ཉི་ཤར་སྤྲུལ་སྐུ། ཤར་སྤྲུལ་རིན་པོ་ཆེ།

ཡོང་ཁུངས་Wikipedia

༅། །མཚུངས་མེད་གྲུབ་དབང་ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་གྱི་མཛད་རྣམ་རག་བསྡུས་དད་གུས་ལྗོན་བཟང་གཞོན་ནུ་ཞེས་བྱ་བ་བཞུགས་སོ།། །།


༄། ཨོཾ་སྭ་སྟི། །གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །

རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས

།བི་མ་ལ་སོགས་འོད་སྐུའི་རྒྱལ་བ་རྣམས།

།བྱང་ཆུབ་སྙིང་པོའི་བར་དུ་གུས་ཕྱག་འཚལ།

།རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེ།

།འགྲོ་ཀུན་ཐར་གླིང་སྟོན་པའི་དེད་དཔོན་ཆེ།

།བཀའ་དྲིན་མཚུངས་མེད་གུ་རུ་རིན་པོ་ཆེ།

།ཆེ་མཆོག་སིདྡྷིའི་དཔལ་ཀུན་དེང་འདིར་སྩོལ།

།རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་གསང་གསུམ་མཛོད།

།ཐོགས་མེད་ཅིག་ཅར་རྡོལ་ལ་མངའ་བརྙེས་པ།

།ཕྲིན་ལས་ཉི་མ་ཕྱོགས་མེད་འཆར་བའི་དཔལ།

།གཏེར་ཆེན་སུརྱ་ཀིརྟི་གཙུག་ན་མཆོད།

།ཀུ༵ན་བཟ༵ང་བླ་མའི་བྱིན་ཐོབ་བསྟན་འགྲོའི་དཔལ།

།ད༵མ་ཆོ༵ས་བདུད་རྩིའི་སྨིན་གྲོལ་འདོམས་མཁས་པ།

།རྒྱ༵་མཚོ༵་ལྟ་བུའི་ཐུགས་སྐྱེད་ཟབ་ལྷིང་ངང་།

།རོལ་གར་སྣ་ཚོགས་མཛད་ལ་དད་ཕྱག་རྩེགས།།


དེ་ལྟར་ཡུལ་དམ་པ་རྣམས་ལ་མཆོད་བརྗོད་ཉུང་ཤས་ཀྱིས་མདུན་བསུས་སྟེ་སྐབས་དོན་གླེང་བར་བྱ་བ་ནི། དེ་ཡང་རྒྱལ་བ་རྣམ་འདྲེན་བཞི་པ་མཉམ་མེད་ཤཀྱ་ཐུབ་པའི་ལུང་ཟིན་བསིལ་ལྡན་གྱི་ཕྲེང་བས་དཀྲིགས་པའི་འཛམ་གླིང་གོ་ལའི་སྒེག་མོའི་ཟུར་ཕུད་འཕགས་མཆོག་པད་དཀར་འཆང་གི་འདུལ་ཞིང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བར་མ་ཆད་པ་བྱོན་པ་ལས་གྲུབ་དབང་ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནི་གསང་ཆེན་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་ལ་གཞན་དྲིང་མི་འཇོག་པའི་ཕྱག་རྗེས་ཅན་ཞིག་ཡིན་པར་གདོན་མི་ཟ་བའོ། སྤྱིར་ས་མཐོན་པོར་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་གསང་བ་གསུམ་གྱི་རྣམ་ཐར་ནི་ས་ཐོབ་ཁོང་རང་རྣམས་ལས་བདག་ལྟ་བུས་སྨྲ་བར་ག་ལ་ནུས། འོན་ཀྱང་ཐུན་མོང་གི་སྣང་ཚུལ་དང་མཐུན་པའི་སྒོ་ནས་རྣམ་ཐར་རག་བསྡུས་ཙམ་གླེང་བའི་དབང་དུ་བྱས་ན།

གང་ཉིད་བསྐལ་པ་དུ་མའི་སྔ་རོལ་ན་མཚན་ཐོས་པ་ཙམ་གྱིས་ཀྱང་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་བདེ་གཤེགས་སྟོབས་ལྡན་དུ་མངོན་པར་བྱང་ཆུབ་བརྙེས་ཟིན་ནའང་། སླར་ཡང་མཐའ་ཡས་པའི་སྲིད་མཚོར་དུབ་པའི་འགྲོ་བ་མཐའ་དག་སྒྲོལ་བའི་སླད་དུ་སྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདིར་ཡང་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཐོ་བཙུན་གྲུབ་རྗེ་དང་། པཎ་ཆེན་ན་རོ་པ། བོད་དུ་ཆོས་རྒྱལ་ཐོ་རི་གཉན་བཙན། རིག་འཛིན་རྗེ་འབངས་ཉེར་ལྔའི་གྲལ་སོག་པོ་ལྷ་དཔལ། མཉམ་མེད་དྭགས་པོ་བཟང་པོ་རྡོ་རྗེ་སོགས། སྣ་ཚོགས་འདུལ་བྱའི་མོས་ངོར་གང་འདུལ་ཆུ་ཟླའི་རོལ་པར་མཛད་པ་ཅི་ཡང་བསྒྱུར་ནས་སླར་ཡང་ཟབ་གསང་སྙིང་པོའི་ཐེག་པ་འོད་གསལ་རྫོགས་ཆེན་གྱི་བསྟན་པ་གཞི་དབྱིངས་སུ་སྒྲེང་བའི་སླད་དུ་བསམ་བཞིན་དུ་སྒྱུ་མའི་གཟུགས་སྐུར་བྱོན་པ་སྟེ།

རྒྱལ་རབས་རིམ་བྱོན་གྱིས་མངའ་དབང་བསྒྱུར་བའི་ཞིང་མཆོག་རིགས་གསུམ་མགོན་པོའི་སྤྲུལ་པ་བར་མ་ཆད་པ་བྱོན་པའི་མངའ་འབངས་ལོངས་སྤྱོད་ཆོས་བཞིན་སྐྱོང་བར་བྱེད་པའི་འབྲུག་གསང་སྔགས་ཆོས་གླིང་གི་ཉེ་འགྲམ་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། མཚན་ལ་ཀརྨ་འོད་གསལ་རང་གྲོལ་ཞེས་གསོལ་སྟེ་འབྲུག་གསང་སྔགས་ཆོས་གླིང་དུ་གསན་བསམ་དང་ཉམས་ལེན་ཁོ་ན་གནང་བས་ཆོས་ཉིད་ཟད་སར་ཕྱིན་པའི་རྟོགས་པ་མངོན་དུ་གྱུར།

དེ་ཡང་སྔོན་གྱི་འདུལ་ཞིང་དུས་ལ་བབས་པ་དང་ཁྱད་པར་ཨོ་རྒྱན་ཆེན་པོའི་བསླུ་མེད་རྡོ་རྗེས་ལུང་གི་ཡང་ཡང་བསྐུལ་བར་བརྟེན། འགྲོ་དོན་བོད་དུ་ཡོད་པར་དགོངས་ནས་གངས་ཅན་གྱི་གནས་ཆེན་ཁག་ཏུ་ཞབས་ཀྱིས་བཅགས་ཏེ། མཐར་མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་ཤོ་རྟ་ལྷོ་གསུམ་གྱི་ནང་ཚན་དཔལ་འབར་རྫོང་ཁོངས་སུ་ཕྱག་ཕེབས་གྲུབ་པར་རྫོང་དཔོན་གྱིས་ཚད་མེད་པའི་བཀུར་བསྟི་དང་བཅས་དབུ་ཡི་མཆོད་གནས་སུ་བཞུགས་སུ་གསོལ། དེའི་སྐབས་ཆབ་མདོ་ས་དབང་ཆེན་མོ་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཕེབས་སྐབས་སུ་ས་དབང་ཆེན་མོ་མཇལ་དུ་བཅར་བར་ས་དབང་ཆེན་མོ་བཞུགས་ཁྲིར་འཁོད་དེ། གྲུབ་དབང་ཉིད་ནས་གུས་ལུགས་ཀྱིས་ཕྱག་ཕུལ་བས་དམ་པ་ཉིད་ཀྱི་མགུལ་ནས་སྦྲུལ་དཀར་སེར་དམར་ལྗང་བཞི་ཁྲ་ཉིལ་ཉིལ་ཐོན་པ་མཐོང་བས། ས་དབང་ཆེན་མོའི་ཐུགས་སུ་ཞེད་སྣང་ཚད་མེད་དང་བཅས་ཁྲི་ལས་བབས་ཏེ་ཁོང་གི་ཁྲི་ཐོག་ཏུ་གྲུབ་དབང་རིན་པོ་ཆེ་མཆོག་བཞུགས་སུ་གསོལ། ཉི་ཤར་ཟེར་བའི་ས་ཆ་མཐའ་རྒྱ་རི་སྐོར་ཚང་མ་ཕུལ། དེ་ནས་གཟུང་ཁོང་གི་མཚན་ལ་ཉི་ཤར་རིན་པོ་ཆེ་ཞེས་ས་མིང་གང་ཟག་ལ་ཐོག། ཕྱིས་སུ་ཁོང་གི་ཡང་སྲིད་རིམ་བྱོན་ལ་ཉི་ཤར་སྤྲུལ་སྐུའམ་ཤར་སྤྲུལ་རིན་པོ་ཆེ་ཞེས་ཡོངས་གྲགས་སུ་གསོལ།

འབྲུག་ནས་ཁོང་དང་ལྷན་དུ་ཕེབས་པའི་སྐུ་མཆེད་གཉིས་ཡོད་པ་ལས་ཤར་སྤྲུལ་རིན་པོ་ཆེ་རྒན་ཤོས་ཡིན་པ་དང་། འབྲིང་བ་རྒྱ་ལོ་སྤྲུལ་སྐུ་བདུད་འདུལ་དྲག་སྔགས་གླིང་པའི་གདན་ས་དཔལ་འབར་དགོན་དུ་བཞུགས་སུ་གསོལ་བ་དང་། ཆུང་བ་དབྲོང་ཤོད་སྤྲུལ་སྐུ་རྒྱ་སྟོན་ཆོས་རྗེའི་གདན་ས་ལྷོ་བདེ་སྟེང་དགོན་དུ་བཞུགས་ནས་བསྟན་པ་བསྐྱང།

དེ་ཡང་དམ་པ་འདི་ཉིད་ནི་ཆབ་མདོ་ས་དབང་ཆེན་མོའི་ཕུལ་བའི་ས་གནས་སུ་མཛད་འཕྲིན་བསྐྱང་སྟེ་དབེན་གནས་སྒོམ་སྒྲུབ་གནང་ཡུལ་གསར་དུ་བཞེངས། སྐུ་ཚེ་ཧྲིལ་པོར་སྐུ་མཚམས་ཁོ་ན་བཞུགས་ཏེ་འཁོར་བུ་སློབ་ཉམས་རྟོགས་དང་ལྡན་པ་སུམ་ཅུ་ཙམ་བསྐྱངས། དཔལ་འབར་སྤྲུལ་སྐུ་དང་རྒྱ་སྟོན་སྤྲུལ་སྐུ་སོགས་ཚད་མའི་སྐྱེས་བུ་དུ་མས་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་པའང་ཡིན་པའི་ཡིད་ཆེས་གནང་བའི་ལོ་རྒྱུས་འདུག། 

རྡོ་ཀ་མ་རུ་པ་ལས་རྗེ་བཙུན་མི་ལ་རས་པའི་སྐུ་གཟུགས་ཕྱག་གིས་བཟོས་ཏེ་གྲུབ་པའི་རྟགས་བསྟན་པ་ད་ལྟའང་མཇལ་རྒྱུ་ཡོད། (སྐུ་འདི་རིགས་གསར་སྐབས་མགུལ་བཅག་གཏོར་བཏང་བས་མགུལ་མན་ཆད་མ་གཏོག་དབུ་བོར་བརླག་སོང་འདུག) དེ་ལྟ་བུའི་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་བསྒྲུབས་ཏེ་མཐར་དགུང་ལོ་བརྒྱད་བཅུའི་ཐོག་འཇའ་ལུས་སུ་གཤེགས་སོ།


