ཉམས་སྒྲ་

ཡོང་ཁུངས་Wikipedia

སེམས་ཉམས་བརྗོད་པའི་སྒྲ་ཡིས་ཐེག་པའི་ཟུར་ཞུགས་ཀྱི་དོན་ལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་ཡ་རབས་སྤྱོད་ལུགས། དམངས་སྲོལ་སོགས་ཀྱི་ལྟ་བའི་སེམས་ཁམས་རེ་འདྲེས་ཡོད་པ་གོ་རྒྱུ་ཡོད་པ་དེ་སེམས་ཉམས་བརྗོད་པའི་སྒྲའི་བརྡ་དོན་ལ་གནས་པའི་རིག་གནས་ཡིན།


སྨོན་ཚིག[རྩོམ་སྒྲིག]

འདི་ནི་སྨོན་ཚིག་དང་གསོལ་འདེབས་འདྲེས་མ་ལྟ་བུའི་རྗོད་བྱེད་དེ། དེར་སྨོན་ལམ་འདེབས་པའམ་གསོལ་བ་འདེབས་པའི་ཚིག་གདངས་ཡོད་ཀྱང་། མིང་གི་བསགས་ཆ་དང་ལུས་ཀྱི་རྣམ་པ་ནས་མིང་ཚོམ་མམ་ཚིག་དུམ་གཏན་འཇགས་མ་ལྟ་བུ་ཞིག་ཡིན། དེའི་དབྱེ་བ་ནི་ཚིག་གི་གནས་སྐབས་ཀྱི་སྒོ་ནས་དབྱེ་བར་བྱ་སྟེ། སྨོན་ཚིག་བརྗོད་ཡུལ་བླ་སེར་ལྟ་བུ་དྲིན་དུ་ཆེ་ཚེ། སྐུ་ཚེ་རིང་། སྐུ་ཚེ་རྒྱལ་མཚན་བརྟན་ཞེས་སོགས་ཀྱི་སྨོན་ལམ་ཞུ་བ་དང་། རྒན་པ་ཚོས་ཕན་འདོགས་མཁན་རྒན་པ་དག་ལ་བླ་དགའ་ལྡན་ནས་སྐྱེ་རྒྱུ་བོ། བླ་དགའ་ལྡན་ལ་སྐྱེ་གི་ཆུག་ཅེས་པ་སོགས་ཀྱི་སྨོན་ཚིག་དང་། དེ་བཞིན་མི་དར་མའམ་རྒན་པ་དག་གིས་ཕན་འདོགས་མཁན་གང་དག་ལ་བྱ་བ་ལམ་འགྲོ། ལས་ལམ་ལ་འགྲོ་རྒྱུ་བོ་ཞེས་པ་ལྟ་བུ་དང་། རྒན་པས་གཞོན་ཆུང་ལ་ཚེ་རིང་། གནམ་གྱིས་སྲུངས། ཞེས་པ་སོགས་ཀྱི་སྨོན་ཚིག་བརྗོད་པ་སྟེ། དཔེར་ན་བྱིས་པ་ཞིག་གིས་ཧབ་སྦྲིད་རྒྱག་པ་དང་ཡང་ན་ས་ལ་རྡབ་འགྱེལ་བྱས་ཚེ་རྒན་པ་དག་གིས་བརྒྱ་ན་སྐྱོབས་དང་ཡང་ན་གནམ་གྱིས་སྲུངས་ཞེས་སྨོན་ལམ་རྒྱག་པ་ལྟ་བུའོ། ། ཁ་གྱེས་སྐབས་ཕན་ཚུན་ལ་ཡག་མོ། བདེ་མོ། བདེ་མོ་གྱིས་ཞེས་སོགས་ཀྱིས་སྐྱེལ་མའམ་སྨོན་ལམ་རྒྱག་པ་དང་གཞན་ཡང་མགྲོན་པོའམ་རོགས་པ་ལ་ཁ་གྱེས་སྐབས་བདག་པོས་དུས་ལ་བསྟུན་ནས་དགོང་མོ་བདེ་ལེགས། ཞོགས་པ་བདེ་ལེགས་ཞེས་སྨོན་སྐྱེལ་ཞུས་ན་སྨོན་ཚིག་ཡིན་ཡང་། ཕན་ཚུན་ཐུག་འཕྲད་བྱུང་ཚེ་བྱ་བའི་དུས་ལ་བསྟུན་ནས་ཞོགས་པ་བདེ་ལེགས་ཞེས་སོགས་ཀྱི་ཚིག་བརྗོད་པ་ཡིན་ན་མཚམས་འདྲིའི་དོན་ཅན་ཡིན་པ་ལྟ་བུའི་གོ་བ་ཉིས་ཞུགས་ཀྱི་ཚིག་དུམ་ཡང་ཡོད་དོ། །

