ཉན་ཐོས་ལུགས་ཀྱི་དཔྱད་ཞིབ་

ཡོང་ཁུངས་Wikipedia

ནང་དོན་གཙོ་བོ། ཉན་ཐོས་སྡེ་བའི་ལུགས་ཀྱི་གྲུབ་མཐའི་གྱེས་པ། དེ་འཛིན་པའི་སློབ་དཔོན་རྣམས་ཀྱི་བྱུང་བ་ཉུང་བསྡུས། ཐེག་པ་གོང་འོག་གི་མངོན་པའི་ཆོས་བོད་དུ་ཇི་ལྟར་དར་ཚུལ།

དེ་ལ་འདིར་རྒྱལ་བ་ཤཱཀྱ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་འདི་མི་མཇེད་འཇིག་རྟེན་དུ་དར་ནས་གདུལ་བྱ་སེམས་ཅན་གྱི་ཚོགས་གཉིས་ཡོངས་སུ་སྨིན་ནས་རྣམ་གྲོལ་ངེས་ལེགས་ཀྱི་ས་ལམ་རིམ་གྱིས་དང་ཐོད་རྒལ་ཅི་རིགས་ཀྱིས་ཐོབ་པའི་སྐལ་བཟང་གི་དུས་ཚིགས་ནི་འབུམ་ཊཱིཀ་ལས་བསྟན་པ་བཞིན་ལོ་ངོ་ལྔ་སྟོང་ལ་གནས་པའི་བསྟན་པའི་གནས་ཚད་ལུང་དུ་བསྟན་པའོ། །དེ་ཡང་བདེ་བར་གཤེགས་པས་འཁོར་ལོ་གསུམ་གྱི་ཆོས་དང་ཐེག་པ་གསུམ་གྱི་ཆོས་བསྟན་པ་མཐའ་དག་ལུང་རྟོགས་ཀྱི་ཆོས་གཉིས་སུ་འདུས་ཤིང་། དེ་འཛིན་པ་ནི་གྲུབ་མཐའ་སྨྲ་བ་བཞི་སྟེ། ཐེག་ཆེན་དབུ་སེམས་གཉིས་དང་ཐེག་དམན་བྱེ་མདོ་གཉིས་ལས་གཞན་དུ་མེད་དེ། རྒྱུད་རྡོ་རྗེ་རྩེ་མོ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པ་ལྟར་རོ། །

དེས་ན་ཡུལ་ཝ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཡན་ལག་ཏུ་གྱུར་པའི་ཆོས་ཀྱི་རྣམ་གྲངས་བཀྲལ་བའི་ཐེག་པ་དམན་པ་ཉན་ཐོས་བྱེ་བྲག་སྨྲ་བའི་གྲུབ་མཐའ་འཛིན་པ་ནི། ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་རྒྱ་གར་ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་སྨྲ་བའི་སྡེ་ཁག་ཅིག་དང་། ཁ་ཆེ་བ་དང་བོད་དང་སོག་པོ་སོགས་མི་རིགས་སྣ་ཚོགས་པའི་སྡེ་སྣོད་འཛིན་པ་དག་གིས་གཅིག་ལྕོགས་སུ་བཟུང་བའི་རིག་པའི་སྒྲོམ་གཞི་ཞིག་ཡིན་ཞིང་། ཆོས་ལུགས་ཀྱི་ངོ་བོ་ཧ་ཅང་དར་ཁྱབ་ཆེ་ལ་རིས་སུ་མ་ཆད་པའི་ཡོངས་ཁྱབ་ཀྱི་གྲུབ་མཐའ་ཞིག་ཏུ་གྱུར་ནས་ད་ལ་ཐུག་ཡོད།

ཉན་ཐོས་སྡེ་བ་བཅོ་བརྒྱད་གྱེས་ཚུལ་གྱི་བཤད་པ་མང་ཡང་ཚད་ལྡན་གྱི་གཞུང་ལ་ལར་འབྱུང་བ་ལྟར་བྱས་ན། ཐོག་མར་ཕལ་ཆེན་སྡེ་དང་ཡོད་སྨྲ་སྡེ། གནས་བརྟན་སྡེ་དང་མང་པོས་བཀུར་བའི་སྡེ་སྟེ་རྩ་བའི་སྡེ་བཞི་བྱུང་།

ཕལ་ཆེན་སྡེ་ལས། ཤར་གྱི་སྡེ་དང་ནུབ་ཀྱི་སྡེ། གངས་རིའི་སྡེ་དང་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ། རྟག་པར་སྨྲ་བའི་སྡེ་དང་ལྔ་གྱེས། ཡོད་སྨྲ་སྡེ་ལས། གཞི་ཀུན་པའི་སྡེ་དང་འོད་སྲུངས་སྡེ། ས་སྲུངས་སྡེ་དང་ཆོས་སྲུངས་སྡེ། མང་ཐོས་སྡེ་དང་གོས་དམར་སློབ་པའི་སྡེ། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་སྟེ་བདུན་གྱེས།

གནས་བརྟན་སྡེ་ལས། རྒྱལ་བྱེད་ཚལ་ན་གནས་པའི་སྡེ་དང་འཇིགས་བྱེད་ན་གནས་པའི་སྡེ། གཙུག་ལག་ཁང་ཆེན་ན་གནས་པའི་སྡེ་སྟེ་གསུམ་གྱེས། མང་བཀུར་སྡེ་ལས། ས་སྒྲོགས་རིས་སྡེ་དང་སྲུང་བའི་སྡེ། གནས་མ་བུའི་སྡེ་སྟེ་གསུམ་གྱེས་པས་ཉན་ཐོས་སྡེ་བ་བཅོ་བརྒྱད་བྱུང་བ་དེ་དག་གིས་བཟུང་བའི་གྲུབ་མཐའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཡིན་ཏེ།


