ཇིང་གུར་རྒྱལ་པོ་

ཡོང་ཁུངས་Wikipedia

༡༽སྤྱིར་ན་འཛམ་གླིང་གི་དམག་འཁྲུག་རབས་དང་རིམ་པ་བྱུང་ཞིང་རྒྱལ་ཕམ་ལེགས་ཉེས་ཀྱི་གནའ་གཏམ་དང་། ཆབ་སྲིད་པ་ཞིག་གི་ངོས་ནས་བསམ་བློ་བཏང་ན་དམག་ ཇུས་ཀྱང་གྲངས་ཀྱིས་མི་ལང་བ་ཞིག་ཏུ་སོན་ཡོད་པ་དང་ བརྗོད་ཀྱང་མི་ཚར་བ་ཞིག་ཏུ་སླེབས་ཡོད། ཡིན་ན་ཡང་། ཆབ་སྲིད་པ་མང་བོ་ཞིག་གིས་དུས་རབས་བཅུ་གསུམ་པའི་དུས་སྐབས་ནི་སོག་པོའི་དུས་རབས་ཞེས་ཁྲེལ་མདོག་མེད་པའི་སྒོ་ནས་བཤད་དགོས་དོན་དེ་གང་ཡིན་ནམ། དེ་ལུགས་བཞིན་དམག་དོན་མཁས་པ《ཧྲང་ཅང་མེ་ཁུ་ཟེ་ཡིས་གསུང་ན། གལ་ཏེ་གཡུལ་འཐབ་དང་འབྲེལ་བའི་ཟིན་ཐོ་ལས་ཇིང་གིར་རྒྱལ་པོའི་ཟིན་ཐོ་ཕུད་ནས་གཞན་ཐམས་ཅད་ལོ་རྒྱུས་ཁྲོད་ནས་མེད་དབང་དུ་བཏང་ནས་ཇིང་གུར་རྒྱལ་པོའི་འཐབ་འཁྲུགས་གནས་ཚུལ་གྱི་ཞིབ་བཀོད་ཟིན་ཐོ་ཁོ་ནས་དམག་གིས་བཀོལ་སྤྱོད་ལྡན་པའི་ཤེས་བྱ་རེ་བླངས་ན། འབྱུང་འགྱུར་གྱི་དམག་དཔུང་ཞིག་བསྐྲུན་ཆོག་པ་མ་ཟད་མི་རྣམས་ཧང་སངས་པར་བྱེད་པའི་འཐབ་འབྲས་ཡོད།》ཅེས་བསྙད་པ་ལ་དེ་འདྲའི་ཐག་རིང་ཞིག་ཏུ་ལྟ་ཐུབ་པ་ནི་དོན་དམ་པར་སོག་པོའི་དམག་ལ་ཁྱད་ཆོས་དམིགས་གསལ་བ་ཞིག་ཡོད་པ་དེ་གང་ཡིན་ནམ།

༢༽ཇིང་གིར་རྒྱལ་པོ་ཞེས་པའི་མཚན་སྙན་དེ་རྣ་ལམ་དུ་ཐོས་ཚེ་ང་ཚོས་གློ་བུར་དུ་ཁོ་རང་ནི་རླབས་ཆེན་གྱི་མི་སྣ་ཞིག་སྟེ་ཁྲི་སྟེང་ན་འགྱིང་བའི་ཐོབ་ཐང་ཅན་ཞིག་ཡིན་པ་འཆར་སྲིད་ངེས། སྐྱེ་རྒ་ན་འཆི་རིམ་པ་བཞིན་བརྩིས་ཏེ་དུས་བཞི་ཡི་འགྱུར་འགྲོས་དེ་རིམ་གྱིས་འདེད་ཚེ་རྒྱལ་པོ་ཁོང་ནི་དེ་འདྲའི་ལས་སླ་མོ་ཞིག་ཀྱང་མ་ཡིན་མོད། སྤྱིར་ན་བྱེ་ཐང་ལྷོ་ཕྱོགས་སུ་ཚོ་བ་ཧ་ཅང་མང་བ་དང་བྱེ་བྲག་ཙྭ་ཏ་ལེན་དང་སོག་པོའི་ཚོ་བ་སོགས་རྒྱལ་ཕྲན་ཆེན་པོ་ལྔ་ཙམ་ཆགས་ཡོད་པ་རེད། ཤར་ཕྱོགས་པ་ཅིན་རྒྱལ་གྱི་སྲིད་ཇུས་ངན་པའི་འོག་ནས་ཚོ་བ་དེ་དག་ཁ་བྲལ་དུ་བཏང་བ་དང་ནང་འཁྲུག་གི་རྒྱུན་མ་ཆད་པར་བྱུང་བས་ཚོ་བའི་བར་གྱི་འགལ་རྐྱེན་མ་རུང་བ་ཞིག་ལ་བརྩིས་ཡོད། ཕྱོགས་གཞན་གཞན་ཞིག་ནས་གླེང་ན་སོག་པོས་གཅིག་གྱུར་གྱི་དུས་འགོ་བརྩམ་པ་རེད། ཐེན་ཆེན་སྐྱེས་མ་ཐག་ཏུ་ཡབ་ཆེན་གྱི་དམག་འཁྲུག་རྒྱལ་ཁ་ཐོབ་ཅིང་སོག་པོའི་ཚོ་བ་ལ་མཚོན་ན་དགའ་སྤྲོ་གཉིས་འཛོམས་ཀྱི་ཉིན་མོ་ཞིག་ཏུ་ཆགས་ཡོད། དེའང་སྐྱིད་སྡུག་སྔ་ལྟས་ཀྱི་ལུང་བསྟན་ཞིག་ཀྱང་ཅི་མི་འདྲ། ཐེན་ཆེན་ལོ་ན་བརྒྱད་ཙམ་སོན་དུས་ཡབ་ཆེན་ལ་ཚོ་བ་གཞན་གྱིས་དུག་དྲངས་ནས་འདས་སོང་བས་ཤུལ་དུ་ལྷག་ཡོད་པ་ནི་སྐྱེས་མ་གསུམ་དང་བྱིས་པ་བདུན་པོ་དེ་ཙམ་ཡིན། གཏམ་དཔེ་ཞིག་ལ་དགོས་དུས་སུ་བུ་དང་མི་དགོས་གཡོག་ཅེས་པ་ལྟར་ཁོ་ཚོ་མ་བུ་སོག་པོའི་འབྱོར་ལྡན་ཁྱིམ་རྒྱུད་ལས་ཕུད་ནས་མཐའ་ན་ཡབ་ཀྱིས་བསགས་པའི་སྒོ་ཕྱུགས་ཙམ་ཡང་མ་བཞག་པ་ཚང་མ་འཕྲོགས་ནས་འཚོ་བ་དེ་ཡ་ང་བའིི་གནས་སུ་ལྷུང་།ལོ་ངོ་དྲུག་ཙམ་གྱི་རིང་དུ་རྩྭ་ལྡུམ་དང་གཙང་ཉ་ཟོས་ཏེ་མུ་གེས་མ་འཆི་བ་ཙམ་ལས་གསོན་ཐུབ་པ་བྱུང་།

༣༽ཐེན་ཆེན་ལོ་ན་བཅུ་དྲུག་ཏུ་སོན་ཚེ་དམག་འཁྲུག་གི་ལས་ལ་དངོས་སུ་ཞུགས་ཡོད་ལ་ཚོ་བ་རེ་རེ་དང་ཁ་གཏད་བྱས་པས་རང་སྲོག་ཀྱང་ཤོར་བའི་ཉེན་ཚབས་མང་པོ་བརྒྱུད་ནས་མཐར་འབྱོར་ལྡན་ཁྱིམ་རྒྱུད་ཀྱི་ཕ་གཞིས་སླར་གསོ་ལེགས་འགྲུབ་བྱུང་བ་རེད།སྐབས་དུས་དེར་ཁོས་ཕ་བསད་ཀྱི་དགྲ་བོ་ཐར་ཐར་ཚོ་བ་རྩ་མེད་དུ་བཏང་ཞིང་མཐའ་མ་རྩ་ཐང་གི་ཚོ་ཁག་བཅུ་གཉིས་ཀྱིས་ཁོ་ལ་དགྲ་ལེན་བསློག་ཀྱང་བ་དན་མདུང་རིང་གི་སྣེ་ཁྲིད་ནས་ཚང་མ་དབང་འོག་ཏུ་བསྡུས་པས་རྩྭ་ཐང་གི་དགྲ་ལྷ་ཞིག་ཏུ་གྱུར། ཁོས་རྩྭ་ཐང་ནས་དམག་འཁྲུག་རེ་རེ་ཡང་རྒྱལ་ཁ་ལེན་པ་ནི་ལས་སླ་མོ་ཞིག་མིན་ཏེ་ཕམ་ཐེངས་རེ་ལ་དམག་རྣམས་ཕྱི་འཐེན་བྱས་ཏེ་ལོ་ཟླ་དུ་མ་དམག་བསྡུའི་ལས་ཀ་དང་དམག་སྦྱོང་ཕྱུགས་འཚོ་ལ་བརྟེན་ནས་སྟོབས་ཤུགས་གསོ་སྐྱོང་བྱས་པ་ཡིན།《མོའུ་ཙེ་ཏུང་གིས་ཀྱང་ཐབས་ལམ་འདི་ལ་བསྟེན་ནས་སྐབས་རེར་དམག་ཕྱིར་འཐེན་བྱེད་པ་ནི་རྒྱལ་ཁ་ཡིན་ཞེས་བཀོད་པ་རེད།》 རྩྭ་ཐང་གི་དམག་འཁྲུག་རེ་རེའི་ཁྲོད་ནས་ཐེན་ཆེན་གྱིས་ཉམས་རྟོགས་ལས་བྱུང་བའི་བློ་གྲོས་ལ་བརྟེན་ནས་རྒྱལ་བོ་ཉི་མའི་དམག་དཔུང་གིས་མཚན་མོའི་འཇབ་རྒོལ་ལ་དོགས་སྐབས། རྒྱལ་པོའི་འཆར་གཞི་ལྟར་དམག་མི་རེའི་ལག་ཏུ་མེ་ཤིང་ལྔ་རེ་བཞག་ནས་ཉི་དམག་འཇིགས་སྣང་དུ་ཕབ་པ་ལྟ་བུ་ཇུས་འདོན་བསམ་གྱིས་མི་ཁྱབ་པ་དག་ལ་གཞིགས་ན་ཁོ་རང་ལ་འཐབ་འཁྲུག་གི་ཉམས་རྟོགས་ཆེན་པོ་ཞིག་སད་ཡོད་པ་དང་མི་གཞན་དང་མི་འདྲ་བའི་འཐབ་རྩལ་ལ་རང་བཞིན་གྱི་མཁས་པ་ཞིག་ཡིན་པ་ཤེས་ཐུབ།

༤༽ཐེམ་ཆེན་ཆུང་ཆུང་དུས་ཏེ་སྐྱེས་མ་ཐག་ཏུ་སྤར་ཁྱིམ་ན་བ་དན་མདུང་རིང་གི་བཟོ་དབྱིབས་ཅན་གྱི་ཁྲག་ནུར་ཞིག་བཟུང་ཡོད་ལ་དེ་ནི་ཁོ་རང་གི་མི་ཚེ་གང་བོ་དམག་འཁྲུག་གི་ལས་ལ་ཡོལ་བ་དང་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་དན་རྟགས་ཤིག་ཏུ་བརྩིས་ཡོད། ཁོང་གི་དམག་འཁྲུག་གི་གོ་རིམ་ཁྲོད་ནས་ཚོ་བ་དང་ཚོ་བའི་བར་ནས་བཙན་ཁྲིད་དང་བཙན་བཟུང་