                                     ༈ ཤར་སྤྲུལ་སྐུ་ཕྲེང་གཉིས་པ་ནི།


སྐུ་ཕྲེང་གཉིས་པ་ཤར་སྤྲུལ་བསྟན་འཛིན་འགྱུར་མེད་གར་དབང་རྒྱ་མཚོ་ནི་བོད་ཆེན་པོའི་ལྗོངས་ཀྱི་ཁམས་ཉི་ཤར་ཞེས་པའི་ནོར་འཛིན་གྱི་དྭངས་མ་རུ། ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་ལྷ་བརྒྱུད་མི་ལས་མཆེད་པ་ཡབ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་མཆོག་གི་སྤྲུལ་པའི་སྐུ་གསང་སྔགས་ཞེས་པ་ཤར་སྤྲུལ་གོང་མའི་ཞལ་སློབ་དང་། ཡུམ་ཡང་དམ་པའི་ཆོས་ཁོ་ན་ལ་ཐུགས་བརྩོན་གནང་མཁན་སྐུ་ཕྱག་ཕུལ་བས་མཆོད་ཁང་གི་སྤང་ལེབ་ཕྱག་གིས་རྗེས་དོད་པ་དད་བརྩོན་ཤེས་རབ་ཁྱིམ་བདག་འབྱོར་བ་དང་ལྡན་པ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ངོ་མཚར་ཆེ་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་འཁྲུངས་པའི་ཉིན་ཆོས་དུང་གི་སྒྲ་ལན་གསུམ་བསྒྲགས་པ་དང་ཆབ་འོ་མར་འགྱུར་བ། དགུན་དཀྱིལ་དུ་མེ་ཏོག་སེར་ཆེན་སྐྱེས་པ་སོགས་ངོ་མཚར་ཆེ་བའི་ལྟས་སྣ་ཚོགས་བྱུང་། དགུང་ལོ་གསུམ་གྱི་ཐོག་ཏུ་ཉི་སྤྲུལ་ལྔ་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག་མཆོག་གིས། ཤར་སྤྲུལ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཤར་སྤྲུལ་བསྟན་འཛིན་འགྱུར་མེད་གར་དབང་རྒྱ་མཚོ་ཞེས་མཚན་གསོལ།

སྔ་འགྱུར་བརྒྱུད་ལུང་མན་ངག་ཟབ་ཁྲིད་དང་ཉི་གྲགས་ཀྱི་ཆོས་བསྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་དབང་ཁྲིད་བསྩལ། དེ་ནས་དཔལ་འབར་སྤྲུལ་སྐུ་དང་རྒྱ་སྟོན་སྤྲུལ་སྐུ་སོགས་རིས་མེད་ཀྱི་ཚད་མའི་ས་དགེ་བཀའ་རྙིང་གི་སྐྱེས་བུ་དུ་མའི་ཞབས་སུ་བསྟེན་ཏེ་གསན་བསམ་ཕྱོགས་མེད་གནང་། གདན་ས་རྒྱ་སྟོན་ས་སྟེང་ཕོ་བྲང་དགོན་དུ་གཏན་འཁེལ་བཞུགས་རྒྱུ་ཐུགས་ཐག་བཅད་དེ་སྔར་གྱི་སྐུ་གོང་མའི་རི་ཁྲོད་དང་བཅས་པའི་དབུ་བླ་གནང་བཞེས་མཛད་དོ།

དེ་ཡང་དམིགས་བསལ་ཕོ་བྲང་དགོན་འདིའི་ལོ་རྒྱུས་ཅུང་ཟད་བརྗོད་ན། མདོ་ཁམས་སྤོ་འབོར་སྒང་གི་ཆར་རྒྱ་སྟོན་རྫོང་ཞེས་པ། མི་སྡེ་ལྡེང་ཁག་དགུ་དང་ལྷ་སྡེ་དགོན་ཁག་བཅུ་གསུམ་ཞེས་པའི་ནང་ཚན་ཤོག་བཅུ་ལྡིང་འོག་ཕོ་བྲང་དགོན་ནམ། སྔ་འགྱུར་འོད་གསལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཆགས་པའི་ས་ཆ་ནི། སྔོན་གླིང་རྗེ་གེ་སར་ཕྱོགས་ཀྱི་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབས་ཏེ་བདུད་ཆེན་བཞི་བཏུལ་སྐབས་སུ་གཙང་རྣམ་གླིང་ཞེས་པའི་ཡུལ་ནས་ཤོར་བའི་བདུད་ཁོལ་མོ་རུ་ཏྲ་ཞེས་པ་དེ་བཏུལ་བའི་ས་ཆ་ཡིན་པས་རོང་ཕྲུག་ཨ་ནུ་སེང་ཕྲན་གྱིས་སྤྲུལ་པ་ཞིག་གིས་དགོན་སྡེ་ཞིག་ཕྱག་འདེབས་པའི་ལུང་བསྟན་ཡོད་པ་བཞིན། འགྲོ་མགོན་གླིང་རྗེ་རས་པའི་དངོས་སློབ་རྒྱ་སྟོན་ཆོས་རྗེ་བཟང་པོས་ཕྱག་བཏབ་སྟེ་དམ་པ་ཉིད་རོང་ཕྲུག་སེང་ཕྲན་གྱི་སྤྲུལ་པ་ཡིན་ཞེས་གྲགས། བདུད་ཁོལ་མོ་རུ་ཏྲ་བཏུལ་བའི་གནས་ཡིན་པས་ན་དགོན་གྱི་ཐོག་མའི་མིང་ལའང་ཁོལ་རུང་དགོན་ཞེས་སུ་གྲགས། རྒྱལ་སྟོན་སྤྲུལ་སྐུ་བློ་བཟང་ལེགས་པའི་དུས་སུ་རིགས་འཛིན་གཏེར་ཆེན་ཉི་མ་གྲགས་པའི་བརྒྱུད་རྒྱ་སྟོན་རྫོང་ལྷ་སྡེ་མི་སྡེ་ཡོངས་སུ་རྫོགས་པ་གོང་ས་ལྔ་པའི་ཕྱག་ཏུ་འབུལ་གནང་མཛད། སྐབས་དེ་དུས་ནས་བཟུང་རྒྱལ་སྟོན་རྫོང་དཔོན་ལ་རྩེ་དྲུང་ཞིག་གི་འཐོབ་ཐང་བསྩལ་བ་དང་། ལྔ་པའི་ཤེལ་བམ་དྲུག་པའི་རྩ་ཚིག་བདུན་པའི་རྒྱབ་གནོན་སོགས་མཐིང་གི་ཤོག་བུ་ལ་གསེར་གྱི་ཞུན་མས་བྲིས་པའི་བཀའ་རྒྱ་རྣམས་བསྩལ་བར་མཛད་དོ།

རྒྱ་སྟོན་སྤྲུལ་སྐུ་བློ་བཟང་ལེགས་པའི་གདན་ས་བདེ་སྟེང་དགོན་དེ་ཉིད་གཞུང་དགོན་དུ་རྩིས་ནས་ཕོབ་ཐོབ་ཀྱི་གྲྭ་དྲུག་ཅུ་སྐེད་གཟན་བརྒྱད་ཅུ་བཅས་སྡོམས་གྲྭ་བརྒྱ་དང་བདུན་ཅུ་ཙམ་ཡོད་པར་གྲགས། སྐབས་དེ་དུས་ཁོལ་རུང་དགོན་དེ་ཉིད་རིགས་འཛིན་ཉི་མ་གྲགས་པའི་འཛིན་སྐྱོང་གི་ཁྱབ་ཁོངས་སུ་གྱུར་ཏེ་དགོན་པའི་མཚན་ཡང་ཕོ་བྲང་དགོན་དུ་བསྒྱུར། དེའི་རྗེས་སུ་ཉི་སྤྲུལ་སྐུ་ཕྲེང་ལྔ་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག་མཆོག་ཀྱི་ཞལ་སློབ་གློང་ནག་གཏེར་ཆེན་གྱིས་སྔར་གྱི་དགོན་གནས་སྤོས་ཏེ་རྒྱལ་སྟོན་རྫོང་གི་ཉེ་འདབས་སུ་རྔུལ་ཆུའི་ཉེ་འགྲམ་ས་དཔྱད་ཕུན་སུམ་ཚོགས་པ་གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད། རྒྱབ་རི་བཀྲ་ཤིས་རྟགས་བརྒྱད། མདུན་རི་ནོར་བུ་མེ་འབར་སོགས་ལྗོན་ཤིང་རྩི་ཤིང་སྣ་ཚོགས་ཀྱི་འཁོར་ཡུག་ཀུན་དཀྲིགས་པའི་དབུས་སུ་སྒྲུབ་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པའི་གནས་མཆོག་དེར་ཕྱག་བཏབ་ཅིང་དགོན་གྱི་མིང་དུ་ཡང་སྔ་འགྱུར་འོད་གསལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ།

སླར་ཡང་ཉི་སྤྲུལ་དྲུག་པ་ཐུབ་འོད་གསལ་བསྟན་པའི་ཉི་མའི་སྔར་བཞིན་དགོན་འདིར་ཐུན་མིན་གྱི་བདག་རྐྱེན་གནང་བ་དང་། ཤར་སྤྲུལ་རིན་པོ་ཆེ་ལ་སྐུ་གོང་མའི་ཞལ་སློབ་གཙོར་གྲས་གནང་བ་ལྟར་གུས་བཀུར་དང་བཅས་དགོན་འདི་ལ་ཡང་གཟིགས་བསྐྱངས་དགོས་པའི་བསྐུལ་མ་གནང་བ་ལྟར་ཞལ་བཞེས་ཞུས། ཡིནའང་སྐུ་ཚེ་མཐར་མ་ཕྱིན་ནས་མཐར་དགུང་ལོ་སོ་དགུའི་ཐོག༡༩༥༩ ལོ་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཡོངས་རྫོགས་རྒྱ་ནག་ཀླ་ཀློའི་དཔུང་གི་རྨང་ནས་བཤིགས་པ་དང་དེ་འཛིན་གྱི་བསྟན་འཛིན་སྐྱེས་བུ་གྲངས་ལས་འདས་པ་སྐུ་སྲོག་དཀྲོངས་ལྟར་དམ་པ་ཉིད་རྒྱ་དམར་གྱི་དམག་མིས་མེ་འདའི་འོག་ཏུ་སྐུ་སྲོག་ཤོར་ནས་ཞི་བར་གཤེགས་སོ།


