ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་སེམས་ཉིད་རང་གྲོལ་བཞུགས་སོ། ། ཟབ་ཆོས་དགོངས་པ་རང་གྲོལ་ལས། སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་འདི་བཞིན་བྱེད་ན་ལེགས། ཀྱེ་མ་ཀྱི་ཧུད་སྐལ་ལྡན་རིགས་ཀྱི་བུ། །མ་རིག་གཏི་མུག་དབང་གིས་མ་ནོན་པར། །བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་དང༌། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མ་རིག་དབང་གིས་ཉལ་ཡུན་དེས་ཆོག་གི །ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབད། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་ཤེས་སམ། །དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད། །བསྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དུས་ལ་བབས། །ད་རེས་གཅིག་པུ་གཏན་བདེ་བསྒྲུབ་དུས་འདིར། །སྙོམས་ལས་ངང་ལ་སྡོད་པའི་དུས་མ་ཡིན། །འཆི་བ་སོམས་ལ་སྒྲུབ་པ་མཐའ་རུ་སྐྱོལ། །ཚེ་ལ་ལོང་མེད་འཆི་རྐྱེན་བསམ་མི་ཁྱབ། །དེ་ཚེ་མི་འཚེར་གདེང་ཞིག་མ་ཐོབ་ན། །སྐྱེས་བུ་ཁྱོད་ཉིད་གསོན་པས་ཅི་ཞིག་རུང༌། །ཆོས་རྣམས་བདག་མེད་སྟོང་ཞིང་སྤྲོས་དང་བྲལ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང༌། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས། །ཆོས་རྣམས་རང་བཞིན་སྐྱེ་བ་མེད་པ་སྟེ། །གནས་མེད་འགག་མེད་འགྲོ་འོང་མེད་པའོ། །དམིགས་མེད་མཚན་མ་མེད་ཅིང་བསམ་བརྗོད་བྲལ། །དོན་དེ་རྟོགས་པར་བྱ་བའི་དུས་ལ་བབས། ན་མོ་གུ་རུ་བྷྱཿ ན་མོ་དྷེ་ཝ་བྷྱཿ ན་མོ་ཌཱཀྐི་བྷྱཿ ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་འདིར། །ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་འདོད་གཟུང་འཛིན་བཅིངས་པའི་བཙོན་ར་འདིར། །རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར། །མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་ཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་བསྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་པས། །ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། །འཁོར་བ་ཞེན་པ་ལོག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་འབྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང༌། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་བསམ་ན་རང་ཉིད་འཆི་བས་གཏུགས། །བསྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང༌། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་མཐུ་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །དེ་ནས་ཕྱི་ནང་གསང་བའི་སྐྱབས་འགྲོ་ནི། ཁམས་གསུམ་རིགས་དྲུག་མཐའ་ཡས་སེམས་ཅན་རྣམས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ། །རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་ལྡན། །ཕྲིན་ལས་མི་བཟད་ནམ་མཁའི་མཐའ་དང་མཉམ། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས། །ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ། །བཀའ་གཏེར་ལུང་དང་མན་ངག་བསྟན་བཅོས་སོགས། །དམ་ཆོས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང༌། །ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས། །བྱང་སེམས་ཉན་རང་རྒྱལ་བའི་བསྟན་འཛིན་མཆོག །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བྱིན་རླབས་ཐུགས་རྗེས་འགྲོ་ཀུན་འདྲེན་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༌། །འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་གར་སྤྲུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་ཉིད་མཁའ་ལ་ཐུགས་རྗེའི་ཤུགས་ཀྱིས་འགྲོ། །དག་པའི་གནས་ནས་བདེ་ཆེན་མཆོག་སྩོལ་ཞིང༌། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་མ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཡེ་ཤེས་ལས་གྲུབ་མངོན་ཤེས་རྫུ་འཕྲུལ་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༌། །བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག །མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ། །འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི། །ལྷུན་གྲུབ་རང་བཞིན་ཡེ་ནས་སྐུ་ལྔའི་བདག །དབྱིངས་རིག་སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་དུ། །རང་རིག་འོད་གསལ་རྡོ་རྗེ་ལུ་གུ་རྒྱུད། །རྟོག་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི། །མ་འགགས་རང་རྩལ་ཀུན་ཁྱབ་ཐུགས་རྗེ་ཅན། །ཤར་གྲོལ་འགགས་མེད་རིག་རྩལ་རོལ་པའི་ཟེར། །རྟོག་མེད་ངང་ནས་འགྲོ་བློའི་མུན་སེལ་བ། །དུས་གསུམ་ཐོག་མཐའ་མེད་པར་སྐྱབས་སུ་མཆི། །དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི། ཀྱེ་མ། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང༌། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །སྙིང་རྗེའི་གནས་རྣམས་བྱང་ཆུབ་ཐོབ་བྱའི་ཕྱིར། །བདག་གི་སྒོ་གསུམ་དགེ་ལ་བསྐུལ་བར་བྱ། །འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བདག་གཅིག་མ་ཡིན་འགྲོ་ཀུན་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །སྡུག་བསྔལ་རྒྱ་མཚོ་དཔག་ཏུ་མེད་པའི་ནང༌། །རང་གིས་རང་བཅིངས་ཆོས་མེད་སྙིང་རེ་རྗེ། །སྙིང་རྗེའི་གནས་རྣམས་བདེ་ལ་འགོད་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །བདག་དང་མཐའ་ཡས་འགྲོ་བ་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་རང་བཞིན་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་ཆེན་པོ་རུ། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །འཇིག་རྟེན་འཁོར་བའི་རྒྱ་མཚོ་སྒྱུ་མ་བཞིན། །འདུས་བྱས་ཐམས་ཅད་རྟག་པ་མ་ཡིན་ཏེ། །ངོ་བོ་སྟོང་པ་བདག་མེད་ཡིན་པ་ལ། །དེ་ལྟར་མ་རྟོགས་བྱིས་པ་འདི་དག་རྣམས། །རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་བར་འཁྱམས། །མིང་དང་གཟུགས་ཀྱི་འདམ་ལ་ཆགས་པ་རྣམས། །སངས་རྒྱས་ཐོབ་ཕྱིར་བདག་གི་ལུས་དང་ངག །ཡིད་དང་གསུམ་པོ་དགེ་ལ་བསྐུལ་བར་བྱ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །མཐའ་ཡས་འགྲོ་བ་སེམས་ཅན་ཇི་སྙེད་པ། །མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག །དེ་ནས་ཚད་མེད་བཞི་བསྒོམ་པ་ནི། །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཀུན་ཀྱང་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་དང་ལྡན་གྱུར་ཅིག །ཆགས་སྡང་མེད་པའི་བཏང་སྙོམས་གནས་གྱུར་ཅིག །སྡིག་སྒྲིབ་སྦྱངས་ཕྱིར་ཡིག་བརྒྱ་འདྲེན་པ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །བླ་མ་རྡོ་རྗེ་སེམས་དཔའི་སྐུ། །སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ནས། །ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །བདུད་རྩིའི་ཆུ་རྒྱུན་ཚངས་བུག་བབས། །བདག་གི་ཉམས་ཆག་སྡིག་སྒྲིབ་དག །བཅོམ་ལྡན་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །བདག་དང་འགྲོ་བ་སེམས་ཅན་མ་ལུས་པའི། །སྡིག་སྒྲིབ་སྦྱང་ཕྱིར་ཡེ་ཤེས་བདུད་རྩིའི་རྒྱུན། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །ཨོཾ་བཛྲ་སཏྭ་ས་མ་ཡ། སོགས་དང༌། བདག་ནི་མི་ཤེས་གཏི་མུག་རྨོངས་པ་ཡིས། །དམ་ཚིག་བསྲུང་མཚམས་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་ཁྱེད་ཀྱིས་སྐྱབས་མཛོད་ཅིག །གཙོ་བོ་དཔལ་ལྡན་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བརྩེ་བའི་བདག་ཉིད་ཅན། །འགྲོ་བའི་གཙོ་བོས་བདག་སོགས་སྐྱབས་མཛོད་ཅིག །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུན། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག་ཉིད་ཀྱང༌། །རྡོ་རྗེ་སེམས་དཔའ་དེང་འདིར་འགྲུབ་གྱུར་ནས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་མྱུར་དུ་འཁོད་པར་ཤོག །རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །དེ་ནས་མཆོད་པའི་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་མ་དབང་ཆེན་གསེར་གྱི་ས་གཞིར་གྱུར། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་རོལ་རིན་ཆེན་ལྕགས་རི་ཁོར་ཡུག་གྱུར། །དབུས་སུ་རི་རྒྱལ་ལྷུན་པོ་མཆོག་རབ་ཉིད། །རིན་ཆེན་སྣ་ལྔ་ལས་གྲུབ་ལྷུན་ཆགས་ཤིང༌། །དབྱིབས་ལེགས་མཛེས་ཤིང་ལྟ་ན་སྡུག་པ་ལ། །གསེར་གྱི་རི་བདུན་རོལ་མཚོ་བདུན་གྱིས་བསྐོར། །ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུ་གླིང༌། །ནུབ་ཏུ་བ་གླང་སྤྱོད་ཀྱི་གླིང་གིས་བརྒྱན། །བྱང་དུ་སྒྲ་མི་སྙན་གྱི་གླིང་ཆེན་ལ། །ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱད། །ཉི་མ་ཟླ་བ་སྒྲ་གཅན་དུས་མེ་དང༌། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༌། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༌། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པའི་གཉུག་མ་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༌། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང༌། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༌། །ནམ་མཁའ་མཉམ་པའི་འགྲོ་ཀུན་སྒྲོལ་བར་ཤོག །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་རཏྣ་མཎྜལ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བརྒྱུད་པའི་གསོལ་འདེབས་བྱ་བ་ནི། ཨོཾ་ཨཱཿཧཱུྃ། ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང༌། །དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང༌། །འདྲེན་པའི་གཙོ་བོ་ཐུགས་མཆོག་རྡོ་རྗེ་སེམས། །རྒྱལ་བ་དགོངས་བརྒྱུད་རྣམས་ལ་གསོལ་བ་འདེབས། །སྤྲུལ་པའི་སྐྱེས་མཆོག་རིག་འཛིན་དགའ་རབ་དང༌། །རྒྱལ་བའི་སྲས་མཆོག་གུ་རུ་ཤྲཱི་སེང༌། །རྡོ་རྗེའི་སྐུ་བརྙེས་འཆི་མེད་པདྨ་འབྱུང༌། །གསང་སྔགས་སྣོད་ལྡན་མཁའ་འགྲོ་མཚོ་རྒྱལ་མ། །རིག་འཛིན་བརྡ་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཟབ་གཏེར་མངའ་བདག་ཀརྨ་གླིང་པ་དང༌། །ཐུགས་ཀྱི་སྲས་མཆོག་ཆོས་རྗེའི་མཚན་ཅན་དང༌། །སྙིགས་དུས་འགྲོ་མགོན་སུརྻ་ཙནྡྲའི་ཞབས། །གང་ཟག་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས། །རིམ་གཉིས་དོན་རྟོགས་ནམ་མཁའ་རྒྱལ་མཚོ་དང༌། །བདེན་གཉིས་མངོན་གྱུར་བསོད་ནམས་འོད་ཟེར་དང༌། །ཚོགས་གཉིས་མཐར་ཕྱིན་པུནྱེ་ཤྲཱི་རྗེ། །དོན་གཉིས་ལྷུན་གྲུབ་བྱང་ཆུབ་གླིང་པའི་ཞབས། །མཁྱེན་པ་གཉིས་ལྡན་བསོད་ནམས་ཆོས་སྐྱོང་དང༌། །སྐུ་གསུམ་མངོན་གྱུར་སྣ་ཚོགས་རང་གྲོལ་བ། །སྲིད་གསུམ་མགོན་པོའི་ཐུགས་སྲས་ཀུན་དགའ་གྲགས། །རྩ་གསུམ་ངོ་བོ་བསྟན་འཛིན་གྲགས་པ་དང༌། །ཐེག་གསུམ་མཛོད་འཛིན་མདོ་སྔགས་བསྟན་འཛིན་ཞབས། །སྐུ་བཞིའི་དབང་ཕྱུག་ཕྲིན་ལས་ལྷུན་གྲུབ་དང༌། །སྣང་བཞི་མཐར་ཕྱིན་ཨོ་རྒྱན་གཏེར་བདག་གླིང༌། །དབང་བཞིའི་དོན་རྟོགས་ལོ་ཆེན་དྷརྨ་ཤྲཱི། །མཐའ་བཞི་རྣམ་གྲོལ་འགྱུར་མེད་རྒྱ་མཚོ་དང༌། །སྐུ་ལྔ་ལྷུན་གྲུབ་རཏྣ་བི་ཛ་དང༌། །ཡེ་ཤེས་ལྔ་ལྡན་ཐེག་མཆོག་བསྟན་འཛིན་རྗེ། །རིགས་ལྔའི་གཙོ་མཆོག་ཀུན་གྲོལ་རྣམ་པར་རྒྱལ། །ལྔ་བདོའི་འགྲོ་མགོན་ངེས་དོན་བསྟན་འཛིན་བཟང༌། །ཆོས་ཉིད་དོན་རྟོགས་མི་བསྐྱོད་རྡོ་རྗེ་དང༌། །མི་འགྱུར་ནམ་མཁའི་རྡོ་རྗེ་འཆི་མེད་མགོན། །རིགས་ཀུན་བདག་ཉིད་རྡོ་རྗེ་སྙིང་པོ་རྩལ། །རིག་སྟོང་ངོ་སྤྲོད་རྩ་བའི་བླ་མ་དང༌། །སྣང་སྟོང་དབྱེར་མེད་ཡི་དམ་ཞི་ཁྲོ་དང༌། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །གང་ལ་གང་འདུལ་བཀའ་བརྒྱུད་བླ་མ་རྣམས། །ཁྱོད་ཀྱི་བསྟན་པ་ཤིན་ཏུ་ཉམས་དམའ་ན། །དུས་འདིར་སྐྱེས་པའི་རྣལ་འབྱོར་ཡིད་ཕམ་པས། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །སྨྲེ་སྔགས་གདུང་བའི་ང་རོས་ཁྱོད་འབོད་ན། །སྔོན་གྱི་དམ་བཅའ་གཉན་པོ་ད་དགོངས་ལ། །མཁའ་དབྱིངས་ཀློང་ནས་མཚན་དཔེའི་ཞལ་བསྟན་འཚལ། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །གྲགས་སྟོང་ཚངས་པའི་གསུང་གི་སྒྲ་སྒྲོགས་ནས། །ཁྱེད་ཀྱི་ཐུགས་མཛོད་གཏེར་གྱི་སྒོ་ཕྱེས་ལ། །མཁྱེན་རབ་ཐུགས་རྗེའི་འོད་ཟེར་རབ་བཀྱེས་ནས། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །དུས་མཐའི་འགྲོ་རྣམས་མ་ལུས་ད་སྒྲོལ་ཅིག །རྣམ་དག་དབང་བཞིའི་ཆུ་བོ་ད་བསྐུར་ཅིག །ཉོན་མོངས་འཁྲུལ་པའི་རྒྱུད་བཞི་ད་ཁྲོལ་ཅིག །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །བདེ་གཤེགས་སྐུ་བཞིའི་འབྲས་བུ་ད་སྩོལ་ཅིག །མཐའ་ཡས་ཕ་མ་ཁམས་གསུམ་སེམས་ཅན་རྣམས། །མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །དེ་ནས་དབང་བཞི་ཞུ་བའི་དགོངས་པ་ནི། བླ་མ་ཡབ་ཡུམ་སྤྱི་གཙུག་ནས། །ཨོཾ་དཀར་འོད་ཟེར་དང་བཅས་པ། །བདག་གི་སྨིན་མཚམས་མཛོད་སྤུར་བབས། །བུམ་དབང་ཐོབ་ནས་ལུས་སྒྲིབ་དག །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །བླ་མ་ཡབ་ཡུམ་མགྲིན་པ་ནས། །ཨཱཿདམར་འོད་ཟེར་དང་བཅས་པ། །བདག་གི་ལྕེ་ཡི་དབང་པོར་བབས། །གསང་དབང་ཐོབ་ནས་ངག་སྒྲིབ་དག །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །བླ་མ་ཡབ་ཡུམ་ཐུགས་ཀ་ནས། །ཧཱུྃ་མཐིང་འོད་ཟེར་དང་བཅས་པ། །བདག་གི་སྙིང་གི་དཀྱིལ་དུ་བབས། །ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བླ་མ་ཡབ་ཡུམ་ལྟེ་བ་ནས། །ཧྲཱིཿཡིག་འོད་ཟེར་དང་བཅས་པ། །བདག་གི་ལྟེ་བའི་དཀྱིལ་དུ་བབས། །སྒོ་གསུམ་ཐ་དད་འཛིན་སྒྲིབ་དག །དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང༌། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་དག་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་ཀྱི་ལྷན་ཐབས་ལ་སྦྱར་ཡང་རུང་ཞིང༌། བླ་མེད་ཐེག་པ་ཆེན་པོའི་ཆོས་སྤྱོད། གཏེར་སྟོན་ཀརྨ་གླིང་པའི་སྲས་ཀྱི་ཐུ་བོ་ཆོས་རྗེ་གླིང་པས་ཞལ་གདམས་གུ་རུ་སུརྻ་ཙནྡྲ་རསྨིས་ཡི་གེར་བཀོད་པའོ། །