ཇག་པ་སོར་མོའི་འཕྲེང་བ་

ཡོང་ཁུངས་Wikipedia

སོར་མོའི་འཕྲེང་བ་ཞེས་པ་ནི་ཀོ་ས་ལའི་རྒྱལ་པོའི་སློབ་སྟོན་པའམ་ཇུས་དཔོན་གྱི་སྲས་ཡིན་ཞིང་ཁོང་གི་མིང་དངོས་གནས་ལ་གནོད་མེད (AHINSAKA) ཅེས་བྱ། ཡབ་ཀྱི་མཚན་ལ་བྷ་གྷ་ཝ (BHAGGAWA) དང་ཡུམ་གྱི་མཚན་ལ་ནན་ཏ་ནི (NANTANI) ཞེས་ཟེར་རོ། །

གནོད་མེད་ཁོང་ཨ་མའི་མངལ་ལས་བཙའ་སྐབས། རྒྱལ་ཕྲན་དེའི་མཚོན་ཆ་ཡོད་དོ་ཅོག་ནས་བྱེད་པོ་མེད་པར་གསལ་ཞིང་འཚེར་བའི་རང་འོད་འཕྲོས་པས། རྒྱལ་པོ་འཇིགས་ཤིང་སྐྲག་སྟེ་ཕྱི་ཉིན་ཞོགས་པ་རང་གི་སློབ་སྟོན་པ་གདན་འདྲེན་ཞུས་ནས་ན་རེ། མཚོན་ཆ་རྣམས་ལས་དེ་ལྟའི་རང་འོད་འཕྲོས་པའི་ལྟས་དང་རྟགས་མཚན་ཅི་ཞིག་རེད། ཅེས་དྲིས་པར། སློབ་སྟོན་པས། ཀྱེ་རྒྱལ་པོ་ཆེན་པོ་ལགས། ངའི་ཆུང་མ་ལ་བུ་ཞིག་བཙས་འདུག ཅེས་བཀའ་ལན་ཕུལ།

དེ་ནས་རྒྱལ་པོ་ཆེན་པོས་འོ་ན་མཚོན་ཆ་ལས་རང་འོད་འཕྲོས་པ་དང་ཁྱེད་ལ་བུ་བཙས་པའི་བར་འབྲེལ་བ་ཅི་ཡོད། ཅེས་བཀའ་འདྲི་ཞུས་པར། སློབ་སྟོན་པས། རྒྱལ་པོ་ཆེན་པོ་ལགས། དེ་ནི་ངའི་བུ་དེ་མ་འོངས་པར་ངོ་མཚར་རྨད་དུ་བྱུང་བའི་ཇག་པ་ཞིག་ཏུ་འགྱུར་བའི་ལྟས་དང་རྟགས་མཚན་རེད། ཅེས་ཞུས་པར་ཡང་རྒྱལ་པོ་ན་རེ། མ་འོངས་པར་ཁོང་ཇག་པར་གྱུར་སྐབས་ཁོ་རང་གཅིག་པུས་ཇག་པ་བྱེད་ཀྱི་རེད་དམ་ཡང་ན་ཚོགས་པ་བཙུགས་ནས་ཇག་རྒྱག་གི་རེད། ཅེས་དྲིས་པར་སློབ་སྟོན་པ་ན་རེ། ཀྱེ། རྒྱལ་པོ་ཆེན་པོ་ལགས། མ་འོངས་པར་ཁོ་རང་གཅིག་པུས་ཇག་པ་བྱེད་ཀྱི་རེད། ཅེས་ཞུས་པར་རྒྱལ་པོ་ན་རེ། འོ་ན་ང་ཚོས་ཁོང་ད་ལྟ་ནས་འཛིན་བཟུང་བྱས་ཏེ་ཅིའི་ཕྱིར་མི་གསོད་པ་ཡིན་ཞེས་དྲིས་པར། ཇུས་དཔོན་གྱིས། མ་འོངས་པར་ཁོང་དངོས་སུ་ཇག་པར་གྱུར་ཏེ་ཁེར་རྐྱང་དུ་ཡོད་དུས་ང་ཚོས་འཛིན་བཟུང་བྱེད་དགོས་ཞེས་ཞུས་སོ། །

ཕྱིས་སུ་གནོད་མེད་ཀྱིས་སློབ་གཉེར་བྱེད་རྒྱུའི་ལོ་ཚད་ཟིན་པ་ན། ཕ་རྒན་གྱིས་ཁོང་རྡོ་འཇོག (TAKKASILA) ཅེས་པའི་སློབ་གཉེར་ཁང་དེར་སློབ་སྦྱོང་བྱེད་དུ་བཏང་། གནོད་མེད་ནི་སློབ་གཉེར་ཁང་དེའི་སློབ་མ་ཡོངས་ནས་སྟོབས་ཤུགས་ཆེ་ཤོས་དང་སློབ་སྦྱོང་ཡག་ཤོས། དགེ་རྒན་གྱི་ཞལ་ལ་ཡང་ཉན་ཤོས་དེ་ཡིན་སྟབས། སློབ་ཕྲུག་གཞན་པ་ཚོས་ཁོང་ལ་ཕྲག་དོག་བྱེད་འགོ་ཚུགས་ཏེ། སློབ་དཔོན་གྱི་མདུན་ནས་གནོད་མེད་ལ་རྒྱབ་བཤད་རྒྱག་པ་སོགས་ཞུ་ལོག་ཕུལ་ཏེ་སློབ་དཔོན་ཡང་གནོད་མེད་ལ་ཐུགས་མི་མཉེས་པར་གྱུར།

