ཉེར་ལེན་
ཉེར་ལེན། ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་གི་ཡན་ལག་དགུ་པ་སྟེ། སྲེད་པས་དྲངས་པ་དང་སྐྱེ་བ་འཁོར་བའི་རྒྱུ་རྒྱུད་གཙོ་བོ་ཞིག་ཡིན། འདི་ནི་སྲེད་པའི་ནུས་པས་ཕྱི་མའི་སྐྱེ་བ་ལེན་པའི་བྱེད་ལས་མཚོན་པ་ཞིག་ཡིན།
ནང་དོན།
[རྩོམ་སྒྲིག]རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ནས་བཤད་ན། ཉེར་ལེན་ཞེས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ནས་བཤད་ན་དགུ་པ་ཡིན་ལ། "སྐྱོན་མེད་དེ་སྔར་གྱི་ལས་ཉོན་གྱིས་འཕངས་པའི་སྐུ་ཚེ་འདི་ལ་ལས་ཀྱི་ནུས་པ་འབྱིན་པར་མཐོང་ཡང༌། རེ་ཞིག་ཡང་སྲིད་ཉེར་ལེན་ཏེ་ཉེ་བར་ལེན་པའི་རྒྱུ་སྲེད་པ་ཡིན་པས།"[༡] ཞེས་གསུངས་པ་ལྟར་སྲེད་པ་ལས་ཉེར་ལེན་སྐྱེ་བ་ཡིན།
དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་དང་ཉེར་ལེན། "ཁྱོད་དགྲ་བཅོམ་པར་འདོད་པའི་གང་ཟག་དེའི་རྒྱུད་ཀྱི་སྲེད་པ་འདི་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་མིན་ཡང༌། མངོན་པ་ནས་ཀུན་རྨོངས་མ་རིག་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འདོད་པ་བཞིན་དུ་སྲེད་པ་ལ་ཡང་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་པ་གཅིག་དང་མིན་པ་གཅིག་ཀྱང་ཅི་སྟེ་མེད་དེ་འདོད་དགོས་སོ། །"[༢]ཞེས་གསུངས་པ་ལྟར་དགྲ་བཅོམ་པའི་རྒྱུད་ལ་ཡང་ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད་ལ་དེ་ལས་ཉེར་ལེན་སྐྱེ་བའི་སྲིད་པ་ཡོད་པ་ཡིན།
དགྲ་བཅོམ་པ་ལ་ཉེར་ལེན་ཡོད་མེད། དགྲ་བཅོམ་པ་དེ་དག་ལ་སྲེད་པ་ཉོན་མོངས་ཅན་མིན་ཡང་། "དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་པ་ཅན་མིན་ཡང༌། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན་རྨོངས་ཏེ་ཡུལ་དུས་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞིན་དུ་སྲེད་པ་ཉོན་མོངས་ཅན་མིན་པའང་ཅི་སྟེ་མེད་དེ་ཡོད་དོ། །"[༣]ཞེས་གསུངས་པ་ལྟར་དགྲ་བཅོམ་པ་ལ་ཡང་ཉེར་ལེན་རྒྱུ་བའི་སྲེད་པ་ཡོད་ཅིང་དེས་ཡིད་ཀྱི་ལུས་འགྲུབ་པ་ཡིན།
མངོན་གྱུར་དང་ས་བོན་གཉིས་ཀའི་སྤང་ཚུལ། "གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་པ་རེ་ཤིག་སྤངས་ཀྱང་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་པ་ཡིན།"[༤] ཞེས་གསུངས་པ་ལྟར་ཐེག་དམན་གྱི་ལམ་གྱིས་མངོན་གྱུར་གྱི་སྲེད་པ་སྤངས་ཀྱང་ས་བོན་ནི་མ་སྤངས།
