ཉི་གྲགས་དགོན།

ཡོང་ཁུངས་Wikipedia

༄༅། །རྒྱ་གར་འཕགས་པའི་ཡུལ་དུ་ཉི་གྲགས་དགོན་ནམ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་རྟེན་དང་བརྟེན་པར་བཅས་པའི་ལོ་རྒྱུས་མདོ་ཙམ་བཀོད་པ་བཞུགས་སོ། །

༄༅། །རབས་འབྱམས་དཀྱིལ་འཁོར་དབང་ཕྱུག་འཁོར་ལོའི་མགོན། ། ཚད་མེད་ཐུགས་རྗེས་བསམ་ཡས་གཟུགས་སུ་སྣང་། ། ཕན་བདེའི་ལམ་བཟང་སྟོན་མཁས་བཤེས་གཉེན་ཆེ། ། མཚུངས་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། ། ཡེ་ནས་མངོན་སངས་རྒྱས་ཀྱང་ལས་ཉོན་འགྲོ། ། སྲིད་མཚོར་དུབ་པའི་སེམས་ཅན་དོན་སླད་དུ། ། ཡང་སངས་རྒྱས་པའི་ཆོས་ཚུལ་སྟོན་མཛད་པ། ། གཞོན་ནུ་དོན་ཀུན་གྲུབ་པས་ཤིས་པ་སྩོལ། ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། ། བསིལ་ལྡན་ཞིང་འདིར་འདུལ་བྱའི་དཔལ་ཤར་ནས། ། སྐལ་ལྡན་འདུལ་བྱར་སྨིན་གྲོལ་ས་བོན་བཏབ། ། ཞིང་འདིར་བྱིན་གྱིས་བརླབས་ལ་གུས་ཕྱག་འཚལ། ། ཐུགས་བསྐྱེད་དུས་སུ་སྨིན་པའི་སེམས་དཔའ་ཆེ། ། ཞིང་འདིར་དམ་ཆོས་འདྲེན་མཛད་ཤིང་རྟ་མཆོག ། ཚད་གྱུར་མཁན༵་སློབ༵་ཆོས༵་རྒྱལ་༵རྣམ་པ་གསུམ། ། བཀའ་དྲིན་བསམས་ཤིང་ཞབས་སེན་སྤྱི་བོས་མཆོད། ། གྲུབ་རིག་ཀུན་གྱི་གཙུག་རྒྱན་རྣལ་འབྱོར་མཆོག ། བྱ་རྩོལ་ཆོས་ཟད་བྲལ་བའི་ཀློང་ཡངས་ནས། ། འཕོ་ཆེན་རྡོ་རྗེ་ཆེན་པོའི་སྐུར་བཞེངས་པ། ། བི༵་མ༵་མི༵་ཏྲའི་༵ཞབས་ལ་གུས་ཕྱག་འཚལ། ། ཕུན་ཚོགས་དགེ་ལེགས་ནོར་བུའི་ཞིང་ས་ལ། ། རྣམ་དག་མན་ངག་ཆོས་ཆར་འབེབ་མཁས་པ། ། གངས་ཅན་མཁས་དང་གྲུབ་བརྒྱའི་གཙུག་གི་རྒྱན། ། གྲུབ་དབང་མཚོ་སྐྱེས་རྡོ་རྗེ་རྒྱལ་གྱུར་ཅིག ། དགའ་བཞི་ཡེ་ཤེས་སྟེར་མཁས་ཌཱཀྐི་མ། ། ངག་དབང་ལྷ་མོ་མི་ཡི་ཟོར་བསྟན་ནས། །ཟབ་གསང་མན་ངག་གསང་མཛོད་འབྱུང་བཞིའི་ཀློང་། ། སྦ་མཛད་དྲིན་མོ་ཆེ་ཁྱེད་དད་བརྒྱས་མཆོད། ། མི་ཟད་པ་ལ་བྱང་ཆུབ་སེམས་དཔའ་ཞིག ། ངུར་སྨིག་གར་གྱི་ཚུལ་འཆང་གངས་ཅན་འགྲོ། ། རྨུ་རྒོད་འདུལ་ལ་དམ་བཅའ་མ་བསྙེལ་བ། ། མཁན་ཆེན་བྱང་ཆུབ་སེམས་དཔར་སྙིང་ནས་གུས། ། རིགས་གསུམ་རྣམ་འཕྲུལ་གངས་ཅན་འགྲོ་བའི་མགོན། ། སྣ་ཚོགས་ཐབས་ཀྱིས་གདུལ་བྱ་འདུལ་མཁས་པ། ། ས་ཆེན་འཕགས་པ་བྷོ་ཏྲའི་རྒྱལ་པོའི་ཚུལ། ། ཆོས༵་རྒྱལ༵་མེས༵་དབོན༵་རྣམ་གསུམ་རྒྱལ་གྱུར་ཅིག ། གནམ་གྱི་ཁྲི༵་བདུན་༵བར་གྱི་སྟེང༵་གཉིས༵་དང་། ། ལེགས༵་པ༵་དྲུག༵་དང་ལྡེ༵་བརྒྱད༵་ལ་སོགས་པ། ། གངས་ལྗོངས་རྒྱལ་རབས་བཞི་བཅུ་ཞེ་གཅིག་ལ། ། བདག་སོགས་གངས་ཕྲུག་རྣམས་ཀྱི་ཅིས་མི་གུས། ། རྒྱལ་དབང་པདྨའི་རིང་ལུགས་མཛོད་འཛིན་པ། ། སྔ་འགྱུར་རྙིང་མའི་གསང་སྔགས་བབས་སོ་གསུམ། ། ཆེ་བཙན་འགྲན་ཟླ་བྲལ་བའི་རིགས་སྔགས་འཆང་། ། གཉག༵་གནུབ༵ས་ཟུར་༵གསུམ་ཞབས་སེན་སྤྱི་བོས་མཆོད། ། ཀ་དག་གདོད་མ་གཞི་ཡི་ནང་དབྱིངས་སུ། ། རང་སྣང་སྐུ་གསུམ་རོལ་པའི་རྩལ་རྫོགས་པ། ། སྔ་འགྱུར་ཤིང་རྟ་ཀུན་མཁྱེན་རོང༵་ཀློང༵་གཉིས། ། མི་ཕྱེད་གཙུག་གི་རྒྱན་དུ་ཡང་ཡང་མཆོད། ། དབང་རྣོན་ཆོས་ཀྱི་རྗེས་འབྲང་དད་པས་རྟོགས། ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ། ། མདོ་སྔགས་ལུང་རྟོགས་རྒྱ་མཚོའི་དགོངས་ཀློང་རྡོལ། ། མཚུངས་མེད་འཇིགས༵་བྲལ༵་གླིང༵་པ༵་གུས་པས་འདུད། ། འཕགས་པ་འཇམ་དཔལ་དགེ་བའི་བཤེས་སུ་བྱོན། །ལུང་རྟོགས་བསྟན་པ་རྒྱ་མཚོའི་འཁོར་ལོས་བསྒྱུར། ། ངོ་མཚར་བཀའ་བབ་བདུན་ལྡན་ཤིང་རྟ་ཆེ། ། འཇམ༵་དབྱངས༵་མཁྱེན༵་བརྩེ༵་དབང༵་པོ༵་རྒྱལ་གྱུར་ཅིག ། སྨྲ་བའི་སེངྒེ་བཤེས་གཉེན་ཚུལ་བཟུང་པ། ། ལོག་སྨྲའི་ཚང་ཚིང་ཀུན་སྲེག་ལུང་རིགས་བདག ། སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་བསྒྱུར། ། མི༵་ཕམ༵་རྣམ༵་པར༵་རྒྱལ༵་ལ་ཕྱག་བགྱིའོ། ། རྗེ་བཙུན་ལོ་ཀའི་ཤྭ་ར་མི་ཡི་གཟུགས། ། གངས་ཅན་སྨྲ་བའི་སེངྒེ་དགེ་བའི་བཤེས། ། ཟབ་དོན་ཆོས་ཚུལ་འདོམས་ལ་མངའ་བརྙེས་པ། ། ཆོས་རྗེ་དཔལ༵་སྤྲུལ༵་འཇིགས༵་མེད༵་དབང༵་པོ༵ར་འདུད། ། སེམས་ཉིད་ངལ་གསོ་ཡེ་ཤེས་སྒྱུ་མའི་འཕྲུལ། ། སྙིགས་དུས་འགྲོ་བ་འདྲེན་པའི་དཔལ་ཤར་བ། ། གཏེར་གྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཆེ། ། རིག༵་འཛིན༵་འགྲོ༵་འདུལ༵་གར༵་དབང༵་གླིང༵་པར༵་འདུད། ། རྒྱལ་ཀུན་ཞལ་སྐྱིན་མཁྱེན་བརྩེའི་གཏེར་མངའ་ཞིང་། ། འཛམ་གླིང་ཞི་བདེའི་དེད་དཔོན་བསྟན་འགྲོའི་མགོན། ། གངས་ཅན་ལྷ་གཅིག་བསྟན༵་འཛིན༵་རྒྱ༵་མཚོ༵་ལ། ། སྒོ་གསུམ་གུས་ཕྱག་རྟག་ཏུ་ཁྱེད་ལ་འབུལ། ། ཟབ་བརྒྱའི་གཏེར་ལ་དབང་བསྒྱུར་སཱུརྱའི་མཚན། ། གང་གི་རྣམ་འཕྲུལ་བསྟན༵་འཛིན༵་ཀུན་གྱི་མིག ། ཕུན༵་ཚོགས༵་བྱེ་བའི་གཏེར་གྱིས་རྒྱུན་སྐྱོང་བ། ། བྱང་ཆུབ་རྡོ་རྗེ་རྒྱལ་མཚན་ཁྱེད་ལ་གུས། ། སྙིང་སྟོབས་གོ་ཆ་རབ་བཀླུབས་སེམས་དཔའ་ཆེ། ། ཉིན་མཚན་དལ་མེད་གླིང་རྣམས་ཡོངས་སྐོར་བཞིན། ། བསྟན་འགྲོའི་དོན་དུ་ངལ་བརྒྱའི་ཁུར་བཟོད་པ། ། མཆོག་སྤྲུལ་དམ༵་ཆོས༵་རྒྱ༵་མཚོར༵་སུས་མི་གུས། །ས་སྤྱོད་ཞིང་གི་གནས་མཚུངས་ས་ལའི་ལྗོངས། ། ཉམས་བདེ་བག་ཕེབས་རྟག་ཏུ་ཤིས་པའི་གནས། ། སུམ་རྩེན་ཕོ་བྲང་ས་ལ་འཕོས་འདྲ་བ། ། ཟབ༵་གསང༵་ཆོས༵་འཁོར༵་གླིང༵་དེར་གུས་པའི་འདུད། ། ཅེས་ཡུལ་གོང་མ་རྣམས་ལ་མཆོད་པར་བརྗོད་པའི་མེ་ཏོག་གི་ཆར་སིལ་མར་བསྙིལ་ཏེ་གང་ཞིག་གླེང་བར་བྱ་བ་ནི། སྲིད་ཞིའི་ཁམས་ ན་ཕན་བདེ་མ་ལུས་པ་འབྱུང་བའི་གནས། ཞི་སྒོ་གཉིས་སུ་མེད་པ་རྒྱལ་བ་རྫོགས་པའི་སངས་རྒྱས་མཉམ་མེད་དོན་ཀུན་གྲུབ་པའི་ ལུང་རྟོགས་ཀྱི་བསྟན་པ་ཉི་མ་བྱེ་བ་ཕྲག་བརྒྱའི་མི་མཚོན་པ་འདི་ཉིད། རྒྱུ་དཀར་མིན་གྱི་ལས་དང་། རྐྱེན་ནག་ཕྱོགས་ཀླ་ཀློའི་དཔུང་ གི་མུན་པས་བསྒྲིབས་ནས་མིང་གི་ལྷག་མར་གྱུར་ན་ཡང་། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ནང་མ་ལོ་ཀའི་ལས་བྱང་གི་མཇུག་རྩོམ་ལས། ། གངས་ཅན་ཕན་བདེའི་ནོར་བུ་འདྲེན་པའི་རྫིང། ། པདྨའི་ཆོས་ལ་སྨོད་པའི་སྟོབས་ལྡན་འགའི། ། སྐུར་འདེབས་རླུང་གིས་ཕྱོགས་ལྷུང་མཚོར་བཤིགས་པས། ། སྔོན་ཆད་ཉམ་ཆུང་བདག་འདྲའི་ནུས་པ་དམན། ། འོན་ཀྱང་བསྐལ་པའི་མཐའ་ལ་མ་ཐུག་ཅིང་། ། རིག་འཛིན་པདྨས་བོད་ཁམས་འགྲོ་བ་ཀུན། ། སྐྱོང་བར་ཞལ་གྱིས་བཞེས་པའི་རྡོ་རྗེའི་གསུང་། ། བསླུ་བ་མེད་དེ་ཡིད་ཀྱི་ངལ་གསོའི་གནས། ། དེས་ན་དམ་སྲི་སྙིང་ཞུགས་ནག་པོའི་དཔུང་། ། ཕ་མཐར་སྐྲོད་པའི་རྫོགས་ལྡན་ཉིན་བྱེད་དབང་། ། འདྲེན་ནུས་ཟབ་གཏེར་ཆོས་ཀྱི་རྟ་ལྗང་ཅན། ། གངས་ཅན་མཁའ་ལ་རྟག་ཏུ་རྒྱུ་བར་ཤོག ཅེས་གསུངས་པ་དང་མཐུན་པར། རང་རེ་གངས་ཅན་པ་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་མཐུ་བྱིན་དང་། ༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་གྱིས། རྒྱལ་བསྟན་ འཕགས་བོད་གཉིས་ཙམ་མ་ཚད་གོ་ལའི་ཁྱོན་ལ་ཉིན་མོ་ལྟར་ཁྱབ་སྤེལ་འགྲོ་དང་འགྲོ་བཞིན་ཡོད་པར་མ་ཟད། ཁྱད་པར་སྔ་འགྱུར་ རྙིང་མའི་གྲུབ་མཐའ་ནི་ཁྱོན་ཡོངས་ནས་འཛིན་མའི་གནས་སུ་དམ་པའི་སྐྱེས་བུ་རྣམས་ཀྱིས་འཛིན་སྐྱོང་སྤེལ་བཞིན་ཡོད་ན་ཡང་། མེ་ཏོག་གང་ལ་ཕོག་པའི་བགོ་སྐལ། གཏེར་སྟོན་གླིང་པ་བརྒྱད་ཀྱི་ཡ་གྱལ། གར་དབང་འགྲོ་འདུལ་གླིང་པ་ནི། པདྨ་བཀའ་ཐང་ དང་། གནམ་ལྕགས་མ། བཀའ་རྒྱ་མ། པུ་རི་མ་རྣམས་ལས་བསླུ་མེད་རྡོ་རྗེའི་ལུང་གིས། ཚིག་གཅིག་དང་དབྱངས་གཅིག་གིས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང་༔ ཁམས་ ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་པའི་མིང་ཅན་ འབྱུང་༔ ཞེས་པའི་དུས་རྟགས་དང་མཚན་མ་རྣམས་དངོས་སུ་ཚང་བའི་རིག་འཛིན་ཆེན་པོ་འགྲོ་འདུལ་གླིང་པའམ་སཱུརྱ་ཀིརྟིའི་རིང་ ལུགས་ནི། བོད་གངས་ཅན་གྱི་ལྗོངས་སུ་གཏེར་ཆེན་འགྲོ་འདུལ་གར་དབང་གླིང་པའི་དུས་སུ་དར་ཁྱབ་ཤིན་ཏུ་ཆེ་བ་དང་། དེང་སང་གི་དུས་ སུའང་བསྟན་འཛིན་གྱི་སྐྱེས་བུ་མཚར་དུ་དངར་བ་ཡོད་ལ། བསྟན་པ་འཆད་རྩོད་རྩོམ་གསུམ་གྱིས་མཐའ་དབུས་ཀུན་ལ་ཉིན་མོ་ལྟར་ གསལ་བཞིན་ཡོད་ནའང་། རྒྱ་གར་འཕགས་པའི་ཡུལ་ལ་ཉི་གྲགས་ཆོས་བརྒྱུད་ནི་མིང་ཙམ་ཡང་དབེན་པ་ཤིན་ཏུ་ཉམས་དམའ་བའི་ དུས་འདིར། ཉི་ཤར་སྤྲུལ་སྐུའམ་ཤར་སྤྲུལ་སྐུ་ཕྲེང་གསུམ་པ་དམ་ཆོས་རྒྱ་མཚོ་རིན་པོ་ཆེ་མཆོག་ནི། སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་ སྟོབས་དང་། སྦྱོར་བ་གོ་ཆ་ཆེན་པོ་བླ་ན་མེད་པའི་སེམས་བསྐྱེད་དང་། རྐྱེན་དགེ་བའི་བཤེས་གཉེན་ཆེན་པོ་༧རྒྱལ་དབང་སྐུ་ཕྲེང་བཅུ་ བཞི་པ་ཆེན་པོས་ཐུགས་རྗེའི་རྗེས་སུ་བསྐུལ་བ་དང་། ཡང་སྲིད་རིན་པོ་ཆེ་བདག་སྐྱོང་དགོས་པས་དམིགས་ཡུལ་གྱིས། འགྲན་འདོད་ དང་གྲགས་འདོད་ཆེ་འདོད་ཏེ་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ། རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་ཁ་འདི་ཉིད་ཉམས་ པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱིིས་འཛིན་སྐྱོང་སྤེལ་གསུམ་དང་། བསྙེན་སྒྲུབ་ལས་གསུམ་འཆད་རྩོད་རྩོམ་གསུམ་གྱིས། ཡངས་པའི་རྒྱལ་ཁམས་ཀུན་ཏུ་དར་རྒྱས་ཡོང་བའི་ཆེད། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པས་བདག་ཉིད་དེ། །དེ་འཛིན་བྱེད་པོ་སྨྲ་བྱེད་ ཀྱང་། སྒྲུབ་པ་བྱེད་པར་ཁོ་ནའོ། །ཞེས་པ་ལྟར། དེ་ལྟར་འཛིན་སྐྱོང་བྱེད་མཁན་དང་པོ་དགེ་འདུན་དགོས་ལ། གཉིས་པ་དགེ་འདུན་འདུ་སའི་མཐུན་རྐྱེན་དགོན་པ་ཡང་ནི་མེད་དུ་ མི་རུང་བ་ཡིན་པས་ལོ་མང་རིང་ཐུགས་བསམ་བཞེས་ཏེ། རྒྱ་བལ་འབྲུག་གསུམ་ལ་གནས་བཙལ་ཀྱང་རུང་བ་དཀའ་ན་ཡང་། ༧སྐྱབས་རྗེ་རི་མགོ་མཆོག་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེས་ནས་ས་ཆ་འཚོལ་བསྒྲུབས་གནང་བའི་མཐུན་རྐྱེན་སྦྱར་བ་དང་། ཉི་སྤྲུལ་བདུན་པ་སློབ་གཉེར་གནང་སའི་འཁོར་ཡུག་སོགས་ཀྱི་བཀའ་དྲིན་བླ་མེད་སྩལ།། ཡང་སྒོས་ཐེ་ཝན་ནས་ཤར་སྤྲུལ་རིན་པོ་ཆེ་ཉིད་ཀྱི་སློབ་མ་དགེ་བསྙེན། (Tseng