Jump to content

ཉེས་དམིགས་

ཡོང་ཁུངས་Wikipedia

ཉེས་དམིགས་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་ནང་དུ་ཆགས་སྡང་གཏི་མུག་སོགས་ཉོན་མོངས་པ་དང་། མི་དགེ་བའི་ལས། འདོད་པ། འདུ་འཛི། སྲིད་པ་སོགས་ལ་ཡོད་པའི་སྐྱོན་དང་འགལ་རྐྱེན་ཀྱི་གནོད་པ་བཅས་ལ་གོ།

སྒྲ་བཤད།

[རྩོམ་སྒྲིག]

ཉེས་དམིགས་ཞེས་པ་འདི་ནི་ཉེས་པ་དང་དམིགས་པ་གཉིས་ཀྱི་ཚོགས་པ་ཡིན་ཏེ། ཉེས་པ་ནི་སྐྱོན་དང་ཚབས་ཆེ་བ། དམིགས་པ་ནི་མཐོང་བ་དང་མཚོན་བྱེད་ལ་གོ། དེས་ན་ཉེས་དམིགས་ཞེས་པ་ནི་སྐྱོན་དང་ཚབས་ཆེ་བ་མཐོང་བ་ལ་ཟེར།

ཁོང་ཁྲོའི་ཉེས་དམིགས།

[རྩོམ་སྒྲིག]

ཁོང་ཁྲོས་དགེ་རྩ་འཇོམས་པ་སྟེ། "བསྐལ་པ་བརྒྱ་དང་སྟོང་དུ་བསགས་པ་ཡི་སྦྱིན་པ་ལས་བྱུང་བའི་དགེ་བ་དང་བདེ་གཤེགས་མཆོད་པ་ལ་སོགས་དཀོན་མཆོག་གསུམ་མཆོད་པ་དང་། བསྒོམ་པ་དང་ཚུལ་ཁྲིམས་ལས་བྱུང་བའི་ལེགས་སྤྱད་གང་ཡིན་པ་དེ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་ཁོང་ཁྲོ་གཅིག་གིས་རྩ་བ་ནས་འཇོམས་པར་བྱེད་དོ། །"[]ཞེས་གསུངས་པ་ལྟར་ཁོང་ཁྲོའི་ཉེས་དམིགས་གིས་རང་རྒྱུད་ཀྱི་དགེ་བ་ཐམས་ཅན་འཇོམས་པ་ཡིན།

མི་རྟག་པའི་ཉེས་དམིགས།

[རྩོམ་སྒྲིག]

"འདོད་པའི་ཡོན་ཏན་ལ་བརྟེན་པ་ཡིད་བདེ་བ་རྣམས་ནི་རྟག་པ་བརྟན་པ་མེད་པར་ངེས་པར་འཇིག་ཅིང་མི་རྟག་སྟེ་འདི་ལྟར་སྐྱེ་བའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ། བསགས་པའི་མཐའ་མ་འཛད། མཐོན་པོའི་མཐའ་མ་ལྷུང་བར་འགྱུར་"[]ཞེས་གསུངས་པ་ལྟར། འདོད་ཡོན་གྱི་བདེ་བ་རྣམས་ནི་མི་རྟག་པ་སྟེ་ཐམས་ཅད་ཀྱི་མཐར་འཇིག་པ་དང་འབྲལ་བ། ཟད་པ། ལྷུང་བ་སོགས་ཀྱི་སྡུག་བསྔལ་ཡོད་པར་གསུངས།

ང་རྒྱལ་གྱི་ཉེས་དམིགས།

[རྩོམ་སྒྲིག]

ཉོན་མོངས་པའི་ང་རྒྱལ་གྱི་ཉེས་དམིགས་ནི་"ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅིང་མིར་སྐྱེས་ན་ཡང་ཡིད་བདེ་བ་སོགས་མིའི་དགའ་སྟོན་བཅོམ་པ་དང་ཟས་མེད་པར་སློང་མོས་འཚོ་བ་དང་། གཞན་གྱི་དབང་དུ་གྱུར་པས་གཞན་གྱི་ཟས་ཟ་བའི་བྲན་དང་ནི་ཤེས་པ་གླེན་པ་དང་། གཟུགས་མི་སྡུག་ཅིང་ཉམ་ཆུང་བ་དང་རང་གིས་དངོས་སུ་གནོད་པ་མ་བྱས་ཀྱང་གཞན་གྱིས་ལུས་ངག་གིས་ཐམས་ཅད་དུ་ནི་བརྙས་པར་འགྱུར་"[]ཞེས་དེ་དག་གི་ཉེས་དམིགས་ཀྱི་དབང་གིས་ངན་འགྲོའི་སྐྱེ་བ་ལེན་ཡོང་།

ཉོན་མོངས་པའི་ཉེས་དམིགས།

[རྩོམ་སྒྲིག]

ཉོན་མོངས་པའི་སྤྱིའི་ཉེས་དམིགས་ལ། "ཞེ་སྡང་དང་སྲེད་པ་སོགས་དགྲ་རྣམས་ནི་རྐང་ལག་ལ་སོགས་པ་ཡོད་མིན་ཞིང་བརྩོན་འགྲུས་དང་མཚུངས་པར་ལྡན་པས་དཔའ་བོ་དང་སྤོབས་པ་དང་ལྡན་པས་མཛངས་པ་མིན་ཡང་ཇི་ཞིག་ལྟར་དེ་དག་གིས་བདག་བྲན་བཞིན་དབང་མེད་དུ་བཀོལ་བར་བྱས་སོ། །"[]ཞེས་གསུངས། འདི་ནི་ཉོན་མོངས་པ་རྣམས་ཀྱིས་རང་ཉིད་དབང་མེད་དུ་བྱས་པའི་ཉེས་དམིགས་དང་། དེ་དག་བསྟེན་པ་མི་རིགས་པའི་ཚུལ་བསྟན་པ་ཡིན།

