Jump to content

ཏིང་ངེ་འཛིན་

ཡོང་ཁུངས་Wikipedia

ཏིང་ངེ་འཛིན་ཞེས་པ་ནི་སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱི་སྒོ་ནས་རང་གི་ཡིད་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་མི་གཡེང་བར་དམིགས་པ་ལ་མཉམ་པར་བཞག་པའི་ཞི་གནས་སམ་ཏིང་ངེ་འཛིན་ནོ། །འདི་ནི་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་པའི་ལམ་གྱི་གནད་ཆེན་པོ་ཞིག་ཡིན་ཏེ། ཐེག་པ་ཆེ་ཆུང་གཉིས་ཀ་ལ་མེད་དུ་མི་རུང་བའི་ཉམས་ལེན་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་ནོ། །


ནང་དོན།

[རྩོམ་སྒྲིག]

ཏིང་ངེ་འཛིན་ནི་སེམས་ནི་རྣམ་པར་གཡེང་བ་སྤང་ནས་དམིགས་པ་ལ་རྩེ་གཅིག་ཏུ་གཞག་པའི་ཐབས་ཡིན་ནོ།། དེ་ལ་སོབས་པ་པོས་མཉམ་པར་འཇོག་པའི་ལམ་གྱི་སྒོ་ནས་ཉོན་མོངས་པ་སྤང་ཐུབ་པར་"མི་མཐུན་པའི་ཕྱོགས་རྩད་ནས་བཏོན་པས་བརྩོན་འགྲུས་སྤེལ་བར་བྱས་ནས་ལྷུན་ གྱིས་གྲུབ་པར་འཇུག་པས་བསྟན་པར་བྱ་ཞིང་ཏིང་ངེ་འཛིན་ཏེ།"[] ཞེས་གསུངས་པ་ལྟར་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཉོན་མོངས་པ་སྤང་བའི་ཐབས་བསྟེན་པ་ནི་ཤིན་ཏུ་གལ་ཆེའོ། །

དགོས་པ།

[རྩོམ་སྒྲིག]

ཏིང་ངེ་འཛིན་གྱི་དགོས་པ། སེམས་རྣམ་པར་གཡེང་བ་ན་ཉོན་མོངས་པ་སྲིན་པོ་ལྟ་བུའི་མཆེ་བའི་ཕྲག་ན་གནས་པར་འགྱུར་ཏེ། "རྣམ་པར་གཡེང་བའི་སེམས་ཏེ་མཉམ་པར་མ་བཞག་པ་ཉེ་བར་སྤྱོད་པས་བརྩོན་འགྲུས་དང་ལྡན་ཡང་སྲིན་པོ་ལྟ་བུའི་ཉོན་མོངས་པ་རྣམས་ཀྱི་མཆེ་བའི་ཕྲག་ན་སྟེ། དབུས་ན་གནས་ལ་དེས་ཁམ་དུ་བྱས་ནས་ཡོད་པའོ། །"[]ཞེས་གསུངས་པ་ལྟར་ཏིང་ངེ་འཛིན་མེད་ན་ཉོན་མོངས་པའི་གནོད་པ་ལས་མི་འདའ་བར་གཞུང་ལས་གསལ་ལོ། །"མི་རྟོག་པའི་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ཆོས་ཉིད་ཀྱིས་སངས་རྒྱས་རྣམས་ཀྱིས་ཀྱང་གཉིས་སུ་མེད་པའི་ཚུལ་གྱིས་བྱིན་གྱིས་བརླབས་པའི་མཐུ་ཐོབ་པས་དེའི་ཕྲིན་ལས་ཅུང་ཟད་ཀྱང་ཆུད་མི་ཟའོ། །"[]ཞེས་གསུངས་སོ། །

ཏིང་ངེ་འཛིན་སྒྲུབ་ཚུལ། ལུས་དང་སེམས་དབེན་པ་ལ་བརྟེན་ནས་རྣམ་པར་གཡེང་བ་སྤོང་དགོས་ཏེ། "ལུས་དང་སེམས་ནི་དབེན་པ་ཡིས་རྣམ་པར་གཡེང་བ་མི་འབྱུང་ངོ། །"[]ཞེས་གསུངས་པ་ལྟར་ལུས་དབེན་པ་ནི་སྐྱེ་བོ་དང་འགྲོགས་པ་སྤངས་པ་དང་། སེམས་དབེན་པ་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ཡིན་ནོ། ། ཏིང་ངེ་འཛིན་སྒྲུབ་པ་ལ་ཐོག་མར་ཐོས་བསམ་གྱི་སྒོ་ནས་བརྩོན་འགྲུས་བསྐྱེད་དགོས་ཏེ། བསླབ་བཏུས་ལས། "བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །"ཞེས་གསུངས་པ་ལྟར་རིམ་པ་དེ་ལྟར་སློབ་དགོས་སོ། །

དབྱེ་བ།

[རྩོམ་སྒྲིག]

ཏིང་ངེ་འཛིན་གྱི་མིང་གི་དབྱེ་བ། "བློ་དང་ལྡན་པས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་ཞིང༌།"[] ཞེས་དང་། "རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་གནས་ཤིང་"[]ཞེས་གསུངས་ཡོད་དོ། །

རང་བཞིན་གྱི་དབྱེ་བ། "སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རིན་པོ་ཆེའི་གླིང་དུ་སོང་སྟེ་"[]ཞེས་གསུངས་པ་ལྟར། སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་དང་། དེ་མ་རྟོགས་པའི་ཏིང་ངེ་འཛིན་གཉིས་སུ་དབྱེའོ། །

མཚན་ཉིད་དམ་བཅས།

[རྩོམ་སྒྲིག]

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐབས་སུ་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པར་བྱེད་དོ། །"དོན་དམ་པ་ལ་གནས་པ་མེད་པར་སྤྱོད་པ་ལ་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མེད་པའི་ཏིང་ངེ་འཛིན་ལ་སྤྱོད་པའི་ས་བདེ་བར་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཐོབ་པའོ། །"[]ཞེས་གསུངས་སོ། །

སྙན་དོན།

[རྩོམ་སྒྲིག]

ཏིང་ངེ་འཛིན་ནི་'སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱི་ཐབས་ཤིག་ཡིན་ལ། ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ནས་བརྩམས་ཤེས་རབ་ཀྱི་བར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ལམ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར།
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  8. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར།