Jump to content

ཐུགས་བསྐྱེད་དམ་བཅའ་དང་པོ

ཡོང་ཁུངས་Wikipedia

༸རྒྱལ་བ་རིན་པོ་ཆེས་འགྲོ་བ་མིའི་ཐུན་མོང་གི་བཟང་སྤྱོད་གོང་དུ་སྤེལ་ཐབས་སྐོར།

སྐྱེ་རྒུ་ཡོངས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་རྒྱལ་ཀུན་ཐུགས་རྗེའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་༸སྤྱི་ནོར་༸གོང་ས༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཐུགས་དབྱིངས་ལས་འཁྲུངས་པའི་འགྲོ་བ་སེམས་ཅན་ཡོངས་ལ་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་ཐུགས་དགོངས་ནམ་མཁའ་ལྟར་མཐའ་ཡས་ཡོད་པ་ལས་དོན་ཚན་བཞིར་བསྡུས་པའི་དང་པོ་ནི་ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་སྤེལ་ཐབས་གནང་རྒྱུ་དེ་ཡིན། དགོངས་བཞེད་དང་པོ་ནི་དགོངས་བཞེད་ཕྱི་མ་དག་གི་གཞི་རྩ་ལྟ་བུར་འགྱུར་ཡོད་པས་ཤིན་ཏུ་གལ་གནད་ཆེ། མགོན་པོ་ཁོང་ཉིད་འཛམ་གླིང་གོ་ལ་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ནང་ཚན་དུ་འགྱུར་བའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་ཆེར་བཞེས་གནང་གི་ཡོད། རང་གཞན་སུ་ཡིན་རུང་སྡུག་བསྔལ་ཏིལ་འབྲུ་ཙམ་ཡང་མི་འདོད་རུང་དེང་གི་ཆར་མིའི་བཟང་སྤྱོད་ཉམས་ཞན་དུ་གྱུར་པའི་ཉེར་ལེན་ལས་རང་གཞན་གཉིས་ཀ་དཀའ་ངལ་གྱི་ར་བའི་ནང་དུ་ཚུད་པ་དངོས་སུ་མཐོང་རྒྱུ་ཡོད། དེ་ལྟར་མིས་བཟོས་པའི་དཀའ་ངལ་གྱི་རྒྱ་ལས་གྲོལ་བའི་ཆེད་དུ་མིའི་རྒྱུད་ཀྱི་གཞི་རྩའི་བཟང་སྤྱོད་དེ་དག་སྤེལ་དགོས་པ་ཡིན་ཞེས་པའི་གདམས་ངག་དེ་ཡང་ནས་ཡང་དུ་གསུངས་བའི་༸རྒྱལ་བའི་བཀའ་སློབ་ཅིག་ཡིན། བདག་ལྟ་བུ་བློ་ཆུང་ཞིག་གིས་མགོན་པོ་གང་ཉིད་ཀྱི་དགོངས་པའི་ཆ་ཤས་ཙམ་ཡང་རྟོགས་པར་མི་ནུས་ཀྱང་ཁོང་ཉིད་དུས་རབས་འདིའི་ཞི་བདེའི་དེད་དཔོན་དུ་འཛིན་པའི་དམ་གཙང་གཡོ་བ་མེད་པའི་ཀློང་ནས་དགོངས་བཞེད་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་གླེང་ན་འདོད།

ཀ འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཉམས་ཞན་དུ་འགྱུར་བའི་ཉེར་འབྲས།