དམོད་ཚིག[རྩོམ་སྒྲིག]

དེ་ནི་དམོད་ཡུལ་དམོད་བྱ་མ་འདྲ་བ་ལ་བརྟེན་ནས་དམོད་ཚིག་མང་དུ་ཡོད་དེ། དཔེར་ན། དམྱལ་བ་བོ། སྙིང་ཁྲག་བཞེས་རྒྱུ་བོ། ཤི་རྒྱུ་བོ། གྲི་རོ་བོ། ཁ་ལས་མི་དགེ་རྒྱུ། དམྱལ་ཁམས་ནས་སྐྱེ་རྒྱུ་བོ་ཞེས་པ་སོགས་ཏེ། ལས་རྒྱུ་འབྲས་སྣོག་ནས་སེམས་ཅན་ལ་གནོད་པ་སྐྱེལ་མཁན་ལ་དམོད་འབོར་བའི་དམོད་ཚིག་འདི་དག་ནི་ལས་རྒྱུ་འབྲས་སྨྲ་བའི་ཆོས་ལུགས་ལ་འབྲེལ་བ་ཡོད་དོ། །

མནའ་ཚིག[རྩོམ་སྒྲིག]

གོ་དོན།[རྩོམ་སྒྲིག]

སྐད་ཆའི་བརྗོད་ཡུལ་ལ་དོན་གང་རུང་ཞིག་ཁས་ལེན་དགོས་བྱུང་ཚེ་དཔང་འཛུགས་པར་འདྲེན་བྱའི་དཔང་རྟགས་ཀྱི་མིང་ངམ་ཚིག་དུམ་ལྟ་བུ་ཞིག་སྟེ། དེར་མི་རིགས་ཀྱི་དོན་ཏན་བྱེད་སྲོལ་གྱི་སེམས་ཁམས་གོ་རྒྱུ་ཡོད་པས་མི་ཚད། ད་དུང་མི་རིགས་ཀྱི་རང་གཤིས་སུ་གྲུབ་པའི་འཇིག་རྟེན་ཀུན་སྤྱོད་ཀྱི་ལྟ་བ་དང་ཆོས་ལུགས་ཀྱིན་ལྟ་བ་སོགས་ཀྱང་གོ་རྒྱུ་ཡོད་པ་ཡིན། དཔེར་ན་ས་ཨ་མདོ་ནས་དབུས་གཙང་གི་བར་དུ་བོད་པ་རྣམས་ཀྱིས་ཨ་ཕ་ཨ་མ་ཞེས་པ་མནའ་ལ་སྤྱོད་པ་དེས་བོད་རིགས་ཀྱིས་དྲིན་ཆེན་ཨ་ཕ་ཨ་མ་ནི་མི་ཚེའི་ནང་དུ་ཅིས་ཀྱང་འགལ་ས་དང་འབྲལ་ས་བྱེད་མི་རུང་བའི་གཉན་པོ་རིན་པོ་ཆེ་ལྟ་བུ་ཞིག་ཡིན་པའི་ལྟ་བ་འཛིན་སྟངས་ཀྱི་སེམས་ཁམས་ཤིག་མཚོན་ཡོད་ལ། དེ་བཞིན་ཆོས་དང་། བླ་མ་ཆོས་སྐྱོང་། དགོན་པ་སོགས་ཚད་དུ་འཛུགས་པའི་གོམས་སྲོལ་ཀྱིས་ཆོས་ནི་བདེན་པ་དང་རྒྱབ་རྟེན་མཐར་ཐུག་ཡིན་པའི་ལྟ་བ་ཡིན་འཛིན་སྟངས་ཀྱི་སེམ་སཁམས་མཚོན་ལ་ཆོས་སྐོར་གྱི་མིང་བརྡ་མནའ་ལ་སྤྱོད་ཚུལ་ནི་བོད་ཀྱི་ཡུལ་ལུང་དག་དུ་གཅིག་མཚུངས་མིན།