རིམ་བཞིན་གནོད་མེད་ཀྱིས་སློབ་སྦྱོང་མཐར་ཕྱིན་སྐབས་སློབ་དཔོན་གྱིས་ཁོང་ལ་སྨྲས་པ། ད་ཁྱོད་ཀྱིས་སློབ་སྦྱོང་མཐར་ཕྱིན་པ་ཡིན་པས། ཁྱེད་སློབ་གཉེར་ཁང་འདི་ནས་མ་ཕྱིན་གོང་ཁྱེད་ཀྱིས་ང་ལ་ངེས་པར་དུ་སློབ་ཡོན་སྤྲོད་དགོས་ཞེས་གསུངས་པ་ན། གནོད་མེད་ཀྱིས། སློབ་དཔོན་རིན་པོ་ཆེ། དངུལ་ག་ཚོད་ཕུལ་དགོས་སམ་ཞེས་བཀའ་འདྲི་ཞུས་པར། སློབ་དཔོན་ན་རེ། ཁྱོད་ཀྱིས་ང་ལ་སློབ་ཡོན་དུ་དངུལ་དམར་སྤྲོད་མི་དགོས། མི་སྟོང་ཕྲག་གཅིག་གི་ལག་པ་གཡས་པའི་མཛུབ་མོའམ་སོར་མོ་རེ་རེ་ཁྱེར་ཤོག ཅེས་བཀའ་ཕབ། བུ་གནོད་མེད་ལ་མཚོན་ན་ལས་ཀ་དེ་ནི་ཧ་ཅང་གི་བྱེད་དཀའ་བ་ཞིག་ཡིན་ན་ཡང་། ཁོང་གིས་སློབ་དཔོན་ལ་སོར་མོ་སྟོང་ཕྲག་གཅིག་ཁྱེར་ཡོང་རྒྱུའི་དམ་བཅའ་ཕུལ་ཏེ་འགྲོ་གྲབས་བྱེད་སྐབས། སློབ་དཔོན་གྱིས་ཁོང་ཕྱིར་བོས་ཏེ་ན་རེ། ཁྱོད་ཀྱིས་མི་གཅིག་གི་ལག་པ་གཡས་པའི་ངོས་ནས་སོར་མོ་གཉིས་རེ་ཁྱེར་ཡོང་ན་མི་འགྲིག་པ་དྲན་པར་གྱིས། ཞེས་བཤད། སློབ་དཔོན་གྱི་བསམ་པར། མི་གཅིག་གི་ལག་པ་གཡས་པ་ནས་མཛུབ་མོ་གཅིག་རེ་ལས་གཅོད་དུ་མ་བཅུག་ན་གནོད་མེད་ལ་ཉེས་ཆད་ཆེན་པོ་གཅོད་ཐུབ་ཀྱི་འདུག་སྙམ་པའི་རེ་བ་བྱས།

བུ་གནོད་མེད་ཀྱིས་དེ་སྔོན་མི་སུ་གཅིག་ལའང་གནོད་པ་སྐྱེལ་མྱོང་མེད་སྟབས། ཁོང་གིས་མིའི་མཛུབ་མོ་ཇི་ལྟར་གཅོད་དགོས་མིན་ཡང་ཤེས་ཀྱི་མེད། འོན་ཀྱང་ཁོང་གི་སློབ་དཔོན་ལ་ཧ་ཅང་གི་གུས་ཞབས་དང་བཀའ་གསུང་ཇི་བཞིན་སྒྲུབ་མཁན་ཞིག་ཡིན་པས། ཁོའི་ལག་པར་རལ་གྲི་ཞིག་བཟུང་ནས་རྒྱལ་པོ་བྷ་གྷ་ཝ (BHAG-GAWA) ཡི་མངའ་ཁོངས་ཏེ་ཀོ་ས་ལ་རུ་ཕྱིན་ནས། ནགས་ཚལ་ཁྲོད་ཀྱི་རྒྱ་ལམ་ཟུར་ཞིག་ཏུ་ཡིབ་སྟེ་འགྲིམ་འགྲུལ་བ་སྒུག