              ༼༡༽ ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་སྐུ་བལྟམས་པའི་ཚུལ།


༄༅། ད་ལྟ་སྐུ་འཚོ་ཞིང་བཞེས་པ་ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཀུན་བཟང་དམ་ཆོས་རྒྱ་མཚོ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་གསེས་སྤོ་བོ་སྒང་གི་ཆར་གཏོགས་པ་ཡུལ་གྲུ་དགེ་མཚན་དུ་མ་དང་ལྡན་པའི་ཆུ་བོ་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ་དུ་གྲུབ་ཆེན་ནག་པོ་ཐོག་འཕེན་གྱི་འཁྲུངས་ཡུལ་ཀེ་ཉིན་ཞེས་པ་ཡིད་དུ་འོང་བའི་ཡུལ་ལྗོངས་སུ་སྐྱེ་བོ་འབྱོར་པ་ཅན་དུ་མས་གང་བའི་ཡུལ་གྲོང་དེར་བྲག་ལ་རུས་སྦལ་གྱི་དབྱིབས་གཟུགས་སུ་ཡོད་པའི་སྟེང་རུས་མིང་བྱིའུ་ཚང་ཞེས་པ་མི་རབས་རེ་ལ་བསྟན་པ་ལ་སྲིད་ཞུ་སྒྲུབ་པའི་ཚད་མའི་སྐྱེས་བུ་བར་མ་ཆད་པར་བྱོན་པ་ཡབ་སྔགས་འཆང་བྱིའུ་རབ་རྒྱས་དང་ཡུམ་ཆོས་ལ་དཀར་ཞིང་དྭངས་བ་དང་དད་པའི་མོས་གུས་ཆེ་བ་ཉི་ཤར་ཚང་སྤྲུལ་སྐུ་གསང་སྔགས་ཀྱི་སྲས་མོ་བསོད་ནམས་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་༡༦སྤྱི་ལོ་༡༩༧༤ཟླ་༥ཚེས་༣༠ཤིང་ཕོ་སྟག་གི་ས་ག་ཟླ་བའི་ཚེས་བཅུ་ཉིན་སྙིགས་དུས་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་མགོན་དུ་ངོ་མཚར་བའི་ལྟས་དང་བཅས་ལྷུམས་གྱི་འདབ་ལས་གྲོལ། དེའི་སྐབས་སུ་བྱིས་པའི་རྩེ་མོ་མཛད་པའང་དབང་བསྐུར་ཆོས་འཆད་རི་འགྲིམ་སྒོམ་སྒྲུབ་བྱེད་ཚུལ་སོགས་ལས་ཐ་མལ་གྱི་སྤྱོད་པ་ཡེ་ནས་མི་མངའ་ཞེས་ཡུལ་མི་ཀུན་གྱི་བཤད། གཞན་ཡང་ཡུལ་ཚོ་དེའི་ཉེ་འདབས་ན་རྟག་ཏུ་སྒྲུབ་པ་ལ་བརྩོན་ཞིང་མངོན་ཤེས་དང་སྒྲུབ་རྟགས་མཆོག་བརྙེས་མཁའ་འགྲོ་ཀུན་བཟང་རིན་པོ་ཆེ་མཆོག་ནས་ཀྱང་ཤར་སྤྲུལ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དེ་བཞིན་དུ་འཕགས་ཡུལ་ན་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་སོགས་དམ་པ་དུ་མའི་དགོངས་པ་རྩེར་མཐུན་གྱིས་ངོས་འཛིན་གྱི་བཀའ་རྟགས་ཀྱང་གནང་བར་མཛད་དོ།



༼༢༽ ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་རིས་མེད་བཤེས་གཉེས་ བསྟེན་ཚུལ་དང་སྐུ་མཚམས་བསྙེན་བསྒྲུབ་གནང་ཚུལ།

༄། དགུང་ལོ་བཞི་ནས་དགེ་རྒན་རྡོ་རྗེ་དོན་གྲུབ་ལགས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱང་བ་དང་ཡབ་སྔགས་འཆང་བྱིའུ་རབ་རྒྱས་ལགས་ཀྱི་མདུན་ནས་སྦྱོར་ཀློག་དང་དག་ཡིག་སོགས་གསན་སྦྱང་གནང་སྐབས་ཡི་གེའི་ཕྱི་མོ་ལན་གསུམ་ཀློག་པ་ཙམ་གྱིས་མཁྱེན་ཅིང་། ཇ་ཡུན་ཙམ་དུ་གདུག་དཀར་མཆོག་གྲུབ་མ་ཐུགས་འཛིན་གནང་བས་ཀུན་གྱིས་ཐུགས་རབ་ཆེ་བའི་ཚད་དུ་གླེང་དགུང་ལོ་དགུའི་ཐོག་ཏུ་རྫོགས་ཆེན་མཁན་པོ་ཐུབ་བསྟན་རྣམ་རྒྱལ་གྱི་དྲུང་ནས་སྐྱབས་འགྲོའི་སྡོམ་པ་དང་། བྱང་ཆུབ་སེམས་སྡོམ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ལུང་སོགས་གསན། དགུང་ལོ་བཅུའི་ཐོག་རྒྱ་སྟོན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་བདེ་སྟོང་དགོན་གྱི་གྲུབ་ཆེན་འཇམ་དབྱངས་རིན་པོ་ཆེའི་མདུན་ནས་འཇའ་ཚོན་དཀོན་མཆོག་སྤྱི་འདུས་དང་སྔོན་འགྲོའི་ཁྲིད། འོད་དཔག་མེད་ཀྱི་སྒྲུབ་ཐབས་སོགས་གསན། བྱིའུ་ཚང་གི་མཆོད་ཁང་ནང་དུ་འཇའ་ཚོན་གྱི་སྔོན་འགྲོ་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་ཟླ་བ་གསུམ་གྱི་ནང་ལེགས་པར་གྲུབ་པར་མཛད། དགུང་ལོ་བཅུ་གཅིག་གི་ཐོག་སྡ་ཧེ་ཞེས་པར་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པ་༧སྐྱབས་རྗེ་བླ་མ་བློ་གྲོས་བཟང་པོའི་མདུན་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་གསང་བདེ་འཇིགས་གསུམ། ལམ་རིམ་བཅས་ཀྱི་བཀའ་ཁྲིད་གསན་སྐབས་ཐུགས་རབ་ཆེ་བ་གཟིགས་པས་ཁམས་འདན་མ་སྤྲུལ་སྐུའི་ཡང་སྲིད་ཀྱང་ཡིན་ཞེས་གསུངས་ཏེ་ཐུགས་རྩིས་ཆེ་བར་མཛད། དགུང་ལོ་བཅུ་གསུམ་ཐོག་ནག་ཆུ་གཉན་རོང་རྫོང་བཞུགས་༧སྐྱབས་རྗེ་གཏེར་སྨྱོན་ནམ་མཁའ་རྡོ་རྗེའམ་ལྷ་ཐོག་སྤྲུལ་སྐུ་མདུན་ནས་བཀའ་དགོངས་ཕུར་གསུམ་དང་ཀརྨ་གླིང་པའི་ཞི་ཁྲོ། སྙིང་ཐིག་སྔོན་འགྲོ་གཅོད་དབང་ནམ་མཁའ་སྒོ་འབྱེད་བཅས་ཀྱི་དབང་ལུང་སོགས་གསན། སླར་ཕོ་བྲང་དགོན་དུ་ཕེབས་ནས་ཟླ་བ་གསུམ་ཙམ་རིང་ཀརྨ་གླིང་པའི་ཞི་ཁྲོའི་བསྙེན་ཆེན་གྱི་བཅད་རྒྱ་མཛད། དགུང་ལོ་བཅུ་བཞི་ཐོག་མདོ་ཁམས་ཀྱི་གྲུབ་དབང་ཀརྨ་ནོར་བུའི་སློབ་མ་ཀརྨ་བཀྲ་ཤིས་འོད་ཟེར་གྱི་དྲུངནས་དབང་ཁྲིད་ཅི་རིགས་པ་གསན་ཅིང་ཕོ་བྲང་དགོན་སྒྲུབ་ཁང་དུ་ས་ག་ཟླ་བའི་ཚེས་བཅུ་ལྔ་ཉིན་བཅད་མཚམས་གནང་སྟེ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་འབུམ་ལྔ་ཆ་ཚང་དང་། གུ་རུ་ཞི་དྲག་སེང་གསུམ་གྱི་བསྙེན་ཆེན། སྨྱུང་གནས་ཆ་སུམ་ཅུ་སོ་བརྒྱད་བཅས་མདོར་ན་ལོ་གསུམ་ཟླ་གསུམ་རིང་སྐུ་མཚམས་བཅད་རྒྱ་ལེགས་པར་མཛད་ནས་དགུང་ལོ་བཅུ་བདུན་གྱི་ཐོག་ལོ་གསུམ་ཟླ་གསུམ་གྱི་བཅད་རྒྱ་ལས་གྲོལ་བར་མཛད་ནས། དགུང་ལོ་བཅོ་བརྒྱད་ཐོག་ལྷ་ས་རུ་གནས་མཇལ་ལ་ཕེབས་ནས་འབྲི་གུང་སྤྲེལ་ལོའི་འཕོ་བ་ཆེན་པོ་སོགས་ཞུས་ཤིང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་སྣ་ཚོགས་གསན། ལོ་དེར་སླར་ཡང་ཕ་ཡུལ་དུ་ཕྱིར་ཕེབས་ནས་བླ་མ་ཕུར་ཚེ་རིན་པོ་ཆེའི་བཀའ་ལྟར་རྐེ་ཉིན་གྲོང་དུ་བདུད་འདུལ་མཆོད་རྟེན་ཞིག་གསར་བཞེངས་མཛད་དོ།


  ༼༣༽ ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་འཕགས་ཡུལ་དུ་ཕེབས་པ་དང་

༧གོང་ས་མཆོག་གི་གཙོས་མཁས་གྲུབ་རྣམས་ཀྱི་ཞབས་ལ་གཏུད་ཚུལ།

༄། དགུང་ལོ་བཅུ་དགུའི་ཐོག་འཕགས་ཡུལ་དུ་ཕེབས་ཏེ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་ཆེན་པོ་༧གོང་ས་བཅུ་བཞི་པ་མཆོག་གི་སྐུ་མདུན་ནས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་། ལྔ་པའི་རྒྱ་ཅན་ལས་བཀའ་བརྒྱད་ཀྱི་བཀའ་དབང་ཁྲིད། ཕུར་པའི་བཀའ་དབང་། གསང་བ་འདུས་པའི་བཀའ་དབང་དང་ཁྲིད། རྒྱུད་འབྲེལ་བ་བཞི་སྦྲག་གི་བཀའ་ཁྲིད། མི་ལའི་མགུར་འབུམ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་བཀའ་ཁྲིད། ཀུན་བཟང་བླ་མའི་ཞལ་ལུང་གི་བཀའ་ཁྲིད། སློབ་དཔོན་ཀ་མ་ལ་ཤཱི་ལའི་མཛད་པའི་སྒོམ་རིམ་བར་མ་ཚར་གསུམ་དང་། གཞན་ཡང་རྒྱལ་སྲས་ལག་ལེན། བཤེས་སྤྲིང་། སྤྱོད་འཇུག་ཚར་གསུམ། དུས་འཁོར་གྱི་བཀའ་དབང་ཚར་གཉིས་བཅས་གསན་གནང་མཛད། གཞན་ཡང་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་དང་ཁྲིད། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་མདུན་ནས་ལུང་སོགས་གསན། ༧སྐྱབས་རྗེ་རི་པ་སྤྲུལ་སྐུ་ནམ་མཁའ་རིན་པོ་ཆེ་མཆོག་གི་མདུན་ནས་གེ་སར་གྱི་གཏེར་ཆོས་དབང་ལུང་ཡོངས་རྫོགས་གསན་གནང་མཛད་དོ།