མིའི་བཟང་སྤྱོད་ཉམས་ཞན་དུ་འགྱུར་བས་འཇིག་རྟེན་གོ་ལ་འདིའི་སྟེང་ན་ཆེ་འབྲིང་ཆུང་གསུམ་གྱི་དཀའ་ངལ་སྣ་ཚོགས་ཤིག་ཕྲད་དང་འཕྲད་བཞིན་ཡོད། མི་སྒེར་གྱི་དཀའ་སྡུག་དང་འཇིག་རྟེན་གོ་ལ་འདི་ཉིད་རྡུལ་དུ་བརླག་པའི་དཀའ་ངལ་ཆེན་པོ་ཡང་མིའི་རྒྱུད་ཀྱི་བཟང་སྤྱོད་ཉམས་པའི་ཉེར་འབྲས་ཁོ་ན་ལས་བྱུང་། ལྷག་པར་ཚན་རྩལ་རིག་པའི་མཐོ་རླབས་དགུང་དུ་འཕྱུར་བའི་དུས་རབས་ཉེར་གཅིག་པ་འདིར་ཆེས་ཡ་ང་བའི་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་པ་ལས་སྐྱེ་འགྲོ་སྲོག་ཆགས་ཀུན་གྱི་གཅེས་པའི་ཚེ་སྲོག་སྐད་ཅིག་གཅིག་ལ་བཅོམ་པའི་འཇིགས་སྐྲག་གི་རྒྱ་མཚོར་ལྷུང་བར་བྱེད། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ལས་”འཛམ་གླིང་ནང་ང་ཚོར་འཕྲད་བཞིན་པའི་ལྐོག་ཟ་རུལ་སུངས་དང་ཁོར་ཡུག ཆབ་སྲིད་སོགས་ཀྱི་རྙོག་འཛིངས་ཆེ་བའི་དཀའ་ངལ་རྣམས་ནི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ཉམས་རྒུད་དུ་ཕྱིན་པའི་འཇུག་འབྲས་སུ་ངེས་པའི་བསམ་བློ་ངོས་ལ་ཧ་ལམ་རྒྱུན་དུ་འཁོར་གྱི་འདུག” ཅེས་ཆུང་བ་ཁྱིམ་ཚང་གི་དཀའ་ངལ་ནས་ཆེ་བ་རྒྱལ་ཁབ་དང་འཛམ་གླིང་གི་དཀའ་རྙོག་ཕལ་ཆེ་བ་བཟང་སྤྱོད་ཉམས་པའི་འགྲོ་བ་མིས་བསྐྲུན་པ་གསལ་པོ་རེད། དེང་སང་གསར་འགྱུར་བརྒྱུད་ལམ་ཁག་དང་ཚགས་ཤོག་ནང་རྒྱུན་དུ་མཐོང་ཆོས་སུ་འགྱུར་བའི་ནང་མི་ཕན་ཚུན་བསད་རེས་དང། རྐུ་ཇག་འཕྲོག་གསུམ། ལོག་གཡེམ་བཙན་འཁྲིད། མགོ་སྐོར་གཡོ་སྒྱུ། མི་ཚོགས་དཀྱུས་མའི་ཁྲོད་དུ་འབར་རྫས་དང་མེ་མདའ་འཕངས་ནས་ཉམ་ཆུང་ཉེས་མེད་དག་གི་ཚེ་སྲོག་འཕྲོག་པའི་སྐྱི་གཡའ་བའི་གནས་ཚུལ་དག་ནི་བཟང་སྤྱོད་ཀྱི་འདུ་ཤེས་ཉམས་པ་འབའ་ཞིག་ལས་བརྟེན་ནས་བྱུང་བ་ཡིན། བྱམས་བརྩེ་དང། སྙིང་རྗེ། བཟོད་བསྲན། མཉམ་མྱོང། དགོངས་ཡངས་ལྟ་བུའི་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་རིན་ཐང་རྣམས་མེད་ན་འཇིག་རྟེན་ན་འཚོ་གནས་མི་ཐུབ་པ་ནི། ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་སྤྱོད་དག་ནི་ཆུ་ལྟ་བུ་དང་ཆོས་ལུགས་ཁག་ནས་བསྟན་པའི་བློ་སྦྱོང་གི་རྣམ་བཞག་དང་སྒོ་གསུམ་གྱི་བཟང་སྤྱོད་ཀྱི་བསླབ་བྱ་རྣམས་ནི་ཇ་ལྟ་བུ་ཡིན། ཤ་ཁྲག་རུས་གསུམ་ལས་གྲུབ་པའི་གཟུགས་པོ་འདི་འཚོ་ཞིང་གནས་པ་ལ་ཆུ་ནི་ཉེ་བར་མཁོ་ཡང་ཇ་མེད་པར་འཚོ་ཐུབ། ལྷག་པར་དེང་སང་རང་དོན་འབའ་ཞིག་གམ་རང་དོན་དཀྱིལ་དུ་འཇོག་པའི་འདུ་ཤེས་ (Individualism) ཕྱོགས་གང་སར་ཆར་རྗེས་སུ་ཤ་མོ་བརྡོལ་བ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེས་ན་གཞན་ཕ་རོལ་པོའི་དཀའ་སྡུག་མཉམ་མྱོང་དང་མཉམ་ཁུར་བྱེད་མཁན་དེ་ཉུང་ཚོད་རེད། གཞན་ཕ་རོལ་པོ་མེས་འཚིག་པ་དང། ཆུས་འཁྱེར་བ། ནད་ཀྱི་གཟིར་བ། ལྟོགས་སྐོམ་གྱིས་མནར་བ་སོགས་གནས་སྟངས་ཅི་འཕྲད་ཀྱང་ཡ་ལན་མེད་པར་ལག་ཟུང་ཨམ་ཕྲག་ནང་དུ་བཅུག་ནས་ལྟད་མོ་བལྟ་བའི་དུས་ཤིག་ཤར་ཡོད། ལྷག་པར་གྲོང་ཁྱེར་ཆེ་ཁག་ནང་དཔལ་འབྱོར་གྱིས་ཕོངས་ཤིང་ལྟོ་གོས་གནས་མལ་བྲལ་བའི་སྤྲང་པོ་དག་ལ་སྤྱི་ཚོགས་ཀྱི་སྙིགས་རུལ་དུ་འཛིན་པ་དང་ཁོ་ཚོ་ཐུག་འཕྲད་ལ་གཡོལ་བ་སོགས་འགྲོ་བ་མིའི་འདུ་ཤེས་བརླག་པ་ཅི་མ་ལགས། མི་གཞན་གྱི་དོ་ཁུར་མེད་པས་ཉམ་ཐག་ལ་མཐོང་ཆུང་དང། གཉའ་གནོན་དམའ་འབེབས། གཞན་དོན་རྒྱབ་ཏུ་སྐྱུར་བ་སོགས་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་ཡིན། དེ་ལྟར་མིའི་བཟང་སྤྱོད་ཉམས་པའི་རྐྱེན་གྱིས་མི་རུང་བའི་བྱ་སྤྱོད་སྣ་ཚོགས་ལ་འཇུག་ནས་རང་གཞན་ཚང་མ་སྡུག་ལ་སྦྱར་བར་བྱེད་པ་འདི་ཉིད་ཡིན།

ཁ དུས་རབས་དང་འཚམས་པའི་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་གོ་རྟོགས་སྤེལ་ཐབས།

རང་གཞན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པ་དང་འཚོལ་བསྙེག་བྱེད་པ་ནི་བདེ་སྐྱིད་ཡིན་པར་སྨོས་མི་དགོས། བདེ་སྐྱིད་ཀྱི་རྒྱུའམ་གཞི་རྩ་ནི་བཟང་སྤྱོད་ལ་རག་ལུས་པ་ཡིན། དེས་ན་བདེ་སྐྱིད་སྒྲུབ་པ་ལ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་སྤེལ་ཐབས་ལ་འབད་དགོས། སྤྱིར་འཇིག་རྟེན་གོ་ལ་འདིའི་སྟེང་གི་ཡི་ཤུ་དང་། ཁ་ཆེ། ཧིན་དཱུ། ནང་པ་སོགས་ཆོས་ལུགས་ཆེན་པོ་བཞི་གཙོ་བོར་འགྱུར་བའི་ཆོས་ལུགས་ཁག་ཀུན་གྱིས་མིར་བདེ་སྐྱིད་བསྐྲུན་ཐབས་ལ་འབད་པ་གཅིག་མཚུངས་ཡིན། ༸གོང་ས་མཆོག་གིས་ཀྱང་ ”ངའི་ཡིད་ཆེས་ལ་ཆོས་ལུགས་ཁག་ཚང་མས་འགྲོ་བ་མིའི་བཟང་སྤྱོད་དང་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་སྤེལ་ཐབས་བྱ་རྒྱུའི་དམིགས་ཡུལ་གཅིག་གྱུར་ཡིན། སྒྲུབ་བྱེད་ཐབས་ལམ་མི་འདྲ་ཡོང་སྲིད་ཀྱང་བསྒྲུབ་བྱའི་དམིགས་ཡུལ་དེ་གཅིག་འགྱུར་ཡིན།” ཞེས་གསུངས་ཡོད་ཅིང་ཆོས་ལུགས་ཁག་གི་ལྟ་བ་ལ་ཁྱད་པར་ཇི་ཙམ་ཡོད་ཀྱང་དམིགས་ཡུལ་སེམས་ཅན་གྱི་བདེ་སྐྱིད་སྒྲུབ་རྒྱུ་དེ་ཡིན། འོན་ཏང་ཆོས་ལུགས་ཁག་ནས་བསྟན་པའི་བསླབ་བྱ་དེ་དག་གིས་འགྲོ་བ་མིའི་རིགས་ཐུན་མོང་ལ་ཁྱབ་ཐུབ་པར་དཀའ། འཛམ་གླིང་གོ་ལ་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ལས་དུང་ཕྱུར་བཅུ་གྲངས་ཤིག་ཆོས་ལུགས་གང་ལའང་དད་མོས་མི་བྱེད་པར་མངོན་གསལ་ཡིན། ལྷག་པར་ཆོས་ནི་སྤྱི་ཚོགས་ཡར་རྒྱས་ལ་འགོག་རྐྱེན་དུ་བཟུང་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད། གཞན་ཡང་དུས་རབས་ཉི་ཤུ་པའི་མཇུག་དང་ཉེར་གཅིག་པའི་འགོ་སྟོད་ལ་དམག་ཆེན་དང་པོ་དང་གཉིས་པའི་ཟིང་ཆ་ཆེན་པོ་བྱུང་བས་དམག་འཁྲུག་གི་འོག་ཏུ་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་དང། ལྟོགས་ཤི་ཐེབས་པ། ནང་མི་ཁ་འཐོར་དགུ་འཐོར་དུ་གྱུར་བ། རྒྱལ་ཁབ་ཀྱི་སྲིད་འབྱོར་དམངས་གསུམ་ལ་བརྡབ་གསིག་དང་གྱོང་རྒུད་བསབ་ཏུ་མེད་པ་བྱུང་བས་ཆོས་ལ་དད་པ་བཅོལ་བ་ནི་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་བཀག་འགོག་ཏུ་འཛིན། དེ་ལྟར་ཆོས་ནས་བཤད་པའི་སྒོ་གསུམ་གྱི་བཟང་སྤྱོད་དག་སྤྱིར་བཏང་གི་སྤྱི་ཚོགས་ལ་དགོས་མཁོ་མེད་པ་ལྟ་བུར་སྣང། གང་ལྟར་ཆོས་ལ་དད་པ་ཡོད་མེད་དང་ཆོས་ལ་ངོ་རྒོལ་བྱེད་མཁན་གྱི་སྐྱེས་བུ་གང་དུ་གཏོགས་རུང་བདེ་སྐྱིད་འདོད་པ་ནི་རྣམ་པ་ཀུན་ཏུ་གཅིག་འགྱུར་ཡིན། བཟང་སྤྱོད་དེ་འགྲོ་བ་