ཉོན་མོངས་པ་
ཉོན་མོངས་པ་ཞེས་པ་ནི་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ནང་དུ་སེམས་ཅན་གྱི་སེམས་ལ་འཁྲུགས་པ་དང་གནོད་པ་བྱེད་པའི་སེམས་བྱུང་ངན་པ་ཞིག་ལ་གོ། དེ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་འཁོར་བར་འབོགས་པའི་རྩ་བའི་རྒྱུ་ཡིན་པར་བཤད་དོ། །
ནང་དོན།
[རྩོམ་སྒྲིག]ཉོན་མོངས་པ་ནི་སེམས་ཅན་གྱི་སེམས་ལ་ཞི་བདེ་མེད་པར་བྱེད་ཅིང་། རང་རྒྱུད་འཆིང་བྱེད་ཀྱི་རྒྱུར་གྱུར་པའི་སེམས་བྱུང་ངན་པ་ཞིག་ཡིན། "རང་རྒྱུད་འཆིང་བྱེད་ཀྱི་རྒྱུར་གྱུར་པའི་ཆགས་། སྡང་དང་འཁོན་འཛིན་སོགས་ནི་འདིར་གཞོམ་བྱར་བསྟན་པའི་ཉོན་མོངས་སུ་ཤེས་པར་བྱའོ། །"[༡]ཞེས་གསུངས། རྟ་བའི་ཞེན་པ་དང་སྤང་བྱ་ལ་སྡང་བ། སྤྱིར་བཏང་ཉོན་མོངས་ཀྱི་གཉེན་པོ་ལ་ཞེན་པ་དང་སྤང་བྱའི་ཉོན་མོངས་ལ་ཁོང་ཁྲོ་ཟ་བ་ནི་ཉོན་མོངས་པ་འདྲ་བར་སྣང་ཡང་། "སྤང་བྱ་ལ་འཁོན་དུ་འཛིན་ཞིང་སྤང་བྱའི་གཉེན་པོ་ལ་ཞེན་པ་བསྐྱེད་ནས་བསྟེན་པའི་རྣམ་པ་དེ་འདྲ་བའི་ཉོན་མོངས་པ་ནི་ཞེན་པའམ་ཆགས་པ་དང་འཁོན་འཛིན་ལྟར་སྣང་བས་མིང་དེ་ལྟར་བཏགས་ན་འང་དོན་ནི་དྲན་པ་དང་ཤེས་བཞིན་ལྟ་བུའི་ཉོན་མོངས་འཇོམས་བྱེད་ཀྱི་གཉེན་པོའི་ཕྱོགས་སུ་གཏོགས་ཀྱི་ཉོན་མོངས་མཚན་ཉིད་པ་མིན་པས་གཞོམ་བྱའི་ཉོན་མོངས་པའི་ཕྱོགས་སུ་མ་གཏོགས་སོ། །"[༢]ཞེས་གསུངས། སྒྱུ་མ་ལྟ་བུའི་རང་བཞིན། ཉོན་མོངས་པ་རྣམས་བརྟགས་པ་ན་ཇི་ལྟར་གནས་པ་ཞེ་ན། "ཉོན་མོངས་ནི་ཡུལ་ལ་མི་གནས་ཏེ་ཡུལ་ཡིད་འོང་སོགས་མཐོང་ཡང་དབང་པོ་བསྡམས་པ་རྣམས་ཉོན་མོངས་མི་སྐྱེ་བའི་ཕྱིར་དང་བརྟགས་ན་རྡུལ་ཕྲ་རབ་ཙམ་ཡང་མ་མཐོང་བའི་ཕྱིར། མིག་སོགས་དབང་པོ་ལ་མི་གནས་ཏེ་ཆོས་ལ་སེམས་པ་ལ་སོགས་པའི་ཚེ་དབང་པོ་ཡོད་ཀྱང་མི་དམིགས་པའི་ཕྱིར། ཡུལ་དབང་གིས་དབུས་ནའང་མེད་སྟེ། སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། དེ་དག་ལས་གཞན་ནའང་མེད་སྟེ་རྩ་བ་མེད་པ་སྟོང་པ་བློ་བུར་པ་ཉིད་སྟེ་ཡང་དག་པ་མ་ཡིན་པའི་རྟོག་པ་ཙམ་ལས་བྱུང་བའོ། །"[༣]ཞེས་གསུངས།
སྤོང་ཚུལ།