སློབ་དཔོན་དུལ་བ་ལྷས། ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་ལས་ངེས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་གྱེས་པ་ནི་མཁན་པོའི་རུས་མིང་དང་ལྟ་བ་དང་གནས་ཡུལ་སོགས་ལ་བརྟེན་ནས་གྱེས་པ་ཡིན་པ་གསལ་ལོ། །


བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བ་དེ་དག་གི་ཁྲོད་སློབ་དཔོན་དབྱིག་གཤེས་དང་ཆོས་སྐྱོབ། སངས་རྒྱས་ལྷ། ཁ་ཆེ་འདུས་བཟང་སོགས་ནི་ལུགས་འདིའི་བརྒྱུད་འཛིན་མཁས་པ་གཙོ་གྲས་སྐོར་ཡིན་པ་དང་། ལུགས་འདིས་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ཆེན་པོ་གཉིས་གཞུང་ལུགས་ཀྱི་རྒྱབ་རྟེན་དུ་བཟུང་ནས་གྲུབ་མཐའ་སྨྲ་བ་དང་། མངོན་པ་སྡེ་བདུན་བཀའ་སྒྲུབ་ཀྱི་རིང་ལུགས་གཅེས་པར་འཛིན་པས་མདོ་སྡེ་པ་དང་མང་དུ་བརྩད་ཡོད་དེ། འདིའི་ལུགས་ལ། མངོན་པ་སྡེ་བདུན་བཀའ་མིན་ན་སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་གསུམ་མི་ཚང་བར་ཐལ་བས་ཐོག་མར་སངས་རྒྱས་ཀྱིས་གསུངས་པ་དེ་དགྲ་བཅོམ་བདུན་གྱིས་བསྡུས་པར་འདོད་ཀྱང་། མདོ་སྡེ་པ་རྣམས་ན་རེ། ཉན་ཐོས་འོད་སྲུངས་ཀྱིས་རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་གཞག་སིལ་བུར་བསྡུས་པས་སྡེ་སྣོད་གསུམ་ཚང་ཞིང་། མངོན་པ་སྡེ་བདུན་དུ་འདུས་མ་བྱས་རྫས་གྲུབ་ཏུ་སྨྲ་བ་སོགས་རིགས་པ་དང་འགལ་བ་དུ་མ་སྣང་བས་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྡུས་པ་ནི་མ་ཡིན་གྱི་དགྲ་བཅོམ་པ་དག་གིས་བྱས་པ་ཡིན་ཞེས་འདོད་པ་སྟེ། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་གཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་བྱ་བ་ནི་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱི་གཞུང་ལས་བྱུང་བ་སྡོམ་དུ་བསྡུས་པའོ། །


བྱེ་སྨྲ་ནི། དགྲ་བཅོམ་པ་དང་སངས་རྒྱས་ལ་ཡང་ལས་ཀྱི་རྣམ་སྨིན་སྣ་ཚོགས་མྱོང་བ་ཡོད་པར་འདོད་དེ། འཕགས་པ་སྒུར་ཆུང་ཐལ་སྐྱ་གསོལ་ཏེ་གྲོངས་པ་དང་། འཕགས་པ་འཆར་ཀ་གཟུགས་འཚོང་མའི་གནས་སུ་དབུ་བཅད་དེ་བཀྲོངས་པ་དང་། རང་སངས་རྒྱས་དུག་མདས་བཀྲོངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དང་། སྐུ་རོ་རྒྱབ་བསྙུང་བ་དང་། ལྷས་བྱིན་གྱིས་འཕྲུལ་འཁོར་གྱི་སྒྱོགས་ཀྱི་ཆ་ཤས་ཕོག་པས་སྐུ་མཚལ་ཕྱུང་བ་ལ་སོགས་པའང་མདོ་དེ་དང་དེ་ལས་འབྱུང་བའི་ཕྱིར་ཟེར་རོ། །དེ་ཡང་མདོ་ལ་ངེས་དོན་གྱི་མདོ་ཡིས་ཁྱབ་པ་དང་ས་བཅུའི་རྣམ་གཞག་དང་ཞིང་ཁམས་དང་། རྣམ་པ་དང་རང་རིག མེད་དགག་དང་བག་ཆགས་སོགས་ཁས་མི་ལེན་པ་དང་། འདུས་བྱས་ཀྱི་མཚན་ཉིད་བཞི་དང་ཐོབ་པ་དང་མ་ཐོབ་པ། བརྟག་མིན་འགོག་དང་མི་སྐྱེ་བའི་ཆོས་ཅན་གྱི་འདུས་བྱས་ཁས་ལེན་པ་སོགས་ཐེག་པ་ཐུན་མིན་གྱི་འདོད་ཚུལ་བྱེ་བྲག་པ་ཡོད་དོ། །


