Jump to content

ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་

ཡོང་ཁུངས་Wikipedia

ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས།

[རྩོམ་སྒྲིག]

འབྲི་གུང་གི་གདན་རབས་བདུན་པ་འདི་ཉིད་སྣུབས་ནམ་མཁའི་སྙིང་པོ་དང་སངས་རྒྱས་ཡེ་ཤེས་ཀྱི་རྒྱུད་ལས་རབ་བྱུང་བཞི་པའི་ཆུ་ལུག(༡༢༢༣)ལོར་བལྟམས། གཅུང་རྡོ་རྗེ་གྲགས་པ་ལས་རབ་ཏུ་བྱུང་། དེ་ཉིད་དང་ཐོག་ཁ་བ་ལས་འབྲི་གུང་གི་ཆོས་རྣམས་གསན། མཚམས་བཅད་པ་རིན་པོ་ཆེ་དག་ཞིང་དུ་ཕེབས་ནས་བཅུ་གཉིས་རིན་པོ་ཆེ་དགུང་ལོ་ཕྲ་སྟབས་རྗེ་ཉིད་དགུང་ལོ་རེ་དྲུག་ལ་ཕེབས་པ་ས་བྱི(༡༢༨༨)ལོར་འབྲི་གུང་གདན་སར་མངའ་གསོལ། དེ་ནས་ས་འབྲི་མ་མཐུན་པར་རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་ས་སྐྱས་འབྲི་གུང་བཅོམ་པས་འབྲི་གུང་གླིང་ལོག་ཅེས་པ་བྱུང་། དེ་སྐབས་གླིང་རིན་པོ་ཆེ་སྐྱོབ་པས་བཞེངས་པའི་བཀྲ་ཤིས་སྒོ་མང་། དབོན་དང་སྤྱན་སྔ་གྲགས་འབྱུང་གིས་བཞེངས་པའི་སྒོ་མང་དང་རྟེན་གསུམ་བསམ་གྱིས་མི་ཁྱབ་པ། གཅུང་རིན་པོ་ཆེས་བཞེངས་པའི་ལྷ་ཁང་ཆེན་མོ་སོགས་རྟེན་གྲངས་ལས་འདས་པ་མེར་བསྲེགས། དགེ་འདུན་མང་པོ་བཀྲོངས། ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་མཆོག་གིས་བཅུ་གཉིས་པ་རིན་པོ་ཆེ་སྐུ་མཆེད་དང་། འབྲི་གུང་གི་ནང་རྟེན་ཁྱད་འཕགས་ཅན་ཞིག་དང་བཅས་ཀོང་པོའི་ཕྱོགས་སུ་ཕེབས། སྐབས་དེར་འབྲི་གུང་གི་མི་སྡེ་ཕལ་ཆེར་ཡུལ་འཁྱར། ཁང་པ་ཐམས་ཅད་ཞིག་རལ་དུ་གྱུར། ས་ཞིང་ཐམས་ཅད་འཇག་སྐྱར་སོང་བ་སོགས་དུས་མི་བདེ་བ་ཆེན་པོ་བྱུང་། རྗེ་ཉིད་དགུང་ལོ་དོན་གཅིག་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་སྦྲུལ(༡༢༩༣)ལོར་སྐུ་གཤེགས།