"གང་གི་ཚེ་རང་གི་སེམས་ཆགས་པའམ་སྡང་བར་མཐོང་བ་དེའི་ལག་པ་དང་རྐང་པ་ལ་སོགས་པ་བསྐྱོད་པ་ཙམ་ཡང་མི་བྱ་ཞིང་ངག་གིས་ཀྱང་བརྗོད་པར་མི་བྱ་སྟེ། གཞན་དུ་ན་དེས་བསླང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །"[]ཞེས་གསུངས་པ་ལྟར་ཉོན་མོངས་པའི་ཉེས་དམིགས་མཐོང་ཞིང་དེ་ལས་འཁྲིད་པར་བྱེད།

འདུ་འཛིའི་ཉེས་དམིགས།

[རྩོམ་སྒྲིག]

"བདག་བྱང་ཆུབ་ཀྱི་ལམ་དུ་མྱུར་བར་འགྲོ་བ་ལ་ཚེ་འདི་དོན་གཉེར་གྱི་འདམ་དུ་བྱིང་ཞིང་རྙེད་བཀུར་གྱི་ཞགས་པས་བཅིངས་པ་ལས་འགྲོལ་བར་བྱེད་པ་"[]ཞེས་གསུངས་པ་ལྟར་འདུ་འཛི་དང་སྐྱེ་བོ་ལ་ཞེན་པའི་ཉེས་དམིགས་ནི་རྙེད་བཀུར་གྱི་ལྕགས་སྒྲོག་གིས་བསྡམས་པ་བཞིན་དུ་བྱང་ཆུབ་ཀྱི་ལམ་ལ་འགྲོ་བར་གེགས་སུ་འགྱུར་བའོ། །

བསླབ་པ་མ་བསྲུང་བའི་ཉེས་དམིགས།

[རྩོམ་སྒྲིག]

"སེམས་ཀྱི་རྨ་འདི་དུས་རྟག་ཏུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བག་ཟོན་ཆེས་ཆེར་བྱས་ཏེ་བསྲུང་བ་ལ་འབད་པར་བྱ་དགོས་ཏེ། མ་བསྲུངས་པས་ཉམས་ན་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་བྱེད་པ་སོགས་ཀྱི་ཉེས་དམིགས་ཆེན་པོ་སྐྱེད་པས་སོ། །"[]ཞེས་གསུངས་པ་ལྟར་བསླབ་པ་དག་ལ་ཚུལ་བཞིན་མ་གནས་ན་ཉེས་དམིགས་ཆེན་པོ་འབྱུང་ཡོང་།

ཉེས་དམིགས་མཐོང་བའི་ཕན་ཡོན།

[རྩོམ་སྒྲིག]

ཉེས་དམིགས་ཕུན་སུམ་ཚོགས་པར་མཐོང་ན་འདོད་ཆགས་དང་ཞེན་པ་ཞི་བར་འགྱུར་ཞིང་།"དེ་ལྟ་བུའི་ཉེས་དམིགས་མཐོང་ནས་དེ་ལ་དགྲར་བཟུང་སྟེ་སྤང་དགོས་པ་ཡིན་པས་དེའི་ཉེས་དམིགས་ཤེས་པ་གལ་ཆེའོ། །"[]ཞེས་བཤད་པ་ལྟར། ཉེས་དམིགས་མཐོང་བས་འདོད་པ་ལ་སྐྱོ་ཞིང་ཞེན་པ་སྤང་ན་དགེ་བའི་ལམ་ལ་ཡང་དག་པར་ཞུགས་ནས་ཏིང་ངེ་འཛིན་དང་ཤེས་རབ་སྐྱེ་བར་འགྱུར།

བསྡུས་དོན།

[རྩོམ་སྒྲིག]

ཉེས་དམིགས་ཞེས་པ་ནི་སྡིག་པ་དང་ཉོན་མོངས་པ། འདོད་པ་ལ་སོགས་པའི་མི་དགེ་བའི་ཆོས་རྣམས་ཀྱི་སྐྱོན་དང་གནོད་ཚབས་ཆེ་བ་ངོས་འཛིན་པ་ཡིན། འདི་ལ་ཁོང་ཁྲོ་དང་འདོད་ཆགས། ང་རྒྱལ། བདག་གཅེས་འཛིན་སོགས་ཀྱི་ཉེས་དམིགས་སོ་སོ་ཡོད་ལ། དེ་དག་ནི་དགེ་རྩ་གཅོད་པ། ལུས་སེམས་འཇོམས་པ། ཐར་པ་ལ་གེགས་བྱེད་པ། དལ་འབྱོར་ཆུད་གཟོན་པ་སོགས་ཀྱི་གནོད་པ་ཡོད་པས་སྤང་དགོས། དེའི་ཐབས་སུ་དབེན་པ་བསྟེན་པ་དང་གཞན་གཅེས་འཛིན་བསྒོམ་པ་ལ་སོགས་པའི་གཉེན་པོ་བསྟེན་དགོས། སྡིག་པ་བཤགས་པའི་སྐབས་སུ་ཀྱང་སྔོན་གྱི་སྡིག་པའི་ཉེས་དམིགས་མཐོང་ནས་འགྱོད་སེམས་འདྲེན་པ་ནི་དག་པའི་ལམ་ལ་ཞུགས་པའི་རྩ་བ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 116-117
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༤༥༣
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 176
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 56
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༡༡༠
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 466
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 245
  8. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 326