ཐ་དད་མེད་
ཐ་དད་མེད་ཅེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ལ་གསུངས་པའི་གཙོ་བོའི་ལྟ་བ་ཞིག་སྟེ། ཆོས་ཅན་དང་ཆོས་ཉིད། ཕུང་པོ་དང་སྟོང་པ་ཉིད། གཟུགས་སོགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་དོན་དམ་པར་གཅིག་ཐ་དད་གང་དུའང་མ་གྲུབ་པའི་ཆོས་ཉིད་ལ་ཟེར།
སྒྲ་བཤད།
[རྩོམ་སྒྲིག]ཐ་དད་མེད་ ཐ་དད་པ་ཞེས་པ་ནི་ཆོས་གཉིས་སམ་དུ་མ་ལ་སོ་སོའི་རང་བཞིན་ཐ་དད་པར་གྲུབ་པ་ལ་ཟེར་ལ། མེད་ཅེས་པ་ནི་དེ་ལྟར་ཐ་དད་པར་མ་གྲུབ་པའམ་མེད་པ་ལ་ཟེར།
མཚན་ཉིད།
[རྩོམ་སྒྲིག]ཆོས་ཅན་དང་ཆོས་ཉིད་གཉིས་དོན་དམ་པར་ངོ་བོ་གཅིག་ཏུ་གྲུབ་ཅིང་གཅིག་ཐ་དད་ཀྱི་སྤྲོས་པ་ལས་འདས་པ་ཞིག་ཡིན། "ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་འདི་ནི་ཆོས་ཅན་གཟུགས་ལ་སོགས་པ་གང་དང་ཡང་གཅིག་མ་ཡིན་ལ་ཐ་དད་ཀྱང་མིན་མོད་ཀྱི་ཆོས་ཐམས་ཅད་དེ་གཅིག་པུའི་ངང་ཚུལ་དུ་འུབ་ཆུབ་པས་དཔེར་ན་ནམ་མཁའི་ཁམས་དང་མཚུངས་ཏེ་ཆོས་ཀྱི་དབྱིངས་འབའ་ཞིག་ཙམ་གྱིས་རབ་ཏུ་ཕྱེ་བ་ལས་ཐ་དད་པའི་གཉིས་ཆོས་རྡུལ་ཙམ་ཡང་མེད་དོ། །"[༡]ཞེས་གསུངས།
དབྱེ་བ།
[རྩོམ་སྒྲིག]ཐ་དད་མེད་ཀྱི་དབྱེ་བ་ལ་གཙོ་བོ་གསུམ་ཡོད།
ཆོས་ཅན་དང་ཆོས་ཉིད་ཐ་དད་མེད། "ཆོས་ཅན་ཕུང་པོ་ལྔ་དང་ཆོས་ཉིད་སྟོང་པ་གཉིས་པོ་འདི་ནི་ནམ་མཁའི་ཁམས་ལ་ཤར་ཕྱོགས་ལ་སོགས་པའི་བརྡ་ཐ་དད་དུ་བཏགས་ཀྱང་དོན་དམ་པར་ཐ་དད་མེད་པ་དང་མཚུངས་ཏེ་ཕུང་པོ་དང་སྟོང་པ་ལའང་ངོ་བོ་ཐ་དད་མེད་དོ། །"[༢]ཞེས་གསུངས།
གཟུགས་སོགས་དང་ཤེས་རབ་ཕར་ཕྱིན་ཐ་དད་མེད། "གཟུགས་ནི་ཤེས་རབ་ཀྱི་ཕར་ཕྱིན་མ་ཡིན་ཏེ་དེ་གཉིས་གཅིག་མ་ཡིན་པའི་ཕྱིར་རོ། གཟུགས་ལ་ཤེས་རབ་ཐ་དད་དུ་གནས་པའང་མེད་དེ་གུད་ན་མ་དམིགས་པའི་ཕྱིར་རོ། དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་འདི་དག་ནི། ཤེས་རབ་མ་ཡིན་ལ་འདི་དག་ལ་ཡང་ཤེས་རབ་ཐ་དད་དུ་མེད་དེ།"[༣] ཞེས་གསུངས།
དམིགས་པ་རྣམས་ཕ་མཐའ་མེད། "བདེན་བཞི་སོགས་ཀྱི་རང་བཞིན་བདེན་སྟོང་འདི་ནི་ནམ་མཁའི་ཁམས་དང་མཚུངས་པའི་དགག་བྱ་རྣམ་པར་བཅད་ཙམ་སྟེ་ངོ་བོ་ཐ་དད་དུ་མེད་དོ། །"[༤]ཞེས་གསུངས།
ངེས་ཚིག
[རྩོམ་སྒྲིག]ཐ་དད་མེད་ཅེས་པ་ནི་ཆོས་ཐམས་ཅད་རང་གི་ངོ་བོས་ཆོས་ཀྱི་དབྱིངས་ཀྱི་ངང་ཚུལ་དུ་རོ་གཅིག་ཏུ་གནས་པ་ཡིན། "ཆོས་ཐམས་ཅད་རྟེན་དང་བརྟེན་པར་ཐ་དད་པའི་མཚན་ཉིད་མེད་དེ། ཁྱད་པར་དང་སྣ་ཚོགས་པའི་རང་བཞིན་དུ་མེད་ཅེས་བྱ་བའི་བར་དུའོ། །"[༥]ཞེས་གསུངས།
རྩོད་སྤོང་།
[རྩོམ་སྒྲིག]ཆོས་ཅན་ལས་ཆོས་ཉིད་ཐ་དད་རྩོད་པ། "ཆོས་ཅན་རྣམས་ལས་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་ཐ་དད་དུ་ཡོད་ན་དེའི་ཆོས་ཉིད་མ་ཡིན་པ་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་མ་གྱུར་པའི་ཆོས་ཡོད་པར་འགྱུར་ན་དེ་མི་སྲིད་པའི་ཕྱིར་རོ། །"[༦]ཞེས་རྩོད་པ་སྤངས།
ཆོས་ཅན་དང་ཆོས་ཉིད་གཅིག་རྩོད་པ། དེ་ཡང་། "ཆོས་ཅན་གཟུགས་ལ་སོགས་པ་འདི་ཆོས་ཀྱི་དབྱིངས་དང་གཅིག་ཡིན་ན་འདི་མཐོང་བ་ཁོ་ནས་བདེན་པ་མཐོང་བ་དང་ཀུན་རྫོབ་དོན་དམ་ཐ་དད་དུ་བཞག་ཏུ་མེད་པ་སོགས་སྐྱོན་ཡོད་པའི་ཕྱིར་རོ། །"[༧]ཞེས་རྩོད་པ་སྤངས།
གཟོད་ནས་དག་པ། "གཟོད་མ་ནས་ཉེས་པ་མེད་པས་ཤིན་ཏུ་དག་པ་ཡིན་ནོ། གཞན་གང་ལས་རྒྱུར་གྱུར་པ་དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ཡོད་པ་སྐྱེ་བར་ག་ལ་འགྱུར།"[༨] ཞེས་ཆོས་ཐམས་ཅད་གཟོད་ནས་དག་པར་བསྟན།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༩a
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༣༨
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༨b-༡༩a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༡༤a-༡༤b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༥
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༩a
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༩a
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༧