དུས་སྐབས་གང་ཞིག་ཡིན་མིན་ལ་མ་ལྟོས་པར་མི་སུ་ཐུག་ལ་བྲེལ་འཚུབ་ཀྱིས་རྗེས་འདེད་བྱས་ནས། རལ་གྲི་གཡུག་ཐེངས་གཅིག་གིས་མི་དེ་བསད་ནས་ལག་པ་གཡས་པའི་སོར་མོ་རེ་བཅད་དེ་མི་རོ་ཤིང་སྡོང་ལ་དཔྱང་བར། དུར་བྱ་དང་ཕོ་རོག་སོགས་ཀྱིས་ཟོས་ནས་རུས་གོང་ལས་ལྷག་གི་མེད། དེ་ལྟར་ཁོས་སོར་མོ་རྣམས་ཀྱིས་འཕྲེང་བ་ཞིག་བྱས་ཏེ་སྐེ་ལ་གོན་པ་ནས་བཟུང་ཁོའི་མིང་ལ་སོར་འཕྲེང་ཅན (ANGULIMALA) ཞེས་ཐོགས། (ANGULI=སོར་མོ། MALA=འཕྲེང་བ།)དེ་ནས་བཟུང་ཁོང་ནི་ཧ་ཅང་གི་གཏུམ་སྤྱོད་ཆེ་ཞིང་སྙིང་རྗེ་མེད་པ་ཞིག་ཏུ་གྱུར་ཏེ། ཉིན་ལྟར་མི་སུ་དང་ཐུག་ན་ཡང་གསོད་རྐྱང་བྱེད་པས་དངོས་གནས་ལག་དམར་བ་རྫོབ་ཅན་ཞིག་ཏུ་གྱུར། དེས་རྐྱེན་བྱས་ཏེ་ཡུལ་མི་རྣམས་ཕྱོགས་ཐོན་བྱེད་སྐབས་མི་གཉིས་དང་། བཞི་དང་། བརྒྱད་དང་། བཅུ་དང་། ཉི་ཤུ་དང་། ཡང་ན་སུམ་ཅུ་སོགས་གང་འཛོམས་ཀྱིས་ཚོགས་པ་བྱས་ནས་འགྲོ་དགོས་བྱུང་བ་རེད། འོན་ཀྱང་དེ་ལྟར་ཚོགས་པ་བྱས་ནས་འགྲོ་བཞིན་པའི་སྐབས་ཁོང་ཚོའི་རྣ་ལམ་དུ། ང་སོར་མོའི་འཕྲེང་བ་ཡིན། ཁྱོད་ཚོ་འགྲོ་མི་ཆོག དེ་ནས་སྡོད། ཅེས་པའི་སྐད་སྒྲ་ཞིག་ཐོས་མ་ཐག་ཁོང་ཚོ་ཚང་མ་དངངས་ཤིང་སྐྲག་སྟེ། འདར་སིག་རྒྱག་བཞིན་རྩ་ཡང་གུམ་པར་གྱུར་ནས་ཐག་རིང་པོར་འབྲོ་མི་ཐུབ། སྐབས་དེར་སོར་མོའི་འཕྲེང་བ་མྱུར་སྟབས་ཀྱིས་ཡོང་སྟེ་ཁོང་ཚོ་ཚང་མ་དམར་གསོད་བཏང་ནས། དེ་དག་གི་ལག་པ་གཡས་པའི་སོར་མོ་རེ་རེ་བཅད་འགྲོ་གི་ཡོད་པར་བརྟེན་ཡུལ་མི་རྣམས་རྒྱ་ལམ་དེ་ནས་འགྲོ་རྒྱུའི་མཚམས་ཀྱང་ཆད། དེ་ནས་སོར་མོའི་འཕྲེང་བ་ཡུལ་ལུང་གཞན་པ་ཞིག་ཏུ་ཕྱིན་ནས་ཡང་བསྐྱར་ཡུལ་མི་དམར་གསོད་བྱེད་རྒྱུའི་འགོ་བཙུགས་པ་ན། ཀོ་ས་ལའི་(KOSALA)རྒྱལ་པོས་སྟོབས་ཤུགས་ཆེ་བའི་དམག་མི་འབོར་ཆེན་ཞིག་གྲ་སྒྲིག་བྱས་ཏེ་སོར་མོའི་འཕྲེང་བ་འཛིན་དུ་བཏང་། གནས་ཚུལ་དེ་སོར་འཕྲེང་ཅན་གྱི་ཨ་མ་ནན་ཏ་ནིས་ཐོས་ཏེ་ནོན་པར་དཀའ་བའི་སེམས་ཁྲལ་སྐྱེས་ནས། མོ་རང་གི་ཁྱོ་ག་ལ་སྨྲས་པ། ངེད་གཉིས་ཀྱི་སྙིང་ནས་བརྩེ་བའི་བུ་གནོད་མེད་དེང་སྐབས་ཇག་པར་གྱུར་འདུག་སྟབས། རྒྱལ་པོ་ཆེན་པོས་དམག་མི་འབོར་ཆེན་ཕབ་སྟེ་ངེད་གཉིས་ཀྱི་བུ་གསོད་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག དེས་ན་ཁྱེད་བུའི་རྩར་སོང་ནས་ཁོང་གིས་ཡུལ་མི་དམར་གསོད་བྱེད་རྒྱུ་མཚམས་འཇོག་བྱེད་དུ་ཆུག་ཅེས་བཤད་པ་ལ། ཁྱོ་ག་ན་རེ། སྙིང་སྡུག་མ། དེང་སྐབས་ངེད་གཉིས་ཀྱི་བུ་ཡི་བྱ་སྤྱོད་ཡོད་ཚད་རྩ་འགྱུར་དུ་ཕྱིན་ཏེ། ཆེས་འཇིགས་སུ་རུང་བ་ཞིག་ཏུ་གྱུར་འདུག་པས། གལ་སྲིད་ང་ཁོང་གི་རྩར་ཕྱིན་ཚེ་ཁོས་ང་ཡང་གསོད་རྒྱུ་ཡིན་པ་སྨོས་མེད་རེད། ད་ལྟ་ང་ཤི་མི་འདོད། ཅེས་བཤད། འོན་ཀྱང་སོར་འཕྲེང་ཅན་གྱི་ཨ་མ་ནི་སེམས་པ་སྲབ་ཅིང་རང་ཉིད་རང་ལ་སེམས་པ་ལས་ཀྱང་ཆེས་ཆེར་ལྷག་པའི་བརྩེ་དུང་དང་བྱམས་སེམས་ཡོད་ཚད་རང་གི་བུ་ཡི་སྟེང་དུ་བཞག་ཡོད་སྟབས། མོའི་བསམ་པར། ང་ངེས་པར་ནགས་ཁྲོད་དེར་ཕྱིན་ནས་རང་ཉིད་ཀྱི་བུ་སྐྱོབ་ཐབས་བྱེད་ཀྱི་ཡིན་སྙམ་ནས། བཟའ་ཆས་ཅུང་ཙམ་རྒྱབ་ཏུ་ཁུར་ཏེ་ནགས་ཚལ་ཁྲོད་དུ་ལམ་ལ་ཆས་སོ། །

སྐབས་དེ་དུས་སོར་འཕྲེང་ཅན་གྱིས་མི་དགུ་བརྒྱ་དགུ་བཅུ་གོ་དགུ་ཏག་ཏག་དམར་གསོད་བཏང་ཟིན། ཁོང་ལ་ཟླ་བ་ནས་ཟླ་བར་བྱས་ཏེ་དུས་ཡུན་རིང་པོའི་བར་ཟས་ཞིམ་པོ་དང་གཉིད་སྐྱིད་པོ་མ་ཐོབ་ཅིང་། ཐ་ན་གཟུགས་པོ་དང་གྱོན་གོས་ཙམ་ཡང་ཁྲུད་མ་ཐུབ་པར་ནགས་ཀློང་ཁྲོད་ནས་འཚོ་བ་སྐྱེལ་དགོས་བྱུང་སྟབས་གཟུགས་པོ་ཡོངས་རྫོགས་དྲི་ངན་གྱིས་བརྒྱངས། སྤྱིར་ན་ཁོང་གིས་ཀྱང་དེ་ལྟ་བུའི་མི་ཚེ་སྐྱེལ་རྒྱུར་ཞེན་པ་ལོག་སྟེ་ཡ་རབས་སྤྱོད་བཟང་གི་མི་ཚེ་ཞིག་སྐྱེལ་འདོད་ཡོད་མོད། འོན་ཀྱང་ད་དུང་སོར་མོ་སྟོང་ཕྲག་གཅིག་གི་ཚད་ལོང་བར་མི་གཅིག་གསོད་རྒྱུ་ལྷག་ཡོད་སྟབས་ཁོང་གི་བསམ་པར། སོར་མོ་སྟོང་ཕྲག་གཅིག་གི་ཚད་ལོངས་པར་ད་དུང་སོར་མོ་གཅིག་དགོས་པས། དེ་རིང་ཐ་ན་རང་གི་ཨ་མ་བསླེབས་ཀྱང་མོ་རང་བསད་ནས་མཛུབ་མོ་གཅོད་རྒྱུ་ཡིན། ཞེས་དམ་བཅས། ཉིན་དེ་ག་རང་གི་ཞོགས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་གླིང་ཧྲིལ་པོར་ཡེ་ཤེས་སྤྱན་གྱིས་ལན་གཅིག་གཟིགས་ཏེ། རང་ཉིད་ཀྱིས་མགོན་སྐྱབས་གནང་དགོས་པའི་སྐྱེ་འགྲོ་ཡོད་མེད་ལ་གཟིགས་པ་ན། སོར་འཕྲེང་ཅན་གྱིས་རང་གི་ད་ལྟའི་མི་ཚེ་སྐྱེལ་སྟངས་ལ་ཁོང་ཁྲོ་ཞིང་ཞེན་པ་གཏིང་ནས་ལོག་སྟེ་ཡ་རབས་སྤྱོད་བཟང་གི་མི་ཚེ་སྐྱེལ་བའི་ཕྱིར། དེའི་ཉིན་མོར་རང་གི་ཨ་མ་བསླེབས་ཀྱང་གསོད་རྒྱུའི་འགྱུར་མེད་ཀྱི་དམ་བཅའ་བཞག་པ་མཁྱེན་ནས་འདི་ལྟར། ང་ངེས་པར་ཡུལ་ཕྱོགས་དེར་སོང་ནས་སོར་འཕྲེང་ཅན་དང་ཁོང་གི་ཨ་མ། དེ་མིན་གྱི་སྐྱེ་འགྲོ་རྣམས་ཅིས་ཀྱང་བསྐྱབ་པར་བྱའོ་དགོངས་ནས། ཕྱག་ཏུ་ལྷུང་བཟེད་ཐོགས་ཏེ་སོར་འཕྲེང་ཅན་གྱི་ཨ་མ་ཁེར་རྐྱང་དུ་འགྲོ་བཞིན་པའི་ནགས་ཚལ་ཕྱོགས་སུ་ཕེབས་ནས་མོའི་མདུན་ཕྱོགས་ནས་ཤར་མར་བྱོན། ཡུལ་ལུང་དེའི་གྲོང་མི་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལམ་ཁ་དེར་ཕེབས་པ་མཐོང་སྟེ་ན་རེ། དགེ་སྦྱོང་ལགས། ཁྱེད་ལམ་ཁ་འདི་ནས་ཕེབས་མི་རུང་། ནགས་ཀློང་འདིའི་ཁྲོད་དུ་མིང་ལ་སོར་འཕྲེང་ཅན་ཟེར་བའི་མི་གསོད་ལག་དམར་བ་ཞིག་ཡོད། ཁོང་ནི་སྙིང་རྗེ་མེད་ལ་ཁྲོ་ཞིང་གཏུམ་པའི་མ་རུངས་པ་ཞིག་སྟེ། ད་ལྟའི་བར་ཁོང་གིས་མི་མང་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བར་མ་ཟད། སུ་ལ་ཡང་གུས་ཞབས་དང་བརྩི་བཀུར་མི་བྱེད་པས། ཐ་ན་ཁྱེད་རང་ཕེབས་ནའང་ཁོས་གསོད་རྐྱང་བྱེད་རྒྱུ་གཏན་ཁེལ་རེད། གནས་སྟངས་འདི་འདྲ་ལ་བརྟེན་ནས་གྲོང་གསེབ་འདིའི་ཡུལ་མི་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་སྡོད་ཁང་ཡང་གཡུགས་ནས་ཕྱིན་སོང་། ང་ཚོས་ཀྱང་དེ་རིང་ནས་བཟུང་རང་གི་ཁང་ཁྱིམ་བཞག་སྟེ་གནས་སྤོར་བྱེད་ཀྱིན་ཡོད། ཕལ་ཆེར་སོར་འཕྲེང་ཅན་དེ་རིང་གྲོང་གསེབ་འདིར་ཡོང་ཉེན་ཆེ། དེས་ན་ཐུགས་རྗེས་གཟིགས། ཁྱེད་འཇིག་རྟེན་འདིར་གསོན་པོར་བཞུགས་འདོད་ཡོད་ན། ལམ་ཁ་འདི་ནས་མི་ཕེབས་པར་མགྱོགས་ནས་མྱུར་དུ་རང་ཤག་ལ་ཕྱིར་ཕེབས་གནོངས། ཞེས་ཐེངས་གསུམ་གྱི་བར་དུ་ཕྱིར་ཕེབས་དགོས་པའི་སྐུལ་མ་ཞུས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་མི་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་ང་ལ་དེ་ལྟའི་སེམས་བཟང་གི་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་གསུངས་ནས་ཁོང་ལམ་ཁ་དེར་མུ་མཐུད་ནས་ཕེབས་སོ། །