བྱས་ཤིང་དགྲ་ཤ་དང་འཁོན་ལེན་སོགས་ཀྱིས་མི་བསད་པ་དང་ཇག་བྱས་པ་དེ་ཉུང་ཉུང་ཞིག་ག་ན་ཡིན།འོན་ཀྱང་།ཁོ་ནི་སྙིང་རྗེ་དང་མཛའ་བརྩེ་མེད་པའི་མི་ཞིག་ཀྱང་མིན། དམག་ཤུགས་ཀྱི་ཆེད་དུ་ཕྱི་བློན་མང་བོ་བསྡུས་པ་དང་མགོ་འདོགས་ཀྱི་མང་ཚོགས་རྣམས་ལ་ཡང་ཆབ་འབངས་སུ་བཀོལ་རྗེས་ཕྱུགས་འཚོ་དང་བགོ་སྐལ་སོགས་ལྷག་མེད་གནང་ཡོད། མ་ཟད། རང་ཉིད་ཀྱི་ཚོ་བ་ལ་དམག་འཁྲུག་ལེན་གསུམ་བསློག་ནས་དམག་མི་དང་མི་སེར་མང་པོ་བསད་མྱོང་བའི་མནའ་བཅད་ཀྱང་ལེན་མ་གསུམ་ཙམ་ལ་གྲི་ཁ་ནས་གཏོང་མྱོང་བ་དང་བུ་སྐལ་བཞི་སོགས་དྭ་ཕྲུག་མང་བོ་ཡང་གསོ་སྐྱོང་བྱས།ཁོ་རང་དགྲ་ལ་སྡང་ཤིང་གཉེན་ལ་བྱམས་པའི་ཕོ་རྒོད་ཅིག་ཡིན་པས་སོག་པོའི་ཁྱིམ་རྒྱུད་ཀྱི་ཉི་མ་ལྟ་བུ་ཕོ་རབ་ཅིག་ཏུ་ལྷང་ཡོད།

༥༽རྩྭ་ཐང་གཅིག་གྱུར་བྱས་པ་ནས་བཟུང་སོག་པོའི་རྒྱལ་ཁབ་ཉིན་རེ་བཞིན་སྟོབས་འབྱོར་དང་དམག་ཤུགས། མཚན་སྙན་སོགས་ཕྱོགས་བཞི་ཁྱབ་པས་གཞན་དག་རྒྱལ་དག་གིས་ཀྱང་འགྲན་རྩོད་ཀྱི་དུས་མགོ་སླེབས་པ་རེད། ཆབ་སྲིད་རིག་པ་སྟེ་སྲིད་གཞུང་གི་ཕྱི་ནང་བར་གསུམ་གྱི་ལས་དོན་ལ་ཐེན་ཆེན་གྱིས་དམག་འཁྲུག་ཙམ་ལས་མ་ཡིན་པ་སོག་པོའི་རྒྱལ་ཁབ་ལ་དཔལ་འབྱོར་དང་རིག་གནས་སྐོར་གྱི་བྱ་གཞག་རེ་གནང་ཡོད་དམ་ཞེ་ན། དེ་ནི་ང་ཚོས་ཤུགས་ལས་གོ་ནུས་ཞིང་གལ་སྲིད་ཁྱིམ་ཚང་གཅིག་ལ་བུ་རྒྱུད་མང་བོ་ཞིག་སྐྱེས་ཚེ་ལས་དོན་ལས་ཀྱང་ལྷག་པར་འཚོ་བའི་ཆ་རྐྱེན་འཛོམས་དགོས་པ་ལྟར་སོག་པོའི་དཔལ་འབྱོར་གྱི་རྨང་གཞི་ནི་སྒོར་ཕྱུགས་འཚོ་སྐྱོང་དང་ཞོར་དུ་རྒྱ་བལ་ཕྱི་གླིང་གི་ཚོང་འབྲེལ་གྱི་རྨང་གཞི་བརྟན་པོ་བཙུགས་ཡོད་ལ་སོག་པོའི་ཚོང་པ་ཉིས་བརྒྱ་སོགས་ལོ་རྒྱུས་ཀྱི་དུས་མགོ་ནས་ཕྱི་ནང་གི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

