ཆོས་སྤྱོད་བག་ཆགས་རང་གྲོལ་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཆོས་སྤྱོད་བག་ཆགས་རང་གྲོལ་ཞེས་བྱ་བ་བར་དོ་ཐོས་གྲོལ་གྱི་ཆ་ལག་བཞུགས་སོ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་བར་དོར་གྲོལ་ནས་ཀྱང་༔ འགྲོ་ཀུན་སྐུ་གསུམ་དོན་ལ་གནས་གྱུར་ཅིག༔ སྐལ་ལྡན་ལས་ཅན་སྐྱེས་བུ་དད་ལྡན་རྣམས༔ ཞི་ཁྲོ་འདུས་པའི་ཆོས་སྤྱོད་རབ་གསལ་འདི༔ དུས་གསུམ་ཀུན་ཏུ་མ་བརྗེད་བསྒོམ་བཟླས་བྱ༔ དང་པོ་ཚོགས་བསགས་ཡན་ལག་བཅུ་པ་ནི༔ སྐྱབས་ཡུལ་དཀོན་མཆོག་གསུམ་དང་རིགས་བརྒྱའི་ལྷ༔ མདུན་གྱི་ནམ་མཁར་དམིགས་ནས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང་༔ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ སྐྱབས་སུ་འགྲོ་བའི་ཡན་ལག་གོ༔ ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པ༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ སྤྱན་འདྲེན་པའི་ཡན་ལག་གོ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང་༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ བཞུགས་སུ་གསོལ་བའི་ཡན་ལག་གོ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པས་བདེ༔ རོལ་པ་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཕྱག་འཚལ་བའི་ཡན་ལག་གོ༔ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ མཆོད་པ་འབུལ་བའི་ཡན་ལག་གོ༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ སྡིག་སྒྲིབ་བཤགས་པའི་ཡན་ལག་གོ༔ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང་༔ འགྲོ་དོན་མཛད་དང་བསོད་ནམས་བྱང་ཆུབ་སེམས༔ བསོད་ནམས་ཡེ་ཤེས་དོན་འབྱུང་ཐམས་ཅད་ལ༔ དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་༔ རྗེས་སུ་ཡི་རང་བའི་ཡན་ལག་གོ༔ ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་པ་རྣམས༔ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ཏེ༔ ནམ་མཁའི་མཐར་ཐུག་དབྱངས་ཀྱིས་རབ་གང་བའི༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་གོ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་འགྲོ་བ་རྒྱ་ཆེན་དོན་བྱེད་ཅིང་༔ མཐའ་ཡས་སངས་རྒྱས་སྟོན་པ་མ་ལུས་ཀུན༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གོ༔ བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ༔ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བའི་ཡན་ལག་གོ༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས༔ འགག་མེད་གསལ་དག་ཐིག་ལེའི་གཞལ་ཡས་སུ༔ རིན་ཆེན་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ རང་སེམས་མ་བཅོས་སྟོང་པའི་རང་རྩལ་ལས༔ རང་རིག་གསལ་སྟོང་རྡོ་རྗེ་སེམས་དཔར་ཤར༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ དབུ་ལ་བདེ་གཤེགས་རིགས་ལྔའི་སངས་རྒྱས་རྫོགས༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ནས་ མ་ཧཱ་ས་མ་ཡ་སཏྭ་ཨཱཿ འཕྲོ་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱངས༔ མ་ཡེངས་དམ་པ་རིགས་བརྒྱའི་ཡང་སྙིང་འདི༔ སྒྲིབ་གཉིས་སྦྱངས་ཕྱིར་ཅི་ནུས་བཟླས་པར་བྱ༔ དེ་ལྟར་སྒྲིབ་པ་སྦྱངས་བའི་རྗེས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་ལུས་དཀྱིལ་དུ་བསྒོམ་ཞིང་གསོལ་བ་བཏབ༔ བར་དོའི་སྨོན་ལམ་གདབ་པར་འདོད་ན་འདི་ལྟར་རོ༔ དེ་ནས་རང་ཉིད་རྡོ་རྗེ་སེམས་དཔའ་ཡི༔ ཙིཏྟ་རིན་ཆེན་སྙིང་གི་གཞལ་ཡས་སུ༔ དངས་མ་ལྔ་ལྡན་འོད་ལྔའི་ཐིག་ལེར་གསལ༔ ཡེ་ཤེས་ལྔ་ལྡན་གསལ་འཚེར་དཀྱིལ་འཁོར་དུ༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ སངས་རྒྱས་ཞི་བ་སུམ་ཅུ་སོ་དྲུག་ནི༔ སྟོང་གསལ་མ་འགགས་འོད་ལྔའི་སྐུ་རུ་གསལ༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་དབུས་ཐིག་ལེའི་མཁའ་ཀློང་དུ༔ ཐོག་མའི་མགོན་པོ་འོད་མི་འགྱུར་བའི་སྐུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་སྐུ་མདོག་དཀར༔ སྐྱིལ་ཀྲུང་མཉམ་བཞག་གཉིས་མེད་འཁྲིལ་སྦྱོར་རོལ༔ གསལ་སྟོང་པདྨ་ཉི་ཟླའི་གདན་ལ་བཞུགས༔ དུས་གསུམ་སངས་རྒྱས་སྤྱི་མྱེས་ཆེན་པོ་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་དག་པའི་འོད་གསལ་འཆར་དུས་དེར༔ ཀུན་ཏུ་བཟང་པོ་ཡབ་ཀྱིས་མདུན་བསུས་ཤིག༔ ཀུན་ཏུ་བཟང་མོ་ཡུམ་གྱིས་མཐའ་བརྟེན་ཅིག༔ ཀུན་བཟང་དབྱེར་མེད་ས་ལ་དྲང་དུ་གསོལ༔ ཚེ་འདས་ཀྱི་དོན་དུ་སྨོན་ལམ་འདེབས་ན། བདག་སོགས་ཞེས་པའི་སར་ཚེ་འདས་ཞེས་པ་བཅུག་པར་བྱའོ། ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་གི་དབུས་ཕྱོགས་རྩ་འདབ་ལ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ཀློང་དུ༔ རྣམ་སྣང་དབྱིངས་ཕྱུག་དཀར་གསལ་འཁྲིལ་སྦྱོར་རོལ༔ འཁོར་ལོ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགས༔ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་གཙོ་བོ་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་གི་ཤར་ཕྱོགས་རྩ་འདབ་ལ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ཀློང་དུ༔ རྡོར་སེམས་སྤྱན་མ་མཐིང་གསལ་འཁྲིལ་སྦྱོར་རོལ༔ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགས༔ གཡས་སུ་ས་སྙིང་མྱུ་གུ་དྲིལ་འཛིན་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དྲིལ་འཛིན་དཀར༔ མདུན་དུ་ལཱ་སེ་མེ་ལོང་ཕྱེད་སྐྱིལ་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་ཕྱེད་སྐྱིལ་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག་པོ་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་གི་ལྷོ་ཕྱོགས་རྩ་འདབ་ལ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ཀློང་དུ༔ རིན་འབྱུང་མ་ཀི་སེར་གསལ་འཁྲིལ་སྦྱོར་རོལ༔ རིན་ཆེན་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགས༔ གཡས་སུ་ཀུན་བཟང་སྙེ་མ་དྲིལ་འཛིན་སེར༔ གཡོན་དུ་ནམ་སྙིང་རལ་གྲི་དྲིལ་འཛིན་སེར༔ མདུན་དུ་མཱ་ལེ་ཕྲེང་འཛིན་ཕྱེད་སྐྱིལ་སེར༔ རྒྱབ་ཏུ་དྷུ་པེ་སྤོས་ཕོར་ཕྱེད་སྐྱིལ་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག་པོ་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མ་མ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་གི་ནུབ་ཕྱོགས་རྩ་འདབ་ལ༔ སོར་རྟོགས་ཡེ་ཤེས་གསལ་བའི་འོད་ཀློང་དུ༔ སྣང་མཐའ་གོས་དཀར་དམར་གསལ་འཁྲིལ་སྦྱོར་རོལ༔ པདྨ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགས༔ གཡས་སུ་སྤྱན་གཟིགས་པདྨ་དྲིལ་འཛིན་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དྲིལ་འཛིན་དམར༔ མདུན་དུ་གིརྟི་པི་ཝཾ་ཕྱེད་སྐྱིལ་དམར༔ རྒྱབ་ཏུ་ཨཱ་ལོ་མར་མེ་ཕྱེད་སྐྱིལ་དམར༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག་པོ་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོགས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་གི་བྱང་ཕྱོགས་རྩ་འདབ་ལ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ཀློང་དུ༔ དོན་གྲུབ་སྒྲོལ་མ་ལྗང་གསལ་འཁྲིལ་སྦྱོར་རོལ༔ རྒྱ་གྲམ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགས༔ གཡས་སུ་སྒྲིབ་སེལ་པོ་ཏི་དྲིལ་འཛིན་ལྗང་༔ གཡོན་དུ་ཕྱག་རྡོར་རྡོ་རྗེ་དྲིལ་འཛིན་ལྗང་༔ མདུན་དུ་གྷནྡྷེ་དུང་ཕོར་ཕྱེད་སྐྱིལ་ལྗང་༔ རྒྱབ་ཏུ་ནིརྟི་ཞལ་ཟས་ཕྱེད་སྐྱིལ་ལྗང་༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག་པོ་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སྙིང་གི་ཤར་སྒོའི་རྩ་འདབ་ལ༔ རྣམ་རྒྱལ་ལྕགས་ཀྱུ་འཁྲིལ་སྦྱོར་འདོར་སྟབས་དཀར༔ ཙིཏྟ་སྙིང་གི་ལྷོ་སྒོའི་རྩ་འདབ་ལ༔ གཤིན་རྗེ་ཞགས་པ་འཁྲིལ་སྦྱོར་འདོར་སྟབས་སེར༔ ཙིཏྟ་སྙིང་གི་ནུབ་སྒོའི་རྩ་འདབ་ལ༔ རྟ་མགྲིན་ལྕགས་སྒྲོག་འཁྲིལ་སྦྱོར་འདོར་སྟབས་དམར༔ ཙིཏྟ་སྙིང་གི་བྱང་སྒོའི་རྩ་འདབ་ལ༔ བདུད་རྩི་དྲིལ་བུ་འཁྲིལ་སྦྱོར་འདོར་སྟབས་ལྗང་༔ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ༔ ཁྲོ་ཆེན་སྒོ་བ་བཞི་ཡིས་ལམ་སྣ་དྲོངས༔ ཡུམ་མཆོག་སྒོ་མ་བཞི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ སྤྱི་གཙུག་བདེ་ཆེན་རྩ་འདབ་འོད་ཀློང་དུ༔ དཀར་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ན༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་པི་ཝཾ་དཀར༔ ང་རྒྱལ་ལྷ་ཡི་སྐྱེ་སྒོ་བཅད་དུ་གསོལ༔ ལྟག་རྩ་བ་མེན་རྭ་འདྲའི་འོད་ཀློང་དུ༔ ལྗང་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ན༔ ལྷ་མིན་ཐུབ་པ་ཐགས་བཟང་གོ་མཚོན་ལྗང་༔ ཕྲག་དོག་ལྷ་མིན་སྐྱེ་སྒོ་བཅད་དུ་གསོལ༔ སྲོག་རྩ་ཤེལ་གྱི་སྦུ་གུའི་འོད་ཀློང་དུ༔ སེར་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ན༔ མི་ཡི་ཐུབ་པ་ཤཱཀ་ཐུབ་གསེག་པར་སེར༔ འདོད་ཆགས་མི་ཡི་སྐྱེ་སྒོ་བཅད་དུ་གསོལ༔ ལྟེ་བ་རྩ་འཁོར་འཁྱིལ་བའི་འོད་ཀློང་དུ༔ མཐིང་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་དུ༔ བྱོལ་སོང་ཐུབ་པ་སེང་གེ་པོ་ཏི་མཐིང་༔ གཏི་མུག་བྱོལ་སོང་སྐྱེ་སྒོ་བཅད་དུ་གསོལ༔ གསང་གནས་བདེ་སྐྱོང་རྩ་འདབ་འོད་ཀློང་དུ༔ དམར་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ན༔ ཡི་དྭགས་ཐུབ་པ་ཁ་འབར་སྒྲོམ་བུ་དམར༔ སེར་སྣ་ཡི་དྭགས་སྐྱེ་སྒོ་བཅད་དུ་གསོལ༔ རྐང་མཐིལ་རྩ་འཁོར་འཁྱིལ་བའི་འོད་ཀློང་དུ༔ ནག་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ན༔ དམྱལ་བའི་ཐུབ་པ་ཆོས་རྒྱལ་མེ་ཆུ་ནག༔ ཞེ་སྡང་དམྱལ་བའི་སྐྱེ་སྒོ་བཅད་དུ་གསོལ༔ འགྲོ་དོན་མཛད་པའི་སྤྲུལ་སྐུ་ཐུབ་དྲུག་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ སྲིད་པ་བར་དོའི་སྣང་བ་འཆར་དུས་དེར༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ༔ ཐུབ་ཆེན་གོང་མ་གསུམ་པོས་ལམ་སྣ་དྲོངས༔ ཐུབ་ཆེན་འོག་མ་གསུམ་པོས་རྒྱབ་ནས་སྐྱོར༔ མ་དག་རིགས་དྲུག་འོད་ལམ་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ནི༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་ལྔ་ལྡན་གསལ་བའི་འོད་ལམ་ལ༔ ཞི་བ་ཡབ་རྣམས་ཀུན་གྱིས་ལམ་སྣ་དྲོངས༔ དབྱིངས་ཀྱི་ཡུམ་ཆེན་རྣམས་ཀྱིས་རྒྱབ་ནས་སྐྱོར༔ སྒོ་བ་སྒོ་མ་རྣམས་ཀྱིས་མཐའ་ནས་བརྟེན༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ སྐྱེ་གནས་བར་དོར་གནས་པའི་དུས་འདི་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ལྷ་ཚོགས་རྣམས༔ བདག་ལུས་ཙིཏྟ་སྙིང་གི་གཞལ་ཡས་སུ༔ འོད་ལྔ་ཚོམ་བུའི་སྐུ་རུ་གསལ་བར་བཞུགས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཞི་བའི་ལྷ་ཚོགས་སྙིང་གི་ནང་ནས་ཐོན༔ མདུན་གྱི་མཁའ་ལ་ནམ་མཁའ་གང་བར་འཆར༔ རྒྱན་དང་ཆ་ལུགས་གཙོ་འཁོར་གྲངས་མེད་པ༔ འཇའ་འོད་ཀློང་ནས་གསལ་སྟོང་འོད་ལྔའི་སྐུ༔ ཡེ་ཤེས་ལྔ་ཡི་འོད་ལམ་ཟེར་ཐག་འཚེར༔ ལྔ་ལྡན་ཐིག་ལེ་སྒྲ་འོད་ཟེར་དུ་འཕྲོ༔ གསལ་འཚེར་ལྷུན་སྡུག་མདངས་ལྡན་རང་སྒྲར་བཅས༔ བདག་གི་སྙིང་གར་ཟུག་པའི་ཚུལ་དུ་འཆར༔ ཡེ་ཤེས་ལྔ་ཡི་འོད་དང་ལྷན་ཅིག་ཏུ༔ མ་དག་འཁྲུལ་པའི་རིགས་དྲུག་འོད་ལམ་དྲུག༔ བདག་ལ་འཆར་བར་གྱུར་པའི་དུས་ཀྱི་ཚེ༔ བཅོམ་ལྡན་ཞི་བའི་ལྷ་ཚོགས་ཐུགས་རྗེ་ཅན༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་དེར་མ་ཆུང་༔ ཡེ་ཤེས་བཞི་སྦྱོར་ལམ་ལ་བདག་དྲོངས་ཤིག༔ མ་དག་རིགས་དྲུག་ལམ་ལས་བཟློག་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ༔ འཇའ་དང་འོད་དུ་འཐིབ་པའི་ཀློང་དཀྱིལ་དུ༔ ལོངས་སྤྱོད་འཁོར་ལོ་དབུས་ཀྱི་རྩ་འདབ་ལ༔ རྣམ་པར་སྨིན་པའི་རིག་འཛིན་ཆེན་པོ་ནི༔ པདྨ་གར་གྱི་དབང་ཕྱུག་འོད་ལྔའི་མདངས༔ ཡེ་ཤེས་མཁའ་འགྲོ་དམར་གསལ་བདེ་སྟོང་འཁྲིལ༔ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུར༔ སྐུ་ཡི་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབས༔ ཨོཾ་ཨཱཿཧཱུྃ༔ མགྲིན་པ་ལོངས་སྤྱོད་ཤར་གྱི་རྩ་འདབ་ལ༔ ས་ལ་གནས་པའི་རིག་འཛིན་ཆེན་པོ་ནི༔ དཀར་གསལ་འཛུམ་མདངས་མཁའ་འགྲོ་དཀར་མོ་འཁྲིལ༔ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུར༔ ཐུགས་ཀྱི་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབས༔ ཨོཾ་ཨཱཿཧཱུྃ༔ མགྲིན་པ་ལོངས་སྤྱོད་ལྷོ་ཡི་རྩ་འདབ་ལ༔ ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་ནི༔ སེར་གསལ་འཛུམ་མདངས་མཁའ་འགྲོ་སེར་མོ་འཁྲིལ༔ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུར༔ ཡོན་ཏན་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབས༔ ཨོཾ་ཨཱཿཧཱུྃ༔ མགྲིན་པ་ལོངས་སྤྱོད་ནུབ་ཀྱི་རྩ་འདབ་ལ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཆེན་པོ་ནི༔ དམར་གསལ་འཛུམ་མདངས་མཁའ་འགྲོ་དམར་མོ་འཁྲིལ༔ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུར༔ གསུང་གི་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབས༔ ཨོཾ་ཨཱཿཧཱུྃ༔ མགྲིན་པ་ལོངས་སྤྱོད་བྱང་གི་རྩ་འདབ་ལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་ནི༔ ལྗང་གསལ་ཁྲོ་འཛུམ་མཁའ་འགྲོ་ལྗང་གུ་འཁྲིལ༔ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུར༔ ཕྲིན་ལས་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབས༔ ཨོཾ་ཨཱཿཧཱུྃ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ དག་པ་མཁའ་སྤྱོད་ཞིང་ཁམས་དེ་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ སྐྱེ་གནས་བར་དོར་གནས་པའི་དུས་འདི་རུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་བཅས་རྣམས༔ བདག་ལུས་མགྲིན་པ་ལོངས་སྤྱོད་གཞལ་ཡས་སུ༔ འོད་ལྔ་ཚོམ་བུའི་སྐུ་རུ་གསལ་བར་བཞུགས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ རིག་འཛིན་ལྷ་ཚོགས་མགྲིན་པའི་ནང་ནས་ཐོན༔ ནམ་མཁའ་གང་བར་མདུན་གྱི་མཁའ་ལ་འཆར༔ རོལ་མོའི་སྒྲ་དང་གར་སྟབས་སྣ་ཚོགས་བསྒྱུར༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ཡོམ་ཡོམ་འགུལ༔ ལྷན་སྐྱེས་ཡེ་ཤེས་འོད་ལམ་ཟེར་ཐག་འཚེར༔ གཏི་མུག་དུད་འགྲོའི་ལམ་སྣང་འཆར་དུས་དེར༔ རིག་འཛིན་ལྷ་ཚོགས་ཐུགས་རྗེ་དེར་མ་ཆུང་༔ གཏི་མུག་དུད་འགྲོའི་ལམ་ནས་བཟློག་ཏུ་གསོལ༔ ལྷན་སྐྱེས་ཡེ་ཤེས་ལམ་ལ་འགྲོ་བ་དྲོངས༔ བར་དོ་རང་ངོ་ཤེས་པར་ཐུགས་རྗེས་ཟུངས༔ རིག་འཛིན་རྒྱལ་བའི་སྲས་སུ་དབང་བསྐུར་ཅིག༔ ཨོཾ་ཨཱཿཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའི་སྤྱི་བོ་རུ༔ ཀླད་པ་དུང་ཁང་འབར་བའི་གཞལ་ཡས་སུ༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ ཁྲག་འཐུང་ལྷ་ཚོགས་ཚོམ་བུའི་སྐུ་རུ་བཞུགས༔ ཨོཾ་ཨཱཿཧཱུྃ༔ ཀླད་པ་དུང་ཁང་དབུས་ཀྱི་རྩ་འདབས་སུ༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་སྨུག་ནག་དཀར་དམར་ཞལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ ཀྲོ་ཏི་ཤྭ་རི་གཉིས་མེད་དགྱེས་པར་འཁྲིལ༔ གཙོ་བོ་ཡབ་ཡུམ་གཉིས་ཀྱིས་འགྲོ་ཀུན་དྲོངས༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་དབུས་ཀྱི་རྩ་འདབས་ཁྲི་རྐང་སྟེང་༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ རྣམ་པར་སྣང་མཛད་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་སྨུག་ནག་དཀར་དམར་ཞལ༔ གཡས་གསུམ་འཁོར་ལོ་དགྲ་སྟྭ་རལ་གྲི་བསྣམས༔ གཡོན་གསུམ་དྲིལ་བུ་ཐོང་གཤོལ་བྷན་དམར་བསྣམས༔ བུདྡྷ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ ཁྲག་འཐུང་བདེ་གཤེགས་རིགས་ཀྱིས་འགྲོ་ཀུན་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཀླད་པ་དུང་ཁང་ཤར་གྱི་རྩ་འདབས་སུ༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ རྡོ་རྗེ་སེམས་དཔའ་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་དཀར་དམར་ཞལ༔ གཡས་གསུམ་རྡོ་རྗེ་བྷནྡྷ་དགྲ་སྟྭ་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་བསྣམས༔ བཛྲ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ ཁྲག་འཐུང་རྡོ་རྗེ་རིགས་ཀྱིས་འགྲོ་ཀུན་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཀླད་པ་དུང་ཁང་ལྷོ་ཡི་རྩ་འདབས་སུ༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ རིན་ཆེན་འབྱུང་ལྡན་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་སེར་ནག་དཀར་དམར་ཞལ༔ གཡས་གསུམ་རིན་ཆེན་ཁ་ཊྭཱཾ་བེ་ཅོན་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་ཏྲི་ཤུལ་བསྣམས༔ རཏྣ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ ཁྲག་འཐུང་རིན་ཆེན་རིགས་ཀྱིས་འགྲོ་ཀུན་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཀླད་པ་དུང་ཁང་ནུབ་ཀྱི་རྩ་འདབས་སུ༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ སྣང་བ་མཐའ་ཡས་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་དམར་ནག་དཀར་སྔོ་ཞལ༔ གཡས་གསུམ་པདྨ་ཁ་ཊྭཱཾ་དབྱུག་ཏོ་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་བསྣམས༔ པདྨ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ ཁྲག་འཐུང་པདྨ་རིགས་ཀྱིས་འགྲོ་ཀུན་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཀླད་པ་དུང་ཁང་བྱང་གི་རྩ་འདབས་སུ༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ལྗང་ནག་དཀར་དམར་ཞལ༔ གཡས་གསུམ་རལ་གྲི་ཁ་ཊྭཱཾ་དབྱུག་ཏོ་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་བསྣམས༔ ཀརྨ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ ཁྲག་འཐུང་ལས་ཀྱི་རིགས་ཀྱིས་འགྲོ་ཀུན་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ་གཉིས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་ལྔ་རྫོགས་གསལ་བའི་འོད་ལམ་ལ༔ ཁྲག་འཐུང་ཁྲོ་རྒྱལ་རྣམས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་ཤར་གྱི་རྩ་འདབས་འོད་ཀློང་དུ༔ ཀོའུ་རཱི་དཀར་མོ་ཞིང་དབྱུག་བྷནྡྷ་འཛིན༔ དུང་ཁང་ལྷོ་ཡི་རྩ་འདབས་འོད་ཀློང་དུ༔ ཙཽའུ་རཱི་སེར་མོ་མདའ་གཞུ་འགེངས་ཤིང་འཕེན༔ དུང་ཁང་ནུབ་ཀྱི་རྩ་འདབས་འོད་ཀློང་དུ༔ པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་འཛིན༔ དུང་ཁང་བྱང་གི་རྩ་འདབས་འོད་ཀློང་དུ༔ བེ་ཏ་ནག་མོ་རྡོ་རྗེ་བྷན་དམར་འཛིན༔ དུང་ཁང་ཤར་ལྷོའི་རྩ་འདབས་འོད་ཀློང་དུ༔ པུསྐ་དམར་སེར་རྒྱུ་མ་འདྲེན་ཅིང་གསོལ༔ དུང་ཁང་ལྷོ་ནུབ་རྩ་འདབས་འོད་ཀློང་དུ༔ གྷསྨ་ལྗང་ནག་རྡོ་རྗེ་བྷན་དམར་དཀྲུག༔ དུང་ཁང་ནུབ་བྱང་རྩ་འདབས་འོད་ཀློང་དུ༔ ཙནྡྷ་སེར་སྐྱ་ཙིཏྟ་བམ་ཆེན་ཟ༔ དུང་ཁང་བྱང་ཤར་རྩ་འདབས་འོད་ཀློང་དུ༔ སྨེ་ཤ་མཐིང་ནག་བམ་རོ་མགོ་ལུས་འབྲལ༔ ཨོཾ་ཨཱཿཧཱུྃ༔ གནས་ཀྱི་ཀཽའུ་རཱི་མ་མོ་བརྒྱད་རྣམས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྒྲ་འོད་ཟེར་གསུམ་གསལ་བའི་འོད་ལམ་ལ༔ ཀོའུ་རི་མ་མོ་བཞི་ཡིས་ལམ་སྣ་དྲོངས༔ པུསྐ་མ་མོ་བཞི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་ཤར་གྱི་རྩ་འདབས་ཕྱི་མ་ལ༔ སེངྷ་སྨུག་ནག་སེང་གདོང་ཁར་རོ་ཐོགས༔ དུང་ཁང་ལྷོ་ཡི་རྩ་འདབས་ཕྱི་མ་ལ༔ བྱ་ཀྲི་དམར་མོ་སྟག་གདོང་ལག་གཉིས་བསྣོལ༔ དུང་ཁང་ནུབ་ཀྱི་རྩ་འདབས་ཕྱི་མ་ལ༔ སྲི་ལ་ནག་མོ་ཝ་གདོང་རྒྱུ་མ་ཟ༔ དུང་ཁང་བྱང་གི་རྩ་འདབས་ཕྱི་མ་ལ༔ ཤྭ་ན་མཐིང་ནག་སྤྱང་གདོང་བམ་རོ་འདྲད༔ དུང་ཁང་ཤར་ལྷོའི་རྩ་འདབས་ཕྱི་མ་ལ༔ ཀྲི་ཏ་དཀར་སེར་རྒོད་མགོ་ཞིང་ཕྲག་གཟར༔ དུང་ཁང་ལྷོ་ནུབ་རྩ་འདབས་ཕྱི་མ་ལ༔ ཀངྐ་དམར་ནག་ཀང་མགོ་ཞིང་ཆེན་ཁུར༔ དུང་ཁང་ནུབ་བྱང་རྩ་འདབས་ཕྱི་མ་ལ༔ ཁ་ཁྭ་ནག་མོ་བྱ་རོག་བྷན་གྲི་གདེང་༔ དུང་ཁང་བྱང་ཤར་རྩ་འདབས་ཕྱི་མ་ལ༔ ཧུ་ལུ་མཐིང་ནག་འུག་གདོང་རྡོ་རྗེ་འཛིན༔ ཡུལ་བདག་སེངྷ་ཕྲ་མེན་བརྒྱད་རྣམས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ རང་སྣང་ཡུལ་བརྒྱད་དག་པའི་འོད་ལམ་ལ༔ སེངྷ་ཕྲ་མེན་བཞི་ཡིས་ལམ་སྣ་དྲོངས༔ ཀྲི་ཏ་ཕྲ་མེན་བཞི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ ཀླད་པ་དུང་ཁང་ཤར་སྒོའི་རྩ་འདབས་ལ༔ རྟ་གདོང་དཀར་མོ་ལྕགས་ཀྱུ་བྷནྡྷ་འཛིན༔ ཀླད་པ་དུང་ཁང་ལྷོ་སྒོའི་རྩ་འདབས་ལ༔ ཕག་གདོང་སེར་མོ་ཞགས་པ་བྷནྡྷ་འཛིན༔ ཀླད་པ་དུང་ཁང་ནུབ་སྒོའི་རྩ་འདབས་ལ༔ སེང་གདོང་དམར་མོ་ལྕགས་སྒྲོག་བྷནྡྷ་འཛིན༔ ཀླད་པ་དུང་ཁང་བྱང་སྒོའི་རྩ་འདབས་ལ༔ སྦྲུལ་གདོང་ལྗང་གུ་དྲིལ་བུ་བྷནྡྷ་འཛིན༔ སྤྲུལ་པའི་ཡེ་ཤེས་སྒོ་མ་བཞི་རྣམས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྐྱེ་བ་རྣམ་བཞི་འཁྲུལ་པའི་སྒོ་ཆོད་ལ༔ ཕྲིན་ལས་རྣམ་བཞི་དག་པའི་སྒོ་ཕྱེས་ནས༔ ལྕགས་ཀྱུ་ཞགས་པ་མ་ཡིས་ལམ་སྣ་དྲོངས༔ ལྕགས་སྒྲོག་དྲིལ་བུ་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་ཤར་གྱི་ཕྱི་ཁྱམས་རྩ་ཕྲན་ལ༔ ཞི་བའི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུག༔ སྲིན་མོ་དཀར་སྨུག་གཡག་གདོང་རྡོ་རྗེ་འཛིན༔ ཚངས་པ་དཀར་སེར་སྦྲུལ་གདོང་པདྨ་འཛིན༔ ལྷ་ཆེན་དཀར་ལྗང་གཟིག་གདོང་ཏྲི་ཤུལ་འཛིན༔ གཏོགས་འདོད་དཀར་སྔོ་སྤྲེ་གདོང་འཁོར་ལོ་འཛིན༔ གཞོན་ནུ་དཀར་དམར་དྲེད་གདོང་མདུང་ཐུང་འཛིན༔ བརྒྱ་བྱིན་དཀར་མོ་དོམ་མགོ་རྒྱུ་ཞགས་འཛིན༔ ཤར་ནས་ཞི་བའི་ལས་མཛད་རྣལ་འབྱོར་དྲུག༔ བར་དོར་འཇིགས་སྐྲག་ཞི་བའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་ལྷོ་ཡི་ཕྱི་ཁྱམས་རྩ་ཕྲན་ལ༔ རྒྱས་པའི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུག༔ རྡོ་རྗེ་སེར་མོ་ཕ་ཝཾ་སྤུ་གྲི་འཛིན༔ ཞི་བ་དམར་སེར་ཆུ་སྲིན་བུམ་པ་འཛིན༔ བདུད་རྩི་དམར་སེར་སྡིག་གདོང་པདྨ་འཛིན༔ ཟླ་བ་དཀར་སེར་ཁྲ་མགོ་རྡོ་རྗེ་འཛིན༔ བེ་ཅོན་སེར་ལྗང་ཝ་གདོང་དབྱུག་ཏོ་འཛིན༔ སྲིན་མོ་སེར་ནག་སྟག་གདོང་ཐོད་ཁྲག་ཐོགས༔ ལྷོ་ནས་རྒྱས་པའི་ལས་མཛད་རྣལ་འབྱོར་དྲུག༔ བར་དོར་ཡེ་ཤེས་རྒྱས་པའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་ནུབ་ཀྱི་ཕྱི་ཁྱམས་རྩ་ཕྲན་ལ༔ དབང་གི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུག༔ ཟ་བ་དམར་ལྗང་རྒོད་མགོ་བེ་ཅོན་འཛིན༔ དགའ་བ་དམར་མོ་རྟ་གདོང་ཁོག་ཆེན་འཛིན༔ སྟོབས་ཆེན་དམར་སྐྱ་ཁྱུང་གདོང་དབྱུག་ཏོ་འཛིན༔ སྲིན་མོ་དམར་མོ་ཁྱི་གདོང་རྡོ་རྗེ་འཛིན༔ འདོད་པ་དམར་མོ་པུ་ཤུད་མདའ་གཞུ་འགེངས༔ ནོར་སྲུང་དམར་ལྗང་ཤ་མགོ་བུམ་པ་འཛིན༔ ནུབ་ནས་དབང་གི་ལས་མཛད་རྣལ་འབྱོར་དྲུག༔ བར་དོར་རང་དབང་ཐོབ་པའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་བྱང་གི་ཕྱི་ཁྱམས་རྩ་ཕྲན་ལ༔ དྲག་པོའི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུག༔ རླུང་ལྷ་ལྗང་སྔོན་སྤྱང་གདོང་བ་དན་ཕྱར༔ མི་མོ་ལྗང་དམར་སྐྱིན་མགོ་གསལ་ཤིང་འཛིན༔ ཕག་མོ་ལྗང་ནག་ཕག་གདོང་མཆེ་ཞགས་འཛིན༔ དགའ་བྱེད་ལྗང་དམར་ཁྭ་གདོང་ཞིང་ཆུང་འཛིན༔ སྣ་ཆེན་ལྗང་ནག་གླང་ཆེན་བམ་ཆེན་འཛིན༔ ཆུ་ལྷ་ལྗང་སྔོན་སྦྲུལ་གདོང་སྦྲུལ་ཞགས་འཛིན༔ བྱང་ནས་དྲག་པོའི་ལས་མཛད་རྣལ་འབྱོར་དྲུག༔ བར་དོར་འཁྲུལ་སྣང་བརླག་པའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ དུང་ཁང་ཤར་སྒོར་ཁུ་བྱུག་ལྕགས་ཀྱུ་དཀར༔ དུང་ཁང་ལྷོ་སྒོར་ར་གདོང་ཞགས་པ་སེར༔ དུང་ཁང་ནུབ་སྒོར་སེང་གདོང་ལྕགས་སྒྲོག་དམར༔ དུང་ཁང་བྱང་སྒོར་སྦྲུལ་གདོང་དྲིལ་བུ་ལྗང་༔ སྤྲུལ་པའི་ལས་མཛད་དབང་ཕྱུག་སྒོ་མ་བཞི༔ བར་དོར་སྐྱེ་སྒོ་བཀག་པའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ རྣལ་འབྱོར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེར༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྒྲ་འོད་ཟེར་གསུམ་གསལ་བའི་འོད་ལམ་ལ༔ ཤར་གྱི་དབང་ཕྱུག་བདུན་གྱིས་ལམ་སྣ་དྲོངས༔ ལྷོ་ཡི་དབང་ཕྱུག་བདུན་གྱིས་རྒྱབ་ནས་སྐྱོར༔ ནུབ་ཀྱི་དབང་ཕྱུག་བདུན་གྱིས་མཐའ་ནས་བརྟེན༔ བྱང་གི་དབང་ཕྱུག་བདུན་གྱིས་གཤེད་དང་ཕྲོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ སྐྱེ་གནས་བར་དོར་གནས་པའི་དུས་འདི་རུ༔ ཁྲག་འཐུང་དྲུག་ཅུ་ཐམ་པའི་ལྷ་ཚོགས་རྣམས༔ སྤྱི་བོ་ཀླད་པ་དུང་ཁང་གཞལ་ཡས་སུ༔ འོད་ལྔ་ཚོམ་བུའི་སྐུ་རུ་གསལ་བར་བཞུགས༔ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག༔ ཁྲག་འཐུང་ལྷ་ཚོགས་ཀླད་པའི་ནང་ནས་ཐོན༔ སྟོང་གསུམ་འཇིག་རྟེན་མ་ལུས་གང་བར་འཆར༔ རྒྱན་དང་ཆ་ལུགས་གཙོ་འཁོར་འཇིགས་ཚུལ་ཅན༔ སྒྲ་འོད་ཟེར་གསུམ་ཀློང་ནས་ཁྲོ་བོའི་སྐུ༔ སྒེག་པ་དཔའ་བ་འཇིགས་པའི་ཆ་ལུགས་ཅན༔ རྒོད་དང་གཤེད་དང་རྔམས་པའི་ང་རོ་སྒྲོགས༔ སྙིང་རྗེ་ཁྲོ་དང་གཏུམ་པའི་ཞེ་སྡང་འབར༔ ཐལ་ཆེན་ཁྲག་ཐིག་ཞག་གི་ཟོ་རིས་བརྒྱན༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་གསོལ༔ ཐོད་ཕྲེང་སྦྲུལ་ཆུན་བརྒྱན་ཅིང་མེ་དཔུང་འབར༔ ཧ་ཧ་ཧཱུྃ་ཕཊ་རྒྱོབ་སོད་འབྲུག་སྟོང་ལྡིར༔ མགོ་བརྙན་སྣ་ཚོགས་ཕྱག་མཚན་སྟོན་ཅིང་བསྒྱུར༔ སྟོང་གསུམ་རབ་འབྱམས་ཤིག་ཤིག་ཡོམ་ཡོམ་འགུལ༔ སྒྲ་འོད་ཟེར་དང་དངངས་སྐྲག་འཇིགས་སྣང་ཀུན༔ བདག་ལ་འཆར་བར་གྱུར་པའི་དུས་ཀྱི་ཚེ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐུགས་རྗེ་ཅན༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་དེར་མ་ཆུང་༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ དངངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ ཀེའུ་སེང་སྒོ་མའི་ཚོགས་ཀྱིས་མཐའ་ནས་བརྟེན༔ སྤོར་བྱེད་ཆེན་མོ་བརྒྱད་ཀྱིས་གནས་ནས་སྤོར༔ དབང་ཕྱུག་མགོ་བརྙན་ཚོགས་ཀྱིས་བར་ཆད་སོལ༔ སྒོ་མ་ཆེན་མོ་བཞི་ཡིས་སྐྱེ་སྒོ་ཁོག༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་དེར༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཤུགས་ཕྱུངས་ནས༔ དངངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་གྱུར་ཅིག༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེར༔ མི་འཇིགས་གདེང་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙམ་ན༔ ཡི་དམ་ལྷ་ཡིས་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ན༔ ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེར༔ ཐུགས་རྗེ་ཆེན་པོས་བདག་སོགས་བསྐྱབ་ཏུ་གསོལ༔ བག་ཆགས་ལས་ཀྱི་སྡུག་བསྔལ་མྱོང་དུས་དེར༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ འབྱུང་ལྔའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་རིགས་ལྔའི་ཞིང་ཁམས་མཐོང་བར་ཤོག༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་དང་༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ སྨོན་ལམ་ཅི་བཏབ་དེང་འདིར་འགྲུབ་པར་ཤོག༔ ཅེས་ཞི་ཁྲོའི་ཆོས་སྤྱོད་སྨོན་ལམ་དང་བཅས་པ་འདི་ལ་དུས་གསུམ་དུ་བརྩོན་པས་འབད་པར་གྱུར་ན་མཚམས་མེད་པ་ལྔ་བྱས་པའི་སྡིག་སྒྲིབ་ཀྱང་ཚེ་འདི་ཉིད་ལ་འདག་ཅིང་ན་རཀ་དམྱལ་བའི་གནས་ཀྱང་དོང་ནས་སྤྲུགས་ཏེ་རིག་འཛིན་རྒྱལ་བའི་ཞིང་དུ་སྐྱེ་བར་ཐེ་ཚོམ་མེད་དོ༔ ཀུན་ཏུ་བཟང་པོ་ཉིད་ཀྱི་བཀའ་ལས་ཀྱང་༔ གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཏེ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ ཞེས་པས་ཆོས་སྤྱོད་དེ་ལྟར་ཚུལ་བཞིན་དུ་བྱས་པའི་ཕན་ཡོན་ནི་དེ་ལྟ་བུ་དང་༔ དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ལན་གཅིག་ཐོས་པས་ཀྱང་ངན་སོང་གི་གནས་སུ་མི་སྐྱེ་ཞིང་མཐར་འཚང་རྒྱ་བར་འགྱུར་གསུངས་ཏེ༔ དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས༔ གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་༔ ཞེས་གསུངས་པ་དང་༔ རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་འབྱང་བར་འགྱུར༔ དམ་ཚིག་བསྐང་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་པའི་ཕྱིར༔ ཕན་ཡོན་བརྗོད་ལས་འདས་པ་ཡོད་པས་དེ་བས་ན་བདག་ལུས་ཞི་ཁྲོའི་ལྷ་ཚོགས་སུ་གསལ་གདབ་ཅིང་ཆོས་སྤྱོད་ལ་བརྩོན་པར་གྱིས་ཤིག༔ ཚེ་འདི་ཉིད་ལ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་༔ ཚེ་འཕོས་ནས་ཀྱང་ཆོས་ཉིད་བར་དོར་ཞི་ཁྲོའི་སྣང་བ་ཤར་བའི་ཚེ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ༔ ཉམས་སུ་ལོངས་ཤིག༔ གཤེད་མ་བརྒྱ་ཡིས་བདས་ཀྱང་འདིའི་ཚིག་དོན་ཡིད་ལ་མ་བརྗེད་པར་གྱིས་ཤིག༔ ཟུངས་ཤིག༔ ཆོངས་ཤིག༔ ཀློག་ཅིག༔ ཀུན་ཆུབ་པར་གྱིས་ཤིག༔ ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག༔ ཞི་ཁྲོ་འདུས་པའི་ཆོས་སྤྱོད་རབ་གསལ་བར་དོ་ཐོས་གྲོལ་གྱི་ཉམས་ལེན༔ ཞི་ཁྲོའི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོ༔ བར་དོ་གསང་བ་རིག་པ་རང་གྲོལ་གྱི་ཆ་རྐྱེན༔ བསྐང་བཤགས་ཉམས་ཆག་རང་གྲོལ་གྱི་དངོས་གཞི༔ སྐྱེས་བུ་སྐལ་ལྡན་རྣམས་ཀྱི་ཐར་ལམ༔ ཆོས་སྤྱོད་བག་ཆགས་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་ཀྱི་བར་དུ་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པའོ༔