ཆོས་ལུགས་མི་སྣའི་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་ལ་ནུས་པ་

ཡོང་ཁུངས་Wikipedia

དང་པོ། ཆོས་ལུགས་མི་སྣས་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱ་བ་དེ་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་པས།གཞི་རྒྱ་ཆེན་པོ་དང་རྣམ་པ་སྣ་མང་སྒོས་སྤེལ་ཆོག་པར་འདོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༡༢ལོའི་ཟླ༡པོའི་ཚེས༡༣ཉིན་མཆོག་མཆན་དང་བཀའ་བསྒྲགས་གནང་བའི་༼ཀྲུང་གོའི་བཅུ་གཉིས་ལྔ་ཨེ་ཛི་ནན་བཀག་དང་འགོག་བཅོས་འགུལ་སྐྱོད་འཆར་གཞི་༽ཡི་ནང་དུ།གཞི་རིམ་ས་ཁུལ་གྱི་འབྲེལ་ཡོད་གསོ་སྦྱོང་ནང་དུ་ཨེ་ཛིའི་ཕྱོགས་སྡུད་འགོག་བཅོས་སློབ་གསོའི་ནང་དོན་ཤུགས་སྣོན་བྱ་དགོས།ཨེ་ཛི་དར་ཁྱབ་ཆེ་ཡུལ་དང་རྒྱང་རིང་མཐའ་ཁུལ་དང་དབུལ་ཕོངས་ས་ཁུལ་ནས་འབུར་དུ་ཐོན་པའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱ་དགོས།ས་གནས་རང་གི་ཡུལ་སྲོལ་གོམས་གཤིས་དང་དམངས་སྲོལ་ཁྱད་ཆོས་ཟུང་འབྲེལ་གྱིས། རང་འདུན་པ་དག་གིས་འཆར་གཞི་ཡོད་པའི་སྒོས་རྒྱང་རིང་དང་མཐའ་ཁུལ་གྱི་སྡེ་གྲོང་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་ཟབ་ཞུགས་བྱས་ཏེ།ཨེ་ཛིའི་ཕྱོགས་སྡུད་འགོག་བཅོས་སློབ་གསོ་དྲིལ་སྒྲོག་བྱ་དགོས། གོ་སླ་ཉན་བདེ་དང་མི་རིགས་སྐད་ཡིག་གི་དྲིལ་སྒྲོག་རྒྱུ་ཆ་གསར་སྤེལ་བྱ་དགོས།ཆོས་ལུགས་མི་སྣ་དང་གྲངས་ཉུང་མི་རིགས་ཁྲོད་མི་སྣ་ཤུགས་རྐྱེན་ཅན་གྱི་ནུས་པ་མངོན་འགྱུར་སྒོས་གྲངས་ཉུང་མི་རིགས་མང་ཚོགས་ལ་དྲིལ་སྒྲོག་སློབ་གསོ་གཏོང་དགོས་ཞེས་བཀོད་ཡོད་པས་ང་ཚོས་ཆོས་ལུགས་མི་སྣས་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱས་ན་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལག་བསྟར་དང་དོན་འཁྱོལ་བྱས་པ་ཞིག་ཀྱང་རེད་འདུག