བྱེ་བྲག་སྨྲ་བ་ཞེས་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོའམ་བྱེ་བྲག་བཤད་མཛོད་ཀྱི་རྗེས་སུ་འབྲངས་ཏེ་སྨྲ་བས་སམ། འོན་ཏེ་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་གྲུབ་མཐའི་མིང་ཐོགས་པའི་རྗེས་གྲུབ་ཀྱི་ཁུངས་འཚོལ་ཚུལ་ཐ་དད་ཀྱང་གཙོ་རྒྱུག་འཐད་ཕྱོགས་སུ་ཕྱི་མ་ཉིད་འཛིན་པའོ། །འོན་ཀྱང་བྱེ་བྲག་སྨྲ་བས་ཀུན་ཏུ་དུས་གསུམ་རྫས་གྲུབ་ཏུ་འདོད་ཀྱང་འདོད་ཚུལ་མི་འདྲ་སྟེ། སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བ་ལས། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། །དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད་དེ་དག །རྣམ་གཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །ཞེས་དང་དེའི་རང་འགྲེལ་དང་མཛོད་འགྲེལ་གཞན་རྣམས་སུའང་གསལ་བའི་ཕྱིར་རོ། །


དེ་ཡང་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་པོ་ནི་སྟོན་པའི་གཏད་རབས་བདུན་གྱི་ནང་ཚན་འཕགས་པ་ཉེར་སྦས་དང་ཁོང་གི་སློབ་མ་ཟླ་བ་ནོར་བུ་སོགས་དགྲ་བཅོམ་པ་ལྔ་བརྒྱས་རྒྱ་གར་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་བརྩམས་ཤིང་། གཞུང་དེ་ལ་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད་པ་དང་། བསྟན་བཅོས་འདི་ནི་བྱེ་བྲག་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་འཐུས་ཚང་དུ་སྟོན་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་མོད། བསྟན་པ་སྔ་དར་དང་ཕྱི་དར་གང་དུའང་བོད་དུ་མ་བསྒྱུར་བར་ལུས། རྒྱའི་ལོ་ཙཱ་བ་བློ་བཟང་ཆོས་འཕགས(法尊法师 ༡༩༠༢ - ༡༩༨༠)ལགས་ཀྱིས༡༩༤༥-༡༩༤༩ལོའི་བར་ལོ་ངོ་བཞིའི་ནང་བམ་པོ་ཉིས་བརྒྱའི་བདག་ཉིད་ཅན་གྱི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བོད་ཡིག་ཏུ་རྫོགས་པར་བསྒྱུར་ཟིན་ནའང་ད་ལྟའི་བར་པར་དུ་བརྐོ་མ་ཐུབ་པར་ལུས་ཡོད་པར་གྲགས།


དེ་ཡང་རྒྱ་གར་དུ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་དར་བ་དང་དུས་མཚུངས་སུ། ཉན་ཐོས་ཀྱི་བསྟན་པ་བསྟན་པ་གསལ་བར་བྱེད་པའང་། གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེན་པོ་དང་། ཝ་རཱ་ཎ་སིར་བྱེ་སྨྲའི་བཙུན་པ་སངས་རྒྱས་ལྷ། ཀརྨི་རར་མདོ་སྡེ་བའི་བཙུན་པ་དཔལ་ལེན་སོགས་བྱུང་ངོ་། །དེ་ལྟར་ཆོས་སྐྱོབ། དབྱངས་སྒྲོགས། དབྱིག་གཤེས། སངས་རྒྱས་ལྷ་སྟེ་བཞི་པོ་སོ་སོར་སློབ་མ་འབུམ་ཕྲག་བགྲངས་པ་ཡོད་པས་ཆེན་པོ་བཞི་ཞེས་གནས་དེ་གར་སྙན་གྲགས་ཤིན་ཏུ་རྒྱས་པས་ཡུལ་གྲུ་ཀུན་ཏུ་གྲགས་སོ། །


དེའི་རྗེས་ཤིག་ཏུ་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་བྱུང་ཞིང་། ཐོགས་མེད་ཀྱིས་ཐེག་ཆེན་གྱི་ཆོས་རབ་ཏུ་སྤེལ་ཏེ་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་གཉིས་གསུམ་ཙམ་བྱུང་བར་གྲགས་པས་ཐེག་ཆེན་བསྟན་པའི་བདག་པོ་ཟླ་མེད་པར་གྱུར་ཏེ། སྔོན་ཀླུ་སྒྲུབ་སོགས་ཀྱི་དུས་ཀྱང་ཐེག་ཆེན་ཤིན་ཏུ་དར་བ་ཡིན་མོད་ཀྱི། ཐེག་ཆེན་པའི་དགེ་སློང་ཁྲིར་ལོང་བར་མ་བཤད་པའི་ཕྱིར་རོ། །ཁྱད་པར་དུ་སློབ་དཔོན་འདིས་ཐེག་ཆེན་མངོན་པའི་སྡེ་སྣོད་ཤེས་པ་སུ་ཡང་མ་བྱུང་བར་གསལ་བར་མཛད་པ་དང་ཐེག་ཆེན་གྱི་ཆོས་གཞི་གྲངས་མེད་པ་བཙུགས་པ་སོགས་བྱས་སོ། །


དེ་ཡང་ཁོང་གི་གཅུང་སྟེ། མཛོད་རྩ་བ་དང་དེའི་རང་འགྲེལ་གྱི་མཛད་པ་པོ་སློབ་དཔོན་དབྱིག་གཉེན་ནི། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་སྟེ་བསྟན་པ་ཆེས་ཆེར་ཉམས་དམས་སུ་གྱུར་པ་ན། བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་སྟེ་བོད་སྐད་དུ་གསལ་བའི་ཚུལ་ཁྲིམས་ཞེས་པ་སྔོན་ཡུན་རིང་བོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རྒྱལ་བའི་བསྟན་པ་གསོ་བའི་སྨོན་ལམ་གྱི་མཐུ་ཅན་ཞིག་མཆིས་པ་དེའི་སེམས་ལ་བསྟན་པའི་རྩ་བ་མངོན་པ་ཡིན་པ་ལ་དགྲ་ལན་གསུམ་བྱུང་བས་བསྣུབས་པ་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས། ལུས་ལ་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་ནས་བྲམ་ཟེ་དང་འདུས་པ་ལས་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོ་དེར་སློབ་དཔོན་དབྱིག་གཉེན་ཉིད་སྐུ་འཁྲུངས། དེ་ནས་རིམ་བཞིན་ནཱ་ལེནྡྲ་སྟེ་བོད་སྐད་དུ་རྒྱུན་སྟེར་རམ་འདམ་བུས་བྱིན་དུ་གྲགས་པའི་གནས་དེ་ཉིད་དུ་རབ་ཏུ་བྱུང་། སློབ་དཔོན་ཁོང་གིས་བྱེ་བྲག་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སོགས་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་པོའི་དྲུང་དུ་གསན་ནས་ནང་བྱན་ཆུབ་པར་བྱས་ནས་ཡུལ་དེ་ཉིད་དུ་འཆད་ཉན་རྒྱ་ཆེར་སྤེལ་བ་དང་། དེ་ནས་ཡུལ་དབུས་སུ་འབྱོན་ཙ་ན་གནོད་སྦྱིན་དང་ཆོམ་རྐུན་གྱིས་ལན་གསུམ་ལ་གླེགས་བམ་དང་ལྷ་རྟེན་སོགས་འཕྲོག མཐར་སྡེ་སྣོད་ཐུགས་སུ་ཆུད་པ་འཕྲོག་པར་མི་ནུས་སྙམ་ནས་དེ་ལྟར་བྱོན་ནས་མ་ག་དྷར་ཕེབས་ཏེ་ཆོས་མང་དུ་སྤེལ། དེའི་རྗེས་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་གླེགས་བམ་ལ་གཟིགས་པས་ཐེག་ཆེན་གྱི་ཆོས་ཐུགས་སུ་མ་ཆུད་ཅིང་། ལྷག་པའི་ལྷ་ལས་གསན་པ་སོགས་ལ་ཡིད་མ་ཆེས་པས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་སོགས་ཀྱིས་ཐེག་ཆེན་པ་དང་དེའི་ཆོས་ལ་བསྐུར་ལ་བཏབ་པ་གཅེན་ཐོགས་མེད་ཀྱིས་གསན་ཅིང་དེ་བཟློག་པར་བྱས། མཐར་ཐེག་ཆེན་གྱི་ཆོས་ལ་དད་པར་གྱུར་ཏེ། ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་སྡོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སངས་པ་མེད། །ཅེས་གསུངས་པ་སོགས་མཐར་རྗེ་བཙུན་བྱམས་པ་ལ་དངོས་སུ་མ་མཇལ་ཡང་ཐེག་ཆེན་གྱི་ཆོས་མང་དུ་མཛད།


དེ་ལྟར་སློབ་དཔོན་དབྱིག་གཉེན་ནི། འཇམ་དཔལ་རྩ་རྒྱུད་ལས། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སངས་རྒྱས་བསྟན་ལ་གཙོ་བོ་བྱེད། །ཅེས་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པ་ཇི་བཞིན། བདེ་བར་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བའི་དུས་སུ་ལུང་རིགས་ཀྱིས་ཕྱུག་ཅིང་མཛད་འཕྲིན་སངས་རྒྱས་ལས་ཀྱང་དར་བར་གྲགས་པའི་ནཱ་ལེཎྡྲའི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་མ་ཟད། སྐབས་དེ་ཤེད་དུ་རྒྱ་གར་ཤར་ནུབ་ཀུན་ཏུ་ཁོང་གི་ཞབས་ལ་མ་གཏུགས་པའི་མཁས་པའི་ཅོད་པཎ་ཅན་མེད་པར་གྲགས་ཤིང་། ཁོང་གི་དངོས་སློབ་ལ་འདུལ་བ་ལ་མཁས་པ་སློབ་དཔོན་ཡོན་ཏན་འོད་དང་། མངོན་པ་ལ་མཁས་པ་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པ་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པ་འཕགས་པ་རྣམ་གྲོལ་སྡེ་བཅས་བཀའ་བཞི་རང་ལས་མཁས་པའི་སློབ་དཔོན་ཆེན་པོ་དེ་དག་ཀྱང་བྱུང་།


ཁ་ཆེ་བྱེ་བྲག་སྨྲ་བའི་གྲུབ་མཐའ་དེའི་ལུགས་གཙོར་བཞག་བྱས་ཏེ་མངོན་པ་མཛོད་ཀྱི་རྩ་བ་མཛད་དེ་སྐྱེས་དང་བཅས་ཏེ་སློབ་དཔོན་འདུས་བཟང་ལ་སྤྲིངས་པ་ལ། དེ་གའི་སློབ་མ་རྣམས་ཀྱི་ལོ་གྲག་ཟེར་གསུམ་སྦྱར་བ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ། །ཞེས་སྨྲས་ཙ་ན། སློབ་དཔོན་གྱིས་ཁོང་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་གསུངས་ཤིང་། ཤིན་ཏུ་ཐུགས་མཉེས་ནས་འདི་ལ་མདོ་དང་མཐུན་པའི་འགྲེལ་བ་ཞིག་མཛད་པར་བསྐུལ་མ་བྱས། དེའི་ཕྱིས་བཀའ་འཁོར་ལོ་དང་པོ་བསྟན་པའི་གཞིར་བཟུང་ནས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཏན་ལ་འབེབས་པ་མཛོད་ཀྱི་རང་འགྲེལ་བཅས་མཛད་ནས་འཐད་ཕྱོགས་དྲང་འཛིན་དང་མི་མཐུན་ཕྱོགས་དགག་ཕྱོགས་སུ་བཟུང་ནས་གྲུབ་མཐའ་དེའི་ལུགས་ལ་གཞན་དྲིང་མིན་པའི་འབུར་དོད་ཀྱི་ཁྱད་ཆོས་ཐིངས་སུ་བཅུག་ཡོད་དོ། །དེ་ནས་སློབ་དཔོན་འདུས་བཟང་ལ་བསྐུར་བ་ལ་ཁོང་གིས་གཟིགས་རྗེས་ཐུགས་མ་མཉེས་པར་ཚར་གཅོད་པ་དང་ཁོང་རང་ལ་རང་གི་ལག་པས་གསུབ་ཏུ་འཇུག་དགོས་གསུངས་ཏེ་བསྟན་བཅོས་ལན་གྱི་ཕུང་བོའང་མཛད་པར་གྲགས།


རང་རེའི་ཆོས་འབྱུང་ཕལ་མོ་ཆེའི་ནང་དུ་སློབ་དཔོན་འདུས་བཟང་ཐུགས་མ་མཉེས་ནས་འཁོར་དང་བཅས་པ་རྩོད་པའི་ཆེད་དུ་མ་ག་དྷར་འབྱོན་པར་ཆས་པ་ན། དེ་སློབ་དཔོན་དབྱིག་གཉེན་གྱིས་གསན་ནས་བལ་ཡུལ་དུ་བྱོན་པ་ཡིན་ཞེས་འཁོད་པ་ལ། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། འདུས་བཟང་མ་ག་དྷར་བྱོན་པའི་གཏམ་གསལ་བོ་རྒྱ་གར་ན་མེད་ཅིང་། དབྱིག་གཉེན་བལ་ཡུལ་དུ་བྱོན་པའི་དུས་ན་འདུས་བཟང་སྐུ་འདས་ནས་ལོ་མང་བོ་ལོན་པར་མངོན་ནོ། །ཞེས་གསུངས་པས་དཔྱད་རྒྱུ་ཡོད་པ་འདྲའོ། །


མཐར་ཁྱིམ་བཙུན་ཧང་ངུ་ཞེས་པས་ཆོས་གོས་གྱོན་ནས་ཞིང་རྨོ་བ་དང་ཆང་གི་བུམ་པ་ཐོགས་པ་སོགས་མཐོང་ནས་སངས་རྒྱས་ཀྱི་བསྟན་པ་ནུབ་འདུག་སྙམ་དུ་ཐུགས་ཕྱུང་སྟེ་དགེ་འདུན་རྣམས་ཀྱི་དབུས་སུ་ཐ་མའི་ཆོས་བསྟན་ཅིང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུང་མགོ་མཇུག་བཟློག་ནས་བཟླས་པས་དེ་ཉིད་དུ་སྐུའི་བཀོད་པ་བསྡུས་སོ། །


མདོར་ན་ཁོང་གིས་སྐུ་ཚེ་སྟོད་དུ་ཐེག་དམན་གྱི་གཞུང་ལུགས་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་། བར་དུ་ཐེག་ཆེན་ཆོས་ཀྱི་བཀའ་འགྲེལ་གླེགས་བམ་སུམ་ཅུ་རྩ་གྲངས་སུ་ལོངས་པ་མང་དུ་བརྩམས་ཤིང་། འཕགས་པ་ཐོགས་མེད་མྱ་ངན་འདས་རྗེས་དཔལ་ནཱ་ལེཎྡྲའི་མཁན་པོ་མཛད་དེ་ཆོས་ཐུན་ཉི་ཤུ་རེ་འཆག་མེད་གནང་བ་དང་། མུ་སྟེགས་ཅན་སོགས་ཚར་བཅད་པ་དང་། བསྟན་བཅོས་རྩོམ་པ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱིས་དུས་འདའ་བར་མཛད་པའི་འཛམ་གླིང་མཁས་པའི་ཆེ་དགུ་ཅན་དུ་རྣམ་པར་གྲགས་སོ། །ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་རྣམ་གྲངས་མང་ཡང་རེ་ཞིག་བསྐྱུངས་སོ། །