མནའི་དབྱེ་བ།[རྩོམ་སྒྲིག]

དེར་ཚིག་གི་རྣམ་པའི་ཕྱོགས་ནས་དབྱེ་ན། ཁས་ལེན་བསྡུས་དང་མ་བསྡུས་གཉིས་ཏེ། དཔེར་ན། བཀའ་འགྱུར་འདོན་ཞེས་ཚེ་ཁས་ལེན་གྱི་ཚིག་མ་བསྡུས་པ་སྟེ། མནའ་ཚིག་ཆ་ཚང་ལྟ་བུ་ཡིན་ཞིང་། མནའ་སྐྱེལ་བ་པོས་མནའ་སྐྱེལ་ཡུལ་ཅི་སྟེ་ངས་ཁ་བཤད་གང་དེ་དོན་ལ་མ་གནས་ན་ངས་བཀའ་འགྱུར་འདོན་གི་ཡིན་ཞེས་ཁས་བླངས་པའི་བརྗོད་དོན་གསལ་བ་བཞིན་ནོ། ། དཔེར་ན་དཀོན་མཆོག་ཅེས་མནའ་བསྐྱལ་ཚེ་མནའ་སྐྱེལ་བ་པོས་སྐྱེལ་ཡུལ་ལ་ཅི་སྟེ་ངས་ཁ་བཤད་གང་དེ་དོན་ལ་མ་གནས་ན་ངས་དཀོན་མཆོག་ཁས་མ་བླངས་པ་ཡིན་ཞེས་པའམ། ངས་དཀོན་མཆོག་ལ་རྒྱབ་འགལ་བྱས་པ་ཡིན་ཞེས་སོགས་ཀྱི་བརྗོད་དོན་ཅན་ཡིན་ཡང་ཚིག་ངོས་སུ་ཁས་མ་བླངས་པ་ཡིན་ཞེས་དང་རྒྱབ་འགལ་བྱས་པ་ཡིན་ཞེས་སོགས་ཀྱི་རྗོད་པ་བསྡུས་བཞག་ཡོད་པས་དེ་རིགས་ནི་བསྡུས་པའི་མནའ་ཚིག་གོ ། ད་དུང་མནའ་ལ་དཔང་དུ་འཛུགས་པའམ་ཚད་དུ་འཛུགས་རྒྱུའི་དོན་གྱི་ཁྱད་པར་གྱིས་དབྱེ་བ་ཡོད་དེ། དཔེར་ན། ཆོས་དཔང་དུ་བཙུགས་པ་ལ། ཡུམ། ཡུམ་དུམ་པ་བཅུ་གཉིས། གསེར་ཡུམ། དཀར་པོ་དགེ་བ། དཀོན་མཆོག་གསུམ་ཞེས་པ་སོགས་ལྟ་བུ་དང་། བླ་མ་བྱང་སེམས་དང་ཆོས་སྐྱོང་སོགས་དཔང་དུ་བཙུགས་པ་ལ་དཔེར་ན། ཇོ་བོ། ཇོ་བོ་རིན་པོ་ཆེ། ཨ་ལགས་ཀྱི་སྐུ། དཔལ་ལྡན་ལྷ་མོ་སོགས་ལྟ་བུ་དང་། ཕ་མ་དང་གཏམ་གྱི་གནས་སྐབས་ལ་ཞུགས་མཁན་སོགས་ཚད་དུ་བཙུགས་པ་ལ་དཔེར་ན། པ་ཕ་ཨ་མ། ཨ་མ། ཨ་མར་འབྲལ། ཨ་བ་ཨ་མ། འུ་ཉིའི་ཤ་ཞེས་པ་ལྟ་བུ་སོགས། དགོན་པ་ཚད་དུ་བཙུགས་པ་ལ་དཔེར་ན། དགོན་པ་དང་། བླ་བྲང་དགོན་པ། སྣང་ཞིག་དགོན་པ་ཞེས་པ་སོགས། དོན་བྱ་ཚད་དུ་བཙུགས་པའང་ཡོད་དེ་དཔེར་ན། ཁ་ཕོར་ཚད་འཛུགས་ཞེས་པ་ལྟ་བུའོ། ། མནའ་ལ་ཡང་ཡུལ་ཕྱོགས་ཀྱི་རང་བཞིན་ཡོད་དེ། དབུས་གཙང་གི་ཕྱོགས་སུ་དོན་བྱ་དང་ཕ་མ་ཚད་དུ་འཛུགས་པ་ལྟ་བུ་བཀོལ་ལ། མདོ་ཁམས་ཀྱི་ཕྱོགས་སུ་ཆོས་དགོན་པ་སོགས་ཚད་དུ་འཛུགས་པ་ཆེ་ཁག་གི་མནའ་བཀོལ་བ་མང་ངོ་། །