[རྩོམ་སྒྲིག]གཉེན་པོ་བསྲུང་འཛུགས་པ། ཉོན་མོངས་པ་སྤོང་བའི་ཕྱིར་དུ་གཉེན་པོ་བསྟེན་པ་འདི་ལ་"བདག་གིས་ཆེད་དུ་གཉེར་ནས་འདུན་པ་དྲག་པོ་བསྐྱེད་དེ་མངོན་པར་ཞེན་པར་བྱ་ཞིང་ཐོག་མེད་ནས་ཉོན་མོངས་པ་འདིས་བདག་ལ་གནོད་པ་དཔག་ཏུ་མེད་པ་བྱས་སོ་འཁོན་དུ་བཟུང་ནས་བརྩོན་འགྲུས་བརྟན་པོས་ནན་ཏན་དུ་བྱས་ནས་སྤང་གཉེན་གཉིས་ཕན་ཚུན་གཡུལ་སྤྲད་དེ་གཉེན་པོའི་ཕྱོགས་ཀྱི་དཔུང་ཚོགས་ལ་བརྟེན་ནས་སྤང་བྱའི་ཕྱོགས་ཀྱི་དགྲ་གཞོམ་པར་བྱའོ། །"[༤]ཞེས་གསུངས། བརྟན་པའི་སྟོབས། ཉོན་མོངས་པ་སྤོང་བ་ལ་བརྟན་པའི་ཁྱད་པར་ཞིག་དགོས་ཏེ། "བདག་གི་མགོ་བོ་དུངས་ནས་བཅད་དེ་ས་ལ་ལྷུང་བར་བྱས་ནས་བསད་ཀྱང་བླའི་སྟེ་དེ་དག་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་དུ་ཟད་ལ། རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པའི་སྒོ་ནས་དེའི་དབང་དུ་འགྲོ་བར་མི་བྱའོ་སྟེ་དེས་ནི་དམྱལ་སོགས་ཀྱི་སྡུག་བསྔལ་སོགས་མི་འདོད་པའི་རིགས་ཐམས་ཅད་བསྐྱེད་ཅིང་འདོད་པ་ཐམས་ཅད་ཀྱི་གེགས་བྱེད་ལ་ཕན་བདེ་མཐའ་དག་འཇོམས་པས་སོ།"[༥]ཞེས་གསུངས།
ཉེས་དམིགས།
[རྩོམ་སྒྲིག]སྡུག་བསྔལ་གྱི་རྟེན་ཉོན་མོངས་པ་ནི་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། "སེམས་ཅན་ཐམས་ཅད་ཚེ་ཐུང་བ་ནད་མང་བ་ལོངས་སྤྱོད་མེད་པ་ལ་སོགས་པའི་འདི་ཕྱིའི་སྡུག་བསྔལ་མི་འདོད་པས་འདོར་བར་འདོད་པའི་སེམས་ཡོད་ཀྱང་། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་སྲོག་གཅོད་པ། མ་བྱིན་པ་ལེན་པ་སོགས་མི་དགེ་བ་བཅུ་དང་དུ་བླངས་ནས་འདི་ཕྱིའི་སྡུག་བསྔལ་ཉིད་ལ་ཕྱེ་མ་སླེབ་མར་མེ་ལ་མཆོངས་པ་བཞིན་མངོན་པར་རྒྱུག་ཅིང་།"[༦]ཞེས་གསུངས། བླང་དོར་ལ་རྨོངས་པ་ཉོན་མོངས་པའི་དབང་གིས་སེམས་ཅན་རྣམས་བླང་དོར་གྱི་ཤེས་རབ་འཆོལ་ཏེ། "རྒྱུ་འབྲས་བླང་དོར་ལ་རྨོངས་པའི་གཏི་མུག་གིས་འཁྲུལ་བར་གྱུར་པས་བདག་ཟིལ་གྱིས་ནོན་ཏེ། གཞན་སྡིག་པ་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ་དགའ་བ་གང་བགྱིས་པའི་སྡིག་པ་དེ་གསུམ་ལ་ཆེ་ཆུང་མེད་པས་གང་དང་གང་བྱས་པའི་ཉེས་པའམ་ནོངས་པ་དེ་ནི་མཐོང་ཞེས་ཉེས་པ་ལ་ཉེས་པར་མཐོང་བར་བགྱིས་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསམ་པ་ཐག་པས་ཏེ་སྙིང་ཐག་པ་ནས་མགོན་པོ་སངས་རྒྱས་སྲས་དང་བཅས་པ་ལ་མཐོལ་ཞིང་བཤགས་ཏེ་སླན་ཆད་ཀྱང་སྡོམ་པར་བགྱིའོ། །"[༧]ཞེས་གསུངས།
