ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རྩང་བོད་ཅེས་པའི་སྐོར་གྱི་བརྗེད་ཐོ
ཧྥ་རན་སིར་ཉར་བའི་བོད་ཡིག་གི་ཏུན་ཧོང་ཡིག་ཆ་ཨང་རྟགས༼༡༢༨༧༽པ་ལས་སྤུ་རྒྱལ་གྱི་རྒྱལ་པོ་གནམ་རུ་སྲོང་བཙན་གྱི་སྐུ་དུས་སུ། བློན་པོ་ཁྱུང་པོ་སྤུངས་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་གྱི་མགོ་བཅད་ནས་རྩང་བོད་ཀྱི་ཁྱིམ་ཚང་ཉིས་ཁྲི་ཙམ་བཙན་པོའི་ཕྱག་ཏུ་ཕུལ་བའི་ལོ་རྒྱུས་ཤིག་གསལ་ཡོད་ལ། རྒྱལ་པོ་དེའི་གདུང་སྲས་སྲོང་བཙན་སྒམ་པོའི་དུས་སུའང་རྩང་བོད་འབངས་སུ་བཀུག་པའི་གནད་དོན་དེ་ཉིད་ཐག་གཅོད་གཙང་སིང་ངེ་བ་ཞིག་བྱེད་ཐུབ་མེད་པ་སོགས་དེའི་སྐོར་གྱི་ལོ་རྒྱུས་ཞིབ་པ་གཞན་ལས་ཤེས་པར་བྱའོ།།Image དེ་ལ་སྐབས་འདིར་རྩང་བོད་ཅེས་པའི་ལོ་རྒྱུས་ཀྱི་ས་མིང་རྙིང་པ་འདི་ནི་ད་ལྟའི་ཡུལ་གང་ཞིག་ལ་ངོས་འཛིན་དགོས་མིན་གྱི་ཆ་ནས་མི་བརྗེད་ཐོར་ཅུང་ཟད་འགོད་སྙམ་སྟེ། དེ་ལ་ཞིབ་འཇུག་པ་ཁ་ཅིག་གིས་རྩང་བོད་ནི་དིང་སང་གི་ལྷ་རྩེ་རྫོང་ཁོངས་སུ་ཡོད་པར་འགྲེལ་བཞིན་ཡོད་ནའང་། ལྟ་ཚུལ་དེ་ལ་གུས་པས་ལུང་རིགས་དཔེ་གསུམ་གང་གི་ཆ་ནས་ཀྱང་མོས་མཐུན་བྱེད་མི་ཐུབ་སྟེ། དེ་ཅི་ལ་ཞེ་ན། རང་ལུགས་ལ་རྩང་བོད་ཅེས་པའི་ས་མིང་རྙིང་པ་འདི་ནི་ད་ལྟའི་འབྲོང་པ་རྫོང་སྐྱེ་ལག་ཤང་གི་ཁོངས་སུ་ཡོད་པ་དང་། དེ་ནི་གནའ་བོའི་བྱང་གི་ཞང་ཞུང་དང་བོད་ཀྱི་ས་མཚམས་གཙང་གི་བྱེ་མ་གཡུང་དྲུང་ཞེས་པའི་ཟླས་དྲངས་པའི་གཙང་ཡུལ་དེ་ཡིན།Image ཐོག་མར་གཙང་གི་བྱེ་མ་གཡུང་དྲུང་གསལ་བོ་བཤད་ན། གཙང་ཡུལ་སྤྱི་ལ་གོ་བ་ཡང་དག་པ་ལོན་ཐུབ་པར་སྙམ་སྟེ། རང་རེའི་བོན་རྒན་རྣམས་ཀྱི་ཚིལ་དྲེགས་ཆགས་པའི་ཕྱག་དཔེ་ལས་མ་གཏོགས་གཞན་དང་གཞན་ན་གཙང་གི་བྱེ་མ་གཡུང་དྲུང་ཞེས་པའི་གནའ་རབས་ཀྱི་ས་མིང་འདི་མཐོང་དཀོན་པ་ཡིན། དེ་ལ་ཐོག་མར་སྟོན་པ་གཤེན་རབ་མི་བོ་ཆེ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོར་ཕེབས་ནས་བོན་གསུངས་སྐབས་བདུད་ཁྱབ་པ་ལག་རིང་ཕྲག་དོག་སྐྱེས་ནས་ཉིན་དགུར་ཁ་བ་ཕབ་པ་དང་ཉིན་མཚན་བཅོ་བརྒྱད་ལ་རི་ཀླུང་ཁ་བས་གཡོགས་པའི་གོ་སྐབས་དང་བསྟུན་ནས། གཤེན་གྱི་རྟ་བདུན་བརྐུས་ནས་ཀོང་ཡུལ་དུ་འབྲོ་སྐབས་སྟོན་པ་གཤེན་རབ་མི་བོས་ཉི་མ་དགུ་བསྟན་ནས་ཁ་བ་སྐད་ཅིག་ཙམ་ལ་ཞུས་ནས་དེའི་བྱིན་རླབས་ལས་གཙང་གི་བྱེ་མ་གཡུང་དྲུང་བྱུང་ཞེས་བཤད་ཡོད། འདི་ནི་གནའ་བོའི་སྟོན་པ་གཤེན་མི་བོ་ཆེ་ཡི་རྣམ་ཐར་གྱི་གཏམ་རྒྱུན་དང་འབྲེལ་ནས་ཡོང་བའི་ས་མིང་རྙིང་པ་ཞིག་ཡིན་པས་ཤིན་ཏུ་སྔ་མོའི་དུས་ཤིག་ནས་བྱུང་བར་ཡིད་ཆེས་བྱས་ཆོག་སྙམ།Image གཞན་ཡང་གཙང་གི་བྱེ་མ་གཡུང་དྲུང་ལ་ངག་རྒྱུན་ཧ་ཅང་མང་པོ་ཡོད་པ་དང་། ཁྱད་པར་དུ་བྱེ་མ་དཀར་པོ་དེ་ལ་ལྕེ་ཡིས་རེག་ན་ལམ་སང་ཞུ་འགྲོ་བའི་ཁྱད་ཆོས་ཀྱང་ཡོད་ལ། བོན་ལུགས་ཀྱི་སྐྱེས་ཆེན་དང་གྲུབ་ཐོབ་མང་པོ་ཞིག་གིས་བྱེ་མ་དཀར་པོ་དེ་ཟས་སུ་བསྟེན་ནས་སློབ་སྦྱོང་དང་ཉམས་ལེན་གནང་བའི་ལོ་རྒྱུས་ཡོད་ལ། ཀུ་ཧྲང་མ་ཧེ་བ་གླང་ལ་སྒོ་བཞི་མཛོད་ལྔའི་བོན་བཀལ་ཏེ་གཙང་སྟོད་བྱེ་མ་གཡུང་དྲུང་ནས་བོན་གྱི་བསྟན་པ་བཙུགས་པའི་ལོ་རྒྱུས་ཀྱང་ཡོད། བོན་གྱི་གསོ་རིག་འབུམ་བཞི་སོགས་ཀྱིས་མཚོན་པའི་བོན་གྱི་བསྟན་བཅོས་མང་པོ་ཞིག་ཀྱང་གཙང་སྟོད་བྱེ་མ་གཡུང་དྲུང་ནས་གཏེར་དུ་སྦས་པའི་ལོ་རྒྱུས་ཡོད་པ་སོགས་མདོར་དེད་ན། གཙང་གི་བྱེ་མ་གཡུང་དྲུང་ནི་བོན་རྣམས་ལ་གྲགས་ཆེ་བའི་ས་མིང་རྙིང་པ་ཞིག་ལས། རང་རེའི་རྣམས་ཀྱིས་ཚད་མར་འཛིན་པའི་ཆོས་འབྱུང་ཁག་ན་བོད་སིལ་བུའི་དུས་སྐབས་སུ་བྱེ་མ་གཡུང་དྲུང་ཞེས་མིང་ཙམ་བྱུང་བ་ལས་ཕལ་ཆེར་རྒྱུས་མེད་ལྟ་བུར་སྣང་ལ། གུས་པས་ནམ་རྒྱུན་བན་བོན་ལོ་རྒྱུས་ཀྱི་ཡིག་ཚང་ཁག་གིས་ཕན་ཚུན་ཁ་གསབ་དགོས་པའི་གནད་དོན་མང་པོ་མཆིས་པ་དང་གཅིག་གྲོགས་གཅིག་སུ་འཁྱེར་ཤེས་དགོས་པར་སྙམ་ཞེས་པའང་དེ་དོན་ཡིན།Image པདྨ་བཀའ་ཐང་ལྟར་ན། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བན་བོན་རྩོད་པ་ལས་བོན་རྣམས་ཕམ་ནས་མགོ་ལ་ཝ་ཞྭ་བསྐོན་ལག་ལ་ཕྱེད་རྔ་གཏད། གོས་སུ་རས་སྔོན་དང་ཟས་སུ་ལྷད་ཟས་བྱིན་ནས་འབངས་ཀྱིས་གཙང་སྟོད་བྱེ་མ་གཡུང་དྲུང་དུ་བསྐྱལ་ཞེས་བཀོད་ཡོད། འདིར་དཔྱད་ན་གཙང་གི་བྱེ་མ་གཡུང་དྲུང་ནི་གནའ་བོའི་བྱང་གི་ཞང་ཞུང་དང་བོད་ཀྱི་ས་མཚམས་ཡིན་པ་ཤེས་ནུས་པ་དང་། བྱེ་མ་གཡུང་དྲུང་གི་མགོར་གཙང་སྦྱར་བ་དང་གཙང་སྟོད་ཅེས་པ་སོགས་ཀྱིས་འབྲོང་པ་རྫོང་ཁོངས་སུ་ཡོད་པའི་གཙང་གི་ཡུལ་གྲུ་འདི་ནི་སྟོད་སྨད་བར་གསུམ་གྱིས་གྲུབ་པའི་ཡུལ་ལུང་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པ་གསལ་བོར་རྟོགསནུས་ལ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་རྩང་བོད་ཅེས་པའི་ཟླས་དྲངས་པའི་རྩང་ནི་གཙང་གི་བྱེ་མ་གཡུང་དྲུང་གི་མགོར་བཞག་པའི་གཙང་འདི་ཡིན་ཞིང་། བོད་ཅེས་པ་ནི་སྐབས་དེའི་ཞང་ཞུང་གི་ས་མཚམས་སུ་ཡོད་པའི་སྤུ་རྒྱལ་ལ་གོ་བ་ཡིན། དེའི་གནད་ཀྱིས་རྩང་བོད་ཅེས་པ་ནི་བྱང་གི་ཞང་ཞུང་དང་བོད་ཀྱི་ས་མཚམས་ཞེས་པའི་བསྡུས་མིང་ཡིན་པ་ཧ་ཅང་གསལ་བོར་གོ་ནུས་སོ།། རང་རེའི་ཡིག་རྙིང་རྣམས་སུ་ཡར་ཆབ་གཙང་པོ་དང་ད་ལྟར་ཡར་ཀླུང་གཙང་པོ་ཞེས་འབོད་པའི་གཙང་བོ་གྲགས་ཆེན་འདིའི་ཆུ་མགོ་ཡང་གཙང་གི་བྱེ་མ་གཡུང་དྲུང་གི་གངས་རིའི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་མཆོག་འདྲ་བའི་ཁ་ནས་འབབ་པ་ཡིན། ཡར་ཀླུང་གཙང་བོའི་ཆུ་མགོ་བོན་པོར་ཐུག་ཡོད་ནའང་། ཆུ་མཇུག་རྣམས་སུ་ཡར་ཀླུང་གཙང་པོ་ཧུབ་ཀྱིས་འཐུང་བ་རྣམས་ཀྱིས་བོན་པོར་སྡང་ཞུགས་བྱེད་པ་ཡ་མཚར་ཨང་ཞེས་ཀུ་རེ་དང་བཅས་གཙང་གི་བྱེ་མ་གཡུང་དྲུང་སོགས་གནས་ཚུལ་རྒྱས་བཤད་ནི༼གཙང་གི་བྱེ་མ་གཡུང་དྲུང་གང་དུ་ཡོད་དམ༽ཞེས་རིག་གཞུང་འཆད་ཁྲིད་ཅིག་ལས་གསལ་བོར་ཞུ་འཆར་ཡོད་པས་དེ་ལ་རེ་བས་སྒུག་པར་བྱའོ།།
བན་ཤུལ་དཔལ་མཁར་རྒྱལ་གྱིས།