གཅེས་ཚིག[རྩོམ་སྒྲིག]

གཅེས་ཚིག་ནི་འབོད་ཡུལ་ལམ་མིང་གིས་འཛིན་ཡུལ་ལ་ཧ་ཅང་བྱམས་པོའམ་སྙིང་ཉེ་ཉེའམ་དུང་དུང་གིས་འབོད་བྱེད་ཀྱི་མིང་བརྡ་ཞིག་སྟེ། དེར་རྒན་རབས་ཀྱི་གཞོན་རབས་ལ་བཀོལ་བའི་གཅེས་ཚིག་དང་གཞོན་རབས་ཀྱིས་རྒན་རབས་ལ་བཀོལ་བའི་གཅེས་ཚིག རབས་མཉམ་ཕན་ཚུན་བར་བཀོལ་བའི་གཅེས་ཚིག་སོགས་སུ་དབྱེ་ཆོག་ལ། གཅེས་ཚིག་བཀོལ་ཁོངས་རྒྱས་ཤོས་དེ་རྒན་རབས་ཀྱིས་གཞོན་རབས་ལ་བཀོལ་བའི་གཅེས་ཚིག་ཡིན། དེ་ལ་ཡང་བརྗོད་དོན་བསྡུས་པའི་གཅེས་ཚིག་དང་གཅེས་སེམས་མཚོན་པའི་སྒྲ་ཞུགས་པའི་གཅེས་ཚིག་སོགས་སྣང་། དཔེར་ན། མས་བུ་ལ་གཅེས་ཕྲུག་ཅེས་འབོད་རྒྱུ་ཡིན་པ་ལ་ཚིག་བསྡུས་ནས་ཨ་མའི་ཞེས་སུ་འབོད་པ་ལྟ་བུ་ནི་བརྗོད་དོན་བསྡུས་པའི་གཅིག་ཚིག་གི་དཔེ་ཡིན་ལ། དེའི་རིགས་མཚུངས་གཅེས་ཚིག་ལ། ཨ་ཕའི། ཨ་ནེའི། ཨ་ཁུའི། ཨ་ཅེའི་ཞེས་པ་ལྟ་བུ་མདོ་ཁམས་ཀྱི་ཁ་སྐད་དུ་བཀོལ་སྤྱོད་ཆེ་ལ། དབུས་གཙང་གི་ཁ་སྐད་དུ་གཅེས་ཚིག་བཀོལ་བ་རྒྱ་ཁྱབ་མིན་ཡང་ས་ཆ་ཉུང་ཤོས་སུ་ཨ་ཕའི་དེ། ཨ་མའི་དེ་ཞེས་སུ་རྗོད་ཀྱི་ཡོད་པ་ནི་ཨ་ཕའི་གཅེས་ཕྲུག་དེའམ་ཨ་མའི་གཅེས་ཕྲུག་དེ་ཞེས་པའི་དོན་ཅན་ཡིན་ན་དེ་ཡང་གཅེས་ཚིག་གི་དཔེའོ། ། གཅེས་སེམས་མཚོན་པའི་སྒྲའམ་རྐྱེན་ཞུགས་ཏེ་གྲུབ་པའི་གཅེས་ཚིག་ལ་ས་ཕྱོགས་ཀྱི་རང་བཞིན་ཡོད་དེ། མདོ་ཁམས་ཀྱི་སྐད་དུ་གཅེས་སེམས་མཚོན་པའི་སྒྲའམ་རྐྱེན་ལ་དཔེར་ན། གོའམ་ལོའམ་ལིའམ་གཅེས་སོགས་ཡོད་དེ། དཔེར་ན། མ་གཅེས། མ་གོ། མ་ལོ། མ་ལི། པ་གཅེས། པ་ལོ། ཞང་གོ ཞང་ལོ། ཁུ་གཅེས། ཅ་གཅེས། ཅ་གོ་སོགས་ལྟ་བུ་ཡིན་ནོ། །