གསོ་ཐབས།
[རྩོམ་སྒྲིག]དམ་པའི་ཆོས་བསྟེན་པ་ཉོན་མོངས་པའི་ནད་གསོ་བའི་ཐབས་གཙོ་བོ་ནི་སངས་རྒྱས་ཀྱི་བཀའ་དང་མཐུན་པའི་དམ་པའི་ཆོས་བསྟེན་པ་ཡིན་ཏེ། "ནད་དེ་དག་གསོ་བའི་སྨན་པ་མཆོག་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ལུས་སེམས་གཉིས་ཀའི་སྡུག་བསྔལ་གྱི་ཟུག་རྔུ་ཐམས་ཅད་རྩ་བ་དྲུང་ནས་འབྱིན་པར་མཛད་པ་ཡི་བཀའ་ལུང་ནས་ཇི་སྐད་གསུངས་པ་ལྟར་དམ་པའི་ཆོས་ཀྱི་སྨན་བསྟེན་པར་མི་བྱེད་པར་ཕྱིན་ཅི་ལོག་ཏུ་སེམས་པ་རྣམས་ནི་རང་ངོས་ནས་ཤིན་ཏུ་བླུན་ཞིང་གཏི་མུག་ཅན་གཞན་རྒྱལ་བ་སྲས་བཅས་ཀྱིས་སྨད་པའི་གནས་དང་། བསྲུང་སྐྱོབ་ཀྱི་ལྷས་ཀྱང་འདོར་ཞིང་སྨད་པར་བྱེད་དེ།"[༨] སྤང་ཉུས་པ་རྟོགས་པ་ཉོན་མོངས་པ་འདི་དག་སྤོང་ནུས་པ་རྟོགས་པ་གལ་ཆེ་ཏེ། "འདི་ནི་སྒྱུ་འདྲ་སྟེ། དཔེར་ན། སྒྱུ་མ་ནི་དེའི་རྣམ་པས་སྟོང་ཡང་སྔགས་དང་སྨན་གྱི་མཐུ་ལས་རྐྱེན་འདི་ཙམ་གྱི་དེ་ཁོ་ན་ཉིད་ཏུ་མེད་ཀྱང་། གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་དེ་བཞིན་དུ་ཉོན་མོངས་པ་འདི་རྣམས་ཀྱང་ཕྱིན་ཅི་ལོག་གི་རྒྱུ་མཚན་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་སྟེ་རྐྱེན་འདི་དག་ཙམ་གྱིས་ཁོ་ན་མེད་པ་ཉིད་སྣང་ངོ་། །དེའི་ཕྱིར་སྙིང་ལ་འཇིགས་པ་སྤོངས་ཏེ་ཉོན་མོངས་པ་རྣམས་ལའོ། །"[༩]ཞེས་གསུངས།
བསྡུས་དོན།
[རྩོམ་སྒྲིག]ཉོན་མོངས་པ་ནི་སེམས་ཅན་གྱི་རྒྱུད་ལ་ཞི་བདེ་མེད་པར་བྱེད་ཅིང་སྡུག་བསྔལ་དང་འཁོར་བར་འབོགས་པའི་སེམས་བྱུང་ངན་པ་ཞིག་ཡིན། དེ་རྣམས་ནི་བརྟགས་པ་ན་རྩ་བ་ནས་སྟོང་ཞིང་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ཡང་། སེམས་ཅན་རྣམས་ལ་གནོད་པ་དཔག་ཏུ་མེད་པ་བྱེད་པས་ཉེས་དམིགས་ཤེས་ཏེ་སྤོང་དགོས། དེ་སྤོང་ཐབས་ནི་གཉེན་པོ་བརྟན་པོས་སྤང་གཉེན་གཡུལ་སྤྲད་དེ་ཉོན་མོངས་གཞོམ་པ་དང་། སངས་རྒྱས་ཀྱི་བཀའ་དང་མཐུན་པའི་དམ་པའི་ཆོས་བསྟེན་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།