༦༽དམག་དོན་གྱི་གླེང་གཞི་སློང་བ་ནས་མཐའ་ཡས་པའི་སོག་པོའི་རྩྭ་ཐང་གི་འཐབ་འཁྲུག་ཆེན་པོ་ནི་རྒྱལ་བོ་ཐེན་ཆེན་གྱི་ཞབས་རྗེས་མེད་ས་ཞིག་མེད་དེ། དེའང་རྒྱལ་པོ་རང་ཉིད་ཀྱིས་དམག་གི་རུ་འདྲེན་བྱས་ཏེ་འཛམ་གླིང་བསྡུ་བའི་གཡུལ་འཐབ་ཀྱི་ལོ་རྒྱུས་བྲིས་པ་དང་། རྒྱལ་པོ་ཁོང་ནི་སྐྱེས་སྟོབས་ཀྱི་ཤེས་རབ་རྣོ་ཞིང་སྦྱོང་སྟོབས་ལས་ཐོབ་པའི་གཡུལ་འཐབ་ཀྱི་ཉམས་མྱོང་བསམ་གྱིས་མི་ཁྱབ་པར་མངའ་བ། རྒྱུ་མཚན་དེའི་དབང་གིས་འཛམ་གླིང་དམག་དོན་ལོ་རྒྱུས་སྟེང་ན་ཕུལ་བྱུང་སྐྱོན་བྲལ་གྱི་དམག་དོན་པའི་མཚན་སྙན་ཡོད་པ་དང་ཁོང་གིས་སྣེ་ཁྲིད་བྱས་པའི་སོག་པོའི་དམག་མི་ཁྲི་ཚོ་ཉི་ཤུ་ནི་སྔོན་ཐོན་དམག་མིའི་བྱང་ཚད་ལྡན་པ་དང་ཆེས་བཙན་པའི་རུ་དཔུང་ཞིག་ཏུ་ཆགས། སོག་པོའི་དམག་འཁྲུག་ནི་དགྲ་བོ་མཐོང་ན་དཔའ་བཀུམ་ཞིང་གཉེན་གྱིས་མཐོང་ན་ཡ་མཚར་བའི་དམག་འཁྲུག་གི་ཁྱད་ཆོས་ཡོད་ལ་དེའང་མདོ་ཙམ་བརྗོད་ན། 《དམག་ཇུས་རླུང་ཆེན་ལྟར་གཡོ་ཞིང་འཆར་གཞི་སྤྲིན་ནག་འདུ་བ། ཕར་རྒོལ་གློག་འོད་ལྟར་ཅི་ཆ་མེད་པར་འཁྱུག་ཅིང་དྲག་ཤུགས་ཀྱིས་དགྲ་བོ་རྩད་ནས་འཇོམས་པ། དམག་དོན་འགུལ་སྤྱོད་ནི་སེར་བ་ལྟར་ཕབ་ཀྱང་དམག་འཁྲུག་ཐེངས་གཅིག་གིས་རྒྱལ་ས་ཟིན་པས་དྲག་ཆར་བཞིན་དྭངས་སླ་བ། དྭངས་རྗེས་ཆབ་སྲིད་ཀྱི་ལོངས་སྤྱོད་ཉི་ཟེར་ལྟར་འཕྲོས་པ་སོགས་དཔྱད་ན་ཧ་ཅང་རྒྱ་ཆེ།རྟ་དམག་འགྲོས་ཀྱི་ཚད་དང་དམག་མི་རེ་རེ་ཡིས་ནུས་སྟོབས་དང་སྤོབས་པ་ནི་མ་ལ་ཙི་མོའི་དམག་འཐབ་ལས་གསལ་བོ་རྟོགས་ཤིང་དེའང་བྱང་ཐང་གཤོགས་པ་དང་གངས་རི་བརྒལ་བ། གཙང་བོ་བཅད་པ་སོགས་མི་རང་ག་བ་ཞིག་གིས་བསམ་མི་ཕོད་པའི་གནས་སྟངས་ཤིག་ཏུ་ཆགས་ཡོད་ཀྱང་ཁོ་ཚོ་ལ་ཞེད་སྣང་དང་ཐེ་ཚོམ་ཞིག་སྐྱེས་མྱོང་མེད་པ་ལྟ་བུ་རེད།

༧༽ཁོང་གིས་དབང་བསྒྱུར་བྱས་པའི་ས་ཁྱོན་ནི་ད་ལྟའི་ཀྲུང་གོའི་ཁྱོན་ལས་ལྡབ་གསུམ་ཙམ་ཆེ་བ་བཤད་ལ་མི་ཁྱོན་ཆེ་ཆུང་དང་བསྡུར་ན་ས་ཁུངས་ཀྱི་རྒྱལ་ཁྱོན་ནི་འགྲན་ཟླ་མེད་པ་ཞིག་ཏུ་ཆགས་ཡོད། ཁོང་གིས་འབྱོར་ལྡན་ཁྱིམ་རྒྱུད་ཀྱི་ཕ་ཤུལ་འཛིན་པ་ནས་ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་ཁོ་ན་ཙམ་མིན་པ་རྟ་དམག་འབུམ་ཁྲག་དུ་མ་དང་ས་ཡ་འཛོམས་པའི་བཙན་ཕྱུག་ལོངས་གསུམ་གྱིས་དྲེགས་པའི་ཤར་ཕྱོགས་ཀྱི་ཅིན་རྒྱལ་ཁབ་དང་ནུབ་འདུལ་གྱི་ཐོག་མ་ཧྭ་ལ་ཙི་མོ་སོགས་འགྲན་སློང་ཞིང་དེ་དག་ལས་རྣམ་པར་རྒྱལ་བ་སོགས་གང་ལྟར་ལོ་རྒྱུས་སུ་འཐབ་ན་མི་རྒྱལ་བ་མེད་པའི་སོག་པོའི་རྟ་དམག་ཅེས་བསྟོད་བསྔགས་དུ་མ་མོད།ཁོང་གིས་དམག་དོན་ལྷན་དུ་སོག་པོའི་བཟོ་རྩལ་རིག་གནས་དར་རྒྱས་སུ་བཏང་ཞིང་ཉི་ཧྲ་པུར་ཕར་རྒོལ་གྱི་སྐབས་སུ་《མེ་མདའི་གཡུལ་འཁོར་ཉིས་སྟོང་ལྔ་བརྒྱ་དང་། ལྕགས་གཞུ་སུམ་སྟོང་། རྡོ་སྒྱོགས་སུམ་བརྒྱ། སྐས་རིང་བཞི་སྟོང་། མཁར་རྒོལ་ཤིང་རྟ་》སོགས་ལོ་རྒྱུས་ཁག་ལས་ཡོ་རོབ་བཞུ་བླུགས་ལ་བསྟེན་ནས་མེ་སྒྱོགས་བསྐྱར་བསྐྲུན་དང་།རས་གུར་དང་གོ་ཁྲབ་སོགས་བཟོ་རྩལ་ལས་འབུར་དུ་ཐོན་ཞིང་གཡུལ་དུ་བཀོལ་ན་སྲ་ཞིང་རྣོ་དབལ་དང་ལྡན་པ་སོགས་ར་སྤྲོད་བྱས་ཡོད། ཅིན་དང་ཧྭ་ལ་ཙི་མོ་སོགས་རྒྱལ་ཁབ་ཆེ་ཤོས་དག་ལ་རྒོལ་བའི་ཁྱད་ཆོས་དང་ནུས་པ་བླ་ལྷག་བསྟན་ཡོད།