  ༼༤༽  ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་སླར་ཡང་བསྟན་དོན་ཆེད་

བོད་ལ་ཕེབས་པ་དང་རིམ་བཞིན་སྒོམ་བསྒྲུབ་གནང་ཚུལ།

༄། དགུང་ལོ་ཉེར་གཅིག་གི་ཐོག་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་ཏུ་གྲུབ་དབང་རྫོགས་ཆེན་པའི་གདན་ས་རུ་ཕེབས། སྐབས་དེར་རྫོགས་ཆེན་དགོན་དུ་ཤར་སྤྲུལ་རིན་པོ་ཆེའི་ཚེ་རབས་ལས་ཀྱི་བླ་མ་༧གཏེར་ཆེན་ཉི་གྲགས་རིན་པོ་ཆེའི་ཡང་སྲིད་སྐུ་ཕྲེང་བདུན་པ་ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་ཞེས་པ། ༧གོང་ས་ཡིད་བཞིན་ནོར་བུའི་འཁྲུལ་བྲལ་ཡེ་ཤེས་དབྱིངས་གཟིགས་ཀྱིས་ངོས་འཛིན་གནང་བ་དགུང་ལོ་བཅུ་བཞིར་ཕེབས་པ་དེ་ཡང་མཇལ། དེ་ནས་རྫོགས་ཆེན་རིན་པོ་ཆེ་མཆོག་ལ་སྤྱིར་བོད་ནང་བཤད་སྒྲུབ་ཉམ་ཐག་ཚུལ་དང་། ལྷག་པར་དུ་བྱང་ནག་ཆུ་ནས་ཁམས་ཆབ་མདོའི་བར་བཤད་གྲྭ་ཞིག་མེད་པའི་རྐྱེན་གྱིས་བསྟན་པ་རྒྱུན་གནས་ཐུབ་རྒྱུ་ཁག་ཚུལ་ཞུས་པར། ཁོང་ནས་ཕོ་བྲང་དགོན་ལ་བཤད་གྲྭ་ཞིག་འཛུགས་ཐུབ་ན་སྔ་འགྱུར་སྤྱི་ལ་ཕན་པ་དང་། དེ་ཡང་འགྲོ་གྲོན་ཐད་བསོད་རྒྱལ་རིན་པོ་ཆེར་ཞུས་ནས་དཀའ་ངལ་མི་ཡོང་གསུངས་ནས་རིན་པོ་ཆེ་མཆོག་བོད་ལ་འགྲོ་རྒྱུར་བསྐུལ་མ་གནང་བ་དང་། ཕྱོགས་མཚུང་༧ཉི་གྲགས་ཡང་སྲིད་ཀྱང་འདིར་ཡོད་པའི་སློབ་གཉེར་ཕུལ་རྒྱུའི་ཐད་ཐུགས་ཁྲལ་མི་དགོས་ཚུལ་སོགས་གསུངས་ནས་བོད་ལ་ཕེབས་རྒྱུར་བསྐུལ་མ་གནང་དོན་ལྟར་བོད་དུ་ཕེབས་གནང་མཛད། བོད་ལ་ཕེབས་འཕྲལ་ཕོ་བྲང་དགོན་དུ་རིན་ཆེན་གཏེར་མཛོད་ཆེན་མོའི་བསྙེན་མཚམས་ཟླ་བ་བདུན་ལ་བཞུགས་ཤིང་ལས་རུང་གནད་སྨིན་གྱི་སྦྱིན་སྲེག་དང་བཅས་གྲུབ་པར་མཛད། དགུང་ལོ་ཉེར་གསུམ་ཐོག་ལྷ་སའི་ཇོ་ཁང་མདུན་དུ་ཕྱག་འབུམ་གཅིག་འཚལ་བ་དང་། སླར་ཡང་སྙིང་ཐིག་སྔོན་འགྲོ་འབུམ་ལྔ་ཆ་ཚང་ཞིག་གྲུབ་པར་མཛད། རིམ་བཞིན་སྟོད་མངའ་རིས་སུ་ཕེབས་སྟེ། གནས་མཆོག་པྲེ་ཏ་པུ་རི་དང་། མཚོ་མ་ཕམ། གངས་ཏི་སེར་སེང་གདོང་ཕུག་སོགས་སུ་ལོ་གཅིག་ལྷག་ཙམ་སྐུ་མཚམས་ལ་བཞུགས། གཞན་ཡང་དེ་ནས་བཟུང་ད་ལྟའི་བར་ལོ་ལྟར་ལོ་གཅིག་ལ་ཟླ་བ་བདུན་ནམ་ཟླ་བ་གསུམ། ཕྱིས་ཐུགས་བྲེལ་ཤིན་ཏུ་ཆེ་ནའང་། ཐ་ན་ལོ་ལྟར་བདུན་གཅིག་ཙམ་མ་ཆག་པར་སྐུ་མཚམས་སུ་བཞུགས་གནང་མཛད་པ་ནི་སྒྲུབ་བརྒྱུད་བསྟན་པའི་མིག་རྒྱན་གྱི་སྲོལ་རྒྱུན་དམ་པར་ཐུགས་སྣང་ཡང་དག་པ་མཛད་དོ། ། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་བསྟན་པ་ཚུལ་བཞིན་འཛིན་སྐྱོང་གནང་སྐབས་སུ་བར་ཆད་སྣ་ཚོགས་ཡོང་བ་སྨོས་མེད་ཐོག་རྫོགས་ཆེན་རིན་པོ་ཆེ་དང་རིག་པ་ཆོས་ཚོགས་ནས་འགྲོ་འགྲོན་གཏང་རྒྱུར་དོན་ཐོག་མ་འཁྱོལ་བ་དང་། རྒྱ་ནག་དམར་པོའི་གཞུང་ནས་ཀྱང་བཤད་གྲྭ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ཚུལ་སོགས་འཁྱོག་བཤད་སྣ་ཚོགས་བྱས་ཏེ་སློབ་གཉེར་བྱེད་ཡུལ་བཤད་གྲྭ་བཞེངས་རྒྱུ་ཆོག་མཆན་གང་ཡང་མ་ཐོབ་པ་མ་ཟད་ཤར་སྤྲུལ་རིན་པོ་ཆེ་མཆོག་ལ་སུན་བཙེར་ཇི་མང་སོགས་མདོར་ན་རིམ་བཞིན་ཐབས་བྱུས་སྣ་ཚོགས་ཀྱིས་བཞུགས་ཐབས་མེད་པ་བཟོས་སྐབས་དེ་ལྟར་དོན་མེད་དུས་ཚོད་ཆུད་ཟོས་ལས་མི་འདུག་དགོངས་སྟེ་སླར་ཡང་ཐུགས་དགོངས་རྒྱ་གར་འཕགས་ཡུལ་ཕྱོགས་སུ་ཕེབས་རྒྱུ་ལས་གནས་སྐབས་བྱ་ཐབས་བྲལ་བ་གཟིགས་སོ།

​​ ༼༥༽ ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་འཕགས་ཡུལ་དུ་ཐེང་གཉིས་པ་ ཕེབས་པ་དང་ཉི་སྤྲུལ་བདུན་པར་གཟིགས་བསྐྱངས་གནང་བའི་ཚུལ།

༄། སླར་ཡང་དགུང་ལོ་ཉེར་ལྔའི་ཐོག་འཕགས་ཡུལ་དུ་བསྟན་དོན་ཁོ་ནར་ཐུགས་སུ་བཅངས་ནས་ཕེབས་སྟེ། སྐབས་དེར་ཉི་སྤྲུལ་བདུན་པ་གོང་ས་མཆོག་ནས་ངོས་འཛིན་གནང་བའི་སྐྱེས་བུ་དེ་ཡང་། སྤྱིར་སྙིགས་ལྔའི་རང་མདངས་དར་བ་དང་། བྱེ་བྲག་སེམས་ཅན་གྱི་བསོད་ནམས་དམན་པའི་དབང་གིས་མཆོག་སྤྲུལ་ཉིད་བལ་ཡུལ་དུ་སླབ་པ་སློབ་གཉེར་མ་གནང་བར་ཐུགས་འདོད་བཞིན་འཇིག་རྟེན་པའི་བྱ་བ་སྣ་ཚོགས་གནང་བཞིན་བཞུགས་པ་དང་། རྫོགས་ཆེན་རིན་པོ་ཆེ་ནས་ཞལ་བཞེས་དོན་གནས་མ་གནང་བར་༧ཉི་སྤྲུལ་བདུན་པ་བདག་མེད་ངང་ཡལ་བ་བོར་སྐབས། ཤར་སྤྲུལ་རིན་པོ་ཆེ་ཁོང་རང་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་སྟེ་ཡང་སྲིད་རིན་པོ་ཆེའི་སྐོར་བཀའ་མོལ་ཞིབ་རྒྱས་ཞུས་པར་༧གོང་ས་མཆོག་ནས་ཧ་ཅང་སྲོལ་རྒྱུན་ཆད་ལ་ཉེ་བའི་ཉི་གྲགས་གཏེར་ཆོས་སྐོར་རྒྱུན་སྐྱོངས་དགོས་རྒྱུ་དང་། ཉི་སྤྲུལ་རིན་པོ་ཆེ་ལ་ཐོས་བསམ་སློབ་གཉེར་ཕུལ་དགོས་པའི་བཀའ་ཕེབས་གནང་། དགུང་ལོ་ཉེར་དྲུག་ཐོག ༧གོང་ས་མཆོག་གི་བཀའ་ཕེབས་ཇི་བཞིན་རྙིང་མའི་བླ་ཆེན་འགའ་ཤས་མདུན་ཉི་སྤྲུལ་རིན་པོ་ཆེ་བདུན་པ་བདག་སྐྱོངས་ཡོང་བའི་འབོད་བསྐུལ་དང་སྦྲགས་རྒྱ་བལ་གཉིས་བར་ལན་མང་ཕར་ཚུར་སྣུམ་འཁོར་རླང་འཁོར་བརྒྱུད་ཆེད་ཕེབས་གནང་ཀྱང་དོན་འབྲས་སོན་པ་ཞིག་མ་ཐོན། མཐར་༧གོང་ས་མཆོག་ནས་དཔལ་ཡུལ་ཆོས་འཁོར་གླིང་དུ་འཕྲལ་ཕུག་ཡོངས་ལ་བཟང་བའི་ཐུགས་བརྟག་ཕེབས་པ་ལྟར་ཉི་སྤྲུལ་བདུན་པ་མཆོག་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དུ་ཆེད་མངགས་སྐྱེལ་གནང་མཛད་ཅིང་། ༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་ལ་འབོད་བསྐུལ་གནང་བ་ལྟར་རི་མགོ་མཆོག་སྤྲུལ་རིན་པོ་ཆེ་ནས་ཀྱང་ཞལ་བཞེས་བཀའ་དྲིན་ལེགས་གནང་ལྟར་ཉི་སྤྲུལ་རིན་པོ་ཆེ་མཆོག་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭའི་ནང་ལོ་དགུའི་རིང་གསན་བསམ་གང་ཟབ་གནང་སྟེ་ད་ཆར་སློབ་དཔོན་གྱི་ཕྱག་འཁྱེར་ཡང་ཐོབ་ཡོད་དོ།