སོར་འཕྲེང་ཅན་གྱིས་རང་གི་ཨ་མ་ནགས་ཚལ་ཁྲོད་དུ་འཛུལ་འོང་བ་མཐོང་སྟེ་བསམ་པར། ཨོ། མོ་རང་ཁེར་རྐྱང་དུ་བསླེབས་སོང་བས། ཅི་འདྲའི་བུད་མེད་ལས་ངན་ཞིག ཁོ་བོ་རང་གི་ཨ་མ་ལ་ཤ་ཚ་ཞིང་སྙིང་རྗེ་ནའང་། ངས་ཁས་བླངས་པའི་དམ་བཅའ་ངེས་པར་དུ་སྲུང་དགོས་པས་ང་ལ་ཡང་བྱ་ཐབས་བྲལ། དེས་ན་ངས་མོ་རང་གསོད་རྒྱུ་ལས་ཐབས་གཞན་མི་འདུག་སྙམ་ནས། རལ་གྲི་གནམ་ལ་འཕྱར་ཏེ་རང་གི་ཨ་མའི་ཕྱོགས་སུ་བརྒྱུགས་པར། གློ་བུར་ཐོབ་རྒྱག་ལ་སོར་འཕྲེང་ཅན་དང་ཁོའི་ཨ་མ་གཉིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཞབས་ཐང་ལ་བྱོན་པས། སོར་འཕྲེང་ཅན་གྱི་སེམས་སུ། ཕ་གིའི་དགེ་སྦྱོང་ངའི་ཨ་མའི་སྔོན་དུ་ཡོང་བ་ནི་ཅི་འདྲའི་སྟབས་འགྲིག་པ་ཞིག དེས་ན་ངས་དགེ་སྦྱོང་ཁོང་བསད་ནས་མཛུབ་མོ་བཅད་ན་འགྲིག་པས། ངས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་རང་གི་ཨ་མ་གསོད་དགོས་སྙམ་སྟེ། རལ་གྲི་གནམ་ལ་འཕྱར་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་སུ་བརྒྱུགས་པར། སངས་རྒྱས་བཅོམ་ལྡན་འདས་རྒྱུན་ལྡན་གྱི་སྤྱོད་ལམ་ལྟར་ག་ལེར་ཕེབས་བཞིན་འདི་ལྟར། ཕོ་གཞོན་འདིས་ཁོ་བོ་རྒྱུག་འགྲོ་གི་ཡོད་པའི་རྣམ་པ་ཞིག་ཏུ་སྣང་བར་ཤོག ཅེས་ཐུགས་དགོངས་གཏད་པར། སོར་འཕྲེང་ཅན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་སུ་རང་ནུས་ཅི་ཡོད་ཀྱིས་བརྒྱུགས་ཏེ་རྗེས་འདེད་བྱས་ན་ཡང་། ཁོང་གི་རྗེས་མ་ཟིན་པའི་ཁར་དབུགས་འཚང་ཞིང་ཐང་ཆད་པར་གྱུར་ཏེ་རྐང་པའི་ལྷུ་ཚིགས་རྣམས་ལ་ན་ཟུག་ལངས་ཤིང་། གཟུགས་པོ་ཡོངས་ནས་རྔུལ་ནག་གི་ཆུ་རྒྱུན་བཞུར་ནས་ཉམ་ཐག་པར་གྱུར་ཏེ་འགྲོ་ཡང་མ་ཐུབ།

དེ་དུས་ཁོའི་བསམ་པར། དེ་སྔོན་ངས་ཆེས་མགྱོགས་པའི་གླང་ཆེན་དང་། རྟ་དང་། ཤིང་རྟ་འཁོར་ལོ། དེ་བཞིན་ཤ་བ་ལ་སོགས་པ་སེམས་ཅན་གྲངས་ལས་འདས་པ་དེད་ནས་འཇུ་བཟུང་བྱེད་མྱོང་ན་ཡང་དེ་རིང་འདྲ་བའི་ཐང་ཆད་པ་ཞིག་ཡེ་ནས་བྱུང་མྱོང་མེད། དེས་ན་དེ་རིང་ཅི་འདྲའི་ཡ་མཚར་བ་ཞིག