གཉིས་པ།རྒྱལ་ཕྱི་ནང་གི་ཉམས་མྱོང་བསྡུ་ལེན་བྱ་ཆོག་སྟེ། དཔེར་ན། ཐེ་ལན་ཏིའམ་ཐེ་ཀོ་རྒྱལ་ཁབ་ལ་མཚོན་ན་༢༠༠༡ལོར་ཨེ་ཛིའི་ནད་དུག་འགོས་ཡོད་མཁན་འབུམ་དགུ་ཁྲི་བརྒྱད་ཡོད་ཅིང་།ཕལ་ཆེར་སྐྱེས་པ་བརྒྱ་ཐམ་པའི་ནང་དུ་ཨེ་ནད་ཅན་གཉིས་དང་སྐྱེས་མ་བརྒྱ་ཐམ་པའི་ནང་ཨེ་ནད་ཅན་གཅིག་ཡོད་པའི་ཚད་དུ་སླེབས་ཡོད།ཡིན་ནའང་། ཁོང་ཚོས་ཆོས་ལུགས་དང་སྲིད་ཇུས་གཉིས་པོ་ཡང་དག་པའི་སྒོས་ཟུང་འབྲེལ་གྱིས་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་སྲུང་ཤུབས་བེད་སྤྱོད་བྱེད་ཤུགས་ཁྱབ་བརྡལ་དུ་བཏང་བས།རྗེས་སུ་མངོན་གསལ་གྱིས་གསར་རྙེད་ནད་པ་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། ༡༩༩༠ལོར་ཨེ་ཛི་འགོ་མཆེད་བྱེད་ཚད་ལས་ཕོ་མོ་ལུས་འབྲེལ་གྱིས་འགོ་མཆེད་བྱེད་ཚད་༨༥%བཟུང་ཡོད་རུང་།༢༠༠༡ལོ་ལུས་འབྲེལ་འགོ་མཆེད་བྱེད་ཚད་༡༦%ལ་བབས་པས།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟེངས་རྟགས་ཀྱང་བསྩལ་བ་རེད། དེ་འདྲའི་གྲུབ་འབྲས་མངོན་གསལ་ཅན་ཐོབ་པར་རྒྱུ་རྐྱེན་མང་པོ་ཡོད་རུང་།གཙོ་བོ་དེ་མང་ཚོགས་ཀྱིས་སྲུང་ཤུབས་དང་ལེན་ཐོབ་པར་རག་ལས་ཡོད་ཅིང་། སྲུང་ཤུབས་དང་ལེན་ཐོབ་པའི་ཆེད་དུ་ཐེ་ཀོའི་ཆོས་ལུགས་མི་སྣས་སྲུང་ཤུབས་ལ་རབ་གནས་དང་བསྔགས་ཆུ་མཆོད་པ་དང་།གལ་ཆེའི་ཆོས་ལུགས་མི་སྣའི་སྐུ་པར་སྲུང་ཤུབས་སྟེང་སྦྱར་བ་སོགས་ཀྱང་བྱས་ཏེ་དྲིལ་སྒྲོག་བྱས་ཡོད་པ་རེད། རྒྱལ་ནང་གི་ཡུན་ནན་ནས་ནང་ཆོས་གཟི་འོད་ཟེར་བའི་ལས་གཞི་རུ་ཆོས་ཀྱི་སྲོག་མི་གཅོད་པ་དང་།ལོག་པར་མི་གཡེམ་པ། དུད་ནག་མི་འཐེན་པའི་འདུལ་ཁྲིམས་བེད་སྤྱད་དེ་མང་ཚོགས་ལ་སློབ་གསོ་བཏང་བར་མ་ཟད།ནད་པའི་སེམས་ཁམས་སྙོམ་སྒྲིག་དང་འཆི་ཁའི་ལམ་སྟོན་སོགས་མཛད་པའི་བྱ་གཞག་མང་པོ་ཞིག་ལ་ཡུལ་དེའི་མང་ཚོགས་ཀྱིས་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་པ་རེད། གཞན། ཤིན་ཅང་ས་ཁུལ་ནས་ཁ་ཆེ་ཆོས་ལུགས་པ་ཚོས་ཀྱང་ཡུལ་དེའི་ཁྱད་ཆོས་ཆེན་པོ་ལྔ་སྟེ།དད་ལྡན་འདུས་སྡེ་མང་བ། དད་ལྡན་མི་རིགས་མང་བ། དགོན་དང་ཆོས་ར་མང་བ། ཆོས་ལུགས་མི་སྣ་མང་བ་དང་ཆོས་ལུགས་མཛད་སྒོ་མང་བ་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཨེ་འགོག་གི་བྱ་འགུལ་མང་པོ་སྤེལ་ཅིང་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད་པར་མ་ཟད།མཛད་སྒོ་སོ་སོར་ཤིན་ཅང་ཆོས་ལུགས་ཅུས་སོགས་རིམ་པ་ཁག་གི་ལས་བྱེད་མི་སྣས་ཀྱང་རྒྱབ་སྐྱོར་བླ་མེད་མཛད་ཡོད་པ་སྟེ།དེ་གའི་ཡུན་རིང་ལ་རིམས་འགོག་ཚོད་འཛིན་ལྟེ་གནས་ནས་ལས་ཀ་བསྒྲུབས་མྱོང་བའི་ལས་ཀ་བ་ཞིག་གིས་བཤད་པ་ལྟར་ན།སྔོན་ཆད་ང་ཚོས་ཆོས་དད་མི་སྣ་དག་ལ་སྲུང་ཤུབས་བེད་སྤྱོད་སོགས་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་སྐབས།ཁོང་ཚོས་ཟེར་ན་ང་ཚོས་བཤད་པ་ནི་བཙོག་བཤད་རྐྱང་རྐྱང་རེད་ཅེས་མི་ཉན་པས་མ་ཚད། ཞེན་པ་ལོག་གི་འདུགད་ལྟ་མི་རིགས་ཆོས་ལུགས་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་དབུ་ཁྲིད་འོག་ཆོས་ལུགས་མི་སྣ་དག་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་གི་བྱ་འགུལ་དུ་ཞུགས་ཡོད་པས།གྲུབ་འབྲས་ཧ་ཅང་བཟང་པོ་ཐོབ་བྱུང་ཞེས་བཤད་འདུག གསུམ་པ། བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྒོས་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱ་དགོས་ཏེ།དགེ་བཅུའི་ལུགས་སྲོལ་ལས་སྨད་འཚོང་མ་མི་གླ་བར་བྱེད་པ་ནི་ཆེས་ཁྱད་ཆོས་ཡོད་པ་གཅིག་ཡིན་དེ།དེ་ནི་གསེར་བླ་རུང་ལྔ་རིག་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་ཡུན་རིང་ལ་མང་ཚོགས་ཀྱི་བདེ་ཐང་དང་འཚོ་བར་ཐུགས་བསམ་བཞེས་རྗེས་ཨེ་ཛི་སོགས་རིམས་ནད་སྔོན་འགོག་གི་ཆེད་དུ་དམིགས་ནས་གཏན་ལ་ཕབས་པའི་ཆོས་ཀྱི་བླང་བྱ་ཞིག་རེད། ད་དུང་དགེ་བསྙེན་གྱི་སྡོམ་པ་དང་ཆིག་སྡོམ་སོགས་རང་མོས་སྒོས་བླངས་ན་དེའང་ང་ཚོའི་ཁྱད་ཆོས་ཤུགས་ཡིན་ལ།གཞན་ནད་པ་དང་ནད་མེད་སུ་ཡིན་རུང་། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ངོ་སྤྲད་དེ་ཁྲིམས་འགལ་དང་ལུགས་འགལ་གྱི་བྱ་བ་མི་བྱེད་པའི་སློབ་གསོ་གཏོང་བ་དང་།སྔགས་དང་དམ་རྫས་སོགས་ཀྱིས་ནད་པའི་ལུས་ཀྱི་ཟུག་གཟེར་ཆུང་དུ་གཏོང་བ་དང་། བར་དོ་ཐོས་གྲོལ་དང་འཕོ་བ་སོགས་ཀྱིས་ནད་པའི་འཆི་ཁ་དང་ཤི་བའི་འཇིགས་སྐྲག་སེལ་ཐབས་བྱེད་པ་སོགས་ཆོས་ལུགས་མི་སྣས་ནུས་པ་ཐོན་ས་ཧ་ཅང་མང་པོ་ཞིག་ཡོད་དོ། །