ཐེག་པ་གོང་མ་སེམས་ཙམ་པའི་ལུགས་སུ་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་བརྩམས་པ་སོགས་དང་། ཐེག་དམན་བྱེ་བྲག་སྨྲ་བའི་ལུགས་སུ་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་བརྩམས་པ་སོགས་སྐུ་མཆེད་གཉིས་ཀྱིས་མངོན་པའི་སྡེ་སྣོད་ཐེག་པ་གོང་འོག་གཉིས་ཀྱི་ལུགས་སུ་བཀྲལ་ཚུལ་བྱུང་ཞིང་། མངོན་པ་མཛོད་བརྩམས་པ་ནི་བྱེ་བྲག་སྨྲ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཁ་ཇེ་གསལ་དུ་བྱས་པ་ལས་གཞན་གྲུབ་མཐའི་ངོ་བོ་ལ་དག་སེལ་བྱས་པ་ཞིག་ཀྱང་སྟེ། སློབ་དཔོན་གྱིས། གྲུབ་མཐའི་སྒྲོ་བཏགས་སོགས་རིགས་པ་དང་འགལ་བ་རྣམས་དེ་མ་ཐག་སུན་འབྱིན་བྱས་ཤིང་། རིགས་པ་དང་མཐུན་པ་རྣམས་གསལ་འགྲེལ་བྱས་ཡོད་པས་སོ། །


སྤྱིར་མངོན་པ་ནི་གཞུང་ལུགས་པོ་ཏི་གཞན་རྣམས་ལས་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ངོ་བོ་དང་དབྱེ་བ། དམིགས་པ་དང་འཐོབ་ཚུལ་སོགས་དེ་འབྲེལ་གྱི་ཤེས་བྱའི་མ་ལག་འཐུས་ཚང་དུ་སྟོན་པའི་རིག་གཞུང་ཞིག་ཡིན་པ་དང་། སྒོས་སུ་སེམས་དང་སེམས་བྱུང་སོགས་རྣམ་ཤེས་དང་སེམས་ཀྱི་རྒྱུ་བ་གསལ་བར་བཤད་པ་ནི་མངོན་པ་ལས་གཞན་མ་མཆིས་ཤིང་། ལྷག་ཏུ་མངོན་པ་མཛོད་དུ་སྣོད་བཅུད་ཀྱི་རྣམ་གཞག་སྟེ། གསུང་རབ་ཀྱི་ཁྲོད་ནས་འཇིག་རྟེན་ངོས་འཛིན་དང་དེའི་གྲུབ་ཚུལ། ད་ལྟའི་ཆར་ཚན་རིག་དང་མཐུན་པ། ཡང་ན་ལྟག་སྤྲོད་དུ་གྱུར་པ་སོགས་མདོར་ན་བརྟག་དཔྱད་ཀྱི་གཞིར་ལོང་བའི་སྣོད་བཅུད་གཉིས་ཀྱི་རྣམ་གཞག་བསྟན་ཡོད་པ་དང་། རྒྱུ་ལས་ཀྱི་འཇིག་རྟེན་སྣ་ཚོགས་ལས་འབྲས་བུ་རྣམ་སྨིན་བདེ་སྡུག་གི་མྱོང་གྲུབ། ཟག་བཅས་ཉོན་མོངས་པའི་ནག་ཉེས་དང་། ཟག་མེད་ཡེ་ཤེས་ཀྱི་ཕན་ཡོན། དེ་དོན་དུ་གཉེར་བའི་སོ་སྐྱེས་དང་འཕགས་པ། འཐོབ་བྱ་མཐར་ཐུག་ཐོབ་པའི་གང་ཟག་གི་སྤངས་རྟོགས་ཀྱི་ཡོན་ཏན་སོགས་དང་། ཀུན་ཉོན་ཕྱོགས་ཀྱི་བདེན་པ་གཉིས་དང་རྣམ་བྱང་ཕྱོགས་ཀྱི་བདེན་པ་གཉིས་ཏེ། སྡུག་བསྔལ་བདེན་པ་དང་དེའི་རྒྱུ་ཀུན་འབྱུང་བདེན་པ། དེ་སྤངས་པའི་འགོག་བདེན། སྤོང་བྱེད་ལམ་གྱི་བདེན་པ་རྣམས་ཀྱི་ངོས་འཛིན་དང་དེ་བསྒོམ་ཚུལ་རྣམས་བསྟན་པ་དང་། བསྟན་པའི་གནས་ཚད་དང་སེམས་ཅན་གྱི་སྐྱེ་འཇིག རྡུལ་ཕྲན་ཕྲ་མོའི་སྟེང་གི་འཇིག་རྟེན་འཇོག་སྟངས་སོགས་ཀྱང་གང་དང་ཡང་མ་འདྲེས་པར་གསུངས་ཡོད་དོ། །


དེ་ཡང་ཆོས་ཐམས་ཅད་ཚུར་བསྡུས་ན་ཤེས་བྱ་གཞི་ལྔར་འདུས་པ་དང་། ཕར་དབྱེ་ན་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དུ་དབྱེ་བ་དང་། དེ་ལས་འདུས་བྱས་མཐའ་དག་ཕུང་པོ་ལྔར་དབྱེ་བ་སོགས་དབྱེ་བསྡུའི་རྣམ་གྲངས་མཛད་ཚུལ་འདིས་ཀྱང་རིག་གཞུང་རྩོམ་ལུགས་དང་འཛིན་ཚུལ་གྱི་སྒྲིག་གཞི་གཞན་ཞིག་ཀྱང་བསྟན་ཡོད་དོ། །