དགེ་སྦྱོང་འདི་གཏན་ནས་འཛིན་ཐུབ་པ་མི་འདུག་སྙམ་སྟེ་སྐད་ཤུགས་ཆེན་པོའི་སྒོ་ནས་སྨྲས་པ། ཝེ། དགེ་སྦྱོང་། ད་འགྲོ་མི་ཆོག ཁྱེད་ཀྱིས་གཡོ་འགུལ་ཙམ་ཡང་མ་བྱེད་པར་ཡར་ལངས་ནས་སྡོད། ཅེས་སྐད་བཏང་བར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨྲས་པ། སོར་འཕྲེང་ཅན། ང་ནི་གཡོ་འགུལ་ཙམ་ཡང་མེད་པར་ཡར་ལངས་བསྡད་ཡོད། ཁྱེད་ཀྱིས་ཀྱང་གཡོ་འགུལ་ཙམ་ཡང་མ་བྱེད་པར་ཡར་ལོངས་ཤིག་ཅེས་གསུངས་པར། སོར་མོའི་འཕྲེང་བས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་གོ་དོན་མ་རྟོགས་ཏེ་བསམ་པར། ནང་པ་སངས་རྒྱས་པའི་དགེ་འདུན་པ་རྣམས་ཀྱིས་རྫུན་བཤད་པ་མ་ལགས་ཀྱང་། ཁོང་ང་ལས་མགྱོགས་པར་རྒྱུག་བཞིན་ད་དུང་གཡོ་འགུལ་ཙམ་ཡང་མེད་པར་ཡར་ལངས་བསྡད་ཡོད་ཟེར། མ་ཟད་ང་ལའང་ནམ་རྒྱུན་ལས་ལུས་སྟོབས་ཞན་པའི་ཚོར་སྣང་ནི་མི་འདུག དེས་ན་ཚིག་འདིའི་རྒྱབ་ན་ཏན་ཏན་གོ་རྒྱུ་ཞིག་འདུག་སྙམ་སྟེ་ན་རེ། ཁྱོད་ང་ལས་མགྱོགས་པར་རྒྱུག་བཞིན་ད་དུང་གཡོ་འགུལ་ཙམ་ཡང་མེད་པར་བསྡད་ཡོད་ཟེར་བའི་གོ་དོན་གང་ཡིན། དེ་ལ་ཁྱོད་ཀྱིས་ལན་འདེབས་གསལ་པོ་ཞིག་བྱེད་ཐུབ་བམ་ཞེས་དྲིས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཡ། སོར་འཕྲེང་ཅན། ང་ནི་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས། དུས་རྒྱུན་དུ་གཡོ་འགུལ་ཙམ་ཡང་མེད་པར་སྡོད་ཀྱི་ཡོད་ནའང་། ཁྱོད་ནི་དེ་ལས་ལྡོག་སྟེ་སེམས་ཅན་ལ་གནོད་ཅིང་འཚེ་ལ་སྙིང་རྗེ་དང་བྲལ་བས། དུས་རྒྱུན་གཡོ་འགུལ་མེད་པར་སྡོད་མི་ཐུབ་པ་ཡིན་ནོ་ཞེས་གསུངས།

དེ་ནས་སོར་འཕྲེང་ཅན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདམས་ངག་དེ་ལ་ཆེས་ཤིན་ཏུ་ནས་ཡིད་འཐད་ཅིང་མོས་པར་གྱུར་ཏེ། རང་ཉིད་ཀྱི་རལ་གྲི་ཐང་ལ་གཡུགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་བསྡད་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་ལ་བྱིན་གྱིས་བརླབས་ཤིང་གཙུག་ལག་ཁང་དུ་ཁྲིད་དེ་རབ་བྱུང་གི་སྡོམ་པའང་གནང་། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་ཡུན་སྐར་མ་གཅིག་ཙམ་གྱི་ནང་ཚུན་དུ། སོར་འཕྲེང་ཅན་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ཏུ་བྱིན་གྱིས་བརླབས་པས་ཁོང་གི་ཨ་མ་ཡང་ཧང་སང་བར་གྱུར།

