Jump to content

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་

ཡོང་ཁུངས་Wikipedia

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་སེམས་རྩེ་གཅིག་པའི་ངང་ནས་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་སྒོམ་གྱི་ཉམས་ལེན་ཞིག་ཡིན། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། སྟོང་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་ཤིང་། དེའི་ངང་ནས་གདུལ་བྱ་རྣམས་ཀྱི་དོན་མཛད་པ་ཡིན། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བརྟེན་ནས་འཁོར་རྣམས་ཀྱི་སེམས་རྒྱུད་ཡོངས་སུ་སྨིན་པར་བྱེད་ཅིང་། སོ་སོའི་ཁམས་དང་མོས་པ་དང་མཐུན་པར་ལམ་སྟོན་པར་མཛད་དོ། །

སྒྲ་བཤད།

[རྩོམ་སྒྲིག]

ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དོ། །ཡང་དག་པར་འཇོག་པའི་ཕྱིར་དེའི་བདག་ཉིད་དུ་ཞུགས་པ་ནི་སྙོམས་པར་ཞུགས་པའོ། །[]

ཏིང་ངེ་འཛིན་གྱི་སྒྲ་བཤད་ནི་སེམས་ཀྱི་རྒྱུད་ལ་ཇི་ལྟར་རང་རང་གི་རྒྱུད་ཡོངས་སུ་སྨིན་པར་རུང་བ་སྐྱེས་པ་སྟེ། དེ་ནི་དེ་བཞིན་དུ་རིག་པར་བྱའོ། །[]

ཟབ་མོ་སྣང་བའི་ཏིང་ངེ་འཛིན། ཞེས་པ་ནི་དམ་པའི་ཆོས་ཟབ་པ་སྟོང་པ་ཉིད་ལ་སོགས་པའི་དོན་མཁྱེན་པའི་ཏིང་ངེ་འཛིན་ལ་གོ་སྟེ། ཟབ་མོ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། གང་དུ་འམ་གང་གིས་སྣང་བ་གོ་རིམ་བཞིན་དུ་རང་དང་གཞན་གྱི་རྒྱུད་ལ་བལྟོས་པ་དེ་ནི་ཟབ་མོ་སྣང་བ་ཡིན་ནོ། །[]

དགོས་པ།

[རྩོམ་སྒྲིག]

སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་ཞུགས་པའི་དགོས་པ། ནི་འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཐམས་ཅད་ནི་གཞན་གྱི་དོན་གཙོ་བོ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པ་ནི་འཁོར་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཏིང་ངེ་འཛིན་གྱི་དོན་བསྟན་པ་དང་མཐུན་པར་ཇི་ལྟར་རང་རང་གི་རྒྱུད་ཡོངས་སུ་སྨིན་པར་རུང་བ་སྐྱེས་པ་ཡིན་ཏེ། []

དུས་ཀྱི་གནས་སྐབས། ནི་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བསྟན་པ་དེའི་ཚེ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་པའི་དུས་དེ་ཡིན་པའི་ཕྱིར་དེའི་ཚེ་ཞེས་བྱ་སྟེ། བཅོམ་ལྡན་འདས་ནི་དུས་མཁྱེན་པའི་ཕྱིར་རོ། །[]

གསང་སྔགས་ཀྱི་སྒོ་ནས་བཤད་པ།

[རྩོམ་སྒྲིག]

ཟབ་མོ་སྣང་བའི་ཏིང་ངེ་འཛིན། ནི་སྔགས་ཀྱི་གྲུབ་མཐར། ཟབ་མོ་ནི་བློ་ལ་འཆར་དཀའ་བ་སྟེ་དཔེར་ན་མཚོའི་ནང་དུ་ཉི་ཟླ་སོགས་ཀྱི་གཟུགས་བརྙན་འཆར་མི་དཀའ་ཡང་ནམ་མཁའི་མཐའ་འཆར་དཀའ་བ་ལྟར་ཀུན་རྫོབ་འཆར་སླ་ཞིང་དོན་དམ་འཆར་དཀའོ། །སྣང་བ་ནི་དེ་ལྟ་བུ་ཟབ་མོ་མཁྱེན་པའི་ཡེ་ཤེས་སོ། །[]

ཆོས་ཀྱི་རྣམ་གྲངས། ནི་ཕུང་ཁམས་སྐྱེ་མཆེད་སོགས་སོ། །ཡང་དེའི་ཚེ་ཞེས་པའི་ཡང་གི་སྒྲ་ནི་ངེས་བཟུང་གི་ཚིག་སྟེ། གདུལ་བྱ་རྒྱུད་སྨིན་པའི་དུས་ཁོ་ནའི་ཚེ་ན་ཞེས་པའོ། །[]

བྱིན་གྱིས་རློབས་ཀྱི་གནས་ཚུལ།

[རྩོམ་སྒྲིག]

བྱིན་གྱིས་བརླབས་པའི་ཚུལ། ནི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ནས་སྟོང་པ་ཉིད་རྟོགས་པའི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་ནས་ཤཱ་རིའི་བུས་དྲིས་པའི་ལན་སྟོན་པར་མཛད་དོ། །ལུང་སྟོན་པ་ནི་ཏིང་ངེ་འཛིན་གྱི་མཐུའོ། །[]

སྙོམས་པར་ཞུགས་པ། ཞེས་པ་ནི། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའོ། །དེ་བཞིན་གཤེགས་པའི་མཐུས་སྤྱན་རས་གཟིགས་ཀྱིས་བཤད་བྱའི་དོན་ཐུགས་སུ་ཆུད་པའི་རྗེས་སུ་ཞེས་པའོ། །[]

མཐའ་བསྡུ།

[རྩོམ་སྒྲིག]

དེ་ལྟར་ན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་འཁོར་རྣམས་ཀྱི་རྒྱུད་སྨིན་པའི་དུས་ལ་བབ་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ལྷག་པའི་བསམ་གཏན་ལ་མཉམ་པར་བཞག་པ་དང་། དེའི་བརྒྱུད་སྟོང་པ་ཉིད་ཟབ་མོའི་དོན་མཁྱེན་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་ཞུགས་ནས་གཞན་གྱི་དོན་མཛད་པའི་ཚུལ་ཡིན་ནོ། །

  1. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  2. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  3. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  4. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  5. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  6. ཨ་ལག་ཤ་བསྟན་དར།
  7. ཨ་ལག་ཤ་བསྟན་དར།
  8. རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།
  9. རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།