༨༽དམག་དོན་ཇུས་འདོན་གྱི་ཁྱད་ཆོས་ཀྱང་ཐོག་མ་དགྲ་བོའི་གནས་ཚུལ་གསང་བའི་སྒོ་ནས་འཚོལ་བ་དང་ཕར་རོལ་ལ་རྟོག་ཞིབ་ནན་ཏན་བྱེད་པ། བློ་དཀར་གྱི་དམག་མི་དང་ལྷན་དུ་འཆར་གཞི་གཏན་འབེབས་བྱེད་པ་སོགས་ནི་དམག་དོན་ལ་མཁས་ཤིང་འཆར་གཞི་ཆེ་བའི་གཤིས། སྤྱིར་ན་རྒྱལ་ཁབ་ཇེ་རྒྱས་དང་ཆབ་ཁོངས་ཇེ་ཆེ་རུ་སོང་ཚེ་དམག་དོན་དང་ཚོང་འབྲེལ་གྱི་འབྲེལ་ལམ་ཞིག་ཀྱང་ངེས་པར་མཁོ་བ་བཞིན། སྐབས་དེར་སོག་པོའི་རྟ་ཟམ་ཞེས་པ་ཞིག་ཡོད་དེ་ཡོངས་གྲགས་ལྟར་ན་ལུ་གུ་རྒྱུད་པ་ལྟར་འཁོར་འགྲོས་མྱུར་བའི་རྟ་ཐོག་འཕྲིན་སྐྱེལ་ཞིག་ཡིན།ཉིན་མ་རེ་ལ་ལེ་དབར་སྟོང་ལྷག་འཕྲིན་སྐྱེལ་ཐུབ་པ་དང་དུས་མཚུངས་སུ་ཆེས་མགྱོགས་པའི་རྟ་ཟམ་ལམ་ཡིག་ཞིག་ཏུ་ཆགས་ཡོད།དྲྭ་རྒྱ་མ་བྱུང་བའི་ལོ་ངོ་བདུན་སྟོང་གི་ཡར་སྔོན་ཇིང་གིར་རྒྱལ་པོས་འཛམ་གླིང་གོ་ལ་ཧྲིལ་བོ་ལ་བརྡ་འཕྲིན་བརྗེ་རེས་ཀྱི་འོད་སྣང་ཞིག་བྱིན་པ་རེད་ཅེས་བཤད་ཆོག་ཆོག་གྱུར།

༩༽རྗེ་བོ་ཁོང་ཉིད་ཀྱི་མི་ཚེ་གང་བོའི་ཟུངས་ཁྲག་སོག་པོའི་མི་རིགས་དོན་དུ་བཞུར་ནས་ས་ཆེན་དཀྱིལ་འཁོར་འདིའི་སུམ་ཆ་དེ་བཟུང་ནས་རྒྱལ་ཁབ་དྲུག་ཅུ་ལྷག་དབང་བསྒྱུར་བྱས་པ་ནི། 《 དེང་གི་སོག་ཡུལ། རྒྱ་ནག། ཀོ་རི་ཡ། བོད། ཨུ་རུ་སུ། ཧ་ས་ཁི་སི་ཐན། ཅིས་ཨིར་ཅིས་སི་ཐན། ཝུ་ཙི་པིས་ཁི་སི་ཐན། ཐ་ཅི་ཁི་སི་ཐན། ཏུར་མན་སི་ཐན། པ་ཅི་སི་ཐན། ཨ་ཧྥུ་ཧན། དབྱི་ལ་ཁི། དབྱིས་ལང་། དབྱིས་སི་རལ། པ་ལི་སི་ཐན། ཐོ་ཨིར་ཆིས། རོ་མ་ཉི་ཡ། པོར་ཅ་ལིས་ཡ་སོགས་བཙན་རྒྱལ་དེའི་མངའ་ཁོངས་སུ་གཏོགས་པ་ཡིན།》 