ཉིང་ཁྲི་གྲོང་བརྡལ།
ཆགས་ཡུལ།
[རྩོམ་སྒྲིག]ཉིང་ཁྲི་གྲོང་རྡལ་ནི་བྲག་ཡིབ་ཆུས་ཀྱི་ཤར་ལྷོའི་མཚམས་སྟེ། ཉང་ཆུ་གཙང་པོ་དང་ཉིང་ཁྲི་བྲག་ལུང་ཆུ་གཉིས་ཀྱི་འདྲེས་མཚམས་ཕུ་ལ་ཞེས་པའི་གྱེན་གསེག་གི་ས་རུ་ཆགས་ཡོད་པ་དང་། དེའི་ཤར་ངོས་ནི་ཀླུ་ནང་གྲོང་རྡལ་དང་སྨན་རི་ཤང་། ལྷོ་ངོས་དང་ལྷོ་ནུབ་ནི་སྨན་གླིང་རྫོང་གི་ཆབ་ནག་གྲོང་རྡལ་དང་བུ་ཆུ་ཤང་། ནུབ་ངོས་དང་ནུབ་བྱང་ནི་བྲག་ཡིབ་གྲོང་རྡལ་དང་། བྱང་ངོས་དང་བྱང་ཤར་ནི་བྲག་ཡིབ་གྲོང་རྡལ་དང་ཀླུ་ནང་གྲོང་རྡལ་བཅས་ཀྱི་ས་དང་འབྲེལ་ཡོད། ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག29°34′དང་ཤར་གྱི་གཞུང་ཐིག94°28′ཀྱི་མཚམས་སུ་གནས་ཡོད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད3000ཙམ་ཡོད། བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་ནས་ལམ་ཐག་སྤྱི་ལེ18དང་རྒྱལ་ལམ318ཀྱི་ཉེ་འགྲམ་དུ་ཡོད། ཉིང་ཁྲི་ཞེས་པའི་མིང་བྱུང་ཚུལ་ཉིང་ཁྲི་གྲོང་ཁྱེར་གྱི་ས་མིང་ནང་དུ་གསལ་བས་དེར་གཟིགས་པར་འཚལ།
མིང་གི་འགྱུར་བ།
[རྩོམ་སྒྲིག]ཉིང་ཁྲི་གྲོང་རྡལ་གྱི་ཐོག་མའི་མིང་ལ་སྟག་རྩེ་ཆུས་ཟེར་ཏེ། གྲོང་ཚོའི་མིང་ཆུས་ལ་ཐོགས་པ་ཞིག་ཡིན། སྤྱི་ལོ1959ལོར་དམངས་གཙོ་བཅོས་བསྒྱུར་བཏང་རྗེས་ཉིང་ཁྲི་རྗོང་མི་དམངས་སྲིད་གཞུང་ཁོངས་ཀྱི་ཤང་ཞིག་ཡིན་པ་དང་། དེ་རྗེས་ཤང་དོར་ནས་ཆུས་སྲིད་གཞུང་སྟག་རྩེ་གྲོང་ཚོར་བཙུགས་པས། མིང་ལ་སྟག་རྩེ་ཆུས་ཞེས་བཏགས། སྐབས་དེར་སྟག་རྩེ་ཆུས་ཀྱི་ཁོངས་སུ་ཉིང་ཁྲི་དང་། ཀླུ་སྟེང་། སྤང་སྣེ། རྒྱལ་རི་བཅས་ཤང་བཞི་ཡོད། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་སྐབས་སུ་ཆུས་ཀྱི་མིང་གཞན་ལ་དམར་འོད་ཆུས་ཞེས་འབོད། སྤྱིལོ1964ལོར་སྟག་རྩེ་ཆུས་སྲིད་གཞུང་སྐོར་རབ་གྲོང་ཚོར་གནས་སྤོ་བྱས། སྤྱི་ལོ1987ལོར་ཤང་ལ་བསྒྱུར། སྤྱི་ལོ2000ལོར་གྲོང་རྡལ་ལ་བསྒྱུར་བ་དང་། མིང་ལ་ཉིང་ཁྲི་གྲོང་རྡལ་ཞེས་འབོད། ཉིང་ཁྲི་ཞེས་པའི་མིང་གི་ཐོགས་ཚུལ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་སུ་ཞུས་ཟིན་དང་གཅིག་མཚུངས་ཡིན། སྤྱི་ལོ2005ལོར་སྐོར་རབ་གྲོང་ཚོ་ནས་ཉིང་ཁྲི་རྫོང་གནས་ཤུལ་རྙིང་པར་གནས་སྤོ་བྱས། སྤྱི་ལོ2013ལོར་གྲོང་རྡལ་དེའི་ཁོངས་སུ་སྲིད་འཛིན་གྲོང་ཚོ9དང་ཐེམ་དུད608ལ་མི་གྲངས2668ཡོད། ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ1473དང་། ས་ཞིང་མུའུ6646རྩྭ་ཐང་གི་རྒྱ་ཁྱོན་ལ་སྤྱི་ཆིང་4149ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་85400བཅས་ཡོད།
ཐོན་ཁུངས།
[རྩོམ་སྒྲིག]ཉིང་ཁྲི་གྲོང་རྡལ་ལ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། དེའི་ནང་གཙོ་བོ་ཉིང་ཁྲི་བྲག་ལུང་ཆུ་དང་། གསེར་སྐྱེམས་ལ་ཁའི་ཆུ། དེ་བཞིན་རི་མགོར་མཚོ་དང་མཚེའུ་མང་པོ་ཡོད། དེའི་ས་ཁོངས་སུ་རི་དྭགས་གླ་བ་དང་། དོམ། སྤྲེའུ། དོམ་དྲེད། ཤྭ་བ། སྲམ་སོགས་འཚོ་གནས་བྱེད་པ་མ་ཟད། སྨན་རྩྭའི་རིགས་དབྱར་རྩྭ་དགུན་འབུ་དང་། སྙི་བ། སྲོ་ལོ་དམར་པོ་སོགས་ཡོད།
ཡུལ་སྐོར་གནས་ཆེན།
[རྩོམ་སྒྲིག]ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ནི་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ་དང་། གསེར་སྐྱེམས་ལའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།གནས་མཆོག་ཐུགས་སྤྲུལ་བོན་རི་རིན་པོ་ཆེ། ཉང་ཆུ་གཙང་པོའི་མཛེས་ལྗོངས་ཁུལ། སྟོང་ལོའི་འོ་སེ་སྡོང་རྒན། ཀོང་འཕྲང་རོང་། (གྲོག་རོང་ཆེན་མོ)ཉང་ངོགས་གྲུ་སོ། དེ་བཞིན་དགོན་པ་ལྔ་དང་ལྷ་ཁང་གཅིག་སོགས་ཡིན།
《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།