མིའི་རིགས་ཡོངས་ལ་ཐུན་མོང་ཡོངས་ཁྱབ་ཏུ་སྤེལ་བ་ལ་ཆོས་དང་མ་འབྲེལ་བ་ཞིག་དགོས་པ་ནི་དུས་རབས་ཀྱི་ལྡོག་ཏུ་མེད་པའི་དགོས་མཁོ་ཞིག་ཀྱང་ཡིན། ༸གོང་ས་མཆོག་གིས་དུས་དང་འགྲོ་བ་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་ཤིག་ལ་གཟིགས་ནས་མན་ངག་གནད་དུ་འཁེལ་བའི་བདུད་བརྩི་འཇོ་བར་མཛད་པ་ནི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དེ་ཉིད་ཡིན། བདེ་སྐྱིད་ཅེས་པ་ནི་འདོད་ཡོན་ལྔའི་རྗེས་སུ་རྒྱུག་ནས་ཡོང་ཐབས་མེད་ལ་ཕྱིའི་དངོས་པོས་བསྐྲུན་ནུས་པ་ཞིག་མེད་པར་ནང་སེམས་ལ་བརྟེན་ནས་འབྱུང་དགོས་པ་ཞིག་ཡིན། སྤྱིར་བཏང་ཕྱིའི་རྒྱལ་ཁབ་ཕལ་མོ་ཆེ་ནི་ཤེས་ཡོན་གྱི་ལམ་ལུགས་དར་ཁྱབ་ཆེ་ཞིང་ཕྱིའི་དངོས་པོ་ཡར་ཐོན་ཅན་ཞིག་སྟེ། དེང་རབས་ཀྱི་འཕྲུལ་ཆས་གསར་ཐོན་ཅན། འགྲུལ་བཞུད་ཀྱི་བརྒྱུད་ལམ་སྣ་མང་ཅན། སྡོད་གནས་ཀྱི་མཁར་ཁང་རྒྱས་སྤྲོས་ཅན་སོགས་ཕྱིའི་དངོས་པོ་ཕུན་སུམ་ཚོགས་པ་མཆིས་མོད། དེར་གནས་སྡོད་བྱེད་མཁན་གྱི་མི་རྣམས་སེམས་ཁྲལ། བློ་ཕམ། དངངས་སྐྲག། ཡིད་མ་ཚིམས་པ། མཚན་མོ་གཉིད་ཀྱང་མི་ཁུག་པ་སོགས་ཀྱི་སྡུག་བསྔལ་འབྱུང་བ་དེ་དག་ལས་ཕྱིའི་དངོས་པོས་བདེ་སྐྱིད་ཆ་ཚང་ཞིག་སྟེར་མི་ནུས་པ་གསལ་པོ་ར་འཕྲོད་ཐུབ། འོ་ན་འཛམ་གླིང་འདིར་བདེ་སྐྱིད་ཇི་ལྟར་སྐྲུན་པར་བྱེད་ཅེ་ན། རང་རྒྱུད་ཀྱི་གཞི་རྩའི་བྱམས་བརྩེ་དང་སྙིང་རྗེ་སོགས་ཀྱི་བཟང་སྤྱོད་གོང་དུ་སྤེལ་ནས་བདེ་སྐྱིད་ཀྱི་སྦྲང་མངར་དེ་མྱོང་དགོས་པ་ཡིན། བཟང་སྤྱོད་དེ་ཡང་ཆོས་ལུགས་ཁག་ནས་བཤད་ཡོད་མེད་ལ་མ་བལྟོས་པར་འགྲོ་བ་མི་ཐུན་མོང་དུ་ཡོངས་ཁྱབ་ཀྱི་བཟང་སྤྱོད་ “Universal value” དག་སྤེལ་དགོས། བཟང་སྤྱོད་སྤེལ་ཐབས་ཀྱང་རྩ་འཛིན་གསུམ་ལ་གཞིར་བྱེད་པ་ནི། འགྲོ་བ་མིའི་ཐུན་མོང་གི་ཉམས་མྱོང་དང། དེང་རབས་ཚན་རིག་པའི་རྙེད་དོན། འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་པ་བཅས་ཡིན། དང་པོ་ནི། ང་ཚོ་རྒྱུན་ལྡན་གྱི་འཚོ་བ་དངོས་སུ་མྱོང་བའི་ཐོག་ལ་གཞི་བཞག་ནས་རྟོགས་ཐུབ་པ་ནི། འགྲོ་བ་མི་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་ལ། ང་ཚོ་འགྲོ་བ་མི་ཚང་མ་ཕན་ཚུན་སྦྲེལ་ཏེ་གནས་ཡོད། དཔེར་ན། ང་ཚོའི་གཟུགས་པོ་གསོ་བྱེད་ཀྱི་ཟས་ཁམ་གང་ལྟ་བུར་མཚོན་ནའང། ཞིང་པ་དང། ཚོང་པ། ཁ་ལོ་བ། མ་བྱན་སོགས་མི་སྣ་མང་པོའི་འབད་རྩོལ་ལ་བརྟེན་ནས་བྱུང་བ་མ་གཏོགས་རྟག་པ་རང་བྱུང་གི་སྐྱེས་བུ་ལྟ་བུར་རྒྱུ་མེད་རྐྱེན་མེད་ལས་འབྱུང་བ་ཞིག་གཏན་ནས་མིན། དེ་བཞིན་ང་ཚོའི་ཟས་གོས་གནས་མལ་མཐའ་དག་གཞན་ཕ་རོལ་པོར་བརྟེན་ནས་བྱུང་བ་ལས་རང་ཉིད་ཁེར་རྐྱང་གི་འཇོན་ནུས་ཤིག་རྩ་བ་ནས་མིན། གཞན་ཡང་རང་ཉིད་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་བདེ་བ་ལ་ཆོག་ཤེས་མེད་པ་བཞིན་དུ་གཞན་ཕ་རོལ་པོ་ཡང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། གཉིས་པ་ནི། ཇི་ཙམ་གྱིས་བྱམས་བརྩེ་ཡོད་པ་དེ་ཚོད་ཀྱིས་རང་ཉིད་སེམས་ཞི་བདེ་བག་ཕེབས་ཤིང་ལུས་ལ་ན་ཚ་ཉུང་བར་དེང་གི་ཚན་རིག་པའི་རྙེད་དོན་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ། དེ་བཞིན་སྙིང་རྗེ་དང། བྱམས་བརྩེ། ལྷག་བསམ། གཞན་ཕན། སྤྱི་སེམས་སོགས་ལས་ལུས་ཟུངས་ཇེ་བཟང་དུ་འགྲོ་བར་སྨན་དཔྱད་ཚན་རིག་པའི་ཞིབ་འཇུག་ལས་ར་སྤྲོད་བྱས་ཡོད། དེ་མིན་རང་ཉིད་ནད་དྲག་པོས་མནར་ཡང་བྱམས་བརྩེ་ལྡན་ན་སེམས་བག་ཕེབས་ཤིང་ན་ཚ་ཡང་དྲག་སྐྱེད་སླ་བར་གསལ་སྟོན་བྱས་ཡོད། གསུམ་པ་ནི། འགྲོ་བ་མིའི་རྣམ་དཔྱོད་ཀྱི་བློ་མིག་ཕྱེ་ནས་བལྟས་ཚེ། བྱམས་བརྩེ་དང་ལྡན་པའི་གང་ཟག་ནི་ཕྱིིའི་གཟུགས་པོའི་བདེ་ཐང་དང་ནང་སེམས་པའི་བདེ་སྐྱིད་ཞི་འཇགས་ངང་གནས་པ་མཐོང་བ་མངོན་འགྱུར་ཡིན། ༸གོང་ས་མཆོག་ནི་དེ་ལྟ་བུའི་དཔེ་མཚོན་གསོན་པོ་ཡིན་པར་དེང་གི་སྨན་པ་མཁས་ལས་པ་དག་གིས་ཆ་འཇོག་བྱེད་བཞིན་ཡོད། ལྷག་པར་དུ་མི་ཤེས་ཡོན་ཡོད་པ་ཙམ་གྱིས་མི་ཆོག་པར་བཟང་སྤྱོད་ཀྱི་འདུ་ཤེས་ཀྱང་དགོས་པར་གལ་འགངས་ཆེ་བས་བཟང་སྤྱོད་ཀྱི་སློབ་གསོ་དག་ཤེས་ཡོན་གྱི་སྡེ་ཚན་ནང་དུ་འཇོག་དགོས་པར་མགོན་པོ་གང་ཉིད་ཀྱིས་རིང་ནས་བཞེས་པའི་དགོངས་པ་ཞིག་ཡིན་སྟབས། ཨེ་མོ་རི་གཙུག་ལག་སློབ་ཁང་དང་༸གོང་ས་མཆོག་དབར་ལོ་ངོ་ཉི་ཤུ་ལྷག་རིང་གྲོས་བསྡུར་ལྷུག་པོར་གནང་བ་ལས་ ༢༠༡༩ ལོར་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་སློབ་ཕྲུག་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་སཱི་ཤེས་ཡོན་ནམ་ “SEE Learning” ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་“Secular Ethics”ཀྱི་བསླབ་གཞི་གཏན་འབེབས་བྱས་ཡོད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་རིགས་དྲུག་ལ་བསྒྱུར་ཟིན་པ་དང་སྐད་རིགས་གཞན་ལའང་སྒྱུར་བཞིན་ཡོད། མ་ཟད་རྒྱལ་སྤྱི་རྒྱལ་ནང་གི་སློབ་ཁང་ཁག་མང་པོའི་བསླབ་གཞིར་བཞག་ཡོད། མདོར་ན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་གོ་ལའི་སྟེང་གི་མིས་བཟོས་པའི་དཀའ་ངལ་སེལ་བའི་ཐབས་དམ་པ་མཆོག་ཏུ་གྱུར་བ་ཞིག་ཡིན།

མཇུག་བསྡུ་བ་ནི།

ང་ཚོས་ཆོས་དང། དགེ་སྡིག། ལྷ་ཡུལ། དམྱལ་བ། སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་མིན་ཇི་ལྟར་ཡང་འཛམ་གླིང་འདིར་མིའི་སྐྱེ་བ་ཞིག་བླངས་ཡོད། མི་ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་འདོད་པ་དང་དེ་སྒྲུབ་པའི་ཐོབ་ཐང་ཡང་ཡོད། བདེ་སྐྱིད་དངོས་ནི་གཙོ་བོ་ནང་སེམས་སམ་ནང་གི་བཟང་སྤྱོད་བྱམས་བརྩེ་གོང་དུ་སྤེལ་བ་ལ་བརྟེན་ནས་སྒྲུབ་དགོས་པ་ཞིག་ཡིན། བཟང་སྤྱོད་དེ་ཡང་དགེ་སྡིག་གསོག་ཚུལ་དང་ལྷ་བླ་མའི་དགོངས་པ་འགལ་ཚུལ་སོགས་ལས་བསྟན་པ་མ་ཡིན་པར་རང་མྱོང་དངོས་སུ་སྦྱར་ནས་བསྟན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ཡིན། འདས་པའི་དམག་འཁྲུག། མི་བསོད་ཁྲག་སྦྱོར། འཁྲུག་རྩོད་ཀྱི་དུས་རབས་ནག་པོ་དེ་བསྐྱར་བཟློས་མི་བྱེད་པར། འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་གོང་དུ་སྤེལ་ནས་རང་གཞན་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་གྲོས་མོལ་དང་བདེ་སྐྱིད་ཀྱི་དུས་རབས་ཤིག་བསྐྲུན་དགོས།།