ཇོ་གདན་དགོན
རྭ་སྒྲེང་ནས་ཕོ་མདོ་བརྒྱུད་ངར་སྨད་དང་། དེ་ནས་ངར་སྟོད་བར་སྤྱི་ལེ་ཉི་ཤུ་རྩ་བརྒྱད་ཙམ་སོང་ན་ངར་སྟོད་གྲོང་གི་རྒྱབ་རེའི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཇོ་གདན་ཞེས་པ་ནི། སྔོན་དགོན་དེར་ནང་རྟེན་དུ་ཇོ་བོ་རྗེའི་བཞུགས་གདན་རི་དྭགས་ཀྲི་ནའི་པགས་པ་ཞིག་ཡོད་པས་མཚན་དེ་ལྟར་བྱུང་། དགོན་ཕྱག་འདེབས་པ་པོ་ནི་འབྲོམ་སྟོན་པ་ཡིན། དེའང་སྔོན་ངར་སྟོད་ཀྱི་རྫོང་དཔོན་སྡེ་པ་འོད་འཇོ་ཞེས་པས་འབྲོམ་རིན་པོ་ཆེར། ཁྱེད་ཀྱིས་ངའི་གཅེན་པོ་ཕྲང་ཀ་བེར་ཆུང་གིས་ཞུས་པ་ལྟར་རྭ་སྒྲེང་དགོན་པ་ཕྱག་འདེབས་གནང་འདུག ད་ནི་ངའི་ལུང་པའི་ཕུ་འདིར་ཡང་དགོན་པ་ཞིག་ཕྱག་འདེབས་པར་ཞུ་ཞུས་པས། འབྲོམ་གྱིས་ཁྱེད་ཀྱི་རེ་འདོད་ལྟར་དགོན་ཞིག་འདེབས་ཆོག་ཀྱང་ང་ལ་ནང་རྟེན་འཇོག་རྒྱུ་མེད་ཅེས་གསུངས་པས། རྫོང་དཔོན་གྱིས་ངའི་བླ་མའི་བཞུགས་གདན་ཞིག་ཡོད་པས་དེ་ཕུལ་ཆོག་ཞུས་པས་ཇོ་གདན་ཞེས་པ་དེ་ལྟར་བྱུང་། སྔོན་རྭ་སྒྲེང་དགོན་གྱི་དགོན་ལག་ཡིན་པས་དགེ་འདུན་དགུ་གྲྭ་རེ་རྭ་སྒྲེང་ནས་གཏོང་གནང་དགོས། ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ངར། ཞེས་པ་ནི་ཡུལ་ལྷའི་མིང་ཡིན། དེའང་ལྷ་གཡག་སྤུན་གསུམ་ཡོད་པས་ངར་ལྷ་གཡག་པོ་ནི་ལྷ་གཡག་དཀར་པོ་ཞིག་དང་། འགོང་རོང་གཡག་པོ་ནི་གཡག་ཁམས་པ་ཞིག ཞོལ་ལྷ་གཡག་པོ་ནི་གཡག་ཁྲ་ཁྲ་ཞིག་བཅས་གསུམ་ཡོད་པ་ལ་ཚང་མ་བཙུན་པའི་གཟུགས་བརྙན་ཡིན། ངར་ལྷ་གཡག་པོ་ནི་ཞབས་ལ་སྤེན་མ་ཟུག་སྟབས་གནས་དེར་ལུས། གཅིག་འགོང་རོང་ཞེས་པར་ཡོད། གཅིག་ཡུལ་ལྔའི་ནང་ཡོད། དེ་དག་གི་གནས་རི་གསུམ་པོ་ནི་ཕན་ཚུན་གཅིག་གིས་གཅིག་མཐོང་གི་ཡོད་ཅེས་ཟེར།