  ༼༦༽ ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་ཉི་གྲགས་གཏེར་ཆོས་རྣམས་

མི་ཉམས་རྒྱུན་འཛིན་གནང་བའི་ཚུལ།

༄། ཤར་སྤྲུལ་རིན་པོ་ཆེའི་དམིགས་ཡུལ་གཙོ་་བོ་ནི་ཉི་གྲགས་ཀྱི་གཏེར་ཆོས་དར་སྤེལ་དང་རྒྱུན་འཛིན་གནང་རྒྱུ་ཡིན་པར་བརྟེན། ཕྱོགས་གང་ཅི་ནས་ཤིན་ཏུ་དཀའ་ཚེག་ཆེ་བའི་འཕགས་བོད་ཀྱི་འགྲུལ་བཞུད་བརྒྱུད། ཉི་གྲགས་གཏེར་ཆོས་པོད་ཉེར་གཅིག་ཅན་ལག་བྲིས་ཀྱི་མ་དཔེ་དག་ཐབས་ཤེས་ཡོད་རྒུ་རྩོལ་སྒྲུབ་ཐོག། མཐར་ཤར་སྤྲུལ་རིན་པོ་ཆེ་རང་ཉིད་ཀྱིས་བོད་ནས་ལེགས་པར་གདན་འདྲེན་ཞུས་ཐབས་གནང་སྟེ། བལ་ཡུལ་དུ་འབྱོར་མ་ཐག་པོད་ཉེར་གཅིག་ཡོངས་རྫོགས་ཁོང་རང་གིས་ཆེད་མངགས་གསར་འཛུག་གནང་བའི་ཆོས་ཚོགས་༧སྔ་འགྱུར་གར་དབང་འགྲོ་འདུལ་གླིང་གི་ནང་དུ་གློག་ཀླད་ཆ་ཚང་གསར་ཉོས་ཐོག་ལྷ་ས་བ་སྐལ་བཟང་ཚེ རིང། རྒྱ་སྟོན་བ་བསྟན་འཛིན་དགེ་རྒྱས་། ཨ་མདོ་བ་རྡོ་རྗེ་ཚེ་བརྟན། ཉི་གྲགས་ཆག་རིའི་གྲྭ་དཀོན་མཆོག་ཤེས་རབ་བཅས་ཀྱི་གཙོས་དཔར་འདེབས་པ་ཁག་ཅིག་གིས་གློག་ཀླད་ནང་དུ་གསར་དུ་བཅུག་པ་དང་བཅས་ལ་ཁྱོན་སྡོམ་མི་ལོ་ལྔ་ཙམ་གྱི་རིང་འགོར། དེ་རྗེས་སྨིན་གྲོལ་གླིངམཁན་ཆེན་ཚེ་དབང་རིག་འཛིན་མཆོག་ལ་ཞུས་དག་གནང་རྒྱུར་ཡང་ཡང་ནན་བསྐུལ་ཞུས་མཐར་ཞལ་བཞེས་ཐོབ་ཙམ་བྱུང་རུང་། མཁན་ཆེན་མཆོག་ནས་དེ་ཡང་རྒྱ་གར་རྡེ་ར་རྡུན་རང་ལས་ས་ཆ་གཞན་དུ་ཕེབས་བསྐྱོད་མི་ཐུབ་པར་བརྟེན་ཆ་རྐྱེན་ཡོངས་རྫོགས་དེར་སྒྲིགས་དགོས་པའི་དགོས་འདུན་གཏོན་པ་བཞིན་ཤར་སྤྲུལ་རིན་པོ་ཆེ་མཆོག་ནས་དཀའ་ཚེག་དང་འགྲོ་གྲོན་ལ་མ་འཛེམ་པར་སླར་ཡང་གློག་ཀླད་གསར་དུ་ཉོས་ཏེ་གྲྭ་དཀོན་མཆོག་ཤེས་རབ་དང་ཨ་མདོ་བ་རྡོ་རྗེ་ཚེ་བརྟན་ཐེ་ཝན་ནས་ཡིན་པ་རྒྱ་རིགས་བཤད་སྒྲུབ་ཕུན་ཚོགས་བཅས་རྒྱ་གར་རྡེ་ར་རྡུན་དུ་ཆེད་མངགས་མཛད། དེ་ནས་མཁན་ཆེན་མཆོག་གི་གཙོས་སྨིན་གྲོལ་གླིང་བཤད་གྲྭའི་སློབ་གཉེར་བ་འགའ་ཤས་ཀྱིས་ལན་གྲངས་བརྒྱད་ཙམ་ལོ་གཉིས་རིང་ཞུས་དག་གནང་རྗེས་ད་ཆ་ཚད་ལྡན་ཐོག་དངོས་སུ་དཔར་སྐྲུན་ཚར་གྲངས་ལྔ་བརྒྱ་ཙམ་གནང་ཐུབ་ཡོད་འདུག་ལགས་སོ།།

༄། ཕྱོགས་གཞན་ཞིག་ནས་སྤྱི་ལོ་༢༠༠༠ ནས་ད་ལྟའི་བར ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་སྐུ་མདུན་དུ་སྔ་ཕྱི་ཐེངས་བདུན་ཙམ་སྐུ་བཅར་ཞུས་ཏེ་གོང་གསལ་གཏེར་ཆོས་དེ་དག་གི་དབང་ལུང་གནང་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་བཏབས་པ་དང་། ༧སྐྱབས་རྗེ་གྲུབ་ཆེན་རིན་པོ་ཆེའི་ཞབས་གྲྭ་འབྲུག་པ་སངས་རྒྱས་རྡོ་རྗེ་ལགས་ལ་བདུན་ཕྲག་གཉིས་རེའི་མཚམས་སུ་ཞལ་དཔར་ཡང་ཡང་ཕུལ་ནས་དབང་ལུང་གི་སྐོར་བཀའ་ཇི་ཕེབས་བཀའ་འདྲི་ཞུས་པ་དང་། དེ་བཞིན་གཏེར་ཆོས་ལ་ཉེར་འཁོའི་ཙཀླི་རིགས་བོད་ནས་རིམ་བཞིན་གདན་འདྲེན་ཞུ་ཐབས་སོགས་ཀྱི་སྐུ་ངལ་འཛེམས་མེད་གནང་མཐར། ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་ནས་པོད་དབང་ཞིག་གནང་ཟིན་པ་དང་རིམས་བཞིན་དབང་ཆེན་གནང་རྒྱུའི་སྟ་གོན་གནང་བཞིན་པ་བཅས་སོ།


 ༼༧༽  ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་ཕྱི་གླིང་རྒྱལ་ཁབ་དུ་མར་ཆོས་ཚོགས་

བཙུགས་ཚུལ་དང་མཛད་ཕྲིན་བསྐྱངས་ཚུལ།

༄། དགུང་ལོ་ཉེར་དྲུག་ཐོག་༧སྐྱབས་རྗེ་གྲུབ་པད་ནོར་རིན་པོ་ཆེའི་བཀའ་མངགས་གནང་བ་ལྟར་སིངྒ་པུར་དཔལ་ཡུལ་ཆོས་ཚོགས་ནས་གདན་ཞུ་དང་གོ་བསྒྲིགས་གནང་བ་འཞིན་དེར་ཕེབས་པ་འདི་ནི་ཁོང་རྒྱ་གར་དུ་སྐྱབས་བཅོལ་རྗེས་ཕྱི་རྒྱལ་ལ་ཕེབས་པ་ཆེས་ཐོག་མ་དེ་ཡིན། སིངྒ་པུར་ལ་ཟླ་བ་གཅིག་ཙམ་མཛད་རིམ་གྲུབ་རྗེས་ཕི་ལི་པིན་དཔལ་ཡུལ་ཆོས་ཚོགས་ནས་གོ་བསྒྲིགས་གནང་བ་ལྟར་དེར་ཕེབས་ནས་ཟླ་བ་གཅིག་གི་རྗེས་སུ་སླར་ཡང་སིངྒ་པུར་དུ་ཕེབས་པའི་ཚེ་ཤར་སྤྲུལ་རིན་པོ་ཆེ་ཁོང་ཐུགས་རིག་ཤིན་ཏུ་བཀྲ་བར་བརྟེན་ཟླ་བ་གཉིས་ཡས་མས་ཙམ་ལ་དབྱིན་སྐད་ཀྱང་མཁྱེན་རྟོགས་ལེགས་པར་གྱུར་ཅིང་དེ་བཞིན་ཞལ་སློབ་ཀྱང་མི་ཉུང་བ་འདུ་འཛོམས་མཛད། དེ་ལྟར་སིངྒ་པུར་ལ་རྫོགས་ཆེན་ཡེ་ཤེས་ཆོས་གླིང་ཞེས་པའི་ཆོས་ཚོགས་ཞིག་ཀྱང་དབུ་འབྱེད་གནང་བ་དང་ཕྱོགས་མཚུངས་ཕྱི་རྒྱལ་ནང་ཆོས་ཚོགས་ཀྱི་ཐོག་མའང་དེ་ཡིན། དེ་རྗེས་གུས་ཀྱིས་ཤར་སྤྲུལ་རིན་པོ་ཆེ་ཆེར་གསོལ་འདེབས་འབོད་བསྐུལ་ཞུ་དོན་བཞིན་སྨིན་གྲོལ་གླིང་༧སྐྱབས་རྗེ་འཁོ་ཁྱིམ་རིན་པོ་ཆེའི་ཐེ་ཝན་གྱི་ཆོས་ཚོགས་ནས་མགྲོན་ཤོག་ཞུ་ཕུལ་ལྟར་ཐེ་ཝན་ལ་ཐོག་མར་ཕེབས་གནང་མཛད། དེ་ནས་གུས་ཀྱིས་སྤུན་མཆེད་མངའ་རིས་པ་མདུན་ཆུ་རིན་ཆེན་ཚེ་རིང་ལགས་ཀྱི་སྣེ་ལེན་དང་ཞབས་ཞུའི་འོག་ཟླ་བ་གསུམ་ཙམ་བཞུགས་ནའང་། སྐབས་དེར་ཁོང་གི་ཞབས་ཕྱིས་སྤྱོད་ངན་སྣ་ཚོགས་བྱེད་ནས་རིན་པོ་ཆེར་འོ་བརྒྱལ་ཚད་མེད་བྱུང་རུང་སྤྱིར་མཆོག་གསུམ་གྱི་བྱིན་མཐུ་དང་ལྷག་པར་ཉི་གྲགས་ཆོས་སྲུང་གི་འཕྲིན་ལས་ཀྱི་མཐུས་བར་ཆད་ལས་རྒྱལ་ཞིང་ཟླ་ཤས་རིང་ཙམ་ནས་རྒྱ་སྐད་ལ་ཡང་བྱང་ཆུབ་པར་གྱུར་ཏེ་གསུང་ཆོས་རྣམས་རིན་པོ་ཆེ་རང་ཉིད་ལས་གསུང་བསྒྱུར་མ་དགོས་པ་ད་ལྟའི་བར་གསུང་ཆོས་ཉན་མཁན་ཚང་མའི་ཤིན་ཏུ་དགའ་མོས་ཆེན་པོས་ཐོག་ཞལ་སློབ་ཀྱང་རིམ་བཞིན་འཕེལ་བ་དང་། ཐེ་ཝན་ཤིན་ཀྲུ་ལ་གཏེར་ཆེན་ཉི་གྲགས་ཆོས་ཚོགས་ཞེས་པ་ཞིག་ཀྱང་དབུ་འབྱེད་གནང་མཛད་ཐུབ་པ་བྱུང་ངོ་། ཤར་སྤྲུལ་རིན་པོ་ཆེ་དགུང་ལོ་ཉེར་བདུན་ཐོག་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེའི་ངོས་སྤྲོད་གནང་དོན་བཞིན་རྒྱལ་གར་བྱང་ཕྱོགས་ཅོན་ཏྭ་ར་གཞིས་ཆགས་སུ་དགོན་པ་བཞེངས་པའི་ས་ཆ་ཨེ་ཀ་གསུམ་ཡས་མས་ཞིག་གསར་ཉོ་མཛད།།


དགུང་ལོ་ཉེར་བརྒྱད་ཐོག་ཐ་ཡེ་ལེན་ཌ་ལ་ཕེབས་ཏེ་རྒྱལ་ཁབ་དེའི་བློན་ཆེན་མང་པོས་ཤར་སྤྲུལ་རིན་པོ་ཆེ་ལ་དད་གུས་ཤིན་ཏུ་ཆེ་ཞིང་། ད་ལྟའི་བར་རིན་པོ་ཆེ་སྐུ་འཁོར་བཅུ་གྲངས་ལོ་རྟག་པར་མཆོད་ཡོན་དུ་གདན་འདྲེན་ཞུ་དང་ཞུ་བཞིན་པ་རེད།

དགུང་ལོ་ཉེར་དགུའི་ཐོག་ཨ་རིར་ཐོག་མར་ཕེབས་སྟེ། ད་ལྟའི་བར། ནིའུ་ཡོཀ། ཀ་ལི་ཕོར་ནི་ཡ། ལོ་སེ་ཝེ་ག་སི། བཅས་ལ་ལོ་རེར་ཐེངས་རེ་དེ་ཁུལ་གྱི་ཞལ་སློབ་ཚོར་གསུང་ཆོས་གནང་ཕྱིར་ལོ་ལྟར་ཕེབས་གནང་མཛད། དགུང་ལོ་སུམ་ཅུའི་ཐོག་བོད་ལ་ཕེབས་རྒྱུའི་ལམ་ཡིག་ཐོབ་དོན་ལྟར་ཕ་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཉི་གྲགས་ཕོ་བྲང་དགོན་དང་། འབྲོང་ཐང་དགོན། ཡ་ང་བྱ་མདའ་དགོན། གཞན་ཡང་ས་གནས་སློབ་གྲྭ་སོགས་ལ་གདན་ཞུས་ལྟར་ཕེབས་ནས་བཀའ་སློབ་དང་དཔལ་འབྱོར་གྱི་རོགས་རམ་སོགས་གང་ལེགས་བཀའ་དྲིན་སྩལ་གནང་མཛད། དགུང་ལོ་སོ་གཅིག་ཐོག་རྒྱ་ནག་རི་བོ་གྲུ་འཛིན་དུ་སྤྱན་རས་གཟིགས་ཀྱི་བསྙེན་མཚམས་བདུན་ཕྲག་གཅིག་བཞུགས་པ་དང་། སླར་ཡང་ཐེའེ་པེ་རུ་གཏེར་ཆེན་ཉི་གྲགས་ཆོས་ཚོགས་ཨང་གཉིས་པ་ཞིག་སླར་ཡང་དབུ་འབྱེད་གནང་བར་མཛད། དགུང་ལོ་སོ་གཉིས་ཐོག་ཤར་སྤྲུལ་རིན་པོ་ཆེའི་སྐུ་མཆེད་སེར་ཤུལ་ཁྲི་ཟུར་ལྷ་རམ་པ་བསྟན་འཛིན་ཡོན་ཏན་ལྷན་དུ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དབྱངས་བསྙེན་མཚམས་བདུན་ཕྲག་གཅིག་བཞུགས། དགུང་ལོ་སོ་གསུམ་ཐོག་ཤར་སྤྲུལ་རིན་པོ་ཆེ་ལ་དད་གུས་ཆེ་བའི་རྒྱ་ནག་སྐམ་ས་ཆེན་པོའི་ཞལ་སློབ་མང་པོའི་གདན་ཞུས་ལྟར། པེ་ཅིང་། ཧྲང་ཧེ། གྲུང་ཆིང་། ཀོའང་ཏོང་། ཧྲིན་ཀྲིན་སོགས་སྐམ་ས་ཆེན་པོར་ཕེབས་ནས་དེ་གའི་སློབ་ཚོགས་རྣམས་ལ་དམ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། དེ་རྗེས་སྤྱི་ལོ ༢༠༠༨ ནས་ད་ལྟའི་བར་ལམ་ཡིག་མ་ཐོབ་པར་བརྟེན་རྒྱ་ནག་སྐམ་ས་ཆེན་པོའི་ཞལ་སློབ་རྣམས་ཤར་སྤྲུལ་རིན་པོ་ཆེ་རྒྱལ་ས་ཧོང་ཀོང་དུ་ཕེབས་པ་དང་བསྟུན་ནས་མཇལ་བཅར་ཞུ་བཞིན་ཡོད།

དགུང་ལོ་སུམ་ཅུ་སོ་བཞི་ཐོག ༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཞལ་མངའ་ནས་དཔལ་གསང་བ་འདུས་བའི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུས། ༧གོང་ས་ལྔ་པ་ཆེན་པོ་དང་ཉི་གྲགས་གཏེར་ཆེན་རྣམས་ཐུན་མོང་མ་ཡིན་པའི་བླ་སློབ་ཀྱི་འབྲེལ་བ་དེ་ཇི་སྲིད་བར་དམ་ཚིག་གཅིག་འདྲེས་ཀྱི་རྟེན་འབྲེལ་དུ་དམིགས་ཏེ། ༧གོང་ས་མཆོག་ལ་བཀའ་དབང་གསུང་ཆོས་ཞིག་གསོལ་བ་བཏབ་པར། ༧གོང་ས་མཆོག་ནས་གསང་བ་འདུས་པའི་བཀའ་དབང་གནང་རྒྱུའི་ཞལ་བཞེས་གནང་བས་ཉི་གྲགས་གཏེར་ཆོས་ནང་ལའང་གསང་འདུས་ཆོས་སྐོར་ཡོད་པའི་རྟེན་འབྲེལ་ཤིན་ཏུ་འགྲིགས་སོང་གསུངས་བ་ན་ཤར་སྤྲུལ་རིན་པོ་ཆེ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད།

སྤྱི་ལོ་༢༠༠༨ སྤྱི་ཟླ་༥ པའི་ཚེས་༨ ནས་༡༠ བར་ཉིན་གསུམ་རིང་༧གོང་ས་མཆོག་ནས་དཔལ་གསང་བ་འདུས་པའི་བཀའ་དབང་ཟབ་མོ་བསྩལ་བ་རྣམས་སྦྱིན་བདག་དང་གོ་བསྒྲིགས་ཡོངས་རྫོགས་ཤར་སྤྲུལ་རིན་པོ་ཆེ་དང་ཁོང་གི་ཞལ་སློབ་ཡོངས་ནས་གནང་བ་དང་འཇུག་ཏུ་ ༧ཉི་སྤྲུལ་བདུན་པ་དང་རིན་པོ་ཆེ་རྣམ་གཉིས་གཙོ་བོར་གྱུར་པའི་ཉི་གྲགས་ལྷ་སྡེ་མི་སྡེ་ཡོངས་ནས་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སླད་བརྟན་བཞུགས་གང་གཟབ་ཞིག་བསྟར་འབུལ་ཞུས། སྐབས་དེར་༧གོང་ས་མཆོག་ཀྱང་ཐུགས་ཤིན་དུ་མཉེས་ཏེ། ༧གོང་ས་མཆོག་ནས་གསུང་དོན་བར་སྐབས་ཤིག་ནས་བོད་ནང་གནས་ཚུལ་འདྲ་མིན་གྱི་རྐྱེན་པས་སེམས་འཁྲུགས་ནས་བསྡད་ཡོད། ཡིནའང་ད་ལན་ཉིན་གསུམ་རིང་ངལ་གསོ་ལྟ་བུའི་སེམས་པ་སྐྱིད་པོ་འདྲ་བྱུང་། ཞེས་དང་། ཁྱེད་རང་ཚོས་དད་པ་དམ་ཚིག་གཙང་མ་བྱས་སྨོན་ལམ་ཡག་པོ་ཐོབ། ངས་ཀྱང་སྨོན་ལམ་འདྲ་བརྒྱབ་ན་ངོས་ཀྱི་ཚེ་རིང་བ་ལ་ཏན་ཏན་ཕན་ཐོག་ཡོང་གི་རེད་ཞེས་རྡོ་རྗེའི་གསུང་གི་བཀའ་གནང་། (འདི་ནི་བོད་ནང་དུ་༢༠༠༨/༣/༡༠། རང་དབང་སྒེར་ལངས་གནས་ཚུལ་བྱུང་ནས་ཟླ་བ་གཉིས་ཙམ་ལས་འགྲོ་ཡི་མེད།)

ཉི་གྲགས་ཆོས་བརྒྱུད་ཀྱི་ལོ་རྒྱུས་ཐོག་ཆེས་ཐོག་མའི་༧གོང་ས་མཆོག་ལ་བརྟན་བཞུགས་དང་གསུང་ཆོས་གོ་བསྒྲིགས་ཞུ་རྒྱུའི་སྐལ་བཟང་འདི་ཡང་ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་སྐབས་འདི་ཐོག་མར་བྱུང་ཡོད།

གཞན་ཡང་སྤྱི་ལོ་༢༠༠༩ ལ་ཕ་རན་སིར་ཐོག་མར་ཕེབས་པ་དང་ཆབས་ཅིག སུ་ཛར་ལེན་ཌ། འབེལ་འཇམ། སོགས་སུ་ལོ་རེ་ཐེངས་རེ་ཡོ་རོབ་ཀྱི་སློབ་མ་ཚོར་གསུང་ཆོས་བཀའ་སློབ་གསུང་དུ་ཕེབས་བཞིན་པ་དེ་དང་ཕྱོགས་མཚུངས་ལྷོ་གླིང་ཨོ་སུ་ཀྲི་ལི་ཡར་སིཌ་ནི་དང་། མེལ་འབོན་བཅས་མདོར་ན་འདས་པའི་མི་ལོ་བཅོ་ལྔ་ཙམ་གྱི་རིང་འཛམ་གླིང་ཤར་ནུབ་རྒྱལ་ཁབ་མི་འདྲ་བ་བཅུ་གྲངས་དང་ས་གནས་ཁག་བཅོ་བརྒྱད་ཙམ་ལ་ཆོས་ཚོགས་བཙུགས་ནས་དད་ལྡན་སློབ་མ་རྣམས་ལ་ནང་ཆོས་འཆད་སྤེལ་གྱི་སྒོ་ནས་མི་རིགས་འདྲ་མིན་མང་པོའི་ནང་ཡ་རབས་ཞི་བདེ་སོགས་ཀྱིས་མཚོན་གནས་སྐབས་འདོད་ཆུང་ཆོག་ཤེས་དང་མཐར་ཐུག་རྣམ་མཁྱེན་དོན་གཉེར་གྱི་བློ་ལ་ངེས་ཤེས་གཏན་པོ་རྙེད་པའི་མན་ངག་སྟོན་མཁས་པ་སོགས་ཀྱི་མཚན་སྙན་བཟང་པོ་དག་ཕྱི་རྒྱལ་ཡུལ་མིའི་ཁྲོད་དུ་གང་སར་ཁྱབ་བཞིན་པ་ལྟར་ནི་ཀུན་གྱི་མཁྱེན་གསར་ལྟར་ལགས་སོ།།


   ༼༨༽ ཤར་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ལས་རྒྱ་གར་འཕགས་ཡུལ་དུ་བཤད་སྒྲུབ་ཀྱི་བསྟི་

གནས་ཉི་གྲགས་དགོན་པའམ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་ཕྱག་བཏབ་ཚུལ།

༄། དགུང་ལོ་སོ་ལྔའི་ཐོག་སྤྱི་ལོ་༢༠༠༩/སྤྱི་ཟླ༩/ ཚེས་༢༨ བོད་རྒྱལ་ལོ་༢༡༣༦ ས་ཕག་བོད་ཟླ༨ པའི་ཚེས་༡༠ཉིན། ཤར་སྤྲུལ་རིན་པོ་ཆེས་སྐུ་སྒེར་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་ལ་ཞལ་པར་བརྒྱུད་༧གོང་ས་མཆོག་ལ་ཐུགས་གཏད་སྐྱབས་འཇུག་གནང་རོགས་ཞུས་པ་དང་སྦྲགས། ༧གོང་ས་མཆོག་ནས་ཀྱང་ཐུགས་སྨོན་བཀའ་དྲིན་བསྐྱངས་པ་དང་འབྲེལ་དགོན་པའི་མཚན་ལ་ཟབ་གསང་ཆོས་འཁོར་གླིང་ཞེས་བསྩལ་གནང་མཛད་པ་དང་ཕྱོགས་མཚུངས་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དང་། ༧ཉི་སྤྲུལ་བདུན་པ་ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་རིན་པོ་ཆེ། ཤར་སྤྲུལ་དམ་ཆོས་རྒྱ་མཚོ་རིན་པོ་ཆེ་མཆོག་བཅས་བླ་གྲྭ་ཁག་ནས་ས་གཞི་བྱིན་གྱི་བརླབས་པ་དང་ཆབས་ཅིག ལས་དཔོན་ཁྱུང་པོ་ངག་དབང་ལགས་ནས་དངོས་སུ་ལས་གཞི་དབུ་འཛུགས་མཛད།