མངོན་པ་མཛོད་སྨྲ་བ་ནི། གཙོ་བོ་གཞུང་ལུགས་སྔ་ཕྱིའི་འབྲེལ་དང་སློབ་དཔོན་རྣམས་ཀྱི་བཞེད་སྒྲོས། ལུང་དང་རིགས་པའི་རྒྱབ་ཤ་མཐུག་པོ་ཞིག་ལས་འཛིན་དགོས་པའི་གྲུབ་མཐའ་ཞིག་ཡིན་པ་ལས། ཚད་མ་རིག་པ་ལྟར་རྣམ་དཔྱོད་ཀྱི་མཐུ་ལས་བློ་གྲོས་མྱུར་མིན་ལ་གཙོ་བོར་རག་ལས་པ་ཞིག་མ་ཡིན་ནོ། །ལྷག་ཏུ་གྲུབ་མཐའ་གང་ཡིན་ཡང་རང་ལུགས་ཀྱི་ཆོས་སྐད་ཐུན་མིན་ཡོད་པ་ལྟར། འདིར་ཡང་དོན་དང་ཐ་སྙད་ཀྱི་བཞེད་མཚམས་མི་གཅིག་པ། དོན་གཅིག་ཀྱང་གྲུབ་མཐའ་རང་ལམ་ནས་ཐ་སྙད་བསྙད་ཚུལ་མི་མཚུངས་པ། གྲུབ་མཐའ་གཞན་ལུགས་ལྟར་ཐ་སྙད་གཅིག་པའི་ཆོས་ལའང་དོན་གོ་བའི་ཧེ་བག་ཤོར་བ་སོགས་ཀྱི་ཁྱད་པར་མང་དུ་ཡོད་པ་ནི་གལ་འགངས་ཆེ་བའི་ཤེས་བྱའོ། །


སྤྱིར་བྱེ་བྲག་སྨྲ་བའི་སློབ་དཔོན་དང་གྲུབ་མཐའི་རྣམ་གཞག་གོང་སྨོས་ལྟར་ཡིན་པ་ལ། བོད་དུ་ཐེག་པ་ཆེ་ཆུང་གི་མངོན་པའི་སྡེ་སྣོད་ཇི་ལྟར་དར་ཚུལ་ནི། བོད་རང་གི་ལོ་ཙཱ་བ་དང་པཎྚི་ཏ་རྣམས་ཀྱིས་ཤེས་བརྩོན་གྱི་སྟོབས་ལས་རྒྱ་གར་ནང་བསྟན་རིག་པའི་ཆོས་གཞུང་ལས་བསྟན་བཅོས་བོད་བསྒྱུར་བྱས་ནས་རིག་གནས་ནང་འདྲེན་བྱས་པ་ཡིན་ལ། དེ་ཡང་སྔོན་བསྟན་པ་སྔ་དར་གྱི་སྐབས་སུ་པཎྚི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས། གདགས་པ་གསུམ་དང་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཐེག་ཆེན་ལུགས་ཀྱི་མངོན་པ་ཀུན་བཏུས་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉན་ཐོས་ལུགས་ཀྱི་མངོན་པ་མཛོད་རྩ་བ་དང་དེའི་རང་འགྲེལ་དང་། འགྲེལ་བཤད་རྒྱལ་སྲས་མ་སོགས་བོད་དུ་བསྒྱུར་ཏེ་འཆད་ཉན་སྤེལ་བ་དང་། དེ་དག་གི་སློབ་མ་སྣ་ནམ་ཟླ་བའི་རྡོ་རྗེ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། ཡེ་ཤེས་རྒྱལ་བ་སོགས་མཁས་པ་དུ་མ་བྱུང་། ཡེ་ཤེས་རྒྱལ་བ་ཁོང་ཁམས་སུ་བྱོན་ནས་གྲུམ་རྒྱལ་བའི་ཡེ་ཤེས་ལ་བཤད་པ་སོགས་ནས་མངོན་པའི་འཆད་ཉན་གངས་རིའི་རྒྱུད་འདིར་ད་ལྟའི་བར་དར་བར་བྱུང་ངོ་། །


འགོས་ལོ་ཙཱ་བ་གཞོན་ནུ་དཔལ་སོགས་ཀྱིས་བརྒྱུད་པ་འདི་ནས་དར་བ་ནི་མངོན་པ་གོང་མ་ཐེག་ཆེན་གྱི་ལུགས་འདི་ཡིན་ལ། མཛོད་ཀྱི་བཤད་སྲོལ་ལ་བརྒྱུད་པ་བསྟར་ཆགས་པ་འདེད་རྒྱུ་མེད་པར་སྨྲས་ཀྱང་། བཤད་སྲོལ་འདི་ལས་མངོན་པ་ཀུན་བཏུས་གཙོ་ཆེར་དར་བར་བྱུང་སྲིད་མོད་ཀྱི། མཛོད་འགྲེལ་བ་དང་བཅས་པའང་འདི་ལས་ངེས་པར་བྱུང་དགོས་ཏེ། ཀུན་མཁྱེན་བུ་སྟོན་སོགས་མཁས་པ་ཐམས་ཅད་ཀྱིས་བརྒྱུད་ཁུངས་འདི་ཉིད་གཙོ་བོར་སྨྲོས་པའི་ཕྱིར་རོ། །

ཡང་ན་རོ་པའི་སློབ་མ་པཎྚི་ཏ་སྨྲྀ་ཏི་ཛྙཱ་ན་བོད་དུ་བྱོན་ནས་ཁམས་ཀྱི་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་མཛད་པའི་ཚེ་མཁས་བཙུན་མང་དུ་འདུས་པས་མངོན་པ་འོག་མའི་བསྟན་པ་གཞི་བཞེངས་སུ་བཏིང་སྟེ། དེའི་སློབ་མ་གཡས་ཆེན་པོ་ཤེས་རབ་གྲགས་སོགས་ཀྱིས་དབུས་གཙང་ཁམས་གསུམ་དུ་སྤེལ་བས་མཛོད་ཀྱི་བཤད་པ་གཙོ་བོར་དར་བ་ནི་འདི་ལས་བྱུང་བ་ཡིན་པར་འདོད་དོ། །