ཞེས་ལོ་རྒྱུས་སུ་བཀོད་ཡོད་པ་ལྟར་ས་ཆེན་གྱི་བྲང་གཞུང་གཏོར་བའི་སོག་པོའི་རྒྱལ་ཁབ་ཀྱི་རྗེ་བོའི་གདུང་རྒྱུད་ཕྱི་མ་དག་གིས་ཀྱང་མི་ལོ་ཉིས་བརྒྱ་ལྔ་བཅུ་ཙམ་ལ་ཆབ་སྲིད་བསྐྱང་ཞིང་ཆབ་འབངས་རྒྱ་ཆེ་བོ་བསྐྱེད་པ་སོགས་ལོ་རྒྱས་ཀྱི་མཚན་སྙན་དཀར་པོས་མགུལ་དུ་འཁྱུད་ཡོད།

༡༠༽འཛམ་གླིང་གི་དམག་དོན་ལོ་རྒྱུས་ཁྲོད་ནས་སྐར་ཆེན་ལྟར་འཚེར་བའི་ལྷོ་ཕྱོགས་ཧན་རྒྱལ་ཆེན་མོའམ་འཇིགས་པ་མེད་པའི་རྒྱལ་པོ་ཐེན་ཆེན་གྱིས་བཞག་པའི་མཛད་ཕྲིན་རེ་རེ་ནི་སོག་པོའི་རྗེས་རབས་པའི་སྙིང་དབུས་ཀྱི་ཡབ་མེས་དམ་པ་དང་དྲན་གསོ་ཡི་མི་རིགས་ཀྱི་མི་བུ་རླབས་ཆེན་ཞིག་ཏུ་གྱུར་ཡོད། ཁོང་གིས་མི་ལོ་དུ་མ་གཡུལ་བཤམས་ནས་རྗེས་སུ་དགོང་གྲངས་རེ་དྲུག་ལ་བཞུགས་པ་དང་མི་ཡུལ་ནས་གཞན་ཡུལ་དུ་ཁ་གྱེས་སོང་བའང་སུས་ཀྱང་འགོག་ཐབས་མེད་པ་ཞིག་རེད། རྗེ་བོ་ཁོང་གི་དུར་ས་ཡང་རང་བཞིན་དཀྱུས་མ་ཞིག་ཏུ་བྱས་ཡོད་པར་གྲགས། ཁོང་གི་མི་ཚེ་ནི་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་བཏང་ཡོད་ལ་གང་ལྟར་ཨེ་ཅིབ་གཏོར་གཟུགས་ཀྱིས་མི་ལོ་གསུམ་གྱི་རིང་ལ་དཀའ་སྤྱད་ལྟ་བུ་མ་ཡིན་པ་མི་བུ་ཞིག་གི་ཟུངས་ཁྲག་ཡོངས་རྫོགས་དེ་རྩྭ་ཐང་དུ་བཏོར་ནས་མི་ཡུལ་དང་གྱེས་པའི་རྫོགས་ཚིག་དེ༡༧/༨/༢༥ཉིན་ལ་ཕྱི་དྲན་གྱི་རྡོ་རིང་གསོན་པོ་ཞིག་ཆེས་མཐོ་ས་ན་བཞེངས་ཡོད།ཡར་སྔོན་གླིང་ཀོང་མས་རེ་བ་ལྟར་འཕྲུལ་དེབ་ཅིག་ཏུ་ཕབས་རུང་ཡིག་ནོར་ཤོར་བ་སོགས་སྐྱོན་འགའ་མཆིས་ཕྱིར་ཁ་རྩང་དེ་རིང་ངལ་གསོའི་དུས་ཚོད་དང་བསྟུན་ནས་བསྐྱར་བཅོས་ཙམ་བྱས་ཁུལ་ཡིན།