དགུང་ལོ་སོ་དྲུག་ཐོག་ཆོས་བརྒྱུད་ཆེན་པོ་བཞི་ལས་གྲུབ་པའི་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་གསར་འཛུགས་ཀྱི་འགན་རྐང་གཙོ་བོར་བཞེས་པ་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སྐབས་ཐེ་ཝན་རྒྱལ་ཡོངས་ཀྱི་སྣུམ་འཁོར་སྐྱེལ་འདྲེན་(སྦ་སི)ཐོག་གང་སར་༧གོང་ས་མཆོག་གི་སྐུ་དཔར་མཇལ་དུ་ཡོད་པ་རྒྱལ་སྤྱིའི་ཐོག་ཆེས་ཐོག་མར་བྱུང་བ་དེའི་སྦྱིན་བདག་གནང་བ་དང་སློབ་སྟོན་པའི་འགན་ཡང་འཁུར་གནང་། 

སྤྱི་ལོ་༢༠༡༡/༡༠/༡༣-༠༣ ༧གོང་ས་མཆོག་གི་མདུན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེའི་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་རྒྱ་རིགས་གཅིག་སྟོང་སུམ་བརྒྱ་ལས་གྲུབ་པའི་ཆོས་ཞུ་བ་རྣམས་གྱི་ཚོགས་གཙོའི་སྣེ་འཁྲིད་པའི་ཕྱག་རོགས་དང་། བརྟན་བཞུགས་རྒྱས་པ་བསྟར་འབུལ་གྱི་འགན་འཛིན་གཙོ་བོར་གནང་སྟེ། ཤར་སྤྲུལ་རིན་པོ་ཆེ་མཆོག་ནས་༧སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཆེད་དུ་གདན་འདྲེན་ཞུས་ཏེ། རྡ་ས་དུས་འཁོར་ལྷ་ཁང་དུ་ཉིན་གསུམ་རིང་བྱང་གཏེར་གྱི་སྒོ་ནས་ཆེ་སྒྲུབ་སྒྲུབ་ཞག་གནད་སྨིན་མཛད་ཅིང་། ༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ་ནི་རྒྱ་མི་རིགས་ཆོས་ཞུ་བའི་༧གོང་ས་མཆོག་ལ་བརྟན་བཞུགས་ཐོག་མ་དེ་ཆགས་ཡོད།

དགུང་ལོ་སོ་བདུན་ཐོག་ཟབ་གསང་ཆོས་འཁོར་གླིང་སློབ་གྲྭ་དངོས་སུ་དབུ་བརྙེས་ཏེ་ལོ་རེར་འཛིན་གྲྭ་རེར་གྲྭ་ཆུང་བཅུ་རེ་བཅུག་པ་དང་དེའི་ནང་ནས་མང་ཆེ་བ་དྭ་ཕྲུག་དང་དེ་ཡང་ད་ལྟའི་བར་འཛིན་གྲྭ་གསུམ་པ་ཙམ་སླེབས་ཡོད། དགུང་ལོ་སོ་དགུའི་ཐོག་༧སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེའི་མདུན། མ་འོང་སྤྱི་ལོ་༢༠༡༩ ལོའི་སྔ་འགྱུར་སྨོན་ལམ་ཆེན་མོའི་སྐབས་སུམ་ཅུ་པའི་སྦྱིན་བདག་བྱེད་རྒྱུའི་ཞལ་བཞེས་བཟང་པོ་ཞུ་གནང་མཛད།

དགུང་ལོ་བཞི་བཅུའི་ཐོག་ཕེབས་པ་སྤྱི་ལོ་༢༠༡༤ ལོར། གཏེར་ཆེན་ཉི་གྲགས་དགོན་ནམ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གི་བཟོ་བཀོད་ཕུན་སུམ་ཚོགས་པ་ཁང་བཟོའི་བཟོ་རྩལ་བ་རྒྱ་གར་བོད་པ་ཐའེ་ཝན་གསུམ་གྱི་འཆར་འགོད་དང་། བཟོ་ལས་སྒྱུ་རྩལ་ལ་མཁས་པ་རྒྱ་གར་བ་ར་ཇུ། མཛེས་བསྐོས་སྒྱུ་རྩལ་བ་བལ་པོའི་མཁས་པ་ཉི་མ། བཟོ་རིགས་སྒྱུ་རྩལ་བ་མཁས་པ་འབྲུག་པའི་ལྷ་བཟོ་བསྟན་འཛིན་ལགས། ལྡེབ་རིས་སྒྱུ་རྩལ་ལ་མཁས་པ་བོད་མདོ་སྨད་ཨ་མདོ་བ་ཡོན་ཏན་རྒྱ་མཚོ་ལགས་སོགས་མདོར་ན་དུས་རབས་འདིའི་གཙུག་ལག་ཁང་བཟོ་བསྐོས་ཀྱི་སྒྱུ་རྩལ་ལ་མཁས་པའི་སྙན་གྲགས་ཤིན་ཏུ་ཆེ་བ་ཁག་གཅིག་བཅས།

ཤར་སྤྲུལ་རིན་པོ་ཆེ་རང་ཉིད་ནས་གདན་ཞུའི་ཐོག་འགྲོ་གྲོན་ཕངས་མེད་བཏང་བའི་ལེགས་འབྲས་སུ་ད་ལྟ་གཙུག་ལག་ཁང་དང་བཅས་པ་ཡོངས་རྫོགས་བསྒྲུབས་པ་འདི་དག་གིས་མཚོན་འདུ་ཁང་ནང་གི་རྟེན་གཙོའི་དབུས་ལ་ཐུབ་དབང་ཆེན་པོ་སྐུ་ཚད་ཕི་ཀྲི་༣༠་ཅན་ལ་མཛད་པ་བཅུ་གཉིས་ཀྱིས་བསྐོར་ཞིང་མཆོག་ཟུང་རྣམ་གཉིས་ཕི་ཀྲི་༥་རེ་ཙམ་ཅན་དང་བཅས་པ།

གཡས་སུ་སྤྱན་རས་གཟིགས་སྐུ་ཚད་ཕི་ཀྲི་༡༥་ཅན་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བ་དང་མདུན་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་ཁྲོ་བོ་རྟ་མགྲིན་ཕི་་ཀྲི་༥་རེ་། གཡོན་དུ་གུ་རུ་རིན་པོ་ཆེ་སྐུ་ཚད་ཕི་ཀྲི་༡༥་ཅན་ལ་སྤྲུལ་མཚན་བརྒྱད་ཀྱིས་བསྐོར་ཞིང་མཁའ་འགྲོ་རྣམ་གཉིས་ཕི་ཀྲི་༥་ཙམ་བཅས་བ་དང་།

རྫོགས་ཆེན་པདྨ་རིག་འཛིན་གྱི་སྐུ་ཕི་ཀྲི་༥ཙམ་ཞིག་དང་། གཏེར་ཆེན་ཉི་གྲགས་སྐུ་ཕ་ཀྲི་༥ཙམ་ཞིག།

གཞན་ཡང་ལྷ་ཁང་གྱང་གི་ལྡེབ་བྲིས་སུ་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་དང་ཀུན་ཆེན་ཀློང་ཆེན་པ་སོགས་ཀྱི་ལྡེབ་བྲིས་གསོན་ཉམ་ཅན། རྟེན་གཙོ་གསུམ་གྱི་གཡས་ངོས་ཀྱི་གྱང་བྲིས་སུ་གཏེར་ཆེན་ཉི་གྲགས་ལུགས་ཀྱི་ཚོགས་ཞིང་གི་བཀོད་པ། གཡོན་ངོས་སུ་གུ་རུ་པདྨ་སམྦྷ་གཙོ་བོ་གྱུར་པའི་མཐར་རིག་འཛིན་རྗེ་འབངས་ཉེར་ལྔ། འདུ་ཁང་སྒོ་ཆེན་གཡས་གཡོན་གསུམ་གྱི་ཐོག་ལ་ཉི་གྲགས་ལུགས་ཀྱི་ལྷ་ནོར་ཛམ་གསུམ་གྱི་ལྡེབ་བྲིས། ཕྱི་སྒོའི་ཤར་གྱི་གྱང་ལ་གླིང་བཞིའི་རི་རབ་ལྷ་གནས་དང་བཅས་པའི་ལྡེབ་བྲིས། ནུབ་གྱི་གྱང་ལ་རྟེན་འབྲེལ་བཅུ་གཉིས་དང་རུས་སྦལ་སྲིད་པ་འཁོར་ལོའི་སྣང་བརྙན་གྱི་ལྡེབ་བྲིས་མཇལ་བ་ཙམ་གྱི་ངེས་འབྱུང་སྐྱེ་བ། ལྷ་ཁང་གི་ཕྱི་སྒོའི་ཕྱོགས་བཞིའི་གྱང་ལ་རྒྱལ་ཆེན་སྡེ་བཞི་རྔམ་ཞིང་བརྗིད་པའི་ལྡེབ་བྲིས།

གཞན་ཡང་གར་ཐིག་རོལ་དབྱངས་སོགས་ཡོངས་རྫོགས་ཀྱི་མཆོད་ཆས། མཛེས་བསྐོས་ཅན་གྱི་ཤིང་ཨ་ཀ་རུ་ལས་གྲུབ་པའི་༧གོང་ས་མཆོག་གི་བཞུགས་ཁྲི་ཆ་ཚང་གཅིག གཞན་བླ་ཆེན་གྱི་བཞུགས་ཁྲི་གཅིག་དང་གཏེར་ཆེན་ཉི་གྲགས་མཆོག་གི་བཞུགས་ཁྲི་གཅིག། དེ་བཞིན་མཁན་སྤྲུལ་དང་གྲྭ་མང་ཡོངས་ཀྱི་མཛེས་བསྐོས་ཀྱི་མདུན་ལྕོག་བརྒྱད་ཅུ་ཙམ་དང་། རྔ་བོ་ཆེ་གཉིས། རྔ་ཆེནགཉིས། རྔ་དཀྱུས་མ་༢༠ ལག་རྔ། ༡༦ གསེར་དངུལ་གྱི་མཆོད་ཆས་སྣ་མང་བཅས་བལ་ཡུལ་ནས་གདན་འདྲེན་ཞུས་པ་དང་ཆབས་ཅིག། ས་གདན་དང་རྒྱ་གྲུམ་ཆ་༡༢༠ ཙམ་བོད་ལྷ་ས་ནས་བཟོས་ནས་རྒྱ་གར་དུ་དབོར་འདྲེན་ཞུས།

རྡོ་ལས་བཟོས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་མི་གཟུགས་ཕྱེད་གཉིས་ཙམ་དེ་དག་རྒྱ་གར་ཤར་ལྷོའི་ཕྱོགས་ཨོ་རི་ས་ནས་གདན་འདྲེན་ཞུས་གནང་མཛད།

གཞན་ཡང་སྤྱི་ལོ་༡༩༩༩ ནས་ ད་ལྟའི་བར་འདུས་སྡེའི་འཚོ་བའི་ཞལ་ལག དགེ་འདུན་པའི་ནམ་གཟའ་དང་མལ་གདན། འཕྲོད་བསྟེན་གྱི་སྨན་རིན་ཡོངས་རྫོགས་ཤར་སྤྲུལ་རིན་པོ་ཆེ་མཆོག་ཁོང་ཉིད་ནས་གནང་གིན་ཡོད་པ་འདི་དག་གི་བཀའ་དྲིན་ནི་སྲིད་ན་གཞལ་བར་དཀའ་བ་ལགས་སོ།