ཡང་པཎ་ཆེན་ཤཱཀྱ་ཤྲཱིས་ས་སྐྱ་པཎ་ཆེན་ལ་མཛོད་ཀྱི་བཤད་པ་གནང་ཞིང་། ས་པཎ་གྱིས་མནལ་ལམ་དུ་སློབ་དཔོན་དབྱིག་གཉེན་ལས་ཟླ་གཅིག་བར་དུ་གསན་པའི་ཐུགས་ཉམས་བྱུང་བས་བརྒྱུད་པ་འདི་ལས་བྱུང་བའི་བཤད་སྲོལ་ཁྱད་པར་དུ་འཕགས་པ་ཡང་ཡོད་དོ། །

སྔ་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་བསྟན་བཅོས་མངོན་པ་གོང་མ་ལ་གླེགས་བམ་གཉིས་དང་། འོག་མ་ལ་གླེགས་བམ་དགུ་ཡོད་པ་དང་། འདི་དག་མངོན་པའི་ལུང་ཁུངས་སུ་བྱེད་དོ་ཞེས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་གསུངས་སོ། །

གང་ལྟར་བོད་ཡུལ་འདིར་མཁས་པ་རྣམས་ཀྱིས་མངོན་པ་ལ་ཐེག་པ་གོང་འོག་གི་ལུགས་ཀྱི་འགྲེལ་བ་སྣ་མང་བརྩམས་ཤིང་། ལྷག་ཏུ་ས་སྐྱའི་དགེ་སློང་མཆིམས་འཇམ་པའི་དབྱངས་ཀྱིས་མཛོད་འགྲེལ་མངོན་པའི་རྒྱན་མཛད་པ་ནས་བཟུང་། ས་དགེ་བཀའ་རྙིང་སོགས་ཆོས་བརྒྱུད་རིས་མེད་ཀྱིས་ཁས་འཆེ་ཞིང་གཟིགས་ཀློག་བགྱི་འོས་པའི་མངོན་པ་འོག་མའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཁ་གསལ་ལ་ཁུངས་བཙུན་པའི་གཞུང་ལུགས་ཚད་ལྡན་ཞིག་གྲུབ་པར་བྱས་པ་འདི་ད་ལྟའི་ཆར་བོད་ཀྱི་རིག་གཞུང་ཞིབ་འཇུག་པ་ཞིག་ལ་མཚོན་ན་མངོན་པ་མཛོད་ཀྱི་རྣམ་གཞག་ཤེས་པ་ལ་མེད་དུ་མི་རུང་བའི་འགྲེལ་བར་ཆགས་ཡོད་པ་བཅས་བོད་དུའང་མཛོད་འགྲེལ་མང་དུ་བྱུང་ཡོད་དོ། །

མཐར་མངོན་པ་ནི་ཆོས་རབ་རྣམ་འབྱེད་ཀྱི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་བརྗོད་བྱར་བྱས་པའི་གཞུང་དེ་ལ་མངོན་པའི་གཞུང་ཞེས་ཟེར་ལ། གཞུང་དེ་དག་གི་ནང་དུ། ཡེ་ཤེས་ཀྱི་ངོ་བོ་དང་དེ་འཐོབ་པའི་རྒྱུ་སོགས་གསལ་བཤད་བྱས་ཡོད་ཅིང་། རིག་གཞུང་དང་གཞུང་ལུགས་རབ་འབྱམས་སྨྲ་བ་དག་དང་ཀུན་ཏུ་འགྲོགས་ཏེ་ཐོས་བསམ་སྒོམ་གསུམ་བྱས་པའི་མཐུ་ལས། ཡེ་ཤེས་དེས་རིགས་ཅན་འགྲོ་བའི་རྨོངས་པ་ཀུན་ཡོངས་སུ་བསལ་ཏེ་རྣམ་གྲོལ་ངེས་ལེགས་ཀྱི་འབྲས་བུ་གཡུར་དུ་ཟ་བ་ཐོབ་པའི་སྨོན་འདུན་དང་བཅས་སོ། །


བྱུང་བསྡུས་འདི་འདྲ་ཞིག་གྲུབ་པ་ལའང་ཟུར་ལྟའི་ཡིག་ཆ་མང་པོ་ཞིག་དགོས་པས་དེ་འབྲེལ་གྱི་ཡིག་ཆ་གཙོ་བོའི་སྐོར་འོས་སྦྱོར་བྱས་ན།


སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཛོད་རྩ་འགྲེལ།

ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།

མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན། (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།)

བུ་སྟོན་ཆོས་འབྱུང་།

རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པའི་མངོན་པ་མཛོད་ཀྱི་འགྲེལ་བཤད།

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་ཕྱོགས་བསྒྲིགས། (ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།)

ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་།

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།

ཆ་རིས་སྐལ་བཟང་ཐོགས་མེད་ཀྱི་པོད་ལྔའི་སྤྱི་བཤད། (ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།)

བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད། ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་བརྩམས།(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།)

ནང་དོན་རིག་པའི་སྤྱི་བཤད། སྙན་བཟང་པ་དགེ་འདུན་གྱིས་བརྩམས། (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།)