ཀོ་ས་ལའི་རྒྱལ་པོ་ནགས་ཚལ་ཁྲོད་སོར་འཕྲེང་ཅན་འཇུ་བཟུང་བྱེད་དུ་མ་བསྐྱོད་པའི་གོང་དེར། ཁོང་གིས་རྟ་དམག་ལྔ་བརྒྱ་ཁྲིད་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བྱིན་རླབས་ཞུ་བར་བཅར། དེ་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་ལ་སྨྲས་པ། ཡ། སྟོབས་འབྱོར་དཔལ་གྱིས་ཕྱུག་པའི་རྒྱལ་པོ་ཆེན་པོ་ལགས། ཁྱེད་ལ་དཀའ་ངལ་ཅི་ཞིག་འཕྲད་སོང་། རྒྱལ་པོ་གཟུགས་ཅན་སྙིང་པོས་(BIMBISARA)དམག་དྲངས་པའམ་ཡང་ན་ལི་ཆ་ཧ་ཝའི་སྲས་(PRINCE OF LICCHAVI)ཀྱིས་ཁྱོད་ལ་དམག་དྲངས་པ་གང་ལགས། དེ་མིན་རྒྱལ་དོན་གྱི་དཀའ་ཁག་གཞན་པ་འདྲ་འཕྲད་པ་ཨེ་ཡིན། ཞེས་བཀའ་འདྲི་གནང་བར། རྒྱལ་པོ་ན་རེ། རྗེ་བཙུན་དམ་པ་ལགས། དེ་འདྲ་མ་རེད། འོན་ཀྱང་ངའི་རྒྱལ་ཕྲན་གྱི་མངའ་ཁོངས་འདི་ན་མིང་ལ་སོར་འཕྲེང་ཅན་ཟེར་བ་ཆེས་འཇིགས་སུ་རུང་བའི་ཇག་པ་ཞིག་འདུག་པས་ངེད་ཅག་དེ་འཇུ་བཟུང་བྱེད་དུ་འགྲོ་བ་ཡིན། ཞེས་ཞུས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་ལགས། གལ་སྲིད་སོར་འཕྲེང་ཅན་གྱིས་ཇག་པའི་འཚོ་ཐབས་སྤངས་ཏེ། ལུས་ལ་ངུར་སྨྲིག་གི་ན་བཟའ་བཀླུབས་ཤིང་སྐྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་ཡོད་ན་ཁྱོད་ཀྱིས་ད་དུང་ཁོང་འཇུ་བཟུང་བྱེད་ཀྱི་ཡིན་ནམ་ཞེས་དྲིས་པར། རྒྱལ་པོ་ན་རེ། གལ་སྲིད་ཁོང་གིས་དེ་ལྟར་བྱས་ཡོད་ཚེ་ངས་ཁོང་ལ་བསྙེན་བཀུར་ཞུས་ཆོག་ཅེས་ཞུས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། སོར་འཕྲེང་ཅན། འདིར་ཤོག ཅེས་བོས་པར། སོར་འཕྲེང་ཅན་ཁང་པའི་ཕྱི་ལ་ཡོང་བས་རྒྱལ་པོ་ལས་གཞན་པའི་དམག་མི་ཡོད་ཚད་ཁ་ཕྱི་ལ་འཁོར་ཏེ་བྲོས། དེ་ནས་བཅོམ་ལྡན་འདས་ཀྱིས་དམག་མི་རྣམས་ཁོང་གི་མདུན་དུ་བཀུག་ནས་གསུང་ཆོས་ཀྱི་གདམས་པའང་མང་དུ་བསྩལ་ཏོ། །