སྡིག་ཚིག[རྩོམ་སྒྲིག]

དེ་ཡང་སྡིག་ཡུལ་གྱི་བསྡིག་བྱ་མ་འདྲ་བ་ལ་བརྟེན་ནས་སྡིག་ཚིག་མི་འདྲ་བ་བཀོལ་བ་དཔེར་ན། མི་རང་བཞིན་སྐྱོ་བོ་ཅན་ལ་ཁྱི་སྐྱག སྐལ་ཆད་པོ། ལྟས་ངན་པོ། ལྟ་བུ་དང་། འཇོན་ནུས་མེད་པ་ལ། ཐབས་རྡིག སྡུག་ཐུག ཁོ་ཆད་ཅེས་དང་། བདག་གཟུང་མེད་པ་ལ་དཔེར་ན། རྐྱལ་སྟོང་། མདོ་མེད་ཅེས་པ་ལྟ་བུ་དང་། ཁ་ཕོ་ཆེ་བའམ་ཁ་བཤད་དོན་ལ་མི་གནས་པ་ལ་ཧོབ་རྒན། ལབ་རྐྱལ། ཤོབ་རྫུན་ཟེར་བ་དང་། སྤྱོད་ལམ་ཉེས་ཅན་ལ་སྡིག་རྒན། སྡིག་རྒན་པོ་ལྟ་བུ་དང་། སྡིག་ཡུལ་ལ་ཚིག་པ་ཟོས་ནས་གཤེ་བ་ལ་ཨ་ཕའི་རོ། མྱི་རོ་ཟིག་གི ཁ་ཐལ་གྱིས་ཆོད་ལྟ་བུ་སོགས་སོ། །

ཞེ་ཚིག[རྩོམ་སྒྲིག]

དེ་ཕལ་ཚིག་གུས་ཚིག་ལ་སྒྱུར་བ་དང་འབོད་ཡུལ་གྱི་མིང་དང་དེའི་མཇུག་ཏུ་གུས་ཚིག་གི་རྐྱེན་སྦྱར་ནས་གྲུབ་པ་སྟེ་རིགས་གཉིས་སོ། །

ཕལ་ཚིག་གུས་ཚིག་ལ་བསྒྱུར་བ།[རྩོམ་སྒྲིག]

དེ་ནི་ཕལ་ཚིག་དག་གུས་ལུགས་ཅན་གྱི་ཚིག་ལ་བསྒྱུར་བ་ཞིག་སྟེ་དཔེར་ན། ཕལ་ཚིག་ཁྱོད་དང་ཁོ་དང་བུ་ཞེས་པ་དག་གི་གུས་ཚིག་ལ་ཁྱེད་དང་ཁོང་དང་སྲས་ཞེས་བཀོལ་བ་ལྟ་བུའམ། ཕལ་ཚིག་ཤི་བའམ་མ་གྲོང་བ་ཞེས་པ་ལ་གུས་ཚིག་སྐུ་གཤེགས་པ། མྱ་ངན་ལས་འདས་པ། སྐུའི་བཀོད་པ་བསྡུས་པ། དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ཞེས་པ་ལྟ་བུ་སོགས་ཏེ། དེ་ཡང་གུས་ཡུལ་གྱི་ཁྱད་པར་ལ་ལྟོས་ནས་གུས་ལུགས་ཀྱི་ཚད་མ་འདྲ་བ་མང་དུ་ཡོང་བ་སོགས་རྟོགས་པར་བྱའོ། །