"སྟོང་ཉིད་མ་རྟོགས་པའི་གང་ཟག་དེ་དག་ལ་ཚོར་བ་བདེན་འཛིན་གྱི་མ་རིག་པ་ཅུང་ཟད་ཀྱང་མ་སྤངས་པས་ཚོར་བའི་རྐྱེན་གྱིས་ཚོར་བ་བདེ་བ་ལ་མི་འབྲལ་བར་སྲེད་པ་དང༌། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་ངེས་པར་སྐྱེ་བ་ཡིན།"[༥] ཞེས་གསུངས་པ་ལྟར་སྟོང་ཉིད་མ་རྟོགས་པའི་བར་དུ་སྲེད་པའི་རྒྱུ་ཚོར་བ་དང་མ་རིག་པ་གང་ཡང་མ་སྤངས་པས་སྲེད་པ་སྐྱེ་ཞིང་དེས་ཉེར་ལེན་འབྱུང་བ་ཡིན།
རྩོད་སྤོང་།
[རྩོམ་སྒྲིག]ཚོར་བ་མེད་པའི་ཕྱིར་ཉེར་ལེན་ཡང་མེད་ཅེ་ན། "དེ་ལྟར་ན་གསུམ་ཀ་ལ་ཡང་ཕྲད་པ་བཀག་ནས། ད་ནི་ཚོགས་པ་ཉིད་དངོས་པོ་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚོགས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། འང་གི་སྒྲས་ནི་ཉེས་པ་གཞན་སྡུད་པ་ཡིན་ལ། ཚོགས་པ་འང་སྟེ་འདུས་པ་ཡང་ངོ་། །རྟའི་རྭ་བཞིན་དུ་དངོས་པོ་མེད་པའི་ཕྱིར།"[༦] ཞེས་གསུངས་པ་ལྟར་རེག་པ་དང་ཚོར་བ་ཡོད་མིན་ཏེ། གསུམ་འདུས་པ་མེད་པ་ན་ཚོར་བ་མེད་པ་ཡིན་ལ་དེའི་ཕྱིར་དོན་དམ་པར་ཚོར་བ་མེད་པར་སྲེད་པ་དང་ཉེར་ལེན་ཡང་མེད་པ་ཡིན་ནོ། །
དེ་ཡང་"དེའི་ཕྱིར་དོན་དམ་པར་ཚོར་བ་མེད་པར་ཕན་པ་དང་ཕན་པ་མ་ཡིན་པའི་ཡུལ་མེད་པའི་ཕྱིར་ཅིའི་དོན་དུ་ངལ་བ་འདི་ཡིན། བདེ་བ་དང་སྡུག་བསྔལ་སྤང་བའི་ཆེད་དོན་དག་ཏུ་ངལ་བ་བྱེད་པ་ཡིན་ན། དེ་ཅིའི་ཕྱིར། ནམ་མཁའ་ལྡང་བའི་དོན་བཞིན་དུ་རིགས་པ་མ་ཡིན།"[༧] ཞེས་གསུངས་པ་ལྟར་དོན་དམ་པར་ཚོར་བ་དང་སྲེད་པ། ཉེར་ལེན་སོགས་མེད་པ་ཡིན།
དོན་བསྡུས།
[རྩོམ་སྒྲིག]ཉེར་ལེན་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་དགུ་པ་སྟེ། སྲེད་པས་དྲངས་ནས་ཕྱི་མའི་སྐྱེ་བ་ལེན་པའི་བྱེད་ལས་ཡིན། སྲེད་པ་ལས་ཉེར་ལེན་སྐྱེ་ཞིང་། དེས་སྲིད་པ་འཁོར་བའི་རྒྱུ་རྒྱུད་གཙོ་བོ་ཆགས་ཡོད། དགྲ་བཅོམ་པའི་རྒྱུད་ལ་ཡང་ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད་ལ། དེ་ལས་ཉེར་ལེན་སྐྱེ་སྟེ་ཡིད་ཀྱི་ལུས་འགྲུབ་པ་ཡིན། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་དང་ཉེར་ལེན་ཡོད་ཅིང་། ཐེག་དམན་གྱི་ལམ་གྱིས་མངོན་གྱུར་གྱི་སྲེད་པ་སྤངས་ཀྱང་ས་བོན་ནི་མ་སྤངས། སྟོང་ཉིད་མ་རྟོགས་པའི་བར་དུ་ཚོར་བ་དང་མ་རིག་པ་མ་སྤངས་པས་སྲེད་པ་སྐྱེ་ཞིང་དེས་ཉེར་ལེན་འབྱུང་། ཚོར་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པ་ལས་སྲེད་པ་དང་ཉེར་ལེན་སྐྱེ་ཡང་། དོན་དམ་པར་གསུམ་འདུས་མེད་པས་ཚོར་བ་མེད་ལ། དེའི་ཕྱིར་དོན་དམ་པར་སྲེད་པ་དང་ཉེར་ལེན་ཡང་མེད་པ་ཡིན།
ལུང་ཁུངས
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།