ད་དུང་འབྱུང་འགྱུར་གྱི་འཆར་གཞིའི་ནང་བཤད་གྲྭ་དང་། སྒྲུབ་ཁང་། དེ་བཞིན་དུ་དཔེ་མཛོད་ཁང་སོགས་གསར་རྒྱག་གིས་མཆོན་གཞན་ཡང་དེ་ཁུལ་བོད་མའི་གཞིས་ཆག་དང་སློབ་གྲྭར་དམིགས་ཏེ་ཕྱི་བོད་ཟུང་འབྲེལ་གྱི་་སྨན་ཁང་རྒྱབ་རྒྱུའི་འཆར་གཞི་སྣ་ཚོགས་གནང་དང་གནང་བཞིན་པ་བཅས་མདོར་ན་ཉིན་མཚན་བར་མེད་བསྟན་འགྲོའི་དོན་ལ་ཐུགས་བརྩོན་ཁོ་ན་མཛད་བཞིན་བདག་ཅག་རྣམས་ཀྱི་དཔལ་མགོན་དུ་བཞུགས་པ་འདི་ནི་ཤིན་ཏུ་བརྗོད་པར་དཀའ་བའི་བཀའ་དྲིན་གཞལ་ཟླ་དང་བྲལ་བའོ། །


སླར་སྨྲས་པ།

།གང་ལ་གནོད་པ་བྱས་ཀྱང་དེ་འབྲེལ་བ། །བདེ་བའི་འབྱུང་གནས་རྒྱལ་སྲས་བྱང་སེམས་རྣམས།

།དགོས་འདོད་ཀུན་སྩོལ་བཀའ་དྲིན་འགྲན་ཟླ་བྲལ། 

།བསྟན་འགྲོའི་གཙུག་རྒྱན་མཆོག་རྣམས་རྒྱལ་གྱུར་ཅིག།

།ཚོགས་གཉིས་བྱེ་བས་ཡས་སྤྲུལ་རྒྱལ་སྲས་རྣམས། །བདེན་གཉིས་ཟུང་འཇུག་ས་ལམ་མཐར་ཕྱིན་ཏེ།

།སྐུ་གཉིས་དབྱེར་མེད་གོ་འཕང་བརྙེས་ན་ཡང་།
།དོན་གཉིས་ལྷུན་གྲུབ་ལྷུར་ལེན་ཨེ་མ་ཧོ། །


། དེ་ལྟར་ཤར་སྤྲུལ་སྐུ་ཕྲེང་གསུམ་གྱི་མཛད་རྣམ་རག་བསྡུས་འདི་དག་ལས་ཤར་སྤྲུལ་སྐུ་ཕྲེང་གོང་མ་གཉིས་ཀྱི་རྣམ་ཐར་མདོ་ཙམ་ཡིག་ཆ་ཉུང་ཤས་དང་མཁྱེན་ལྡན་འགའ་ཤས་ཀྱི་གསུང་གསལ་ལྟར་དང་ཤར་སྤྲུལ་གསུམ་པའི་མཛད་རྣམ་དག་ཁོང་རང་གི་མ་ཡུམ་གྱིས་གཙོས་སློབ་འབངས་དག་དང་ཁོང་རང་གི་གསུང་རྒྱུན་ལྟར་མ་ཟད།

མི་ལོ་ཉི་ཤུ་ལྷག་ཙམ་ཁོང་དང་འབྲེལ་འདྲིས་ལྷན་འགྲོགས་སྐབས་དངོས་ཡོད་དངོས་མཐོང་རྣམས་བྲིས་བཀོད་ཞུས་པ་དག་ཕལ་ཆེར་མཁྱེན་ལྡན་རྣམས་ཀྱི་སྤྱན་ལམ་དུ་ལྷམ་མེར་གཟིགས་གསལ་ལྟར་ལགས།

ཐུན་མིན་གྱི་མཁྱེན་ཡོན་དག་སྔོན་སྦྱང་གི་སྟོབས་ཀྱིས་ཤེས་བྱ་གང་ཅིར་མཁྱེན་དཔྱོད་ཕུན་སུམ་ཚོགས་པ་མཁས་པའི་ཡོན་ཏན་དང་། ཕྲ་ཞིབ་ལས་འབྲས་སོགས་ལ་རྩི་སྲུང་ཤིན་ཏུ་ཆེ་བ་བཙུན་པའི་ཡོན་ཏན།
ཐུགས་རྒྱུད་བྱམས་སྙིང་རྗེ་སོགས་ཀྱིས་བརླན་ཞིང་མཆོག་དམན་ཀུན་ལ་བབ་ལྷིང་གཏན་གསུམ་གྱིས་བརྩེ་བས་སྐྱོང་མཁས་པ་བཟང་པོའི་ཡོན་ཏན་དང་འདྲིས་གཞུང་ཆེ་བ་སོགས་ལ་ལོ་མང་རིང་རྒྱུས་མངའ་ཆེ་བ་དང་བཅས། 

རིང་ནས་འདྲིས་ཤིང་སྐྱབས་འབངས་སུ་གཏོགས་པ་དུས་མཐའི་ཨཙརྱ་མིང་སྐམ་ཅན་གཅོང་འཁྱམས་པ་གུས་བཀྲ་ཤིས་བདེ་ལེགས་ཀྱིས་བསྡུས་སྒྲིགས་བཀོད་བྲིས་ཞུས་པ་གང་ཅིར་ནོར་འཁྲུལ་ལ་བཟོད་གསོལ་དང་དགེ་ཆ་མཆིས་ན་འགྲོ་ཀུན་གཏན་བདེར་དབུག་དབྱུངས་བའི་རྒྱུར་གྱུར་ཅིག། སརྦ་ད་ཀལྱཎཾ་བྷ་ཝནྟུ།།‏



༄༅། །ཞབས་བརྟན་གསོལ་འདེབས་ཀ་ལིའི་གོ་ཁྲབ་ཅེས་བྱ་བ་བཞུགས་སོ།།

༄༅།།ཀ་དག་ཀུན་བཟང་དབྱིངས་ལས་མ་གཡོས་བཞིན།

།ག་ལ་བ་དེར་སྣ་ཚོགས་སྐུར་སྟོན་པ། 

།ཅ་ཅོའི་གསུང་རྣམས་འདི་ཕྱི་གཏན་བདེ་ཞིང་། །ཇ་མར་རོ་བཅུད་འབུམ་དང་ཟླ་བྲལ་བ།

།ཏ་ཐཱ་ག་ཏའི་བསྟན་འཛིན་སྐྱེས་ཆེན་ཁྱེད།
།ད་དུང་ཐ་མལ་མཛད་ཚུལ་སྟོན་མཁས་པ། །

པ་ཏྲ་ལྟ་བུ་མཁྱེན་བརྩེ་རབ་འཁྱིལ་བ། །བ་དན་ལྟར་མཐོ་མཚན་བཟང་ཡོངས་ཁྱབ་སྟེ། །ཙ་རིའི་གྲུབ་ཆེན་དགོངས་བརྒྱུད་རབ་འཕོས་པས། །ཛ་ནུའི་རྒྱུན་ལྟར་དགོངས་ཀློང་རྡོལ་བཞིན་དུ།

།ཞ་ལྟར་བཀུར་འོས་བཀའ་དྲིན་གསུམ་ལྡན་ཁྱེད། 

།འ་འུར་བཞེངས་བཞིན་བསྟན་འགྲོ་སྨིན་མཛད་དེ། །ར་རིའི་དྲི་མས་གསང་གསུམ་མ་བག་པས། །ཤ་ཟ་སྲིན་པོའི་གཤེད་པོ་དེད་དཔོན་ཆེ། །ཧ་ཅང་དད་གུས་ཅན་གྱི་སློབ་འབངས་རྣམས།

།ཨ་ལ་ལ་ཧོ་སྐུ་མཚན་རྟག་བརྟན་ནས།

།ཁ་དོག་གསལ་གདངས་འགགས་མེད་ཡོངས་འཆར་བས། །ང་ཚོའི་བླ་མ་སྐུ་ཚེ་རྟག་བརྟན་གསོལ། །ཆ་ལུགས་ཚུལ་མཐུན་དམ་ཆོས་བདུད་རྩིའི་དཔལ། །ཉ་སོགས་སྐྱེ་འགྲོའི་མགོན་ཁྱེད་བརྟན་བཞུགས་གསོལ།

།ཐ་སྙད་ཀུན་ལ་གཟིགས་པའི་སྤྱན་ཡངས་ཤིང་། 

།ན་ཚོད་བགྲེས་རྒུད་བྲལ་བཞིན་འཚོ་བཞེས་གསོལ།

།ཕ་མཐའ་མི་མངོན་ནུས་རྩལ་མཆོག་ལྡན་ཞིང་།
།མ་ལུས་འགྲོ་མགོན་ཁྱེད་ཞབས་བརྟན་བཞུགས་གསོལ།
།ཚ་གྲངས་ན་ར་ཀ་སོགས་སྟོང་མཛད་དེ།
།ཝ་ལེར་ཡིད་ཡུལ་མ་གཡེལ་རྟག་བཞུགས་གསོལ། 

།ཟ་ཧོར་མཁན་པོའི་སྲོལ་བཟང་འཛིན་པ་ལ།

།ཡ་མཚན་མཆོག་ལྡན་ཁྱེད་ཞབས་རྟག་བཞུགས་གསོལ།
།ལ་ལ་ཙམ་མིན་ཀུན་གྱིས་ཡོངས་བཀུར་ཞིང་། 

།ས་ཐོབ་སེམས་དཔའ་མཆོག་ཁྱེད་རྟག་བཞུགས་གསོལ། །ཨ་དོན་རྟོགས་ཕྱིར་རྒྱལ་ཀུན་ཞལ་སྐྱིན་གང་། །ཨ་ཏིའི་དགོངས་ཀློང་ཕྱམ་གཅིག་འུབ་ཆུབ་ཤོག།


༄༅། ༀ་སྭསྟི།།ཚེ་ལྷ་རབ་འབྱམས་རྒྱ་མཚོའི་བྱིན་རླབས་དང་། །ཚེ་སྲུང་སྤྲུལ་འཁོར་ཡོངས་ཀྱི་མཐུ་སྟོབས་ཀྱིས། །ཚེ་རབས་གཏན་གྱི་སྐྱབས་གནས་བླ་མ་མཆོག །ཆོས་སྐུ་ཀུན༵་བཟ༵ང་རྒྱལ་བས་བྱིན་བརླབ་ཅིང་། །སང་གྷ་རྒྱ༵་མཚོ༵་མི་ཕྱེད་སྨོན་འདུན་གྱིས། །འཆི་མེད་མཚོ་སྐྱེས་རྡོ་རྗེས་བྱིན་བརླབས་པའི། །ཚེ་མཐའ་ཡས་པའི་ངོ་བོར་རྟག་བཞུགས་གསོལ། །ཆོས་ཉིད་ད༵མ་ཆོ༵ས་ཟབ་མོའི་བདེན་སྟོབས་དང་།

།སྐྱབས་མཆོག་བླ་མའི་སྐུ་མཛད་མཐར་ཕྱིན་ཤོག །འཆི་མེད་ལམ་སྟོན་དྷརྨ་ས་གར་མཆོག་

།འཆི་མེད་རྡོ་རྗེའི་ངོ་བོར་རྟག་བཞུགས་ནས། །འཆི་མེད་ཕུན་ཚོགས་བྱེ་བས་ཡོངས་མཛེས་ཤོག།

ཅེས་གྲུབ་དབང་ཉི་ཤར་མཆོག་སྤྲུལ་རིན་པོ་ཆེ་ཡང་སྲིད་གསུམ་པའི་སྐྱབས་འབངས་པ་བཀྲ་ཤིས་བདེ་ལེགས་མིང་པས་དད་ གུས་སྤྲོ་གསུམ་གྱིས་བོད་རབ་གནས་ལྕགས་ཡོས་ལྷ་བབས་དུས་བཟང་ཉིན་བྲིས་ཤིང་སྨོན་པ་སརྦ་མངྒལཾ།།

༄༅། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།