གུས་ཚིག་གི་རྐྱེན་སྦྱོར་བ་ཅན།[རྩོམ་སྒྲིག]

གུ་ཚིག་གི་རྐྱེན་འབོད་ཡུལ་སྐྱེ་བོའི་མིང་གི་མཐར་སྦྱོར་བ་ཞིག་སྟེ། དེའི་རྐྱེན་ལ། ལགས། ཚང་། ཞབས་ལྟ་བུ་ཚེག་ཁྱིམ་གཅིག་ཅན་དང་། སྐུ་ཞབས། རིན་པོ་ཆེ་ཞེས་སོགས་ཚེག་ཁྱིམ་དུ་མ་ཅན་ཏེ། དཔེར་ན། ཨ་ལག པ་ལགས། སྤྲུལ་སྐུ་ཚང་། ལྕམ་སྐུ་ཞབས། དགེ་རྒན་ཚང་། གུང་ཐང་རིན་པོ་ཆེ་ཞེས་པ་ལྟ་བུའོ། །

སྦམ་ཚིག[རྩོམ་སྒྲིག]

འདི་ནི་འབོད་ཡུལ་ལ་ཞེ་ས་དང་གུས་ལུགས་ཀྱི་རྣམ་འགྱུར་མེད་པར་སྦམ་སྦམ་གྱི་འབོད་སྟངས་ཤིག་སྟེ། དཔེར་ན། ཁོ་རེ། ཨ་རོ། མྱི་འདང་། ཨ་བྱང་། ཁོ། མོ། ཁོ་ཚོ། ཉ་མ་ཞེས་པ་སོགས་སྐྱེས་བུ་གཉིས་བརྗོད་པའི་སྒྲ་སྟེ། དེ་དང་སྤྱིར་བཏང་གི་སྐྱེས་བུ་གཉིས་པའི་བརྗོད་སྒྲ་ཁྱོད། ཁྱོད་ཚོ་ཞེས་པ་སོགས་ཀྱི་ཁྱད་པར་ནི། སྤྱིར་བཏང་བ་ལ་གུས་ལུགས་དང་སྦམ་ལུགས་གཉིས་ཀ་མ་འདྲེས་པའི་བར་མ་ཞིག་ཡིན་ལ།སྦམ་ཚིག་ནི་རྗོད་མཁན་གྱིས་ཅུང་སྦམ་པོ་བྱས་པའི་ངང་ཚུལ་ཅན་ཡིན་ལ། དེ་ཡང་རྗོད་མཁན་བརྗོད་ཡུལ་གཉིས་ནང་ཕན་ཚུན་རྒྱུས་འདྲིས་མེད་པ་ཡིན་ན་སྦམ་ཚིག་དག་སྦམ་པོའི་དོན་ཅན་ཡིན་ལ། འདྲེས་མཐུན་ཡིན་པའི་ནང་ཕན་ཚུན་བར་སྤྱོད་ཚེ་སྦམ་ཚིག་ཡིན་པའི་ངེས་པ་མེད་དོ། །

སྐྱུང་ཚིག[རྩོམ་སྒྲིག]

དེ་ཡང་ཁེངས་པ་སྐྱུང་མཁན་སྐད་ཆ་སྨྲ་བ་པོ་ཡིན་པས་ཁེངས་སྐྱུང་གི་ཚིག་ཀྱང་སྐྱེས་བུ་བརྗོད་པའི་སྒྲ་དང་པོའི་རིགས་གཏོགས་ཏེ། དཔེར་ན། གྱི་ན་བ། ངོས། གུས། གུས་མོ་ཞེས་པ་ལྟ་བུ་སྐྱུང་ཚིག་དངོས་དང་། གྲལ་མཐའ་བ། བཀའ་དྲིན་ཐོབ་པ་ཞེས་པ་སོགས་ཀྱི་སྐྱུང་ཚིག་གི་ཚིག་གྲོགས་མང་བོ་ཡོད་པའང་ཤེས་བར་བྱའོ། །

དྲིན་ཚིག[རྩོམ་སྒྲིག]

དེ་སྐད་ཆ་ལབ་ཡུལ་དེར་རང་ཉིད་ལ་དྲིན་ཆེ་བའི་དོན་མཚོན་བྱེད་ཀྱི་ཁ་ཡག་གི་ཚིག་སྟེ། དཔེར་ན། ཁ་དྲོ། ཁ་དྲོ་བཀྲ་ཤིས། བཀའ་དྲིན་ཆེ། ཐུགས་རྗེ་ཆེ། དྲིན་ཅན་པོ་ཞེས་པ་སོགས་ལྟ་བུ། དེ་ཡང་ཁ་དྲོའམ་ཁ་དྲོ་བཀྲ་ཤིས་ཞེས་པ་ལྟ་བུ་དང་འགོའི་སྨོན་ཚིག་གི་དོན་ཅན་ཡིན་ཡང་དེང་སང་དྲིན་ཆེ་ཐལ་ཞེས་པའམ་ཡག་བྱུང་ཞེས་པ་ལྟ་བུ་སོགས་དོན་འདྲ་བའི་དྲིན་ཚིག་གི་དོན་ཅན་ལའང་གོ་རྒྱུ་ཡོད་དོ། །

ཞུ་ཚིག[རྩོམ་སྒྲིག]

དེ་ནི་ཡུལ་གང་དེར་ཞུ་བ་འཐེན་པའི་ཚིག་སྟེ། འདི་ལ་ཡང་ཡུལ་མ་འདྲ་བ་དག་ཏུ་ཞུ་ཚིག་མི་འདྲ་བ་ཡོད་དེ། དཔེར་ན། སྐུ་མཁྱེན། ཨ་ཁུ་ལོ་ལོ། ཨ་མ་ལེ་ལེ། ཨ་བོ་བོ་གོ་ཞེས་པ་སོགས་ལྟ་བུ་སྟེ། ཞུ་ཚིག་དེ་དག་ལས་ལེ་ལེ། ལོ་ལོ་ཞེས་པ་ལྟ་བུ་ནི་ཞུ་ཚིག་གི་རྐྱེན་ཡིན་ནོ། ། སྐབས་རེར་དྲིན་ཚིག་གི་ཚིག་འགའ་རེ་ཞུ་ཚིག་ལ་བཀོལ་དུས་ཀྱང་ཡོད་ལ། དེའི་སྐབས་སུ་དྲིན་ཚིག་གི་ཚིག་གདངས་དང་སྔ་ཕྱིའི་ཚིག་གྲོགས་སོགས་ཞུ་ཚིག་གི་ཁྱད་པར་ཅན་དུ་གྱུར་ཡོད་པས་ཚུལ་དེ་ཤེས་དགོས། དེ་ལ་སྐབས་རེར་དྲིན་ཚིག་ཀྱང་ཞུ་ཚིག་ལ་བཀོལ་དུས་ཡོད་དེ། དཔེར་ན། ཁ་དྲོ་བཀྲ་ཤིས། ཁ་དྲོ་ཁ་དྲོ། དྲིན་ཆེན་དགའ་ལྡན་པོ་ཞེས་པ་ལྟ་བུ་སོགས་ཏེ། རྣམ་པ་འདྲ་ཡང་བསྟན་དོན་མི་འདྲ་བ་དེ་རིགས་དྲིན་ཚིག་དང་ཞུ་ཚིག་གང་ཡིན་ནི་ཚིག་གདངས་ལས་གསལ་བ་ཡིན་ནོ། །

དུང་བའི་འབོད་ཚིག[རྩོམ་སྒྲིག]

འབོད་ཡུལ་ལ་དུང་ཞེན་གྱིས་འབོད་བྱེད་དེ། དཔེར་ན། དགའ་ལྡན་པོ། ལོ་གོ ལོ་གཅེས། རོགས་དགའ། རོགས་གཅེས། རོགས་གཅེས་མ། བྱིས་ཁོ་སོགས་ལྟ་བུའོ། །