ཉམས་པ་མེད་
ཉམས་པ་མེད་ཅེས་པ་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལས་ཉམས་པ་མེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཉམས་པ་མེད་པ། ཚུལ་ཁྲིམས་ལས་ཉམས་པ་མེད་པ་སོགས་ཀྱི་དོན་དུ་འཇུག་པའི་ཐ་སྙད་ཅིག་ཡིན།
མཚན་ཉིད།
[རྩོམ་སྒྲིག]རང་གི་རང་བཞིན་ནམ་ཡོན་ཏན་ལས་ཉམས་པ་མེད་པའོ། །
སྒྲ་བཤད།
[རྩོམ་སྒྲིག]ཉམས་པ་དང་མེད་པ་གཉིས་སྦྱར་བའི་ཚིག་སྟེ། ཉམས་པ་ནི་རང་གི་གནས་ལུགས་སམ་ཡོན་ཏན་ལས་ཉམས་པའམ་ཆུད་ཟོས་པའི་དོན་དང་། མེད་པ་ནི་དེ་ལྟ་བུའི་ཉམས་པ་མེད་པའི་དོན་ནོ། །
དབྱེ་བ།
[རྩོམ་སྒྲིག]ཆོས་ཉིད་ཀྱི་སྐབས་སུ་ཉམས་པ་མེད་པ། "ཐམས་ཅད་ཀྱི་དམ་པ་མཐར་ཐུག་པ་བླ་ན་མེད་པའི་བདག་ཉིད་འཐོབ༷་པར་བྱེད་པ་དེ༷་ཡི་ཕྱིར༷་ན་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ལམ་འདི༷་ནི༷་ཤེས༷་རབ༷་ཀྱི་ཕ༷་རོལ༷་ཏུ་ཕྱིན༷་པ་ཞེས༷་བྱ༷་སྟེ།"[༡] ཞེས་དང་། "རྣམ་པར་མི་རྟོག་པའི་ཡེ༷་ཤེས༷་གང་ཞིག་ནམ་ཡང་ཉམས་པ་མེད་པས་འཆི༷་བ་མེ༷ད་པ་"[༢]ཞེས་གསུངས་པས། ཡེ་ཤེས་ཀྱི་རང་བཞིན་ནམ་ཡང་ཉམས་པ་མེད་པའོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་པ་མེད་པ། "དེ་ལྟར་ཤེར་ཕྱིན་ལ་སྤྱོད་པའི་དགེ་རྩ་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ཞིང་བདེན་ཞེན་གྱི་རློམ་སེམས་མེད་པའི་བྱང་སེམས་དེ་ནི། ཉན་རང་གི་ཐེག་པར་ལྟུང་བ་ལྟ་བུའི་ཉམས་པ་མེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་རོ། །"[༣]ཞེས་གསུངས་པས། ཐེག་དམན་དུ་ལྟུང་བ་ལས་ཉམས་པ་མེད་པའོ། ། ཚུལ་ཁྲིམས་ཉམས་པ་མེད་པ། "སྟོབས་བཅུ་ཐོབ་ནུས་པའི་སྤྱོད་ཡུལ་ཉམས་ཤིང་དེ་ལ་གནས་པས་ཚུལ་ཁྲིམས་ཉམས་པ་མེད་ལ།"[༤] ཞེས་དང་། "སྤྱོད་ཡུལ་ནི་ལྟུང་བ་ཐམས་ཅད་སྤངས་པའི་ཕྱིར་ཚུལ་ཁྲིམས་ཉམས་པ་མེད་པར་གནས་པར་གྱུར་པ་ཡིན་ནོ། །"[༥]ཞེས་གསུངས་པས། ལྟུང་བ་མེད་པའི་ཚུལ་ཁྲིམས་ལས་ཉམས་པ་མེད་པའོ། ། ཡེ་ཤེས་ཉམས་པ་མེད་པ། "ཉམས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འཆི་མེད་དོ། །"[༦]ཞེས་དང་། "བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་དེ་ཁོ་ན་ཉིད་དུ་ཉམས་པ་དང་། འཕེལ་བ་མེད་དོ། །"[༧]ཞེས་གསུངས་པས། དེ་ཁོ་ན་ཉིད་དུ་ཉམས་པ་མེད་པའོ། ། སེམས་བསྐྱེད་ཉམས་པ་མེད་པ། "བདག་ལ་བསྟོད་པ་དང་། རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་རྟོགས་པ་ལས་ཉམས་པ་མེད་པས་དེ་ཉིད་ཀྱི་ཕྱིར་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར་ཏེ།"[༨] ཞེས་གསུངས་པས། རྟོགས་པ་ལས་ཉམས་པ་མེད་པའོ། ། གཞན་ཡང་ཉམས་པ་མེད་པའི་དཔེ། "ཚིག་ཉམས་པ་མེད་པས་ན་མཁས་པའོ། །"[༩]ཞེས་དང་། "ཉམས་པ་མེད་པར་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་བཟོད་པར་གྱུར་པའི་དམིགས་པ་བསྟན་པའི་ཕྱིར།"[༡༠] ཞེས་དང་། "མངོན་པར་འདོད་པའི་དོན་ལས་རྟག་ཏུ་ཉམས་པ་མེད་པ་འདི་མཉམ་གཞག་ཡིན་པར་ཤེས་པར་བྱའོ། །"[༡༡]ཞེས་དང་། "ཉམས་པ་མེད་པར་ཆོས་སྟོན་པའི་ཕྱིར་མཐོང་བའི་ལམ་ལ་སོགས་པའི་བདུད་རྩི་སྦྱིན་པར་བྱེད་པས་ལྷ་དང་མི་རྣམས་དགའ་བར་བྱེད་པར་འགྱུར་རོ། །"[༡༢]ཞེས་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༤བ-༡༥ཀ
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༤བ
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༣༤ཀ
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ ༡༣༤
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༡༤༤
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༣༧
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༩༨
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༩༨
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༡༢༦
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༠
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༡༣༦
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༡༡༨