Jump to content

ཉེར་བཞག་

ཡོང་ཁུངས་Wikipedia

ཉེར་བཞག་ཅེས་པ་ནི་བློ་ལ་ཉེ་བར་གཞག་པའམ་བཞག་པའི་དོན་ཏེ། དམ་པའི་ཆོས་ལ་མངོན་པར་འདོད་པའི་དགའ་བ་དང་། ཆོས་སྨྲ་བ་ལ་མངོན་པར་ཡིད་ཆེས་པའི་གུས་པ། ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་པའི་དད་པའི་མཆོག་རྣམས་ཉེ་བར་བཞག་པའོ། །དཔེར་ན། "ཁ་ཅིག་གིས་ཆོས་ལ་ཉན་པའི་སེམས་ཀྱིས་ཆོས་དང་སྟོན་པ་ལ་དགའ་བ་དང་གུས་པ་ཆེན་པོ་དང༌། ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དད་པའི་མཆོག་ཉེ་བར་བཞག་སྟེ།"[]

སྒྲ་བཤད།

[རྩོམ་སྒྲིག]

"ཉེ་བར་གཞག་སྟེ་ནི་ཉེ་བར་བློ་ལ་གཞག་པའོ། །"[]གཞན་ཡང་། "དོན་ཉན་པར་འདོད་པས་དགའ་བ་དང་། དེ་ལ་ཡིད་ཆེས་ཀྱིས་གུས་པ་དང་། དོན་དུ་གཉེར་བའི་དད་པའི་མཆོག་རྣམས་ནི་བློ་ལ་ཉེ་བར་བཞག་པའོ། །"[]

དབྱེ་བ།

[རྩོམ་སྒྲིག]

ཉེར་བཞག་གི་བྱེ་བྲག་གསུམ་ཡོད་དེ། དགའ་བ། མངོན་པར་འདོད་པའི་རང་བཞིན་གྱི་དད་པ་སྟེ། "དམ་པའི་ཆོས་ལ་ཡིད་དྭངས་ཤིང་མངོན་པར་འདོད་པའི་དགའ་བ།"[] གུས་པ། མངོན་པར་ཡིད་ཆེས་པའི་རང་བཞིན་གྱི་དད་པ་སྟེ། "ཆོས་སྨྲ་བ་ལ་ཞེ་ས་དང་བཅས་པའི་གུས་པ།"[] དད་པའི་མཆོག རབ་ཏུ་དང་བའི་རང་བཞིན་གྱི་དད་པ་སྟེ། "ཐེག་པ་ཆེན་པོ་ཐོས་པའི་ཕན་ཡོན་སོགས་ལ་ཡིད་ཆེས་པའི་དད་པའི་མཆོག །"[]འདི་གསུམ་ཀ་ནི་དད་པའི་ཁྱད་པར་རོ། །"དེ་གསུམ་ཀའང་དད་པའི་ཁྱད་པར་ཡིན་ཏེ། སློབ་དཔོན་གྱིས་འདིའི་འགྲེལ་པར། དད་པའི་བྱེ་བྲག་རྣམ་པ་གསུམ་མོ། །ཞེས་གསུངས་སོ། །"[]

ངེས་ཚིག

[རྩོམ་སྒྲིག]

"ཐམས་ཅད་མཆོག་ཏུ་བསྐྱེད་པས་མཉན་པར་བྱ་སྟེ། གཞན་དུ་ན་དོན་མེད་པར་འགྱུར་ཏེ། དད་པ་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །"[] གཞན་ཡང་། "ཆོས་ཚུལ་བཞིན་ཡིད་ལ་བྱེད་པའམ་འཛིན་པའི་གེགས་སུ་གྱུར་པ་འདོད་པའི་འདུན་པ་སོགས་སྒྲིབ་པ་ལྔ་ནི་ཉོན་མོངས་པ་ཞེས་བྱ་སྟེ་དེ་རྣམས་བསལ་ནས། ཆོས་སྒྲུབ་པའམ་ཉམས་སུ་ལེན་པའི་གེགས་སུ་གྱུར་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་དྲི་མ་ལས་འདས་པ།"[] གཞོན་ནུ་འམ་འགྲོ་དོན་ཡོངས་སུ་རྫོགས་པར་སེམས་པ་རྣམས་ཀྱིས་མཉན་པར་བྱའོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤོག་གྲངས།12
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་གྲངས།8
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་གྲངས།3a
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས།3b
  5. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས།3b
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས།3b
  7. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་གྲངས།3a
  8. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་གྲངས།8
  9. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས།3b