི་"སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་[]ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེ་བ་ཡིན་ནོ། །ཐུགས་རྗེ་ཆེན་པོ་ཞེས་པ་ནི་"ཐུགས་སྙིང་རྗེ་ཆེན་པོ་མངའ་བ་"[]ཞེས་པ་ལྟར་ཐུགས་ཀྱི་སྙིང་རྗེ་ཆེན་པོ་ཞེས་པའི་དོན་ཡིན། འདི་ནི་རང་གི་བདེ་སྐྱིད་ལ་ཆགས་པ་མེད་པར་གཞན་གྱི་དོན་ཁོ་ན་ལ་གཟིགས་ནས་སེམས་ཅན་ཐམས་ཅད་ལ་སྤྱན་མི་འཛུམ་པར་བལྟ་བའི་ཐུགས་རྗེ་ཆེན་པོ་ཞིག་ཡིན་ནོ། །"ཐུགས་རྗེ་ཆེན་པོ་ནི་སངས་རྒྱས་རིན་ཆེན་སྙིང་པོའི་མདུན་དུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་མཐའ་ཡས་པའི་སེམས་ཅན་ལ་ཐུགས་རྗེས་ཏེ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པས་རང་འདོད་ཀྱི་འཁྲི་བ་སྤུ་རྩེ་ཙམ་ཡང་མེད་པར་གཞན་དོན་ཁོ་ན་བྱེད་པས་ནང་གི་ཡོན་ཏན་རྙིང་རྗེ་དང་ཕྱིའི་སྤྱོད་པ་མ་འཁྲུལ་བ་སྟེ་མི་འགལ་བར་མཛད་པས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སྤྱན་མི་ཟུམ་པར་གཟིགས་པས་"[]ཞེས་གསུངས་པ་ལྟར་ཐུགས་བསྐྱེད་ཀྱི་དུས་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ལ་གཟིགས་ནས་དེ་དག་གི་དོན་བྱེད་པ་ཡིན་ནོ། །

སྤྱོད་པ།

[རྩོམ་སྒྲིག]

ཐུགས་རྗེ་ཆེན་པོ་ལ་བཤགས་པ་གསོལ་བ་འདེབས་པའི་ཚེ་"ལུས་ཀྱིས་ཐལ་མོ་སྦྱར་ཏེ་ངག་ཏུ་གསོལ་བ་"[]ཞེས་པ་ལྟར་ལུས་ངག་གི་སྤྱོད་པ་ཚང་བ་དང་བཅས་ཏེ་གསོལ་བ་འདེབས་དགོས་པ་ཡིན་ནོ། །"ལུས་ཀྱིས་བཏུད་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་ངག་གིས་སྡིག་པ་བཤགས་པའི་ཚིག་སྙན་ལམ་དུ་གསོལ་བ"[]ཞེས་གསུངས་པ་ལྟར་ལུས་ངག་གི་རིག་བྱེད་དང་བཅས་ཏེ་ཐག་པས་བཤགས་པ་འདེབས་དགོས་པ་ཡིན། འདི་ལ་ཡིད་ཀྱི་སྒོ་ནས་ཀྱང་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་བསྐྱེད་དགོས་པ་ཡིན་ནོ། །

མཚན་ཡང་གི་མཐུ།

[རྩོམ་སྒྲིག]

ཐུགས་རྗེ་ཆེན་པོ་ལ་སྤྱན་རས་གཟིགས་ཀྱི་མཚན་ཡང་བྱིན་གྱིས་བརླབས་པ་ཞིག་ཡོད་དེ། "བདག་གི་མིང་ལན་གསུམ་དྲན་པས་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག"[]ཅེས་གསུངས་པ་ལྟར་ཡིན་ནོ། །"མགོན་པོ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོས་འགྲོ་བ་ཡི་ཐ་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་ཙམ་ཡང་བསལ་བའི་ཕྱིར་རང་གི་མཚན་ཡང་ཐོས་པ་ཙམ་གྱིས་དེ་ལ་སྐྱོབ་ནུས་སུ་བྱིན་གྱིས་བརླབས་ཏེ་"[]ཞེས་པ་ལྟར་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་སྡུག་བསྔལ་ཆུང་ངུའང་བསལ་བའི་ཕྱིར་རང་གི་མཚན་ཡང་ལ་བྱིན་རླབས་བྱིན་པ་ཡིན་ནོ། །

བཤགས་པ་འདེབས་ཚུལ།

[རྩོམ་སྒྲིག]

ཐུགས་རྗེ་ཆེན་པོ་ལ་བཤགས་པ་འདེབས་པའི་ཚུལ་ནི་"ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀུན་ན་བཞུགས་པ་ཡི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དང་བཅས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་མངོན་དུ་བྱས་ལ་"[]ཞེས་པ་ལྟར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་མངོན་དུ་བྱས་ལ་གསོལ་བ་འདེབས་པ་ཡིན་ནོ། ། "ཡིད་ཀྱིས་བཤགས་ཕུལ་རྣམས་ལ་དད་ཅིང་གུས་པ་དང་བཅས་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་"[]ཞེས་པ་ལྟར་ལུས་ངག་ཡིད་གསུམ་གྱིས་དད་པ་དང་གུས་པ་དང་བཅས་ཏེ་འགྱོད་པ་དྲག་པོ་བསྐྱེད་དགོས་པ་ཡིན་ནོ། །

སྐྱབས་འཇུག

[རྩོམ་སྒྲིག]

ཐུགས་རྗེ་ཆེན་པོ་ལ་སྐྱབས་སུ་འགྲོ་བའི་ཚེ་"སྡིག་པའི་འབྲས་བུ་མི་བཟད་པའི་འཇིགས་པ་ཆེས་ཆེར་མཐོང་ནས་འཇིགས་ཤིང་སྐྲག་པར་གྱུར་པས་ན་དེང་ཕྱིན་ཆད་ནི་བཀའ་བཞིན་དུ་སྡིག་སྤོང་དགེ་སྒྲུབ་ཚུལ་བཞིན་བྱེད་པ་ལ་འཇུག་པའི་རྨོ་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་སྐྱབས་སུ་མཆི་"[༡༠]ཞེས་གསུངས་པ་ལྟར་སྡིག་པའི་འབྲས་བུ་ལ་འཇིགས་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ཐུགས་རྗེ་ཆེན་པོ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་ལས་གྲོལ་བར་བྱེད་འདོད་ཀྱི་ཐུགས་ཀྱི་ཡོན་ཏན་ཆེན་པོ་ཞིག་ཡིན། དེ་ལ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཚང་བ་དང་བཅས་ཏེ་བཤགས་པ་འདེབས་པ་དང་སྐྱབས་སུ་འགྲོ་བ་ནི་སྡིག་པ་སྦྱངས་ཏེ་འཇིགས་པ་ལས་ཐར་བའི་ཐབས་ཤིག་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  8. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  9. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།