ཏིཥྛ་
ཏིཥྛ་ནི་གསང་སྔགས་ཡིག་བརྒྱའི་ནང་འཁོད་པའི་སཾསྐྲྀཏའི་ཐ་སྙད་ཅིག་ཡིན་ཞིང་། དབྱིན་ཡིག་ཏུ་བྲིས་ན་"Tiṣṭha"ཡིན། ཡིག་བརྒྱའི་ནང་"ཏྭེ་ནོ་པ་ཏིཥྛ་"ཞེས་པའི་ཚིག་ཕྲེང་གི་ཆ་ཤས་ཡིན་ཞིང་། བོད་སྐད་དུ་"གནས་པར་མཛོད"ཅེས་པའི་དོན་ཡིན།
སྒྲ་བཤད།
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཏིཥྛ་ནི་བཞུགས་པ། དྲྀ་ཌྷོ་ནི་བརྟན་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག།"[༡] ཅེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "ཨུ་པ་ཏིཥྛ་ཞེས་པ་པཉྩ་མིའི་མཐའ་ཅན་ཡིན་པས་ཉེ་བར་བཞུགས་ཤིག་པ་སྟེ་གང་བཞུགས་ན་རྡོ་རྗེ་སེམས་དཔའ་ཁྱོད་དོ།"[༢] ཞེས་གསུངས།
སེམས་ཕྱོགས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བཤད་ཚུལ།
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ཏིཥྛའི་དོན་རྫོགས་ཆེན་གྱི་སྒོ་ནས་འགྲེལ་བརྗོད་གནང་བ་ལྟར་ན། "རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའ་དེ་ཉིད་ནི་སྔོན་ཆད་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་རང་ངོ་མ་ཤེས་པས་ནོར་ལ། ད་ནི་བླ་མའི་བཀའ་དྲིན་གྱིས་རང་རིག་རྡོ་རྗེ་སེམས་དཔའ་དེ་ངོ་རང་ཐོག་ཏུ་འཕྲོད། ཐག་གཅིག་ཐོག་ཏུ་བཅད། གདིང་གྲོལ་ཐོག་ཏུ་བཅའ་བའི་རང་རིག་བཞི་ཆ་སུམ་བྲལ་ཟང་ཐལ་འདུས་མ་བྱས་པའི་ངང་དུ་འཇོག་པ། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ།"[༣] ཞེས་རང་རིག་ཉིད་ངོ་འཕྲོད་པའི་ཆོས་ཉིད་ལ་ངེས་པར་གནས་དགོས་པའི་དོན་དུ་འགྲེལ།
གསང་སྔགས་བསྐྱེད་རྫོགས་ཀྱི་ལམ་དང་སྦྱར་བའི་བཤད་པ།
[རྩོམ་སྒྲིག]མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་བསྐྱེད་རིམ་དང་སྦྱར་ནས། "བསྐྱེད་རིམ་ལྟར་ན་སྐྱབས་འགྲོ་དང་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ངང་ནས་རང་ཉིད་བདག་དམ་ཚིག་སེམས་དཔའ་རྡོ་རྗེ་སེམས་དཔའ་བསྒོམ། དེ་ནས་འོག་མིན་ཞིང་ནས་ལྷ་ཡེ་ཤེས་སེམས་དཔའ་རྡོར་སེམས་སྤྱན་དྲངས་ནས་རང་ལ་དམ་ཡེ་དབྱེར་མེད་ཕྱག་རྒྱས་བཅིངས་ཏེ་ཏིང་འཛིན་སེམས་དཔའི་ཐུགས་ཀར་ཟླ་སྟེང་ཧཱུྂ་ཡིག་དང་སྔགས་ཕྲེང་སྤྲོ་བསྡུ་ལས་བཞིས་རང་གཞན་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་སྒྲིབ་གཉིས་ཀྱིས་བསྡུས་པ་རྣམས་སྦྱངས་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོག་མིན་ཞིང་དང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ཡིན་པར་དམིགས་པ་གཏད་ལ་སེམས་བཟུང་བ་ནི། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར། བརྟན་པར་བདག་ལ་བཞུགས་པར་མཛོད། ཅེས་པའི་དོན་"[༤] ཡིན་པར་གསུངས།
རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་ནང་གི་གནད།
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། "ཏིཥྛ་ནི་གནས་པར་མཛོད།"[༥] ཅེས་གསུངས། ཏིཥྛ་ཞེས་པའི་ཚིག་འདི་རྡོ་རྗེ་སེམས་དཔའ་ཡིད་ལ་བསྒོམ་པ་དང་ཉེ་བར་བཞུགས་ཏེ་བྱིན་གྱིས་བརླབ་པ་ལ་གལ་ཆེ་བའི་ཚིག་གནད་ཡིན་ནོ།
ཀློག་ཚུལ།
[རྩོམ་སྒྲིག]སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་"ཏིཥྛ"ཡི་ཀློག་ཚུལ་སྐོར། "བཀླག་ཚུལ་གཞན་གོ་སླ་ལ་སྔགས་ཀློག་མཁན་པོ་ཕལ་ཆེར་གྱིས་ཏིཥྛ་ལ་ཤ་ཥ་ས་གསུམ་ས་རུ་ཀློག །ཅེས་ཥ་ས྄ར་ཀློག་ཅིང་། ས྄་སྒྲ་ཐོན་པར་བྱེད་མོད། མི་འཐད་དེ། དེ་ལྟ་ཡིན་ན་འདི་སྐབས་ཤ་ཥ་ས་གསུམ་བྱེ་བྲག་མེད་པར་ས྄་ཡིག་ཏུ་གྱུར་པའི་ཤུགས་ཀྱིས་འོག་གི་ཋ་ཡིག་ཀྱང་ཐ་ཡིག་ཏུ་འདོན་དགོས་པར་འགྱུར་བའི་ཕྱིར་ཏེ་སྒྲའི་གཞུང་ཆེན་པོ་རྣམས་ལས་བརྒལ་ཏེ་སྨྲ་མི་ནུས་པའི་ཕྱིར་རོ།"[༦]
གནད་བསྡུས།
[རྩོམ་སྒྲིག]"ཏིཥྛ"ཞེས་པའི་ཚིག་དོན་ནི་གནས་པར་མཛོད་པ་ཡིན་ཞིང་། སྒྲ་ཀློག་དོན་དག་ལ་མཁས་པ་རྣམས་ཀྱིས་ཞིབ་པར་དཔྱད་ཡོད། རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་ནང་འདི་ནི་གསང་སྔགས་ལམ་གྱི་གནད་ཡིན་ཏེ། སྒོམ་པ་པོས་རང་གི་སེམས་ལ་རྡོ་རྗེ་སེམས་དཔའ་བརྟན་པར་གནས་པར་གསོལ་བ་འདེབས་པའི་ཚིག་གལ་ཆེན་ཞིག་ཡིན།
དཔྱད་གཞི་ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་དཔལ་ལྡན་ཤེས་རབ། (༡༨༠༣-༡༨༧༥) གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་། (༡༩༨༧), ཤོག་གྲངས་ ༥-༦
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། (༡༧༠༠-༡༧༧༤) ཡིག་བརྒྱའི་འགྲེལ་བ། པར་ལོ་མི་གསལ། ཤོག་གྲངས་ ༡༠
- ↑ མཁན་པོ་དཔལ་ལྡན་ཤེས་རབ། (༡༨༠༣-༡༨༧༥) གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་། (༡༩༨༧), ཤོག་གྲངས་ ༥-༦]
- ↑ མཁན་པོ་དཔལ་ལྡན་ཤེས་རབ། (༡༨༠༣-༡༨༧༥) གསང་སྔགས་ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ་ཤེས་རབ་སྙིང་རྗེའི་འབར་བའི་སྤྲིན་ཕུང་། (༡༩༨༧), ཤོག་གྲངས་ ༧
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། ཡིག་བརྒྱའི་འགྲེལ་པ། པར་ལོ་མི་གསལ། ཤོག་གྲངས་ ༡-༢
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། (༡༧༠༠-༡༧༧༤) ཡིག་བརྒྱའི་འགྲེལ་བ། པར་ལོ་མི་གསལ། ཤོག་གྲངས་ ༡༡