Li-ling) ཙང་ལིས་ལིང་ནས་ས་ཆ་ཉོ་བསྒྲུབ་ ཀྱིས་སྦྱིན་བདག་གནང་བ་དང་ (Terry and Lucia family) ཏྲི་རིའི་ཆན་དང་། ལུས་སིའི་ཡ་ནང་མི། (Otto, Lynn, and Audrey family) ཨོ་ཁྲོ་ཀོང་། ལིང་ལིང། ཨོ་ཌ་རིས་བཅས་ཀྱི་རྟེན་དང་བརྟེན་པར་བཞེངས་པས་ མཐུན་རྐྱེན་སྦྱར་བ་དང་། གཞན་ཡང་ཤར་ནུབ་གང་སར་བཞུགས་པའི་དད་ལྡན་སྦྱིན་བདག་གཏོང་ཕོད་ཅན་རྣམས་ཀྱིས་དཔལ་འབྱོར་ གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་མ་ཚང་མེད་པས་རྒྱུ་རྐྱེན་འཛོམས་པའི་རྟེན་འབྲེལ་གྱིས་ད་ལམ་དགོན་པ་འདི། འགོག་རྐྱེན་གང་ ཡང་མེད་པར་བཀྲ་ཤིས་པའི་ངང་བདེ་བླག་ཏུ་འགྲུབ་པའོ། དེ་ལྟར་དགོས་པ་འདིས་ནི་ཆོས་ཕུན་ཚོགས་དང་འཁོར་ཕུན་ཚོགས་ཤུགས་ ལ་བསྟན་པའོ། ། ༄༅། །དེ་ལྟ་བུའི་ཟབ་གསང་ཆོས་འཁོར་གླིང་དགོན་པ་འདི་ཉིད། རྒྱ་སྟོན་པ་ཤར་སྤྲུལ་དམ་ཆོས་རྒྱ་མཚོ་མཆོག་ནས་ཕྱག་ བཏབ་པ་དང། ཕྱག་བཏབ་པའི་གནས་ཡུལ་འདིར་ལོ་རྒྱུས་ཀྱི་གསལ་ཁ་ཅུང་ཙམ་གཏོད་ན། དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ མངའ་སྡེའི་ཁོངས་གཏོགས། སྔོན་ཟ་ཧོར་རྒྱལ་པོས་གུ་རུ་རིན་པོ་ཆེ་གསོན་སྲེག་བྱེད་སྐབས་མེ་དཔུང་མཚོ་རུ་བསྒྱུར་ཏེ་རྫུ་འཕྲུལ་ མཛད་པའི་གནས་མཆོག་མཚོ་པདྨ་དང་། རིགས་འདུས་མ་ཧཱ་གུ་རུས། ཟ་ཧོར་རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་བཅས་ལ། བཀའ་འདུས་ ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་གྱི་སྒོ་ནས་སྨིན་གྲོལ་ལ་བཀོད་པའི་གནས། ཇི་སྐད་དུ་པདྨ་བཀའ་ཐང་ལས། དེ་ནས་རྒྱལ་པོས་ཕོ་བྲང་གདན་འདྲེན་ཞུས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགས༔ མི་ལོ་ཉིས་བརྒྱར་བཞུགས་ནས་ཆོས་གསུངས་ཏེ༔ ཨུ་རྒྱན་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད༔ ཨིནྡྲ་བོ་དྷི་བཙུན་མོ་འཁོར་ བཅས་རྣམས༔ ཚོམ་བུ་ལྔ་བརྒྱ་དང་བཅས་ལྷག་མེད་དུ༔ ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཐོབ༔ ཅེས་སོ། ཨིནྡྲ་བོ་དྷི་བཙུན་ མོ་འཁོར་ལྔ་བརྒྱ་དང་བཅས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་གནས་ཟ་ཧོར་རྒྱལ་པོའི་རྒྱལ་ས། ཟ་ཧོར་ཡུལ་ལམ་ ཡུལ་སྐད་ལ་མན་ཌི་རྫོང་ཞེས་པའི་ཉེ་འགྲམ། གཞན་ཡང་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་སྤྱི་བོ་ཛ་ལན་རྡ་ར་སྟེ། ཡུལ་སྐད་ལ་རྐང་ར་ ཞེས་པ་དང་། གྲུབ་ཆེན་ཏེ་ལོ་པས་ཉའི་འཚོ་བ་ལ་རྟེན་ནས་སྒྲུབ་པ་གནང་སའི་སྒྲུབ་ཕུག ཏེ་ལོ་ཕུག་དེ་རྣམས་དང་མི་རིང་བར། ཅོན་ཏ་ར་ཞེས་པ་ས་ལའི་ལྗོན་ཤིང་སྣ་ཚོགས་པས་ཡོངས་སུ་བསྐོར་བ་མཐོང་ན་མི་མཐུན་པ་མེད་པ་ཤིན་ཏུ་ཉམས་དགའ་བར། ནང་དུ་ ཡང་དག་འཇོག་ལ་ཡུད་ཙམ་གཞག་ན་བདེ་གསལ་མི་རྟོག་པའི་ཉམས་དངོས་སུ་འཆར་བ། སྔོན་གྲུབ་ཐོབ་གོང་མ་རྣམས་ཀྱིས་ཞབས་ ཀྱི་བཅགས་ཤིང་བྱིན་གྱིས་བརླབས་པ། མཁའ་སྤྱོད་དང་ས་སྤྱོད་ཀྱི་ཞིང་དངོས་དང་རྣམ་དབྱེར་མེད་པ། ས་དེར་སླེབས་ན་གང་ཟག་ ཕལ་པ་ཡིན་ཀྱང་སྣང་བ་འགྱུར་བ། ལས་དང་སྐལ་བ་ལྡན་པའི་གང་ཟག་རྣམས་ལ་ནི་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལྟ་ཅི་ སྨོས། དེ་ལྟ་བུའི་གནས་ཕུན་སུམ་ཚོགས་པ་དེར། སྟོན་པའི་འདས་ལོ་ ༢༥༥༣ བོད་རྒྱལ་ལོ་ ༢༡༣༦ སྤྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༢༨ རབ་བྱུང་ ༡༧་ ས་གླང་ ལོའི་ཁྲུམས་ཟླའི་ཡར་ངོའི་རྫོགས་པ་གསུམ་པ་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་ཀྱི་ཉིན་མོར་དབུ་བཙུགས་པ་དང་། སྟོན་པའི་འདས་ལོ་ ༢༥༥༧ བོད་རྒྱ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༡༢ རབ་བྱུང་ ༡༧ ཆུ་སྦྲུལ་ ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་གཟའ་སྐར་དུས་སྦྱོར་ཕུན་སུམ་ཚོགས་པའི་ཉིན། འཛམ་གླིང་ཞི་བདེའི་དེད་ དཔོན་༧གོང་ས་ལྷ་མའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཞབས་སོར་བཀའ་དྲིན་བསྐྱངས་གནང་མཛད་ནས། བཀྲ་ ཤིས་པའི་མཛད་སྒོ་ནི་དུས་ཕུན་སུམ་ཚོགས་པའོ། ༄༅། །ལྷ་ཁང་ཀ་བ་ཉི་ཤུ་རྩ་དྲུག་ལ་རིང་ཚད་ཕུ་ཀྲི་ ༡༠༠ ཞེང་ཚད་ཕུ་ཀྲི་ ༦༠ ཡོད་པ་དང་། ཐོག་བརྩེགས་གསུམ་ལ་རྒྱ་ ཕིབ་གཉིས་བརྩེགས་དང་བཅས་བརྩེགས་ལྔ་པ། ཕྱི་ནང་གི་རི་མོ་ཐམས་ཅད་འབུར་བཀོད་ཤིན་ཏུ་ལེགས་པ་བཟོ་བོའི་རྒྱལ་པོ་བི་ཤྭ་ ཀས་འཕྲུལ་ལས་དངོས་སུ་ཐོན་པ་ལྟ་བུ། རྒྱ་མཐོང་གི་ཐོག་འོག་ལ་རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་ཁ། བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་དང་། གཡས་ གཡོན་གྱི་ཐོག་འོག་ལ། འབྲུག་རིས་དང་བྱ་འབྲུག་གི་རི་མོ། འོག་ཁང་གི་ནང་ལ་རྟེན་གཙོ་བོ་ཐུབ་དབང་གི་སྨན་སྐུ་ཐོག་བརྩེགས་ གཉིས་ཅན་ལ་འཁོར་མཛད་པ་བཅུ་གཉིས་ཀྱིས་བསྐོར་བ། གཡས་སུ་སྤྱན་རས་གཟིགས་ཕྱག་བཞི་པ་ལ་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། གཡོན་དུ་གུ་རུ་སྣང་སྲིད་ཟིལ་གནོན་ལ་འཁོར་ གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་ཐམས་ཅད་སྨན་སྐུ་ལ་གཙོ་བོ་གཉིས་མི་ཚད་ལས་བརྒལ་ཙམ། ལྷ་ཁང་ནང་གི་གཡས་ཕྱོགས་དང་ གཡོན་ཕྱོགས་ཀྱི་གྱང་ལ། རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་གྱི་ཞལ་ཐང་དང་། སྔ་འགྱུར་རྙིང་མའི་ཤིང་རྟ་ཀུན་མཁྱེན་ཀློང་ཆེན་པའི་ ཞལ་ཐང་དང་། ཕུག་གི་གཡས་ཕྱོགས་ཀྱི་གྱང་ལ་ཆགས་རིའི་བླ་བརྒྱུད་ཀྱི་ཞལ་ཐང་དང་། གཡོན་ཕྱོགས་ཀྱི་གྱང་ལ་རྗེ་འབངས་ཉེར་ ལྔའི་ཞལ་ཐང་། དེ་རྣམས་ནི་ནང་གི་རྟེན་སྟོན་པ་ཕུན་སུམ་ཚོགས་པའོ། །ཉིས་ཐོག་ལ་གཡོན་དུ་བཞུགས་ཤག་ཁང་མིག་གསུམ། གཡས་སུ་བཞུགས་ཤག་ཁང་མིག་ཆེ་ཆུང་བཞི་ཡོད། གསུམ་ཐོག་ལ་ ༧གོང་ས་ལྷ་མའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོའི་བཞུགས་ཤག་ལ་ཁང་མིག་ཆེ་ཆུང་གསུམ། སྒོ་ཡི་སྟེང་རབ་གསལ་ལ་བསྟན་བདག་བཞུགས་ཤག་ཁང་མིག་ཆེ་ཆུང་གསུམ། །སྒོའི་ཕྱི་ལོག་གྱང་ལ། རྒྱལ་ཆེན་སྡེ་བཞི་གཉིས་ ཞལ་ཕྱིར་གཟིགས་པས་ཕྱིའི་བར་ཆད་ནང་ལ་མི་གཏོང་བ་དང་། གཉིས་ཞལ་ཡར་ལ་གཟིགས་པས་ནང་གི་དངོས་གྲུབ་ཕྱིར་མི་ གཏོང་བའི་རྟགས་སོ། །སྒོ་ཡི་གཡས་གཡོན་གྱང་ཚུར་བསྟན་པ་ལ། རི་རབ་གླིང་བཞིའི་ཆགས་ཚུལ་དང་། ཚེ་རིང་རྣམ་དྲུག་དང་། མཐུན་པོ་སྤུན་བཞི་བཅས་ཡོད། ལྷ་ཁང་གི་མདུན་ཕྱོགས་སུ་དགེ་འདུན་པའི་བཞུགས་ཤག་དང་འཛིན་ཁང་བཅས། ཤར་གསུམ་ལ་ཐམས་ཅད་སུམ་ཐོག་ཅན།གཡས་གཡོན་གྱི་ཐོག་རེ་རེ་ལ་ཁང་མིག་བཞི་རེ། མདུན་ཕྱོགས་ཀྱི་གྲྭ་ཤག་ལ་སྐས་སྟེང་ཐོག་བརྩེགས་བཞི་པ་རྒྱ་ཕིབ་ཅན། འཛིན་ ཁང་ཁང་མིག་དྲུག་དང་། དམིགས་བསལ་ཁང་མིག་བརྒྱད། གྲྭ་ཤག་ཁང་མིག་ཉི་ཤུ་བཅས་ཡོད། ཁང་པའི་མདུན་རྒྱབ་གཉིས་ ཀར་ཁྱམས་ཡོད་པ་དང་། ཐབ་ཚང་རིང་ཚད་ལ་ཕུ་ཀྲི་ ༡༡༢་ ཨིས་ཆི་ ༨ ཞེང་ཚད་ལ་ཕུ་ཀྲི་ ༣༠་ ཨིས་ཆི་ ༨་ ཡོད་པ་བཅས་འདིར་རེ་ཞིག་འདིར་ འཇུགས་བསྡུ་བའོ།། །། སླར་སྨྲས་པ།། རྒྱལ་བ་ཤཱཀྱ་སེངྒེའི་ལུང་རྟོགས་བསྟན། ། སྤོང་ཀློག་འཁོར་ལོ་གསུམ་གྱིས་སྤེལ་བ་དང་། ། བཤེས་གཉེན་དམ་པའི་ས་སྟེང་ཁྱབ་པ་ཡིས། ། རྫོགས་ལྡན་དུས་ལྟར་འཕྲལ་ཡུན་བདེ་བར་ཤོག ། ཨོ་རྒྱན་སངས་རྒྱས་གཉིས་པའི་ནུས་སྟོབས་ཀྱིས། ། བཀའ་རྟགས་ཕྱག་རྒྱས་བཏབ་པའི་སྲུང་མ་རྣམས། ། གངས་ཅན་སྐྱོབ་ལ་མིི་བྲེལ་ཡོད་དམ་ཅི། ། དཀར་ཕྱོགས་ལྷ་ཡིས་གངས་ཕྲུག་སྐྱོབས་པར་ཤོག ། གངས་ཅན་སྐྱེ་འགྲོ་གསོལ་བ་ང་ལ་ཐོབ། ། ང་ཡིས་སྐྱོབ་ཞེས་ཞལ་བཞེས་མངོན་སུམ་སྣང་། ། བསམ་ཡོད་གསོལ་བ་མི་འདེབས་སྲིད་དམ་ཅི། ། གངས་ཕྲུག་ཁྱེད་ལ་རེ་ལྟོས་འཆའ་བར་ཤོག ། གངས་ལྗོངས་རྒྱལ་བསྟན་སྣང་བ་ཁྱེད་ཀྱི་དྲིན། ། བར་དུ་མི་ཉམས་སྤེལ་བ་ཁྱེད་ཀྱི་དྲིན། ། ཐ་མར་ཉམས་པ་སོར་ཆུད་ཁྱེད་ལས་གཞན། ། ཞལ་བཞེས་མེད་པས་སྐྱབས་ཙམ་ཤེས་པར་ཤོག ། སྔ་འགྱུར་སཱུརྱ་ཀིརྟིའི་རིང་ལུགས་མཆོག ། ཡངས་པའི་རྒྱལ་ཁམས་ཀུན་ལ་ཁྱབ་པ་དང་། ། འགྲོ་ཀུན་ཉིན་མོར་བྱེད་པའི་མིག་གཅིག་པུ། ། གདུལ་བྱའི་ཁམས་ལ་གང་འདུལ་འཆར་བར་ཤོག ། ཡངས་པའི་རྒྱལ་ཁམས་ཀུན་ཏུ་བདེ་དང་དགེའི། ། དཔལ་གྱིས་འགྲོ་རྒྱུད་ཡོངས་སུ་གཏམས་པ་དང་། ། མཐར་ཐུག་གཏན་གྱི་བདེ་བ་དམ་པ་ཡིས། ། རྣམ་མཁྱེན་ས་ལ་མྱུར་དུ་རེག་གྱུར་ཅིག ། གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། ། མི་མཐུན་བར་ཆད་མིང་གི་ལྷག་མར་གྱུར། ། མཐུན་པའི་རྒྱུ་རྐྱེན་མ་ཚང་མེད་པ་ཡིས། ། འཕྲུལ་དགའི་ལོངས་སྤྱོད་དག་ལ་འགྲན་ནུས་ཤོག། །། ཅེས་ཟབ་གསང་ཆོས་འཁོར་གླིང་གི་ལོ་རྒྱུས་འདི་ནི། སྟོན་པའི་འདས་ལོ་ ༢༥༥༤ བོད་རྒྱལ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༣ ཟླ་བ་ ༧ ཚེས ༢༥ རབ་བྱུང་ ༡༧ པའི་ཆུ་སྦྲུལ་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན། ཉི་སྤྲུལ་སྐུ་ཕྲེང་ བདུན་པ་ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་ཀྱི་གདན་ས་འདི་ཉིད། རྒྱ་སྟོན་པ་ཉི་ཤར་སྤྲུལ་སྐུའམ་ཡོངས་གྲགས་སུ་ཤར་སྤྲུལ་དམ་ ཆོས་རྒྱ་མཚོས་ཕྱག་བཏབ་པའི་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་སྡེ་ཆེན་པོ། ཟབ་གསང་ཆོས་འཁོར་གླིང་ག་ལ་བ་དེར། རྒྱལ་སྟོན་པ་ མཁན་པོ་ཨོ་རྒྱན་བསྟན་འཛིན་ཤེས་རབ་ཀྱིས་སྦྱར་བའོ།། དགེའོ།། །། ༄༅། །ཇུས་འགོད་པ་དང་ཞུ་དག་པ་མཁན་པོ་ཐུབ་བསྟན་འཇམ་དཔལ་དང་། སློབ་དཔོན་ཐུབ་བསྟན་བློ་གསལ།